Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

ཏོག་དབྱིབས་གཉན་རིམས་ཕོག་པའི་བོད་མི་དྲུག་དང་གཅིག་འདས་གྲོངས།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་དེ་རིང་ཉིན་རྒྱབ་གསར་འགོད་གསལ་བསྒྲགས་སྤེལ་བར་གཟའ་འཁོར་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་དྲུག་ལ་ Covid-19 གཉན་རིམས་ཕོག་ཡོད་པ་དང་། དེའི་ཁོངས་ནས་གཅིག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཡོངས་གྲགས་གནང་སོང་།

ཨ་རིས་ཧོང་ཀོང་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་འདུག

རྩ་བའི་ད་ལྟའི་ཆར་ཨ་རི་དང་རྒྱ་ནག་དབར་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་སོགས་པའི་གནད་དོན་མང་དག་ཅིག་གི་ཐོག་ནས་དངོས་སུ་གདོང་ཐུག་གི་ངལ་བ་དུ་མ་འཕྲད་བཞིན་ཡོད་པའི་དུས་སྐབས་འདིར་ཁ་སང་དེ་སྔ་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་འདུག

༸རྒྱལ་བའི་བཀྲིན་རྗེས་དྲན་ལོ་དང་བསྟུན་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བ།

བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་ནས་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ བདག་གིར་བཞེས་པ་དང་བསྟུན་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་ལོ་འཁོར་མོ་རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུ་རྒྱུར་གསལ་བསྒྲགས་སྔོན་སོང་ལྟར། བོད་མིའི་གཞིས་སྒར་ཁག་ཏུ་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་འདུག

གཞོན་སྐྱེས་ཚོས་སྤྱི་ཚོགས་དྲྭ་རྒྱ་སྤྱད་ནས་ལས་འགུལ་གང་མང་སྤེལ་དགོས།

ཉེ་ལམ་ཕ་རན་སིའི་རྒྱལ་ས་པེ་རིས་ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་རྒྱལ་ཚོགས་ལས་ཁུངས་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མཁན་བོད་མི་ངག་དབང་ཚེ་འཕེལ་ལགས་ཀྱིས་དེ་རིང་ལས་འགུལ་མཇུག་སྒྲིལ་དང་འབྲེལ། བོད་རིགས་གཞོན་སྐྱེས་ཚོས་སྤྱི་ཚོགས་དྲྭ་རྒྱ་སྤྱོད་ནས་ལས་འགུལ་གང་མང་སྤེལ་དགོས་པའི་རེ་སྐུལ་གནང་སོང་།

རྒྱ་དཀར་ནག་གི་ས་མཚམས་དང་འབྲེལ་རྒྱ་ནག་ལ་སྐྱོན་འཛུགས་གྲོས་འཆར་འདོན་སྤེལ།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ John Cornyn དང་ Mark Warner ལགས་གཉིས་ཀྱིས་ཡུལ་དེའི་གྲོས་ཚོགས་ནང་དུ། རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་སུ་སིམ་འཛུལ་བྱས་ཏེ་རྒྱ་གར་གྱི་ས་སྲུང་དམག་མིར་བརྙས་བཅོས་དང་། མཐའ་མཚམས་ཁག་ཏུ་དམག་མི་འགྲེམས་འཇོག དེ་བཞིན་འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པར་སྐྱོན་བརྗོད་ཀྱིས་གྲོས་ཆོད་ཅིག་ངོ་སྤྲོད་གནང་འདུག དེའང་ཨ་རིའི་ Texas མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ John Cornynལགས་ཀྱིས་བདུན་ཕྲག་སྔོན་མའི་ནང་དུ་རང་ཉིད་ཀྱི་དྲྭ་གནས་ཐོག་གནས་ཚུལ་དེ་བཀོད་པ་དང་འབྲེལ། ཁོང་ཉིད་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་གར་ལྷན་ཚོགས་གསར་འཛུགས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཨ་རི་དང་རྒྱ་གར་གཉིས་ཀྱི་སྲ་བརྟན་གྱི་འབྲེལ་ལམ་དེ་གལ་ཆེན་ཡིན་པར་རྟོགས་ཡོད་ལུགས་ངོ་སྤྲོད་ཀྱིས།  རྒྱ་གར་གྱིས་ཆོད་སེམས་བརྟན་པོའི་ངང་ནས་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་པ་དང་ལྷག་པར་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཁུལ་དུ་རང་དབང་དང་གུ་ཡངས་རྒྱུན་སྐྱོང་བྱེད་བཞིན་པ་བཅས་ལ་བསྔགས་བརྗོད་གནང་བ་མ་ཟད། རྒྱ་གར་གྱིས་རྒྱ་ནག་གི་སིམ་འཛུལ་ལ་ཁ་གཏད་གཅོག་བཞིན་པའི་གཉན་འཕྲང་གི་དུས་སྐབས་སུ་ཨ་རིའི་ངོས་ནས་རྒྱ་གར་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་མངོན་གསལ་གནང་འདུག ཁོང་གིས་ད་དུང་། ཉེ་སྔོན་ཟླ་བ་དྲུག་པའི་ནང་གི་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་བའི་གདོང་ཐུག་གི་ཁྲོད་ནས། རྒྱ་གར་གྱི་དམག་མི་༢༠ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པར་དྲན་སྐུལ་གྱིས། རྒྱ་གར་གྱིས་རྙོག་འཛིན་ཆེ་བའི་མཐའ་མཚམས་སུ་རྒྱ་ནག་གི་གདོང་མཆོང་གི་བྱེད་བབ་དེ་གཞན་ལ་ཉེན་བརྡ་བཏང་བ་ཞིག་ཆགས་ཡོད་པར་གསུངས་འདུག  དེ་བཞིན་སྐུ་ཞབས་ Warner ལགས་ཀྱིས་ཀྱང་། ཐེངས་འདིའི་གྲོས་འཆར་རྒྱུད། རྒྱ་ནག་གིས་ཕྱོགས་གཉིས་དབར་གྱི་མཐའ་མཚམས་ཀྱི་ས་ཐིག་ལ་རྩིས་མེད་རྡོག་རོལ་བྱས་པ་དེར་སྐྱོན་བརྗོད་བྱས་པ་དང་འབྲེལ། རྒྱལ་ཁབ་གཉིས་ཀྱི་ངོས་ནས་དོན་ཕན་ལྡན་པའི་ཕྱི་འབྲེལ་གྱི་འཐབ་བྱུས་བརྒྱུད་ས་མཚམས་ཐད་དེ་སྔའི་གནས་བབ་བསྐྱར་གསོ་དགོས་པའི་རེ་སྐུལ་ཞུས་པ་མ་ཟད། ཨ་རི་དང་རྒྱ་གར་གཉིས་ཀྱིས་དུས་ཡུན་རིང་པོ་ནས་མང་གཙོའི་རིན་ཐང་གཞི་ལ་བཞག་པའི་འབྲེལ་ལམ་ལེགས་པོ་རྒྱུན་སྐྱོང་གནང་ཡོད་པ་དང་།  རྒྱ་གར་གྱིས་རྒྱ་གར་གྱི་རྒྱ་མཚོ་ཁུལ་དུ་རང་དབང་དང་གུ་ཡངས་ཡོང་ཐབས་སུ་ཕྱག་ལས་གནང་བ་བརྒྱུད་ནས། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་སྔ་ལས་ཀྱང་ཇེ་ལེགས་སུ་འགྲོ་ངེས་ཡིན་པར་གསུངས་འདུག གཞི་རྩའི་ཉེ་བའི་ཆར་རྒྱ་དཀར་ནག་དབར་ས་མཚམས་དང་འབྲེལ་རྩོད་རྙོག་ཆེ་རུ་ཕྱིན་ཏེ་མཐའ་སྲུང་དམག་མིའི་དབར་དངོས་སུ་ལག་འཛིང་ཤོར་བའི་རྐྱེན་གྱིས་ཕན་ཚུན་གྱི་དམག་མི་གསོད་རེས་ཀྱིས་གྱོད་དོན་རྣོ་ངར་ཅན་དུ་གྱུར་བར་བརྟེན་རྒྱ་གར་དབུས་གཞུང་གི་བརྡ་འཕྲིན་འཕྲུལ་ལས་སྡེ་ཁག་གིས་ཕྱི་ཟླ་ ༧ ཟླ་སྟོད་དུ་རྒྱ་ནག་གིས་བཟོས་བའི་མཉེན་ཆས་ Wechat འམ་སྐད་འཕྲིན་གཙོས་པའི་མཉེན་ཆས་ ༥༩ རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཀག་སྡོམ་གནང་ཡོད་པ་ལྟར། ཉེ་ཆར་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཀྱང་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ TikTok དང་ WeChat གཉིས་ཁྱོན་ཉིན་གྲངས་ ༤༥ ནང་ཚུད་བཀག་སྡོམ་གནང་རྒྱུ་ཡིན་པའི་བཀོད་ཁྱབ་གནང་ཡོད་པ་ལྟར། རྒྱ་ནག་གི་ཏོག་དབྱིབས་རིམས་ནད་སོགས་ཀྱི་རྐྱེན་གྱིས། ད་ཆ་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་རྒྱལ་ཁབ་ཇེ་མང་དུ་འགྲོ་བཞིན་པ་རེད།

འགུལ་རིས་གློག་བརྙན་ཡར་ཀླུངས་ཞེས་པ་དེ་ཨོ་ཊ་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་འདེམས་ཐོན།

ཁེ་ན་ཌ་ཝེན་ཀུ་ཝར་ནས་ཡིན་པའི་བོད་པའི་བུ་མོ་ཀུན་བཟང་སྐྱིད་རོང་ལགས་ཀྱིས་བཟོ་སྐྲུན་གནང་བའི་ཡར་ཀླུངས་གཙང་པོ་ཞེས་པའི་འགུལ་རིས་གློག་བརྙན་ཐུང་ངུ་དེ་བྱང་ཨ་མི་རི་ཀའི་འགུལ་རིས་གློག་བརྙན་དུས་སྟོན་ཆེ་ཤོས་གྲས་ཨོ་ཊ་ཝའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་འདེམས་ཐོན་བྱུང་འདུག

ཧིན་སྒོར་བྱེ་བ་ལྔའི་ཚོང་དོན་བུན་གཡར་གྱི་ལས་གཞི་དབུ་འཛུགས་གནང་བ།

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཚན་པས་བོད་མི་མང་ཚོགས་ཁྲོད་ཚོང་ལས་གཉེར་མཁན་མི་རེར་འབུམ་བཅུ་ནས་ཉི་ཤུ་བར་ཁྱོན་འབུམ་ལྔ་བརྒྱའི་ཚོང་དོན་བུན་གཡར་གནང་གཏན་འཁེལ་འདུག

བོད་རྒྱ་གྲོས་མོལ་སླར་གསོ་དགོས་པའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས།

ཁ་སང་ཕྱི་ཚེས་ ༡༧ ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཁེ་ན་ཌ་དང་རྒྱ་ནག་དམིགས་བསལ་འབྲེལ་ལམ་ལས་དོན་ཚོགས་ཆུང་གི་དྲ་ཐོག་ལྷན་ཚོགས་ཐོག་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Garnett Genuis ལགས་ནས་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་ཆེད་འདོན་གནང་པ་དང་སྦྲགས། ཡུལ་དེའི་ཆབ་སྲིད་ཚོགས་པ་ཡོངས་ནས་གྲུབ་པའི་ཚོགས་ཆུང་གི་ཚོགས་མི་རྣམས་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་འདུག སྐུ་ཞབས་ Garnett Genuis ལགས་ཀྱིས་ཆེད་འདོན་གནང་བའི་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་དེའི་ནང་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་༸གང་ཉིད་མཆོག་གི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་བཅས་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བོད་རྒྱ་གྲོས་མོལ་སླར་གསོ་གནང་དགོས་ཞེས་འཁོད་ཡོད་པ་དང་། སྐབས་དེའི་ལྷན་ཚོགས་ཐོག་ཚོགས་ཆུང་དེའི་ཚོགས་མི་རྣམས་ནས་བགྲོ་གླེང་གི་ཆ་ཤས་བཞེས་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་བོད་རྒྱ་གྲོས་མོལ་སླར་གསོ་གནང་རྒྱུ་ནི་བོད་མིའི་རང་དབང་དང་ཐུན་མོང་མ་ཡིན་པའི་ཆོས་རིག་གི་རང་དབང་སྲུང་སྐྱོབ། དེ་བཞིན་བོད་རྒྱ་གཉིས་དབར་མོས་མཐུན་མ་བྱུང་བའི་གནད་དོན་གང་ཡིན་གསལ་པོ་བཟོ་དགོས་གལ་ཡིན་པ་སོགས་གསུངས་འདུག གཞི་རྩའི་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་འདི་བཞིན་དེ་སྔའི་ཁེ་ན་ཌ་དང་རྒྱ་ནག་དམིགས་བསལ་འབྲེལ་ལམ་ལས་དོན་ཚོགས་ཆུང་གིས་ཕར་འགྱངས་གནང་བ་ཞིག་ཡིན་པ་དང་། དེའི་རྗེས་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱིས་ཡུལ་དེའི་ཆབ་སྲིད་ཚོགས་པ་ཡོངས་ལ་གྲོས་འཆར་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་བར་བརྟེན་ད་རེས་ཀྱི་ལྷན་ཚོགས་ཐོག་དངོས་སུ་ཆེད་འདོན་གྱིས་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཐོབ་པ་མ་ཟད། རེིམ་བཞིན་གྲོས་འཆར་འདི་ཕྱི་ཟླ་ ༩ ནང་ཡུལ་དེའི་གྲོས་ཚོགས་འོག་མར་ངོ་སྤྲོད་གནང་གཏན་འཁེལ་འདུག ཁ་སང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཁེ་ན་ཌ་དང་རྒྱ་ནག་དམིགས་བསལ་འབྲེལ་ལམ་ལས་དོན་ཚོགས་ཆུང་ནས་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་བའི་གྲོས་འཆར་ཐོག་བགྲོ་གླེང་དང་ཐག་གཅོད་ཁག་གྲུབ་མཚམས་སུ་ཚོགས་ཆུང་དེའི་ལྷན་ཚོགས་རྒྱུན་སྐྱོང་གནང་སྟེ་ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་ཐོག་ཉན་ཞིབ་དང་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོར་རོགས་རམ་གནང་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་འདུག

དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཉིན་གྲངས་ ༢༨ རིང་ལ་ཐུགས་དམ་བཞུགས་འདུག

མི་ལོ་ ༢༠ རིང་རྒྱ་གཞུང་གིས་ཆེས་དྲག་གནོན་འོག་མི་སྤྱོད་ལས་འདས་པའི་བཙོན་འཇུག་ཁྲིམས་ཆད་མྱངས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཐེ་ཝན་སྐུ་ཚབ་དོན་ཁང་གི་ཆོས་དགེ་གནང་མྱོང་མཁན་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཟླ་བ་སྔོན་མའི་ཚེས་ ༡༤ ཉིན་ཐེ་ཝན་ནང་དགུང་ལོ་ ༨༥ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ནས་བཟུང་ཟླ་བ་འདིའི་ཚེས་ ༡༡ བར་ཁྱོན་ཉིན་གྲངས་ ༢༨ རིང་ལ་ཐུགས་དམ་དུ་བཞུགས་འདུགཕྱི་ཟླ་ ༧ ཚེས་ ༡༤ ཉིན་དགེ་བཤེས་བྱམས་པ་རྒྱ་མཚོ་དམ་པ་ཁོང་དགོངས་པ་རྫོགས་པར་བརྟེན་སྐུ་ཕུང་བཞུགས་འབུལ་ཞུ་ཡུལ་དུ་སྐྱེལ་རྗེས། དམ་པ་ཁོང་དང་ཐུགས་ཉེ་བའི་སེར་བྱེས་དགེ་བཤེས་ནོར་བུ་ལགས་ཉིན་དང་པོ་དང་གཉིས་པར་སྨོན་ལམ་འདོན་པར་ཕེབས་སྐབས་སྐུ་ཕུང་གི་མདོག་དང་དྲི་མ་གང་ཡང་མེད་པའི་ཐུགས་ཚོར་བྱུང་བ་དང་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཀྱང་དེ་ལྟར་སྐུ་ཕུང་ལ་དྲི་མ་གང་ཡང་མེད་སྟབས་ཐུགས་དམ་བཞུགས་ཡོད་པར་གསུངས་པ་མ་ཟད།  རྣམ་ཀུན་ནས་སྐུ་ཕུང་དོ་དམ་གནང་མཁན་ལས་མི་དང་སྨན་ཞབས་པ་ཚོས་དེ་སྔར་མཇལ་མྱོང་མེད་པའི་དམིགས་བསལ་གྱི་གནས་སྟངས་ཡིན་སྐོར་སོགས་གསུངས་ཁག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་གནས་ཚུལ་ཞིབ་རྒྱས་སུ་སྙན་སེང་ཞུས་འདུག༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་༸གོང་ས་མཆོག་ལ་སྙན་སེང་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་སྣ་ཁུག་ནས་བྱང་སེམས་དཀར་དམར་བབ་རྒྱུ་ཡོད་པ་དང་། སྐུ་ལུས་ཀྱི་མདོག་ལ་འགྱུར་བ་འགྲོ་གི་རེད། འགྱུར་བ་མ་འགྲོ་བར་སྐུ་ཕུང་བཞུགས་འབུལ་མ་བྱེད་ཅེས་བཀའ་ཕེབས་སོང་ཞེས་པའི་བཀའ་ལན་གནང་འབྱོར་བཞིན་ཕུང་པོ་བཞུགས་འབུལ་མ་གནང་བར་བཞག་པ་དང་། རིམ་པས་ཕུང་པོར་ཐེ་ཝན་དབུས་ཞིབ་འཇུག་ཁང་  Academia Sinica གི་དངོས་ཁམས་རིག་པའི་ཚན་རིག་པ་དང་ལས་རོགས་བཅས་མི་གྲངས་དྲུག་གིས་དེང་དུས་ཚན་རིག་འཕྲུལ་ཆས་སོགས་སྤྱོད་ནས་བརྟག་དཔྱད་གནང་བ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་བཞུགས་སྒར་དུ་༸གོང་ས་མཆོག་དང་རྒྱ་རིགས་ཚན་རིག་པ་ལྷན་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་སྐབས་བཅར་མྱོང་མཁན་སྐུ་ཞབས་ལིའི་ལགས་ཀྱིས་སྐུ་ཕུང་ལ་གཟིགས་རྗེས་གནས་སྟངས་དེ་༸གོང་ས་མཆོག་གིས་བགྲོ་གླེང་སྐབས་བཀའ་བསྩལ་བ་དང་ཧ་ཅང་གིས་འདྲ་པོ་འདུག་ཅེས་གསུངས་འདུགའདི་ག་རླུང་འཕྲིན་ཁང་གིས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་སུ་དགེ་བཤེས་ལགས་ཐུགས་དམ་དུ་བཞུགས་པ་ཇི་ལྟར་བྱས་ནས་ཤེས་ཡོད་པ་དང་ཕུང་པོར་ཚན་རིག་དང་མཐུན་པའི་སྔ་རྗེས་སུ་ཞིབ་དཔྱད་ཇི་ལྟར་གནང་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་དེ་ལྟར་ངོ་སྤྲོད་གནང་སོང་།དེ་བཞིན་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལུགས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང་ནུབ་ཕྱོགས་ཚན་རིག་པར་འབྲེལ་བ་ཞུ་དགོས་པའི་ལམ་སྟོན་གནང་དོན་ལྟར་གནང་སྒོ་ཁག་ཞུས་པར་ཁོང་གིས་སྐུ་ཕུང་གི་ཤ་མདོག་ལ་ཕྲན་བུའི་གྱུར་བ་ཕྱིན་པ་དང་། དྲི་མ་ཡང་ཅུང་བྱུང་བ། དེ་བཞིན་འདྲ་པར་ལ་གཟིགས་ནས་ཐུགས་དམ་གྲོལ་ཡོད་པར་ལམ་སྟོན་གང་གནང་ཡོད་པ་དང་། རྣམ་གྲྭ་དང་རྒྱུད་སྟོད་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ལ་དགོངས་སྐོར་གང་དག་ཞུས་ཡོད་པ་སོགས་གསུངས་སོང་། ལྷག་དོན་ཁོང་གིས་ད་དུང་ཐུགས་དམ་བཞུགས་པའི་རིང་ཐེ་ཝན་ནི་དབྱར་ཚད་ཚ་བ་ཆེ་ཤོས་ཀྱི་སྐབས་འཁེལ་ཡོད་ཀྱང་། སྐུ་ཕུང་འཇོག་ཡུལ་ཁང་པའི་ནང་གྲང་གློག་གཅིག་རང་ལས་མེད་པའི་ཁར་དྲོད་ཚད་ ༡༩ གཏན་འཇགས་ཡིན་སྟབས། ཐེ་ཝན་མང་ཚོགས་ཚོས་ཐུགས་དམ་བཞུགས་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ད་རེས་བོད་པའི་བླ་མ་ཞིག་རྒྱུན་རིང་པོར་ ཐུགས་དམ་དུ་བཞུགས་ཐུབ་པར་ངོ་མཚར་ཆེན་པོ་གནང་གི་འདུག་ཅེས་གསུངས་ཡོད།  གཞི་རྩའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཚབ་དོན་ཁང་གི་ཆོས་དགེ་ཟུར་པ་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དམ་པ་དེ་ཉིད་ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་རྗེས་ཁོང་མི་ལོ་ ༢༠ རིང་བཙོན་འཇུག་བཀག་བསྐྱིལ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༤ ལོར་ཁོང་བྱེས་སུ་བྲོས་བྱོལ་གནང་རྗེས་ལོ་དེ་རང་གི་ཕྱི་ཟླ་ ༡༢ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་ཞུའི་གོ་སྐབས་ཐོབ་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དགེ་བཤེས་ལགས་ལ་གཞུང་པོ་ཏི་ལྔའི་ཐོག་ལ་མཁྱེན་རྒྱ་རྒྱས་པོ་ཡོད་པར་བརྟེན་ནས་༸སྐུ་སྒེར་བཞུགས་གནས་སུ་ནང་པའི་གཞུང་ཆེན་དག་གི་དཀར་ཆག་ཕྱོགས་སྒྲིག་དང་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་སློབ་དགེ་གནང་དགོས་པའི་བཀའ་ཕེབས་བཞིན་ཞབས་ཞུ་བསྒྲུབས་ཡོད་པ་རེད།དེ་རྗེས་ཕྱི་ལོ་ ༡༩༩༧ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་སྐུ་ཚབ་དོན་ཁང་གི་ཆོས་དགེར་བསྐོ་གཞག་བསྩལ་དོན་ལྟར་ཁུལ་དེའི་ཐེ་ཝན་གྱི་དད་ལྡན་མང་ཚོགས་དང་ནང་ཆོས་ལ་དོ་དབྱིངས་ཡོད་པའི་རྗེས་འཇུག་སློབ་མ་སྟོང་ཕྲག་ལྷག་ལ་གོ་བདེ་དཔེ་མཚོན་དང་བཅས་ཏེ་ནང་ཆོས་དང་ནང་པའི་ལྟ་གྲུབ་སོགས་སློབ་ཁྲིད་གནང་མྱོང་ཡོད་པ་རེད། ཟླ་བ་སྔོན་མའི་ཚེས་ ༡༤ ཉིན་ཐེ་ཝན་ནང་དགུང་ལོ་ ༨༥ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ནས་བཟུང་ཟླ་བ་འདིའི་ཚེས་ ༡༡ བར་ཁྱོན་ཉིན་གྲངས་ ༢༨ རིང་ལ་ཐུགས་དམ་དུ་བཞུགས་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༢༡ ཉིན་རྩིས་འབྲས་ལྟར་སྐུ་ཕུང་བཞུགས་འབུལ་ཞུ་གཏན་འཁེལ་ཡོད་པ་རེད།

Latest news