Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་རྒྱ་ནག་དང་ལག་སྦྲེལ་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད།

རྒྱ་ནག་གཞུང་གིས་བོད་མིས་གཙོས་པའི་ཡུ་གུར་མི་རིགས་སོགས་ལ་གསང་མྱུལ་ལྟ་ཞིབ་ཀྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་ཀྱི་ཡོད་པ་དང་སྒོས་རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་ལྟ་བུ་ནས་དཔལ་འབྱོར་ཁོ་ནར་དམིགས་ཏེ་རྒྱ་ནག་དང་ལག་སྦྲེལ་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་རྒྱ་ནག་ཐོག་གི་ཉམས་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གསུངས་འདུག ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་གིས་ཁ་སང་ནས་ Worldwide Developers Conference ཞེས་དྲྭ་ལམ་བརྒྱུད་མཉེན་ཆས་བཟོ་སྐྲུན་གྱི་ལྷན་ཚོགས་ཚོགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་དུས་ཚིགས་དེ་དང་བསྟུན་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་རྒྱ་ནག་ནང་དེ་སྔ་དང་ད་ལྟའི་དམ་དྲག ཀུ་ཤུ་ཚོང་ལས་ཁང་དང་བསམ་བརྗོད་རང་དབང་སོགས་བརྗོད་གཞིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་མཉེན་ཆས་བཟོ་སྐྲུན་གནང་མཁན། འཕྲུལ་རིགས་ཆེད་ལས་པ་གདན་ཞུས་ཀྱིས་དྲྭ་ཐོག་བརྒྱུད་བགྲོ་གླེང་རིམ་པ་གསུམ་གནང་ཡོད་པ་རེད། བགྲོ་གླེང་དེ་དག་ཐོག་རྒྱ་གཞུང་དང་ལག་སྦྲེལ་བྱེད་མཁན་གྱིས་ཀུ་ཤུ་བཟོ་ཚོང་ཁང་གཙོས་ ཚོང་ལས་ཁང་གཞན་ནས་རྒྱ་ནག་གཞུང་ལ་མི་སྒེར་གྱི་གསང་བ་བསྡུ་ལེན་དང་དྲྭ་རྒྱའི་རང་དབང་། བསམ་བརྗོད་རང་དབང་སོགས་ལ་དམ་དྲག་བྱེད་རྒྱུར་རོགས་རམ་གནང་གི་ཡོད་སྐོར་དང་ལྷག་པར་དུ་རྒྱ་གཞུང་ནས་དྲྭ་རྒྱ་ལོངས་སྤྱོད་མཁན་ཚོར་སྟངས་འཛིན་བྱེད་ཕྱོགས་དང་ཕྱི་ཕྱོགས་ཀྱི་གནས་ཚུལ་མཁོ་བསྡུ་བྱེད་རྒྱུར་བཀག་སྡོམ་སླད་ངོ་དེབ་གཙོས་ཡུ་ཊུབ་སོགས་སྤྱོད་པར་དམ་དྲག་བྱེད་ཀྱི་ཡོད་སྐོར་སོགས་ཀྱི་ཐད་བགྲོ་བསྡུར་གནང་བ་དང་། ཏོག་དབྱིབས་གཉན་རིམས་ཀྱི་དུས་ཚིགས་ཁྲོད་རྒྱ་གཞུང་གིས་རིམས་ནད་དེ་སྟངས་འཛིན་ལེགས་པོ་བྱེད་ཀྱི་མེད་པ་སོགས་དང་འབྲེལ་བཀའ་མོལ་གནང་མཁན་རྣམས་ལ་དམ་དྲག་བྱེད་ཕྱོགས་སོགས་ཀྱི་སྲིད་བྱུས་ལྟག་བསྟར་བྱས་པ་མ་ཟད་འཕྲུལ་རིགས་སོགས་ཀྱི་ཐོག་ནས་མང་ཚོགས་ཀྱི་བསམ་བརྗོད་རང་དབང་ལ་དམ་དྲག་བྱས་དང་བྱེད་མུས་ཁག་གིས་འཛམ་གླིང་སྤྱིར་གནོད་འཚེ་བཟི་བཞིན་ཡོད་པ་གསུངས་ཡོད།ཕྱོགས་མཚུངས་རྒྱ་གཞུང་དང་ལག་སྦྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་ཚོང་ལས་ཁང་དེ་དག་ངེས་པར་དུ་འགན་ཁུར་ཡོད་པ་བཟོ་དགོས་པ་གསུངས་སོང་། བགྲོ་གླེང་དེ་དང་འབྲེལ་རླུང་འཕྲིན་ཁང་ནས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཚོ་སྲིད་མཐར་ལགས་སུ་བཅར་འདྲི་ཞུས་པར་བགྲོ་གླེང་དེ་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ཁ་སང་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་བཟོ་སྐྲུན་གནང་མཁན་གྱི་ཚོགས་འདུར་ཁ་གཏད་སླད་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་ནས་མང་ཚོགས་ཀྱི་བདེ་འཇགས་དང་མི་མཐུན་པའི་ཐོག་རྒྱ་གཞུང་དང་ལག་སྦྲེལ་གྱིས་མཉེན་ཆས་མང་དག་ཅིག་མེད་པ་བཟོ་ཡི་ཡོད་པས་དེ་ནོར་འཁྲུལ་ཞིག་ཡིན་པས་དེ་ལྟར་ཚོགས་པ་དང་། བགྲོ་གླེང་འདི་བརྒྱུད་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་ནས་མང་ཚོགས་ཀྱི་བསམ་བརྗོད་རང་དབང་ལ་གུས་བརྩི་དང་དེ་བཞིན་ཕྱི་གསལ་ནང་གསལ་གྱི་ལས་དོན་གནང་རྒྱུའི་རེ་བ་གནང་གི་ཡོད་སྐོར་གསུངས་སོང་། དེ་བཞིན་རྒྱ་གཞུང་གིས་དམ་དྲག་དེ་ད་ཆ་བོད་དང་ཡུ་གུར་རྒྱ་རིགས་སོགས་ཁོ་ན་མ་ཡིན་པར་ཕྱི་ཕྱོགས་སུའང་དེ་འབྲེལ་གྱི་དམ་དྲག་བྱ་ཉེན་ཡོད་པ་དང་སྒོས་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་རྒྱ་གཞུང་དང་ལག་སྦྲེལ་གནང་ཐོག་ཚོང་ལས་ཁང་དེས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་གནང་གི་ཡོད་པ་བརྗོད་པ་དེ་དང་འགལ་ཟླ་ཆགས་ཡོད་སྐོར་སོགས་གསུངས་ཡོད།གཞི་རྩའི་རྒྱ་ནག་གཞུང་གིས་བཀོད་ཁྱབ་ལྟར་ཀུ་ཤུ་རྟགས་ཅན་ནས་མཉེན་ཆས་མང་དག་ཅིག་རྒྱ་ནག་ནང་མེད་པ་བཟོས་ཡོད་པ་དེ་ལྟར་ཡང་ད་ཆ་འཛམ་གླིང་སྤྱིར་ཏོག་དབྱིབས་གཉན་རིམས་ཀྱི་ངལ་བ་འཕྲད་ཐོག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བས་རྒྱ་གར་གཙོས་ཕྱིའི་རྒྱལ་ཁབ་ཏུ་གནས་བཞུགས་གནང་མཁན་ཚོས་རྒྱ་ནག་གི་མཉེན་ཆས་སྐད་འཕྲིན་དང་། Tiktok ལ་སོགས་པ་སྤྱོད་མཚམས་འཇོག་དགོས་ཞེས་གསུང་བཞིན་ཡོད་པ་རེད།

རྒྱ་གར་གཞུང་གིས་རིན་མེད་ཐོག་ཏོག་དབྱིབས་གཉན་རིམས་བརྟག་དཔྱད་གནང་བཞིན་པར་བོད་མི་ཚོས་མཉམ་ཞུགས།

དེང་སྐབས་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་མང་ཤོས་དེ་ཨ་རི་དང་དེ་རྗེས་བ་ར་ཛིལ། ཨུ་རུ་སུ། ནད་རིམས་མང་ཤོས་ཡོད་པའི་རྒྱལ་ཁབ་ཨང་བཞི་པ་དེ་རྒྱ་གར་ཆགས་ཀྱི་ཡོད་པ་ལྟར་རྒྱ་གར་རྒྱལ་ཡོངས་སུ་ད་ལྟའི་ཆར་རྒྱ་ནག་གི་ཝུ་ཧན་ནས་མཆེད་པའི་གཉན་རིམས་ཕོག་པའི་ནད་པ་འབུམ་བཞི་དང་ཁྲི་བཞི་བརྒལ་ཡོད་པ་དང་། དེའི་ཁོངས་ནས་རྒྱལ་ས་ལྡི་ལི་དེ་རྒྱ་གར་མངའ་སྡེ་ཁག་ནས་ནད་པའི་གྲངས་ཚད་མང་ཤོས་ཡོད་པའི་གྲས་ཤིག་ཡིན་པ་རེད།   རྒྱལ་ས་ལྡི་ལིའི་ནང་ད་ལྟའི་ཆར་གཉན་རིམས་ཕོག་པའི་ནད་པ་གྲངས་དྲུག་ཁྲི་ལྷག་ཡོད་པ་མ་ཟད་ལྷག་པར་ཉེ་ཆར་ནས་ཐེམ་སྤང་བཀག་རྒྱ་གུ་ཡངས་བཏང་ རྗེས་ནད་པའི་གྲངས་ཚད་ཉིན་རེ་བཞིན་རྗེ་མང་དུ་འགྲོ་བཞིན་ཡོད་པ་དང་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ Satyendar Jain ལགས་ཀྱིས་ད་ཆ་ལྡི་ལིའི་ནང་ནད་ཡམས་དེ་འགོས་ས་སུ་ཡིན་རྗེས་སྙེག་མི་ཐུབ་པར་ Community Spread ཞེས་སྤྱི་ཚོགས་ནང་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་ཉེན་ཁར་གཞིགས་ཏེ་དབུས་ས་གཉིས་མཉམ་འབྲེལ་གྱིས་རིན་མེད་ཐོག་སྤྱི་ཚོགས་ནང་ངེས་མེད་ཐོལ་བྱུང་གི་བརྟག་དཔྱད་དབུ་འཛུགས་གནང་ཡོད་པ་རེད། ཁ་སང་ལྡི་ལི་ Punjab Basti ས་གནས་གཞུང་གི་སྨན་སྦྱོར་ཁང་དུ་བོད་སྒར་བསམ་ཡས་གླིང་གི་འཕྲོད་བསྟེན་སྨན་ཞབས་པ་བསྟན་འཛིན་སྨིན་ལེགས་ལགས་དང་ཁོང་གི་ཕྱག་རོགས་གཅིག་བཅས་ནས་མཐུན་འགྱུར་གནང་བའི་ཐོག་བོད་སྒར་བསམ་ཡས་གླིང་གི་བོད་མི་གྲངས་བཅུ་གཅིག་ལྷག་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་བརྟག་དཔྱད་གནང་ཡོད་པ་རེད།གཞི་རྩའི་ལྡི་ལི་བོད་སྒར་བསམ་ཡས་གླིང་ནང་ད་བར་བོད་མི་གྲངས་བཅུ་གཉིས་ལ་ཏོག་དབྱིབས་གཉན་རིམས་དེ་ཕོག་ཡོད་པའི་གནས་ཚུལ་བྱུང་ཡོད་པ་དང་དེ་དག་ཁོངས་ནས་ནད་པ་གྲངས་བཞི་དྲག་སྐྱེད་བྱུང་ཡོད་པ་རེད། འོན་ཀྱང་སྟབས་མ་ལེགས་པར་ནད་པ་གཉིས་འདས་གྲོངས་སུ་གྱུར་བ་མ་ཟད། མི་གྲངས་དྲུག་ད་དུང་ཟུར་བཀག་ཏུ་བཞུགས་མུས་ཡིན་པ་རེད།གནས་སྟངས་དེ་རྐྱེན་ཁ་སང་བརྟག་དཔྱད་གནང་མཁན་ཚོས་སྤྱིར་སྟངས་ཁོང་ཚོ་སྒེར་ལ་གཉན་རིམས་དེའི་ནད་རྟགས་སོགས་གང་ཡང་ཐོན་མེད་ཀྱང་དེང་སྐབས་ཚ་བ་རྒྱས་པ་སོགས་ངལ་བ་གང་ཡང་མེད་པར་རིམས་ནད་ཕོག་པའི་ནད་རྟགས་ཐོན་གྱི་ཡོད་སྟབས་རང་ཉིད་དང་སྤྱི་ཚོགས་ནང་ནད་ཡམས་དེ་ཁྱབ་གདལ་མི་འགྲོ་བར་ཆེད་དམིགས་ཀྱིས་བརྟག་དཔྱད་གནང་གི་ཡོད་པར་འགྲེལ་བརྗོད་གནང་སོང་། རླུང་འཕྲིན་ཁང་གིས་ཁ་སང་ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་བརྟག་དཔྱད་གནང་མཁན་རྒྱ་གར་གཞུང་གི་སྨན་ཞབས་ལས་བྱེད་ཚོར་བཅར་འདྲི་ཞུས་པར་ཁོང་ཚོའི་སྨན་ཁང་གི་ངོས་ནས་སྐབས་རེ་མ་གཏོགས་བརྟག་དཔྱད་གནང་གི་མེད་ཀྱང་། གྲོང་སྡེ་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཚང་མའི་ནང་རིན་མེད་ཐོག་གཞུང་གིས་བརྟག་དཔྱད་གནང་རྒྱུའི་མཐུན་རྐྱེན་སྐྲུན་ཡོད་པ་ལྟར་དེ་ལྟར་བརྟག་བློ་མཆིས་རིགས་ནས་སློབ་གྲྭར་ཕེབས་ཚེ་དེར་ཉིན་ལྟར་བརྟག་དཔྱད་གནང་གི་ཡོད་པར་འགྲེལ་བརྗོད་སོགས་གནང་ཡོད།  

ལྷ་ས་དང་ཉིང་ཁྲི་བར་གྱི་ལྕགས་ལམ་ཟམ་ཆེན་གྱི་ལས་གཞི་ཡོངས་མཇུག་སྒྲིལ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲི་དབར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞིའི་འོག་ཟམ་ཆེན་འདྲ་མིན་ ༡༢༠ གསར་རྒྱག་གི་ལས་འཆར་ཡོད་པ་ལྟར་ལས་གཞི་དེའི་ཁྲོད་ཟམ་ཆེན་མཐའ་མ་དེ་ཉེ་ལམ་རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་ཟིན་པ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཁོངས་སུ་གསར་རྒྱག་བྱས་པའི་ཟམ་ཆེན་དེ་ནི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེ་ནས་རྒྱང་ཐག་སྤྱི་ལེ་ ༣༠ ཙམ་ལས་མེད་པའི་ས་མཚམས་ཁུལ་དུ་ཆགས་ཡོད་པ་རེད་འདུགརྒྱ་གར་གྱི་ The Hindustan Times གསར་ཁང་གིས་གནས་ཚུལ་སྤེལ་བར་འཛུགས་སྐྲུན་གྱི་རྨང་འཛུགས་ཕོན་ཆེར་བཙུགས་པ་བརྒྱུད་བོད་ནས་ཆས་པའི་རྟ་མཆོག་ཁ་འབབ་བམ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་ཏུ་གསར་རྒྱག་བྱས་པའི་མེ་འཁོར་བཞུད་ལམ་གྱི་ཟམ་པ་དེའི་རིང་ཚད་ནི་མི་ཊར་ ༥༢༥ ཡོད་པ་དང་འབྲེལ་ཡོད་ཉམས་ཞིབ་པ་རྣམས་ནས་རྒྱ་གཞུང་གིས་ཟམ་པ་དེ་དྲག་པོའི་དམག་དང་སྤྱི་དམངས་གཉིས་ཀའི་ཁེ་ཕན་སླད་བེད་སྤྱོད་བྱ་ངེས་ཡིན་པར་འགྲེལ་བརྗོད་དང་འབྲེལ། ལྷ་ས་དང་ཉིང་ཁྲི་དབར་གྱི་ལྕགས་ལམ་གྱི་ལས་གྲྭ་ཡོངས་སུ་ཟིན་པ་དང་ཆབས་ཅིག ལྕགས་ལམ་དེ་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་བར་སླེབས་རྒྱུ་ཡིན་སྟབས་དེ་ནི་ཐབས་བྱུས་ཐད་རྒྱ་གར་ལ་གནད་འགག་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་འདུགགཞི་རྩའི་ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ Hu Jintao ཡིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཟི་ལང་ནས་རྒྱལ་ས་ལྷ་སའི་བར་རིང་ཚད་ལ་སྤྱི་ལེ་ ༡༩༥༦ ཡོད་པའི་མེ་འཁོར་ལྕགས་ལམ་ཐོག་མར་ཤར་གཏོང་བྱས་པ་ནས་བཟུང་འཛུགས་སྐྲུན་གྱི་ལས་གཞི་ཞེས་པའི་མིང་བྱང་འོག་ཆུ་གློག་དང་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་ཡོད་པ་ལས་གཙོ་བོ་བོད་ནང་གི་རང་བྱུང་ཐོན་ཁུངས་ཁག་རྒྱ་ནག་ཏུ་འབོར་འདྲེན་བྱེད་རྒྱུ་དང་། བོད་མཐོ་སྒང་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་ས་གནས་ཤིག་ཏུ་བསྒྱུར་ནས་རྒྱ་ནག་གི་མི་འབོར་མང་པོ་བོད་ཁུལ་དུ་འབོར་འདྲེན་གྱིས་བོད་མི་རྣམས་རང་ས་ནས་གྲངས་ཉུང་མི་རིགས་སུ་བསྒྱུར་རྒྱུ་ཙམ་དུ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་གཙོས་སྐད་ཡིག་དང་བཅས་པ་རྒྱར་བསྒྱུར་བྱེད་རྒྱུ་དམིགས་པ་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༡༤ ལོ་མཇུག་ནས་འཛུགས་སྐྲུན་འགོ་འཛུགས་བྱས་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེའི་ཐོག་ལས་མི་ཁྲི་གཉིས་ལྷག་ཙམ་གླ་གཡར་བྱས་ཡོད་པ་དང་ལས་གཞི་དེ་ཕྱི་ལོ་ ༢༠༢༡ ལོར་ཡོངས་སུ་མཇུག་སྒྲིལ་དང་འབྲེལ་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད། རྒྱ་ནག་གཞུང་ནས་ལས་གཞི་འདི་དང་འབྲེལ་རྒྱ་ནག་གི་འབྱོར་ལྡན་ཞིང་ཆེན་གཞན་ཁག་ལ་བོད་རང་སྐྱོང་ལྗོངས་དང་ལྷག་པར་ཉིང་ཁྲི་ཁུལ་དུ་མ་རྩ་ཕོན་ཆེ་འཇོག་དགོས་པའི་སྐུལ་དད་བྱེད་བཞིན་པ་མ་ཚད་འདས་པའི་གཟའ་འཁོར་གཉིས་ཙམ་གྱི་གོང་དུ་ཉིང་ཁྲིའི་ནང་གཞུང་ལམ་གསར་རྒྱག་དང་སྤྱི་ཚོགས་ཞབས་ཞུ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་བཅས་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་ ༢༦ ཙམ་འགོ་འཛུགས་བྱས་ཡོད་པ་རེད།

རྒྱ་ནག་གིས་བོད་ཁུལ་དུ་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན་གོ་སྒྲིག

ཟླ་འདིའི་ཚེས་ ༡༩ ཉིན། ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གཉིས་ཀྱི་གོ་སྒྲིག་གི་འོག་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ བོད་བརྒྱུད་ནང་བསྟན་སློབ་གླིང་དུ་“བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན”ཞེས་པ་ཞིག་གོ་སྒྲིག་བྱས་ཏེ་བདེ་ཆེན་ཁུལ་གྱི་རྒྱ་ནག་གི་དཔོན་རིགས་དང་ཁུལ་དེའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཀྲང་མེའོ་ཧྥ་སོགས་འགྲེམས་སྟོན་དེའི་མཛད་སྒོར་ཞུགས་ནས་བོད་ནང་གི་སྤྲུལ་སྐུའི་ལམ་སྲོལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ཐད་ནས་སྲིད་གཞུང་གི་དྲིལ་བསྒྲགས་གཏམ་བཤད་བྱས་འདུག སྐབས་དེའི་མཛད་སྒོའི་ཐོག་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ལོ་རྒྱུས་ཞིབ་འཇུག་ཚན་པའི་འགོ་བ་གཞོན་པ་དང་ཞིབ་འཇུག་པ་ཧྥེང་ཀྲི་ཡིས་གཏམ་བཤད་སྤེལ་ཏེ་བདེ་ཆེན་ཁུལ་གྱི་“བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན”གྱི་་དཔྱད་གཞི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་མཁོ་འདོན་བྱས་པ་ཞིག་ཡིན་པ་དང་། ཐེངས་འདིའི་འགྲེམས་སྟོན་གྱིས་རྒྱ་ཆེའི་གཟིགས་མོ་བ་རྣམ་པས་སྔར་ལས་ཆ་ཚང་བ་དང་གསོན་ཉམས་ལྡན་པ། བདེན་པ་བདེན་ཐུབ་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་སྲོལ་ལ་ཤེས་རྟོགས་ཐུབ་པ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་ཡོད་འདུག དེ་དང་འབྲེལ་ནས་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཆོས་ལུགས་ཐད་ཀྱི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་སུ་ཐེངས་འདིའི་རྒྱ་ནག་གི་དྲིལ་བསྒྲགས་དང་འབྲེལ་ནས་དྲི་བྱ་ཞུས་པར་ཁོང་གིས་རྒྱ་ནག་གིས་ལོ་རྒྱུས་རྫུན་སྒྲིག་བྱས་ནས་ཆོས་ལུགས་དང་འབྲེལ་བའི་སྲོལ་ཡིག་མང་པོ་ཞིག་འདོན་སྤེལ་བྱེད་དོན་ནི་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་དམིགས་ཡོད་པ་ཞིག་ཡིན་པར་ངོ་སྤྲོད་འདི་ལྟར་གནང་བ་དང་འབྲེལ། སྤྱི་ལོ་ ༢༠༠༨ ལོའི་ས་བྱི་ལོའི་ཞི་རྒོལ་གྱི་རྗེས་ནས་བཟུང་རྒྱ་ནག་གིས་བོད་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ཡོད་ཡང་ངོ་སྤྲོད་གནང་སོང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དུས་རྒྱུན་ནས་རྒྱ་ནག་གིས་བོད་ཁུལ་དུ་སྲོལ་ཡིག་ག་འདྲ་ཞིག་གཏན་འབེབས་བྱས་ན་ཡང་དེར་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་དགག་གཞག་གནང་གི་ཡོད་པ་དང་། སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་ནག་གིས་སྤྲུལ་སྐུའི་ལམ་གྱི་ཐད་ནས་བདེན་པ་མིན་པའི་འཁྱོགས་བརྗོད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པར་དགག་སྒྲུབ་ཀྱི་ལས་གཞི་ཞིག་གྲ་སྒྲིག་གནང་གི་ཡོད་པར་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱ་ནག་གི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན་པའི་ནང་དུ།  སྤྲུལ་སྐུའི་ལམ་སྲོལ་གྱི་བྱུང་ཚུལ་དང་། འགྱུར་ལྡོག  ལོ་རྒྱུས་ཀྱི་ངེས་སྲོལ། ད་ལྟའི་གནས་བབ་བཅས་ཕྱོགས་བཞི་ནས་འཁྱོགས་བརྗོད་ཀྱི་དྲིལ་བསྒྲགས་སྤེལ་ཏེ།  གཙོ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་༸པཎ་ཆེན་རིན་པོ་ཆེ་མཆོག་གཉིས་ཀྱི་ཡང་སྲིད་ངོས་འཛིན་ཚུལ་ངོ་སྤྲོད་བྱས་ཡོད་ལུགས་འཁོད་འདུག

བལ་ཡུལ་གྱི་ Rui Gaun ས་ཁུལ་རྒྱ་ནག་གི་བདག་དབང་འོག་ཚུད་ཡོད་པ་མངོན་གསལ།

Khabarhub གཙོས་བལ་ཡུལ་གྱི་གསར་སྤེལ་ཁང་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་བལ་ཡུལ་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་ཆགས་པའི་བལ་ཡུལ་གྱི་  Rui Gaun ཞེས་པའི་གྲོང་གསེབ་ས་ཁུལ་དེ་རྒྱ་ནག་གི་བདག་དབང་འོག་ཚུད་པ་མ་ཚད་ས་ཁུལ་དེ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཟླ་སྒྲིལ་བཏང་འདུགབདུན་ཕྲག་གཅིག་ཙམ་གྱི་གོང་ནས་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ས་ཁུལ་ཏུ་བཙན་འཛུལ་དང་ལྷག་པར་དུ་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་གདོང་ཐུག་ཁྲོད་མདག་མིའི་ཚེ་ཤོར་བའི་གནས་སྟངས་སོགས་བྱུང་བའི་ཁྲོད་དེ་སྔ་ལོ་ངོ་ ༦༠ ཙམ་གྱི་གོང་ནས་རྒྱ་ནག་གིས་བལ་ཡུལ་གྱི་བདག་དབང་འོག་ཡོད་པའི་ Rui Gaun གྲོང་གསེབ་ཀྱི་ས་ཁུལ་བཙན་བཟུང་བྱས་ཏེ་ཁུལ་དེར་ཆགས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ས་མཚམས་ཀ་བ་རྣམས་ཀྱང་རྩ་མེད་བཏང་ཟིན་པའི་གནས་ཚུལ་ཕྱིར་མངོན་གནང་བྱས་འདུག གཞི་རྩའི་  Rui Gaun ཞེས་པའི་བལ་ཡུལ་གྱི་ས་ཁུལ་དེ་བོད་དང་ས་མཚམས་སུ་ཁེལ་གྱི་ཡོད་པ་དང་ཁུལ་དེར་བལ་ཡུལ་གྱི་  Gorkha རིགས་རྒྱུད་ཡིན་པའི་མི་ཚང་ ༧༢ ཙམ་འཚོ་སྡོད་བྱེད་བཞིན་པའི་གྲོང་གསེབ་ཞིག་ཡིན་པ་དང་དེ་ནི་ད་ལྟའི་ཆར་བལ་ཡུལ་གཞུང་འབྲེལ་གྱི་ས་ཁྲའི་ནང་ལ་གསལ་ཡོད་པ་དང་། ས་གནས་ཀྱི་ས་ཁྲལ་བསྡུ་བྱའི་ལས་ཁུངས་སུ་ས་གནས་ཡུལ་མི་ཚོས་དེ་སྔ་ནས་ཁྲལ་འབབ་རྣམས་བལ་ཡུལ་གཞུང་ལ་འབུལ་བཞིན་ཡོད་པའི་ཡིག་ཆ་ཁག་ཀྱང་བསྟན་རྒྱུ་ཡོད་པ་རེད་འདུག གནད་དོན་དེ་དང་འབྲེལ་ས་གནས་ཀྱི་རྒྱལ་རབས་སྨྲ་བ་ Ramesh Dhungel ལགས་ཀྱིས་ Rui Gaun ཞེས་པའི་ས་ཁུལ་དེ་བལ་ཡུལ་གྱི་ཡིན་པ་དང་ས་ཆ་དེ་ད་བར་དམག་དང་གྲོས་མཐུན་སོགས་བཞག་སྟེ་ས་འབྲེལ་རྒྱལ་ཁབ་བོད་ཀྱི་རེད་ཅེས་ཀྱང་གསུངས་མྱོང་མེད་པ་ཞིག་རེད་ཅེས་འགྲེལ་བརྗོད་དང་སྒྲགས། ད་རེས་ས་ཁུལ་དེ་རྒྱ་ནག་གི་བཙན་བཟུང་བདག་དབང་འོག་ཚུད་པ་དེ་ནི་བལ་ཡུལ་གཞུང་དང་ལྷག་པར་དུ་ས་གནས་དེར་དེ་སྔ་ས་མཚམས་ཀྱི་ཀ་བཆེད་འཛུགས་གནང་མཁན་ཚོས་འཐུས་ཤོར་བཏང་པ་ཞིག་རེད་ཅེས་གསུངས་འདུགཁོང་ནས་ཉེ་ཆར་བལ་ཡུལ་གྱིས་རྒྱ་གར་དང་ས་མཚམས་སུ་ཆགས་པའི་ Lipulekh དང་ Kalapani ས་གནས་སོགས་སུ་རྒྱ་གར་གྱི་དམག་མི་ལ་འཇིགས་སྐུལ་བྱས་པའི་གནས་སྟངས་ཁག་ལུང་འདྲེན་གྱིས་བལ་ཡུལ་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱུན་ལྡན་ནས་མི་སྣ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་སྟབས་གནས་སྟངས་ངོ་མ་གང་ཡིན་ཚང་མས་མཐོང་གསལ་ཡིན་པ་རེད། འོན་ཀྱང་བལ་ཡུལ་གྱི་བྱང་ཕྱོགས་སུ་ཆགས་པའི་ས་ཚམས་དེ་དག་རྒྱ་ནག་གིས་དབྱེ་བྱས་པའི་བོད་རང་སྐྱོང་ལྗོངས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་དེའི་གནས་སྟངས་ཆེས་ཛ་དྲག་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་གསུངས་འདུག བལ་གཞུང་ནས་དེ་འབྲེལ་གསལ་བཤད་གང་ཡང་གནང་མེད་ཀྱང་དཔྱད་ཞིབ་པ་དང་གསར་འགོད་པ་ཁག་ཅིག་ནས་དེ་འབྲེལ་དཔྱད་རྩོམ་སྤེལ་བ་བརྒྱུད་བལ་ཡུ་གཞུང་ནས་རྒྱ་གར་དང་ས་འབྲེལ་གྱི་གནད་དོན་ཐོག་གླེང་ཐུབ་དགོས་གལ་དང་རྒྱ་ནག་གིས་བཙན་བཟུང་བྱས་པའི་ས་ཆའི་ཐོག་གླེང་སློང་མ་གནང་བའི་རྒྱུ་མཚན་གང་ཡིན་ནམ་ཞེས་གཞུང་ལ་འདྲི་རྩད་དང་སྐྱོན་བརྗོད་གནང་མཁན་མི་ཉུང་བ་འདུག ལྷག་པར་དུ་གསར་འགོད་པ་ Amit Agrahari ལགས་ནས་བལ་ཡུལ་གཞུང་འདི་རྒྱ་ནག་གི་གཡོ་བྱུས་འོག་ཚུད་པ་ནས་བཟུང་རྒྱ་གར་དང་འབྲེལ་བ་སྡུག་ཏུ་བཏང་པ་མ་ཟད་བལ་ཡུལ་རང་ཉིད་ཀྱི་ས་ཆའི་བདག་དབང་སྲུང་སྐྱོབ་ཐད་ལའང་གདོང་ལེན་གནང་ཐུབ་ཀྱི་མེད་པ་སོགས་འགྲེལ་བརྗོད་དང་། དེ་སྔ་ཞི་ཅིན་ཕིང་སྲིད་འཛིན་ཆགས་པ་ནས་བལ་ཡུལ་གཙོས་ས་མཚམས་ས་ཁུལ་ཁག་ཏུ་བཙན་འཛུལ་གྱི་བྱ་སྤྱོད་མང་དག་ཅིག་སྤེལ་ཡོད་པ་དང་། དེ་ནས་ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་སྟེ་ KP Sharma Oli བལ་ཡུལ་གྱི་སྲིད་བློནཆགས་པ་ནས་བཟུང་བལ་ཡུལ་གཞུང་འདི་རྒྱ་ནག་གི་བཙན་བཀའ་ལྟར་ལས་དོན་གཉེར་མཁན་ཞིག་ཏུ་གྱུར་ཡོད་པ་སོགས་སྐྱོན་བརྗོད་དྲག་པོ་གནང་འདུག

༸གོང་ས་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་དགོས།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་པེ་ཅིང་ནང་གི་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་ལྕམ་ Nirupama Rao ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པའི་དགོན་འདུན་ཆེད་བཏོན་གནང་འདུགདེ་ཡང་ཚེས་ ༢༠ ཉིན་ལྕམ་སྐུ་ Nirupama ལགས་ཀྱིས་རང་ཉིད་ཀྱི་ Twitter དྲ་གནས་ཐོག་ཉེ་ཆར་ཁོང་གི་ཐུགས་ལ་རྒྱ་གར་གཞུང་གིས་༸གོང་ས་མཆོག་ལ་ Bharat Ratna ལྟ་བུའི་ཆེས་མཐོའི་གཟེངས་རྟགས་དེ་ངེས་པར་དུ་འབུལ་ལམ་ཞུ་དགོས་པའི་དགོངས་པ་ཡང་ཡང་འཁོར་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ༸གོང་ས་མཆོག་གིས་དུས་ཀུན་ཏུ་མང་གཙོ་དང་གཞི་རྩའི་རང་དབང་ལ་ཡིད་ཆེས་མཛད་ཐོག་བྱམས་བརྩེ་དང་སྙིང་སྟོབས་ཀྱི་ལམ་ནས་འགྲོ་བ་མིར་ཞབས་འདེགས་བླ་མེད་བསྐྱངས་དང་སྐྱོང་བཞིན་པ་དང་། དེ་དག་ནི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་ནམ་ཡང་རྩ་ཆེར་འཛིན་པའི་རིན་བྲལ་ཞིག་ཡིན་སྟབས་མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་འདི་འབུལ་ལམ་ཞུ་ཆེས་འོས་ཡིན་པར་འགྲེལ་བརྗོད་གནང་འདུག ལྕམ་སྐུ་མཆོག་གིས་དགོངས་ཚུལ་དེ་དང་འབྲེལ་རྒྱ་གར་གྱི་མང་གཙོ་དོན་གཉེར་བ་གཙོས་དོ་སྣང་ཅན་མང་དག་ཅིག་ནས་ Twitter ཐོག་ཁོང་གི་དགོས་འདུན་དེར་རྒྱབ་སྐྱོར་མཚོན་པའི་རང་ཉིད་སོ་སོའི་དགོངས་ཚུལ་གྱི་མཆན་འདྲ་མིན་བཀོད་འདུག་པ་དེ་ལྟར་ཡང་། དེའི་ཁོངས་སུ་དེ་སྔ་ Australia ཁུལ་གྱི་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་མཁན་སྐུ་ཞབས་ T.P.Sreenivasan ལགས་ཀྱིས་དེ་སྔ་རྒྱ་གར་གཞུང་ནས་རྒྱ་ནག་གཞུང་ལ་ཁོང་ཁྲོ་མི་སློང་བའི་སླད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་མེད་པ་ལུང་འདྲེན་གནང་བ་དང་སྦྲགས། རྒྱ་གར་གཞུང་གི་ངོས་ནས་༸གོང་ས་མཆོག་གི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མ་གནང་གོང་དེ་སྔའི་བྱ་སྤྱོད་ཁག་ལ་དོ་ནན་གྱིས་དགོངས་པ་བཞེས་རྒྱུའི་གལ་ཆེ་ཡིན་པར་ནན་བརྗོད་གནང་འདུགརྒྱ་གར་གྱི་ཕྱི་འབྲེལ་ལས་དོན་དང་འབྲེལ་བའི་གནད་ཡོད་མི་སྣ་དེ་དག་གི་བཀའ་མོལ་དང་འབྲེལ། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་ Twitter ཐོག་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པས་༸གོང་ས་མཆོག་ལ་ཡུལ་དེའི་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་ལམ་ཞུ་དགོས་པའི་དགོས་འདུན་དེ་ནི་རྒྱ་གར་གྱི་མང་ཚོགས་ཁྲོད་དེ་ལྟ་བུའི་དགོས་འདུན་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས་རྒྱབ་སྐྱོར་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་དེར་དགའ་བསུ་ཞུས་འདུག འོན་ཏང་རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་མཆོག་ལ་ Bharat Ratna འབུལ་ལམ་ཞུ་རྒྱུ་དེ་དོན་དམ་པའི་ཐོག་ནས་ཕུལ་བ་མ་གཏོགས་རྒྱ་དཀར་ནག་དབར་འཕྲད་བཞིན་པའི་ད་ལྟའི་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་བ་བཏགས་ཏེ་གནང་རྒྱུ་མེད་པའི་དགོངས་ཚུལ་གསུངས་འདུགའདས་པའི་ཟླ་བ་གཅིག་ཙམ་ནས་ལ་དྭགས་ཁུལ་དུ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་གི་གནད་དོན་དེ་ཐུག་ཛ་དྲག་ཏུ་འགྲོ་བཞིན་པའི་ཁྲོད་རླུང་འཕྲིན་ཁང་གིས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་གར་གཞུང་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ཞུ་ཕྱིར་རྒྱ་གར་གྱི་སྤྱི་དམངས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་ཐུབ་ཚེ་དེས་རྒྱ་གར་རང་ཉིད་ཀྱི་ཆེ་མཐོང་ལ་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་ཡོད།རྩ་བའི་ལྕམ་སྐུ་ Nirupama Rao ལགས་ཀྱིས་ད་རེས་རྒྱ་དཀར་ནག་གཉིས་དབར་གྱི་གདོང་ཐུག་དེ་ནི་ཡུལ་གཉིས་དབར་གྱི་ཕྱི་སྲིད་འབྲེལ་ལམ་ལ་དོ་ཕོག་ཧ་ཅང་ཆེན་པོ་བཏང་ཡོད་པར་འགྲེལ་བརྗོད་དང་འབྲེལ། ཡུལ་དེ་དག་གཉིས་ཀྱི་དཀའ་ངལ་དེ་ཕན་ཚུན་འབྲེལ་ལམ་གློ་བུར་དུ་ཡོངས་སུ་བཅད་པས་སེལ་ཐུབ་ཐབས་མེད་པ་དང་རྒྱ་གར་གྱི་ངོས་ནས་ཕྱི་ནང་གསང་གསུམ་གྱི་གནད་དོན་ཡོངས་ལ་གཟིགས་ཏེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་བཅོས་གནང་དགོས་པ་གསུངས་ཡོད།

སེམས་ཞི་བར་གནས་པའི་ཐོག་རིམས་ནད་ལ་གདོང་ལེན་གནང་དགོས་པར་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐོག དེང་སྐབས་རིམས་ནད་ཀྱི་གནས་སྟངས་ཁྲོད་འཇིགས་སྣང་དངངས་སྐྲག་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། གཙོ་བོ་སེམས་ཞི་བདེར་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༠ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་ཁག་དང་ལྷན་དུ་སེམས་དང་སྲོག་གི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཁྲོད་བྱམས་བརྩེ་དང་སོར་ཆུད་ཀྱི་ཐོག་འགྲོ་བ་ཀུན་མཉམ་འདུས་ཞེས་པའི་བརྗོད་གཞིའི་ཐོག Smith སྤྱི་ཚོགས་ཞབས་ཞུའི་མཐོ་སློབ་ཀྱི་འགན་འཛིན་ཟུར་པ་ Carolyn Jacobs ལགས་ཀྱིས་གཙོ་སྐྱོང་འོག ཨ་རིའི་Wisconsin གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་དང་དབང་རྩ་རིག་པའི་སློབ་དཔོན་ཆེན་མོ། སློབ་གཉེར་ཁང་དེའི་སེམས་ཁམས་བདེ་གནས་ཀྱི་ལྟེ་གནས་ཁང་གསར་གཏོད་གནང་མཁན་དང་གཙོ་འཛིན་ཡིན་པ་ཚན་རིག་པ་གྲགས་ཅན་ Richie Davidson ལགས་དང་ལྷན་དུ་ཚོགས་ཡོད་པ་དང་། དེའི་ཐོག་སེམས་དང་སྲོག་ལྟེ་གནས་ཁང་གི་ཚོགས་གཙོ་ Susan Bauer Wu ལགས་ཀྱིས་ཀྱང་མཉམ་ཞུགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་འདུག སྐབས་དེར་ལྕམ་ Susan Bauer Wu ལགས་ཀྱིས་བརྗོད་གཞི་ངོ་སྤྲོད་དང་འབྲེལ། ད་ལྟའི་ཏོག་དབྱིབས་ནད་ཡམས་ཁྲོད་དངངས་སྐྲག་ཀྱི་གནས་སྟངས་ལ་གདོང་ལེན་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར། དགོན་པོ་༸གང་ཉིད་མཆོག་གིས། རིམས་ནད་ཀྱི་ཛ་དྲག་རང་བཞིན་ལ་གཞིག་སྟེ་འཛམ་གླིང་གི་ཚན་རིག་པ་རྣམས་ཀྱིས་དེའི་ཐོག་ཞིབ་འཇུག་གནང་བཞིན་པ་དང་། སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་མིའི་སྲོག་སྐྱོབ་བཞིན་པར་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་དང་འབྲེལ། གནས་སྟངས་ཅི་ཞིག་ཡིན་རུང་དེར་བརྟག་དཔྱད་བྱས་ཏེ། སེལ་ཐབས་ཡོད་པ་ཡིན་ན་དེའི་ཐོག་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་། སེལ་ཐབས་མེད་པ་ཡིན་ན་དེའི་ཐོག་བསམ་བློ་བཏང་བ་ཡིན་ན་ཆུ་ཚོད་འཕྲོ་བརླགས་ཡིན་པ་རྒྱལ་སྲས་ཞི་བ་ལྷས་མཛད་པ་ལུང་འདྲེན་དང་སྦྲགས། འཇིགས་སྣང་དངངས་སྐྲག་གིས་རིམས་ནད་ཀྱི་གནོད་འཚེ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། སེམས་ཞི་བར་གནས་པའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག ལྷག་པར་དུ་དེང་སྐབས་ཨ་རིའི་ནང་གི་དཀའ་ངལ་གཙོ་བྱས་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་ཡིན་སྟབས། ང་ཚོ་དང་ཁོང་ཚོ་ཞེས་མིའི་གདོང་རིས་དང་ཆོས་དད། རྒྱལ་ཁབ་སོགས་ཀྱི་དབྱེ་བ་འབྱེད་ནས་བསྡད་པ་ཡིན་ན་དེས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་བློ་དང་ཁ་བྲལ་བྱེད་ཀྱི་ཡོད་སྐོར་དང་འབྲེལ། རྒྱ་གར་ནང་དུ་ལོ་ངོ་སྟོང་ཕྲག་མང་པོ་ནས་ཆོས་ལུགས་དང་མི་རིགས་འདྲ་མིན་ཞི་བདེ་མཉམ་གནས་བྱེད་བཞིན་པ་དང་། དེ་སྔ་འཁྲུག་འཛིང་དང་རྩོད་རྙོག་གི་ནང་དུ་འཐིམས་པའི་ཡོ་རོབ་རྒྱལ་ཁབ་རྣམས་ད་ལྟ་ཡོ་རོབ་མཐུན་ཚོགས་ཞེས་གཅིག་ཏུ་སྒྲིལ་ཏེ་ཞི་བདེ་མཉམ་གནས་བྱེད་བཞིན་པ་དེ་དག་མིག་དཔེར་བླངས་ཏེ། གནས་སྟངས་ཡག་སྡུག་ཚང་མ་མིའི་བསམ་བློ་འཁྱེར་ཕྱོགས་ལ་རག་ལུས་ཡོད་སྟབས། སྒོམ་སྒྲུབ་དང་རྒྱུ་མཚན་གྱི་ལམ་ནས་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་བསམ་བློ་དོར་ཏེ། འགྲོ་བ་མིའི་གཅིག་གྱུར་གྱི་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་དགོས་གལ་ཡིན་པར་བཀའ་བསྩལ་འདུག སྐབས་དེར་ཚན་རིག་པ་ Richie Davidson ལགས་ཀྱིས། དེ་སྔ་ཚན་རིག་ནང་དུ་བྱམས་བརྩེ་ཞེས་པའི་ཚིག་འཁོད་མེད་ཀྱང་། ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་འོག དེང་སྐབས་རྒྱལ་སྤྱིའི་ཚན་རིག་པའི་ཁྲོད་ལ། བྱམས་བརྩེ་སྒོམ་པའི་ཐོག་ནས་མིའི་བསམ་བློ་དང་སྤྱོད་ཚུལ་ལ་འགྱུར་བ་ཐེབས་བཞིན་ཡོད་པའི་ངེས་པ་རྙེད་ཡོད་པ་དང་འབྲེལ། བྱམས་བརྩེའི་བློ་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། དེ་ལྟར་གནང་ཕྱོགས་ཐད་༸མགོན་པོ་མཆོག་ལ་བཀའ་འདྲི་ཞུས་པར། ༸མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་ཀྱི་ཤེས་ཡོན་ལམ་ལུགས་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་ལས་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་གྱི་སློབ་གསོ་གང་ཡང་སྤེལ་གྱི་མེད་སྟབས་མིའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཐེབས་ཀྱི་མེད་སྐོར་བཀའ་གནང་བ་དང་འབྲེལ། རྩ་བ་ཡག་པོ་བཙུགས་པ་ཡིན་ན་འབྲས་བུ་ཡག་པོ་སྨིན་རྒྱུ་ཡོད་པ་བཞིན། གཙོ་བོ་གཞི་རིམ་ཤེས་ཡོན་གྱི་ལམ་ལུགས་ནང་དུ་ནང་སེམས་ཀྱི་འཕྲོད་བསྟེན་དང་བྱམས་བརྩེའི་སྐོར་ལ་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུགལྷག་པར་དུ་༸མགོན་པོ་མཆོག་གིས། དུས་རབས་ ༢༠ བ་དེ།  འཚེ་བས་ཁེངས་པའི་དུས་རབས་ཤིག་ཆགས་ཡོད་སྟབས། འཚེ་བའི་ཚབ་ལ་འཚེ་བ་བྱེད་པ་དེས་སུ་ལ་ཡང་རྒྱལ་ཁ་ཐོབ་ཐབས་མེད་སྟབས། ༸མགོན་པོ་མཆོག་གིས་ཐུགས་དགོངས་གཙོ་བོ་ནི་འགྲོ་བ་མིའི་གཅིག་གྱུར་གྱི་གཞི་རྟེན་ཐོག ཤེས་ཡོན་དང་གྲོས་མོལ་གྱི་བློ་གོང་འཕེལ་གཏོང་རྒྱུ་དེ་ཡིན་སྟབས། འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་སྐོར་སློབ་གསོ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་བསྩལ་འདུགཁ་ཉིན་དྲ་རྒྱ་བརྒྱུད་ཚོགས་པའི་སེམས་དང་སྲོག་ཀྱི་ལས་རིམས་དེ་བོད་སྐད་དང་དབྱིན་སྐད། དེ་བཞིན་རྒྱ་སྐད་སོགས་སྐད་རིགས་འདྲ་མིན་ ༡༤ ཙམ་གྱི་ཐོག་ལ་ཐད་གཏོང་གནང་ཡོད་པ་ལྟར། ཁྱོན་མི་གྲངས་འབུམ་ ༩ ཙམ་གྱིས་ལས་རིམ་གསན་གཟིགས་གནང་ཡོད་པ་རེད་འདུག པར་དབང་། སྐུ་སྒེར་དྲ་རྒྱ།

རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་དང་ཞི་བའི་རྔམ་སྟོན།

རིང་མིན་འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ ཐོག་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་གླེང་སློང་གནང་དགོས་པའི་རེ་སྐུལ་འོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་སོང་།དེ་རིང་ཕྱི་ཚེས་ ༡༩ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ངོས་སུ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཞབས་སྟེགས་ཞབས་ཆག་མདུན་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣི་ཁྲིད་དེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་དང་བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དགོས། དེ་བཞིན་རྒྱལ་ཚོགས་གཉིད་སད་དགོས་པ་བཅས་ཀྱི་དགོས་མདུན་འཁོད་པའི་ཤོག་བྱང་བསྣམས་ཏེ་ཞི་བའི་རྔམ་སྟོན་གནང་ཡོད་པ་རེད།ལས་འགུལ་འདི་ནི་སུད་སི་ནང་དུ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་ནས་ཟླ་བ་གསུམ་ལྷག་སོང་རྗེས་ཁྱིམ་སྡོད་བཀའ་རྒྱ་ལྷོད་ཡངས་གནང་བ་ལྟར་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གིས་བོད་དོན་དང་འབྲེལ་ཏེ་རྒྱལ་ཚོགས་ལ་ཞུ་གཏུག་དང་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།དེ་རིང་ལས་འགུལ་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གཙོས་པའི་ཡོ་རོབས་ཀྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས། ཡོ་རོབ་གཞོན་ནུ་མཐུན་ཚོགས། དེ་བཞིན་སུད་བོད་མཐུན་ཚོགས་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ་འཐུས་མི་སོགས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང་།སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ པ་དེ་ཟླ་ ༦ ཚེས་ ༣༠ ལ་དབུ་འཛུགས་གནང་གི་ཡོད་སྟབས་བོད་མི་ཚོའི་ངོས་ནས་འཚོགས་ལ་ཉེ་བའི་ཚོགས་འདུ་དང་བསྟུན་དེ་རིང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ལ་རིང་མིན་ལྷན་ཚོགས་ཐོག་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་བའི་རེ་སྐུལ་དོན་ཚན་ལྔ་ཅན་ཞིག་ཡོད་པ་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་བོད་ནང་གི་ཆོས་དད་རང་དབང་། སྐད་ཡིག་རང་དབང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་བྱེད་མཁན་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་བཅས་ཞུ་གཏུག་བརྒྱུད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་ནང་གི་བོད་མིར་རང་དབང་དང་དྲང་བདེན་གྱི་ཁྲིམས་གཏུག་གནང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ། བོད་ནང་རང་དབང་ཐོག་རྟོག་ཞིབ་མི་སྣ་ཆེད་ཕེབས་གནང་འཇུག་དགོས་པར་འབོད་སྐུལ་ཡང་ཞུས་འདུག

བོད་པ་དང་རྒྱ་གར་ཡུལ་མི་ཟུང་གིས་རྒྱ་ནག་ལ་ངོ་རྒོལ་གནང་བ།

ཉེ་ཆར་ཕྱི་ཚེས་ ༡༥ དགོང་མོ་ལ་དྭགས་གྷལ་ཝན་ཡུལ་ཀླུང་དུ་ཆགས་པའི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཤོར་རྐྱེན་རྒྱ་གར་གྱི་དམག་དཔོན་ Santosh Babu ལགས་གཙོས་པའི་དམག་མི་ ༢༠ ཚེ་སྲོག་ཤོར་བ་དང་འབྲེལ། དེ་རིང་བཞུགས་སྒར་མེག་ལོཊ་ཁྲོམ་གཞུང་དུ་བོད་པ་དང་ས་གནས་ཡུལ་མི་ཟུང་འབྲེལ་ཐོག་རྒྱ་ནག་གི་བྱེད་སྤྱོད་ལ་ངོ་རྒོལ་གྱི་སྐད་འབོད་གནང་སོང་།ལས་འགུལ་དེའི་ནང་དྷ་ས་ཉེ་འཁོར་གྱི་རྒྱ་གར་ཚོང་པའི་སྐྱིད་སྡུག་དང་གླ་འཁོར་སྐྱིད་སྡུག ཧིན་བོད་མཛའ་འབྲེལ་ཚོགས་པ། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་དབུས་རྒྱུན་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བཙོན་འགྲུས་ལགས་གཙོས་བོད་མི་དང་ས་གནས་ཡུལ་མི་སོགས་ཁྱོན་མང་ཚོགས་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་འདུགསྐབས་དེར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཐེངས་འདིའི་ལས་འགུལ་འདི་ནི་ས་གནས་བོད་མི་དང་རྒྱ་གར་ཡུལ་མི་ཟུང་འབྲེལ་ཐོག་ཉེ་ཆར་ས་མཚམས་ས་ཁུལ་གྱི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་རྒྱ་གར་གྱི་དམག་མི་རྣམས་ལ་མྱ་ངན་གུས་བཏུད་དང་རྒྱ་གཞུང་གིས་དེ་སྔ་བོད་ས་བཙན་བཟུང་བྱས་པ་མ་ཟད་ད་ཆ་རྒྱ་གར་གྱི་ས་ཁུལ་དུ་བཙན་འཛུན་བྱེད་བཞིན་པའི་བྱེད་སྤྱོད་ལ་ངོ་རྒོལ་ཡོད་པའི་རྣམ་པ་ཆེད་བཏོན་གནང་རྒྱུ་ཡིན་པ་གསུངས་ཡོད། ལས་འགུལ་ནང་མཉམ་ཞུགས་གནང་བ་རྒྱ་གར་གྱི་ས་གནས་ཡུལ་མི་ Prem Sagar ལགས་ནས་རྒྱ་ནག་གཞུང་གིས་འདས་པའི་ལོ་དུས་མང་པོའི་གོང་ཐེ་ཝན་དང་ཧོང་ཀོང་སོགས་ཁྱིམ་མཚེས་རྒྱལ་ཁབ་མང་པོར་ཐེ་བྱུས་འདྲ་མིན་བྱེད་བཞིན་པ་མ་ཟད་ཉེ་ཆར་རྒྱ་གར་གྱི་བདག་དབང་འོག་ཡོད་པའི་ས་མཚམས་ཁག་ཏུ་བཙན་འཛུལ་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་། རྒྱ་གར་དང་རྒྱ་ནག་གྱི་ས་མཚམས་ཞེས་པ་འདི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་ཆགས་པ་ཞིག་ལས་དེ་མིན་དོན་དངོས་ཐོག་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པར་གསུངས་སོང་བ་མ་ཟད། ས་མཚམས་ཀྱི་རྩོད་རྙོག་དེ་དག་སླར་མི་ཡོང་བར་རྒྱ་གར་ནས་བོད་འདི་རྒྱ་ནག་དང་ཐ་དད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་གནང་དགོས་པ་དང་དུས་ཚོད་ཀྱི་ཆ་ནས་ཡང་འོས་འཚམས་རེད་ཅེས་གསུངས་ཡོད།    དེ་བཞིན་རྒྱ་ནག་གྱི་ཅ་དངོས་ཉོ་ཚོང་དང་བེད་སྤྱོད་གནང་རྒྱུ་མེད་པའི་ངོ་རྒོལ་སྐད་འབོད་དང་འབྲེལ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡིན་པ་ Pintu Sharma ལགས་སུ་བཅར་འདྲི་ཞུས་པར་ལས་འགུལ་འདི་དང་ཐོག་དོ་བདག་སོ་སོས་ལག་བསྟར་གནང་སྟེ་དེ་རྗེས་གཞན་ལ་འབོད་སྐུལ་གནང་གལ་ཡིན་པ་གསུངས་སོང་།གཞི་རྩའི་རྒྱ་ནག་ནས་ཁྱབ་གདལ་སོང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་དང་ས་མཚམས་དམག་མིའི་དབར་གདོང་ཐུག་གི་གནད་དོན་སོགས་དང་འབྲེལ་ཏེ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ་མ་ཟད། ལྷག་པར་དུ་རྒྱ་གར་མང་ཚོགས་ཁྲོད་རྒྱ་ནག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་པའི་གནས་སྟངས་ཁྲོད་བོད་མི་ཚོས་ཀྱང་རྒྱ་གར་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་ལ་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་བ་དང་ཆབས་ཅིག་ཏུ་རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་བགྲོ་གླེང་ལས་ལམ་ཐོག་མཉམ་ཞུགས་གནང་སྟེ་བོད་མིའི་བཞེངས་ཕྱོགས་གསལ་འདོན་གནང་རྒྱུ་དང་རྒྱ་གར་གཞུང་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་ལེན་གནང་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་མཁན་མི་ཉུང་བ་ཞིག་བྱུང་ཡོད།

Latest news