Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

གཉན་རིམས་རྐྱེན་གྱིས་ལས་ཀ་ཤོར་བའི་བོད་མིར་ལག་ཤེས་སྦྱོང་བརྡར་གྱི་རོགས་སྐྱོར་ལས་གཞི་དབུ་འཛུགས།

འདི་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འཛམ་གླིང་ཁྱོན་ལ་མི་རྒྱུ་གཉིས་ལ་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་ཛ་དྲག་གི་གནས་སྟངས་ཆགས་པའི་ཁྲོད་བཙན་བྱོལ་བོད་མིའི་ནང་ལའང་ནད་ཡམས་ཀྱི་རྐྱེན་གྱིས་ལས་ཀ་ཤོར་བ་དང་ཚོང་ལམ་འགག་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པ་སེལ་ཐབས་ལ་དམིགས་ཏེ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མང་ཚོགས་ཁྲོད་ཞིབ་བཤེར་ཐེངས་གཉིས་ཙམ་གནང་རྗེས་བོད་ཀྱི་ཐེབས་རྩ་ཁང་ནས་མ་དངུལ་མཁོ་འདོན་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་བཞེས་ཏེ་དེ་རིང་ལྷག་དཀར་གྱི་དུས་ཚིགས་དང་བསྟུན་བཞུགས་སྒར་དྷརྨ་ས་ལ་གཙོས་སིམ་ལ་དང་ལྡེ་ར་ལྡུན་ཁུལ་གྱི་བདེ་སྐྱིད་གླིང་གཞིས་ཆགས་དང་སྤོན་ཌ་གཞིས་ཆགས་བཅས་ས་གནས་ཁག་བཞིའི་ནང་བོད་མི་ཁག་ཅིག་ལ་ཞལ་ལག་བཟོ་རྒྱུ་དང་མངར་ཟས་ཀྱི་རིགས་བཟོ་སྟངས། ཆུ་བཟོ་དང་སྐྲ་བཟོ་སོགས་ཀྱི་ལག་ཤེས་སྦྱོང་བརྡར་དབུ་འཛུགས་གནང་འདུགགསར་འགོད་པས་དྷརྨ་ས་ལ་ཁུལ་དུ་ལག་ཤེས་སྦྱོང་བརྡར་གྱི་ལས་གཞི་ལག་བསྟར་གནང་མཁན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སེངྒེ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར་དྷ་ས་ཁུལ་དུ་དེ་རིང་ནས་འགོ་བཙུགས་ཏེ་ཟླ་བ་གཅིག་གི་རིང་གནང་རྒྱུའི་སྦྱོང་བརྡར་དེའི་ནང་དུ་མཉམ་ཞུགས་གནང་མཁན་བོད་མི་ ༩༢ ཙམ་ཡོད་པ་གསུང་སོང་།

ཨ་རིའི་གཞུང་འཛིན་མ་བརྗེ་སྔོན་ལ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཤུགས་སྣོན་རྒྱག་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་འདིའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་ཀྱི་ལས་ཡུན་མ་རྫོགས་གོང་དུ་ཨ་རིའི་གྲོས་ཚོགས་གོང་མར་ Tibet Policy Act 2019 ཞེས་ཕྱི་ལོ་ ༢༠༡༩ ལོའི་ཨ་རི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བསྐྱར་བཅོས་ཁྲིམས་ཡིག་གཏན་འབེབས་ཐོག་གྲོས་བསྡུར་གནང་སྟེ་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྲིད་པའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་པ་དང་འབྲེལ། ཨ་རིར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དུས་ཡུན་དེའི་ཁྲོད་རང་ནུས་གང་ཐུབ་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་བཅོས་ཁྲིམས་ཡིག་གཏན་འབེབས་ཐུབ་པར་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་སོང་།དེ་རིང་ཉིན་རྒྱབ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དམིགས་བསལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མ་ནས་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོག་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་བཅོས་ཁྲིམས་འཆར་དེ་གཏན་འབེབས་གནང་རྗེས་ད་ལྟའི་ཆར་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ལུས་ཡོད་པ་དང་། སྐབས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་ལས་ཡུན་ཕྱི་ཟླ་ ༡ པོའི་ནང་མ་རྫོགས་གོང་ནས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་དུས་ཐེངས་ཁ་ཤས་གནང་གི་ཡོད་སྟབས། ཁྲིམས་འཆར་དེའི་ཐོག་གྲོས་བསྡུར་དང་མཐར་ཁྲིམས་འཆར་གཏན་འབེབས་གནང་བའི་རེ་བ་ཆེན་པོ་ཡོད་པར་གཟིགས་ཀྱི་ཡོད་པ་དང་། སྲིད་སྐྱོང་མཆོག་གནད་དོན་དེའི་ཆེད་དུ་ཨ་རིར་ཆེད་ཕེབས་གནང་གི་ཡོད་པར་མ་ཟད་ཨ་རིའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཐོག་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་གནང་སོང་།གཞི་རྩའི་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་ལ་བསྐྱར་བཅོས་ལྟ་བུ་ཞིག་ཡིན་པ་དང་། གལ་ཏེ་ཁྲིམས་འཆར་དེ་དངོས་སུ་གཏན་འབེབས་ཀྱིས་ཁྲིམས་སུ་ལག་བསྟར་ཐུབ་ཚེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ཕྱག་བསྟར་གནང་དགོས་པ་དང་། རྒྱ་ནག་གཞུང་གི་ངོས་ནས་ཐེ་བྱུས་བྱས་ན་ཨ་རི་གཞུང་གིས་སྲིད་དོན་ཉེས་ཆད་འགེལ་རྒྱུ། དེ་བཞིན་ཨ་རི་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གནང་རྒྱུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་རྒྱུ་མ་ཟད།བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་གནང་རྒྱུ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་གནང་རྒྱུ་སོགས་འཁོད་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་ད་དུང་ཨ་རིའི་བདམས་ཐོན་སྲིད་འཛིན་ Joe Biden མཆོག་དང་སྲིད་འཛིན་གཞོན་པ་ Kamala Harris མཆོག་རྣམ་གཉིས་ལ་བསྐྱར་དུ་འཚམས་འདྲི་ཞུས་པ་དང་འབྲེལ། བདམས་ཐོན་སྲིད་འཛིན་མཆོག་ནས་ཉེ་སྔོན་ཁོང་སྲིད་འཛིན་དུ་བདམས་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ་དང་། བོད་མིའི་ཐོག་གདུག་རྩུབ་ཀྱི་སྲིད་བྱུས་སྤེལ་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཉེས་ཆད་འགེལ་རྒྱུ་ཡིན་སྐོར་གསུངས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལས་ཐོག་སྲིད་འཛིན་ Donald Trump མཆོག་ནས་ཀྱང་ཁོང་གི་ལས་ཡུན་སྐབས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ཐོག་མཚན་རྟགས་བསྐྱོན་པ་དང་བོད་མིར་རོགས་དངུལ་སྤར་ཆ་གནང་བ། དེ་བཞིན་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོ་འཛིན་པ་སོགས་ལ་གཞིགས་ཏེ་ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྱི་སྲིད་འཛིན་གྲས་སུ་ཚུད་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཁོང་ལ་ཐུགས་རྗེ་ཞུས་སོང་།གཞན་ཡང་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ཉེ་ཆར་ཨ་རི་ནང་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Robert Destro མཆོག་གིས་གདན་ཞུས་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཐེངས་དང་པོ་གཞུང་འབྲེལ་ཐོག་ཕེབས་ཐུབ་པའི་སྔ་རྗེས་ཀྱི་གནད་དོན་སོགས་ངོ་སྤྲོད་གནང་སྟེ་དེ་ནི་ཆབ་སྲིད་ཐད་གནད་འགག་ཆེན་པོ་ཆགས་ཡོད་སྐོར་གསུངས་སོང་།

རྒྱ་གཞུང་ནས་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་བྱུས་དང་རྒྱལ་སྤྱིའི་སྟེང་དེའི་ཤུགས་རྐྱེན།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་ཡོ་རོབ་རྒྱལ་ཁབ་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནས་དྲ་ལམ་བརྒྱུད་ནས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་བྱུས་དང་རྒྱལ་སྤྱིའི་སྟེང་དེའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མི་སྣ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། ཆེད་ལས་མི་སྣ་སོགས་བསྐོང་ཚོགས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་ཇི་ནི་ཝའི་གླེང་སྟེགས་ཚོགས་ཡོད་པ་རེད།སྤྱིར་ཇི་ནི་ཝའི་གླེང་སྟེགས་ཞེས་པ་ནི། རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆེད་ལས་མི་སྣ་དང་ལས་འགུལ་བ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། མཁས་དབང་། གཞུང་འབྲེལ་མི་སྣ། དེ་བཞིན་རྒྱ་གཞུང་གིས་བཙན་གནོན་བཏང་མྱོང་ཡོད་པ་སོགས་ཤེས་ཡོན་དང་ལས་རིགས། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་འདྲ་མིན་གྱི་མི་སྣ་རྣམས་འདུ་སྐོང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཆེས་ཞན་པའི་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་བོད་དང་ཡུ་གུར། ནང་སོག ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་འདོན་དང་གླེང་སློང་བྱ་རྒྱུར་དམིགས་པའི་སྡིངས་ཆ་ཞིག་ཡིན་པ་དང་། གླེང་སྟེགས་དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་ཁང་གཉིས་ཐོུང་གིས་གོ་སྒྲིག་གནང་སྟེ་ ༢༠༡༨ ལོ་ནས་བཟུང་ལོ་ལྟར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གནས་ཡུལ་ཡོ་རོབ་རྒྱལ་ཁབ་སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་ཡོད་པ་རེད། འདི་ལོ་རྒྱ་ནག་ཝུ་ཧན་ནས་ཐོག་མར་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་འདི་ལོའི་ཕྱི་ལོ་ ༢༠༢༠ ལོའི་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་དེ་དྲ་ཐོག་ནས་གཉེར་འགོ་བཙུགས་ཡོད་པ་རེད། ཁ་སང་གླེང་སྟེགས་དབུ་འབྱེད་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་སུད་སི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལི། འཇར་མི། ཨོ་སི་ཀྲི་ཡ་བཅས་ཀྱི་གྲོས་ཚོགས་འཐུས་མི། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་བཅས་ལྷན་ཞུགས་གནང་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆོས་ཁས་ལེན་མ་བྱེད་མཁན་རྒྱ་ནག་དམར་པོའི་གཞུང་གིས་ཆབ་སྲིད་དགོས་མཁོར་གཞིགས་ནས་བོད་བརྒྱུད་ནང་བསྟན་ཙམ་མ་ཟད། ད་ཆ་ཁུལ་དེའི་ནང་གི་ཁ་ཆེའི་ཆོས་ལུགས་དང་དེ་མིན་ཡི་ཤུའི་ཆོས་ལུགས་བཅས་ཀྱི་དགོན་པ་དང་ལྷ་ཁང་གཏོར་བཤིག མང་ཚོགས་ཀྱི་ཆོས་དད་རང་དབང་རྡོག་རོལ་དང་ཆབ་སྲིད་དམིགས་འདུན་འོག་གཞུང་གིས་ཆོས་ལུགས་དབུ་ཁྲིད་བསྐོ་གཞག་བྱེད་ལུགས་བཅས་རྒྱ་ནག་ཅན་དུ་བཟོ་ཐབས་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པ་ལུང་འདྲེན་དང་སྦྲགས། ད་བར་རྒྱ་ནག་གཞུང་གི་འོག་བོད་ནང་དུ་ཡོད་པའི་བོད་མིའི་ཐོག་གང་བྱུང་འཛིན་བཟུང་དང་ལྟ་སྲུང་ནན་པོ་བྱེད་བཞིན་པ་དེ་དག་བརྒྱུད་རིམ་པས་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་སྟབས་བོད་ཀྱི་གནད་དོན་ནི་ཧ་ཅང་གལ་ཆེན་པོ་ཞིག་དང་དོ་སྣང་གནང་དགོས་པའི་གནད་དོན་ཞིག་ཏུ་གྱུར་བར་བརྟེན་རྒྱ་ནག་གཞུང་གི་ངོས་ནས་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཐོག་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་མཚོན་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་དང་གཞུང་ཁག་ཏུ་སིམ་འཛུལ་གྱིས་རྒྱ་ནག་གི་ཤུགས་རྐྱེན་རྒྱལ་ཁབ་གཞན་ཁག་ཏུ་གཏོང་བཞིན་ཡོད་པ་དང་། ཉེ་ཆར་རྒྱ་གཞུང་གི་བྱེད་ལས་ངན་པ་ཁག་ལ་བརྟེན་ནས་འཛམ་གླིང་ནང་གི་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་ལྡོག་དང་རྒྱ་གཞུང་ལ་ཡིད་ཆེས་ཇེ་ཆུང་དུ་འགྲོ་བཞིན་པའི་དུས་སྐབས་འདིར་ང་ཚོའི་ངོས་ནས་གོམ་པ་མདུན་བསྐྱོད་ཀྱིས་རྒྱ་གཞུང་དེ་མང་གཙོ་དང་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་གུས་བརྩི་བྱེད་མཁན་ཞིག་བཟོ་དགོས་གལ་ཡིན་པ་གསུངས་ཡོད།དེ་བཞིན་ཁ་སང་དྲ་ཐོག་གི་གླེང་སྟེགས་ཐོག་ཕེབས་པའི་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ Regula Rytz ལགས་དང་  ཅིཀ་སྤྱི་མཐུན་རྒྱལ་ཁབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Frantisek kopriva ལགས་གཉིས་ཀྱིས་ཆེས་ཞན་པའི་བོད་ནང་བོད་མིའི་ཆོས་དད་རང་དབང་གི་གནས་བབ། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་ཀྱི་གལ་གནད་སྐོར་གླེང་སློང་གནང་བ་དང་འབྲེལ། རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གནང་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཞུམ་པ་མེད་པའི་ཐོག་ནས་གླེང་སློང་གནང་དགོས་ཞེས་གསུངས་པ་དང་། ལྷག་པར་དུ་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Roberto Rampi ལགས་ཀྱིས་བོད་ཀྱི་ཆོས་རིག་དང་འབྲེལ་བའི་བྱམས་པ་དང་འཚེ་བ་མེད་པ། དེ་བཞིན་རིག་གཞུང་སྣ་འཛོམས་ལ་གུས་བརྩི་བྱ་རྒྱུའི་ལྟ་སྤྱོད་བཅས་ནི་དེང་གི་འཕྲུལ་རིགས་དུས་སྐབས་འདིར་འཛམ་གླིང་སྤྱི་ལ་དགོས་མཁོ་དང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་ཅེས་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དག་སྲུང་སྐྱོབ་གནང་དགོས་པའི་གལ་གནད་སྐོར་གླེང་བ་མ་ཟད། ཁོང་གིས་དེང་སྐབས་གོ་ལ་གཅིག་གྱུར་གྱི་གནས་བབ་འོག་ཨི་ཊ་ལི་རྒྱལ་ཁབ་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་རྒྱ་ནག་ནས་མངོན་གསལ་ཐོག་བཙན་འཛུལ་བྱེད་ཀྱི་མེད་ཀྱང་། དྲག་ཤུགས་ལས་གཞན་པའི་ཐབས་བྱུས་འདྲ་མིན་བརྒྱུད་མང་ཚོགས་ས་ཡ་མང་པོའི་འཚོ་བར་ཤུགས་རྐྱེན་དང་བཙན་འཛུལ་བྱེད་བཞིན་ཡོད་སྟབས། ད་ཆ་ང་ཚོས་རྒྱ་ནག་དེ་འཛམ་གླིང་སྤྱིའི་དཀའ་ངལ་ལ་ངོས་འཛིན་གྱིས་ནུས་པ་མཉམ་སྤུངས་ཐོག་གདོང་ལེན་གནང་གལ་ཡིན་པ་གསུངས་སོང་།གཞན་ཡང་གླེང་སྟེགས་དབུ་འབྱེད་དྲ་ཐོག་ལས་རིམ་དེའི་ཐོག་འཇར་མན་གྲོས་ཚོགས་འཐུས་མི་ Michael Brand ལགས། དེ་བཞིན་ཨོ་སི་ཀྲི་ཡ་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Alfred Reidl ལགས་གཉིས་དངོས་སུ་བཅར་ཐུབ་མེད་སྟབས། བརྙན་པར་ལམ་ནས་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དང་དེའི་ནང་འཇར་མན་གྲོས་ཚོགས་འཐུས་མི་ Michael Brand ལགས་ད་ཆ་ཏོག་དབྱིབས་རིམས་ནད་དེའི་འོག་འཇར་མ་ནི་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བསྒྲགས་པའི་གནས་སྟངས་འོག་ཡོད་པ་དེ་ལྟར་ཡང་། བོད་ལ་ཆ་མཚོན་རྒྱ་ནག་གཞུང་གིས་དེ་སྔ་ནས་བཟུང་འདས་པའི་ལོ་ངོ་བཅུ་ཕྲག་རིང་དྲག་གནོན་འོག་བཀའ་རྒྱ་བསྡམས་པའི་གནས་སྟངས་འོག་ལྷུང་ཡོད་ཅེས་གསུངས་པ་མ་ཟད། བོད་དང་བོད་མིའི་བདེན་པའི་འཐབ་རྩོད་ཐོག་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་ཡོད་པ་དང་ཞི་བདེ་དང་དྲང་བདེན་ལ་དགའ་བའི་བོད་མི་རིགས་རྣམས་རྒྱ་ནག་གི་དྲག་གནོན་འོག་ནས་ཐར་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། སྤྱིར་ཇི་ནི་ཝའི་གླེང་སྟེགས་འདིའི་ཐོག་ལོ་ལྟར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐད་ཆེད་ལས་མི་སྣ་འདུ་སྐོང་གིས་གླེང་སློང་གནང་གི་ཡོད་ཅིང་། སུད་སི་སྐུ་ཚབ་དོན་གཅོད་འཆེ་མེད་རིག་འཛིན་ལགས་ཀྱིས་འདི་ལོའི་གླེང་སྟེགས་ཐོག་རྒྱ་ནག་གཞུང་གི་ཆོས་དད་རང་དབང་གི་སྲིད་བྱུས་འོག་དེའི་མངའ་འོག་ཏུ་ཡོད་པའི་བོད་གཙོས་ཡུ་གུར་བ། ཡི་ཤུ། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་པ་ཚོའི་དད་མོས་རང་དབང་གི་གནས་བབ་དང་རིམ་པས་འཛམ་གླིང་གི་ཆོས་དད་རང་དབང་ཐོག་ཤུགས་རྐྱེན་ཇི་ལྟར་ཐེབས་པའི་གནད་དོན་དང་འབྲེལ་བའི་གླེང་སློང་གནང་ཆེད་ཉིན་གསུམ་གྱི་གླེང་སྟེགས་ཤིག་ཆགས་ཡོད་པ་གསུངས་ཡོད།གཞི་རྩའི་ཇི་ནི་ཝའི་གླེང་སྟེགས་དེ་སང་ཉིན་ཕྱི་ཚེས་ ༡༠ ནས་ ༡༣ བར་དྲ་ཐོག་འཚོགས་ཀྱི་ཡོད་ཅིང་། ཉིན་གྲངས་བཞིའི་རིང་ གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་ཉམས་ཞིབ་པ། འགྲོ་བ་མིའི་ལྟ་ཞིབ་པ། གསར་འགོད་པ། ཆོས་ལུགས་ཁག་གི་སྐུ་ཚབ་སོགས་ལྷན་ཞུགས་གནང་སྟེ་རྒྱལ་སྤྱིའི་ཁྲིམས་སྒྲིག་འོག་རྒྱ་ནག་གི་ཆོས་དད་རང་དབང་གི་སྲིད་བྱུས། རྒྱ་གཞུང་གི་མང་ཚོགས་ཀྱི་དད་མོས་རང་དབང་ཐོག་དམ་དྲག བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང་རྒྱ་ནག་གི་ཐེ་བྱུས། རྒྱ་གཞུང་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་གདོང་ལེན་བཅས་བརྗོད་གཞི་ཁག་བཞིའི་ཐོག་གླེང་སློང་གནང་རྒྱུ་ཡིན་པ་རེད།

བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་བློ་འཚབ།  

རྒྱ་ནག་གཞུང་གིས་བོད་མི་གཙོས་པའི་དེའི་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པར་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མུས་ཁྲོད་འདིར་ཁ་སང་སུད་སི་ནས་རྒྱ་གཞུང་གིས་བོད་མི་གཙོས་ཡུ་གུར་མི་རིགས་སོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་ལ་གུས་བརྩི་མ་གནང་བར་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སེམས་འཚབ་ཡོད་པའི་རྣམ་པ་བསྟན་འདུགཁ་སང་རེས་གཟའ་ཟླ་བའི་ཉིན་སུད་སི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ Krystyna Marty ལགས་ནས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ Qin Gang དང་མཉམ་དུ་དྲ་ཐོག་བརྒྱུད་ཆབ་སྲིད་ཀྱི་གྲོས་མོལ་གྱི་ཚོགས་འདུ་ཚོགས་འདུག་པ་དང་། ཚོགས་འདུའི་ཐོག་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་དང་འབྲེལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཔལ་འབྱོར་གྱི་འབྲེལ་ལམ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གྲོས་མོལ་གནང་ཡོད་པ་སུད་སི་གཞུང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག གསར་འགོད་བསྒྲགས་གཏམ་ནང་ཆབ་སྲིད་ཀྱི་གྲོས་མོལ་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་གོང་མཐོར་གཏོང་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། སུད་སི་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་གུས་བརྩི་མ་གནང་བ་དང་ལྷག་པར་དུ་བོད་མི་དང་ཡུ་གུར། ལྷག་དོན་རྒྱ་ནག་གིས་དབང་སྒྱུར་འོག་ཡོད་པའི་མི་རིགས་དག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བར་སེམས་འཚབ་ཡོད་སྐོར་ཆེད་བཀོད་གནང་འདུག  ཚོགས་འདུའི་ཐོག་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་གསར་པ་གཏན་འབེབས་དང་དེ་གའི་མང་ཚོགས་ཀྱི་སྨྲ་བརྗོད་ཀྱི་རང་དབང་ལ་དམ་དྲག་གི་གནད་དོན་བཅས་ཀྱི་ཐོག་གྲོས་བསྡུར་གནང་ཡོད་པ་གསུངས་འདུག གཞི་རྩའི་རྒྱ་ནག་ལྟ་བུ་ནི་སུད་སིའི་ཚོང་རོགས་ཆེ་ཤོས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་ སུད་སི་གཞུང་གིས་ད་རེས་ཆབ་སྲིད་ཀྱི་གྲོས་མོལ་དེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ལེགས་པོ་གནས་ཡོད་པ་མངོན་གསལ་གནང་བ་ཞིག་ཡིན་པ་གསུངས་འདུག རྩ་བའི་འདི་ལོའི་ཟླ་ ༨ པའི་ནང་སུད་སི་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་དང་མཉམ་དུ་རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་སུད་སི་ནང་ཡོང་ནས་ཁུལ་དེར་ཁྲིམས་འགལ་ཐོག་གནས་སྡོད་བྱས་པའི་རྒྱ་རིགས་མི་སེར་ཚོར་འགོག་རྐྱེན་མེད་པར་འདྲི་རྩད་གནང་ཆོག་པའི་གསང་བའི་གྲོས་མཐུན་བཞག་ཡོད་པ་དེ་འདི་ལོའི་ཟླ་ ༡༢ ནང་གྲོས་མཐུན་གྱི་དུས་ཡུན་རྫོགས་ལ་ཉེ་བ་དང་བསྟུན་སུད་སི་ནས་གྲོས་མཐུན་དེ་བསྐྱར་གསོ་གནང་འཆར་གྱི་གནས་ཚུལ་ཞིག་ཐོན་ཡོད་པ་རེད། གནད་དོན་དེའི་ཐད་སུད་སིའི་ཕྱི་མི་ཞིབ་གཤེར་ལས་ཁུངས་ཀྱི་མགྲིན་ཚབ་པ་ Daniel Bach  ལགས་ཀྱིས་རྒྱ་ནག་དང་ལྷན་དུ་གྲོས་མཐུན་དེའི་འོག་སུད་སིར་གནས་བཞུགས་བོད་མི་དང་ཡུ་གུར་བའི་སྐྱབས་བཅོལ་བ་རྣམས་ཚུད་ཀྱི་མེད་པར་བརྗོད་ཡོད་པ་རེད། འོན་ཀྱང་ཉེ་ལམ་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཞོན་གཙོས་སུད་བོད་མཐུན་གྲོགས་ཚོགས་པའི་འགན་འཛིན་རྣམ་གཉིས་ཀྱིས་སུད་སི་ཕྱི་སྲིད་ལས་ཁུངས་སུ་སུད་སི་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་རྒྱ་ནག་ཐོག་འཛིན་རྒྱུའི་སྲིད་བྱུས་ཁྲོད་བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་དུ་རྒྱ་ནག་ལ་འདྲི་རྩད་དང་དེ་བཞིན་སུད་སི་གཞུང་ནས་ས་གནས་སུ་བོད་མི་སྐྱབས་བཅོལ་ཞུ་མཁན་རྣམས་རྒྱ་རིགས་ཁོངས་སུ་གཏོགས་པའི་སྲིད་བྱུས་དེར་བསྒྱུར་བཅོས་གནང་དགོས་པ་སོགས་ཀྱི་སྙན་ཐོ་ཤོག་གྲངས་ ༣༡ ཅན་ཞིག་ཕུལ་ཡོད་པ་རེད། སྤྱིར་སུད་སི་བོད་མི་སྐྱབས་བཅོལ་ཚོགས་པའི་གྲངས་ཐོར་གཞིགས་ན། ད་ཆ་སུད་སི་ནང་ཡིག་ཆ་ནག་པོ་ཆགས་པའི་སྐྱབས་བཅོལ་བོད་མི་ ༣༠༠ ཡས་མས་ཤིག་ཡོད་པ་དང་ཕྱི་ལོ་ ༢༠༡༧ ལོར་སུད་སི་ཕྱི་མི་ཞིབ་བཤེར་དོ་དམ་ལས་ཁུངས་ནས་བོད་མི་དེ་དག་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུའི་ཆ་རྐྱེན་ཚང་མེད་པར་བརྟེན་རང་གནས་སུ་ཕྱིར་སློག་དགོས་ཞེས་བརྡ་ལན་སྤྲད་པའི་གནས་ཚུལ་བྱུང་ཡོད་པ་དེ་ལྟར་ཡང་། འདི་ལོའི་ཟླ་ ༡༠ པའི་ནང་སུད་སིར་རྟེན་གཞི་བྱས་པའི་ Bern གཙུག་ལག་སློབ་ཆེན་གྱི་བོད་རིག་པའི་མཁས་དབང་ Kollmar Paulenz ལགས་ཀྱིས་གཙོས་པའི་འཇར་མན་དང་ཕ་རན་སི་བཅས་ནས་ཡིན་པའི་བོད་རིག་པའི་མཁས་དབང་བཞིས་སུད་སི་གཞུང་གི་ཕྱི་མི་ཞིབ་བཤེར་དོ་དམ་ལས་ཁུངས་ནང་གི་སྐྱབས་བཅོལ་བོད་མིའི་རྒྱབ་ལྗོངས་ཐོག་ཞིབ་འཇུག་བྱེད་མཁན་སྡེ་ཚན་གྱིས་རྒྱ་གཞུང་གི་འདོད་བློ་དང་མཐུན་པའི་དྲིལ་བསྒྲགས་ཀྱི་ལས་དོན་གཉེར་བཞིན་ཡོད་པར་ཐེར་འདོན་གྱི་སྐྱོན་བརྗོད་གནང་ཡོད་པ་རེད།

རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཐོག་ཐེ་ཝན་མགྲོན་འབོད་གནང་མེད་པར་བློ་ཕམ་གྱི་སྐྱོན་བརྗོད།

ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་ ༥ རིང་འཚོགས་རྒྱུའི་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིགས་འཛུགས་ཀྱི་ལོ་འཁོར་ལྷན་ཚོགས་ཐོག་རྒྱ་ནག་གི་གནོན་ཤུགས་འོག་ཐེ་ཝན་མགྲོན་འབོད་མ་གནང་བའི་གནང་ཕྱོགས་དེར་ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་བློ་ཕམ་ཡོད་པའི་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་འདུགརྩ་བའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྲིད་བྱུས་གཏན་འབེབས་དང་ལོ་འཁོར་སྙན་ཐོ་ཁག་སྒྲོག་སྦྱང། ལས་གཞི་ཁག་ལ་བསྐྱར་ཞིབ་དང་ལས་གཞི་གསར་པ་ངོས་སྦྱོར། དེ་བཞིན་རྒྱལ་སྤྱིའི་འཕྲོད་བསྟེན་སྤྱི་དང་སྒོས་སུ་ཏོག་དབྱིབས་གཉན་རིམས་སོགས་དང་འབྲེལ་ནས་དམིགས་བསལ་བགྲོ་གླེང་དང་ཐག་གཅོད་གནང་རྒྱུའི་ལོ་འཁོར་ལྷན་ཚོགས་དེ་དྲ་ཐོག་བརྒྱུད་ནས་གནང་གི་ཡོད་པ་དང་། སྤྱིར་ལྷན་ཚོགས་ཐོག་སྒྲིགས་འཛུགས་དེའི་ཚོགས་མི་རྒྱལ་ཁབ་ ༡༩༤ ནས་ལྷན་ཞུགས་གནང་གི་ཡོད་པ་དེ་ལྟར་ཡང་། ཇི་ནི་ཝར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་ངོས་ནས་གཟའ་འཁོར་སྔོན་མའི་ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངེས་སྟོན་པ་ Dr Tedros Adhanom Ghebreyesus ལགས་ལ་ལྷན་ཚོགས་ཐོག་ཐེ་ཝན་ངེས་པར་དུ་མཉམ་ཞུགས་གནང་བཅུག་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་ཡོད་པ་རེད། ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ད་ལན་གོ་ལ་སྤྱིའི་འགྲོ་བ་ཡོངས་ཀྱི་བདེ་ཐབས་དང་འབྲེལ་བའི་འཕྲོད་བསྟེན་གྱི་ལོ་འཁོར་ལྷན་ཚོགས་ཐོག་ཐེ་ཝན་མགྲོན་འབོད་མ་གནང་བ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་གནོན་ཤུགས་སྤྲད་པའི་དབང་གིས་ཡིན་པ་དང་། འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལྟར་གནང་བ་དེས་ཐེ་ཝན་གྱི་མང་ཚོགས་ས་ཡ་ ༢༣༌༥ ཡོད་པ་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འཕྲོད་བསྟེན་གྱི་གནད་དོན་བཅས་པར་བརྩི་མེད་བཏང་བ་ཞིག་ཆགས་ཀྱི་ཡོད་པ་དེར་བློ་ཕམ་ཆེན་པོ་ཡོད་ཅེས་བསྒྲགས་གཏམ་སྤེལ་འདུག ད་དུང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ངོས་ནས་ད་རེས་ཆབ་སྲིད་ཀྱི་གནད་དོན་གཞིར་བཞག་ནས་ལྷན་ཚོགས་ཐོག་ཐེ་ཝན་མགྲོན་འབོད་མ་གནང་བ་དེས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་རྣམ་ཀུན་གོ་ལ་སྤྱིའི་སྐྱེ་འགྲོ་ཡོངས་ཀྱི་འཕྲོད་བསྟེན་གྱི་བདེ་ཐབས་ཁོར་ནར་དམིགས་ཏེ་གཙིགས་ཆེར་འཛིན་པའི་བཞེངས་ཕྱོགས་དང་དངོས་འགལ་གྱུར་ཏེ་དགོད་སློང་བའི་གནང་སྟངས་ཤིག་ཏུ་གྱུར་ཡོད་པའི་ཟུར་ཟའི་སྐྱོན་བརྗོད་གནང་འདུགགཞི་རྩའི་རྒྱ་ནག་ཝུ་ཧེང་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Covid19 ཞེས་པའི་གློ་ཚད་ཀྱི་ནད་འབུ་དེ་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ཙམ་མ་ཟད་རིམ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་ནང་དུའང་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་ཁྲོད་ཐེ་ཝན་གཞུང་གི་ངོས་ནས་གཉན་རིམས་ཁྱབ་གདལ་གྱི་སྔོན་འགོག་དང་འབྲེལ་བའི་གདོང་ལེན་གནང་ཕྱོགས་ལ་རྒྱལ་སྤྱིའི་ཁྱོན་ནས་ཡི་རངས་བསྔགས་བརྗོད་ཤུགས་ཆེ་གནང་བ་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་དེ་སྔོན་འཛམ་གླིང་སྤྱིའི་འཕྲོད་བསྟེན་སྤྱི་དང་སྒོས་ཏོག་དབྱིབས་གཉན་རིམས་སོགས་དང་འབྲེལ་བའི་དམིགས་བསལ་ལོ་འཁོར་ཚོགས་ཆེན་ཐོག་ཐེ་ཝན་གྱི་སྐུ་ཚབ་མགྲོན་འབོད་གནང་དང་མི་གནང་དེ་ཚོགས་མིའི་རྒྱལ་ཁབ་དག་ལ་རག་ལས་ཡོད་སྐོར་གསུངས་ཡོད་པ་ལྟར། ཨ་རི་གཞུང་གིས་ཀྱང་ཉེ་དུས་སུ་ཐེ་ཝན་དེ་འཛམ་གླིང་འཕྲོད་བསྟེན་ལོ་འཁོར་ཚོགས་ཆེན་ཐོག་མཉམ་ཞུགས་གནང་ཐུབ་སླད་རྒྱབ་སྐྱོར་གནང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཐེ་ཝན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཆ་ཤས་ཡིན་པར་ངོས་ལེན་གནང་ཚེ་ཐེ་ཝན་དེ་ཚོགས་ཆེན་ཐོག་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ལྡན་ཡོད་པ་ལས་དེ་མིན་དེ་ལྟར་ཡོང་ཐབས་མེད་པར་བརྗོད་འདུག

ཨ་རིས་ཧོང་ཀོང་ཁུལ་གྱི་རྒྱ་ནག་གི་དཔོན་རིགས་བཞི་ཡི་འགྲོ་སྐྱོད་ལ་བཀག་སྡོམ།

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་དྲུང་ཆེ། སྐུ་ཞབས་ Mike Pompeo ལགས་ཀྱིས རྒྱ་ནག་གིས་འདི་ལོར་ཧོང་ཀོང་གི་ནང་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་གཏན་འབེབས་ཀྱིས་ལག་བསྟར་གནང་བ་དང་འབྲེལ་ནས། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་དཔོན་རིགས་བཞི་ཨ་རིའི་ནང་དུ་འགྲུལ་སྐྱོད་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པ་མ་ཟད། མི་བཞི་བོ་དེ་དག་ལ་ཨ་རི་དང་འབྲེལ་བའི་ཁེ་ཕན་རིགས་ཡོངས་སུ་བཀག་འགོག་བྱེད་རྒྱུ་ཡིན་པར་ཕྱིར་བསྒྲགས་གནང་འདུག

དབུ་མའི་ལྟ་གྲུབ་དང་ཚད་མ་རིག་པར་སློབ་གཉེར་གནང་དགོས་པའི་ལམ་སྟོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Seoul རྒྱལ་སྤྱིའི་ནང་བསྟན་གྱི་བཤད་པ་ཐེངས་ ༡༥ ཐོག་ཀོ་རི་ཡ་དད་ལྡན་ཚོར་ནང་ཆོས་ངོ་སྤྲོད་སྙིང་བསྡུས་མཛད་པ་དང་སྦྲགས། དབུ་མའི་ལྟ་གྲུབ་དང་ཚད་མ་རིག་པར་ཤེས་ཡོན་གྱི་འདུ་ཤེས་འཛིན་ནས་དེར་སློབ་གཉེར་གནང་ཚེ་དགེ་མཚན་ལྡན་ཡོད་སྐོར་བཀའ་སྩལ་འདུག ཟླ་བ་འདིའི་ཚེས་ ༥ ནས་ ༨ བཅས་ཉིན་གྲངས་བཞིའི་རིང་ Seoul རྒྱལ་སྤྱིའི་ནང་བསྟན་གྱི་བཤད་པ་ཐེངས་ ༡༥ བསྐོང་ཚོགས་གནང་བ་དང་སྦྲགས། དུས་སྟོན་དེ་དང་བསྟུན་༸གོང་ས་མཆོག་གིས་དྲ་ལམ་བརྒྱུད་སྐར་མ་བཅུ་གཉིས་ཙམ་ཡོད་པའི་ནང་ཆོས་ངོ་སྤྲོད་སྙིང་བསྡུས་སྩལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ཡིན་ན་སངས་རྒྱས་པའི་ཆོས་ཟེར་དུས་ཨེ་ཤ་ཡའི་ཡུལ་ལུང་ཁོ་ནར་དར་ཁྱབ་བྱུང་བ་ཞིག་ཆགས་གྲབས་ཡོད་ཀྱང་། དེང་རབས་ཆོས་དད་ཡོད་མེད་ལ་བལྟོས་མེད་སངས་རྒྱས་པའི་ཆོས་ལ་དོ་སྣང་གནང་མཁན་དང་ལྷག་པར་དུ་ནུབ་ཕྱོགས་པའི་ཤེས་ཡོན་ཅན་དང་ཚན་རིག་པ་མང་དག་ཅིག་གིས་སངས་རྒྱས་ཀྱི་ལྟ་གྲུབ་དང་ཚད་མ་རིག་པར་ཐུགས་སྣང་གནང་བཞིན་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལུགས་ཚང་མར་གུས་བརྩི་མཛད་ཀྱི་ཡོད་ཀྱང་ཚད་མ་རིག་པ་དང་ལྟ་གྲུབ་ཐོག་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དམིགས་བསལ་ཞིག་ཡིན་སྐོར་བཀའ་སྩལ་འདུག  དེ་བཞིན་མོགན་པོ་༸གང་ཉིད་མཆོག་གིས་ཀོ་རི་ཡ་དང་རྒྱ་ནག དེ་བཞིན་ཉི་ཧོང་སོགས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཀྱི་ཡོད་སྟབས། ཀོ་རི་ཡའི་ཆོས་གྲོགས་ཚོས་སྨོན་ལམ་དང་ཁ་འདོན་ཁོ་ན་གནང་བ་མ་ཡིན་པར་ཚད་མ་རིག་པ་དང་ལྟ་གྲུབ་སྐོར་ལ་དོ་སྣང་དང་སློབ་གཉེར་མང་ཙམ་གནང་དགོས་པ་དང་། ལྷག་དོན་ཕྱག་དཔེ་ཁག་ལ་ངེས་པར་དུ་གཟིགས་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ནང་པའི་གཞུང་ཆེན་ཁག་ཀོ་རི་ཡའི་སྐད་ཡིག་ཐོག་མེད་ཚེ་དེ་དག་ཕབ་སྒྱུར་གནང་སྟེ་སློབ་གཉེར་གནང་དགོས་པ་མ་ཟད་དབུ་མའི་ལྟ་གྲུབ་དང་ཚད་མ་རིག་པར་ཤེས་ཡོན་གྱི་འདུ་ཤེས་སྒོ་ནས་སློབ་གཉེར་གནང་ཚེ་དགེ་མཚན་ལྡན་ཡོད་སྐོར་ལམ་སྟོན་བཀྲིན་ཆེ་བ་སྩལ་འདུག   གཞི་རྩའི་ཉིན་གྲངས་བཞིའི་རིང་གི་དྲ་ཐོག་གི་རྒྱལ་སྤྱིའི་ནང་བསྟན་གྱི་བཤད་པ་ཐེངས་ ༡༥ ཐོག་ཀོ་རི་ཡ་དང་ལྷོ་ཁུལ་གྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་དྲན་པ་ཉེར་བཞག དེ་བཞིན་བོད་བརྒྱུད་ནང་བསྟན་བཅས་ཀྱི་བརྗོད་བཞིའི་ཐོག་གླེང་སློང་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཨ་རིའི་བདམས་ཐོན་གྱི་སྲིད་འཛིན་ལ་འཚམས་འཕྲིན་སྩལ་བ།

དེ་རིང་རེས་གཟའ་ཉི་མའི་ཞོགས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཨ་རིའི་མང་གཙོ་ཚོགས་པའི་འོས་མི་སྐུ་ཞབས་ Joseph Robinette Biden Jr མཆོག་འདི་ལོའི་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་དྲྭ་ཐོག་བརྒྱུད་ནས་འཚམས་འཕྲིན་ཞིག་སྩལ་ཏེ། བདམས་ཐོན་སྲིད་འཛིན་མཆོག་གིས་མི་མང་གི་མངོན་འདོད་སྒྲུབ་རྒྱུའི་བྱ་བཞག་དང་ཞི་བདེ། འཆམ་མཐུན་སྐྲུན་རྒྱུར་འགེག་བར་ཆད་མེད་པར་བྱ་བཞག་ལམ་ལྷོང་ཡོང་བའི་སྨོན་འདུན་དང་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་དུས་རྒྱུན་ནས་ཨ་རིའི་རང་དབང་དང་མང་གཙོ། དེ་བཞིན་ཆོས་ལུགས་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར་བཅས་ལ་ཡི་རངས་གནང་མཁན་ཞིག་ཡིན་པ་དང་། འགྲོ་བ་མིའི་རིགས་ཀྱིས་ཨ་རིའི་མང་གཙོའི་ཕུགས་བསམ་དང་དབུ་ཁྲིད་ལ་རེ་བ་ཆེན་པོ་བཅོལ་བཞིན་ཡོད་སྐོར་བཀའ་འབྲེལ་དང་བསྦྲགས། དམིགས་བསལ་གྱི་དཀའ་སྡུག་ཆེ་བའི་དེང་གི་དུས་འདིར་སྲིད་འཛིན་མཆོག་གི་དབུ་ཁྲིད་ཀྱི་ལམ་ནས་མི་མང་གི་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཞིང་དྲང་བདེན་མ་ཡིན་པའི་གནས་ཚུལ་ཡོད་ཚད་ཞི་འཇགས་བྱུང་སྟེ་ཞི་བདེ་རང་བཞིན་གྱི་གོ་ལ་ཞིག་བསྐྲུན་རྒྱུ་དང་དེང་དུས་ཀྱི་ཁོར་ཡུག་གི་འགྱུར་ལྡོག་སོགས་ལ་ཕན་ནུས་ཐོན་པར་ཐུགས་རེ་ཡོད་སྐོར་བཀའ་སྩལ་བར་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཇོ་བྷ་ཌན་མཆོག་མས་ལྕམ་སྐུ་ Kamala Harris མཆོག་སྲིད་འཛིན་གཞོན་པར་བདམས་པར་བསྔགས་བརྗོད་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་བྱ་བཞག་དང་འབྲེལ་བའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བཙན་བྱོལ་ནང་གི་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བ་ནས་བཟུང་མགོན་པོ་མཆོག་གིས་རྩ་ཆེ་བའི་དུས་ཚོད་ཡོངས་རྫོགས་འགྲོ་བ་མིའི་གཅིག་གྱུར་གྱི་རིན་ཐང་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ། འཚེ་མེད་ཞི་བའི་རྩ་འཛིན་དང་སྙིང་རྗེ་སོགས་གོང་འཕེལ་སླད་དུ་དགོངས་བཞེས་མཛད་བཞིན་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག གནད་དོན་དེ་དག་ནི་དེང་གི་འཛམ་གླིང་འདིའི་ནང་ཧ་ཅང་དགོས་ངེས་ཤིག་ཆགས་ཡོད་པར་བཀའ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་བདམས་ཐོན་བྱུང་བའི་སྲིད་འཛིན་མཆོག་གིས་སྔོན་ཆད་ཀྱང་བོད་དོན་ལ་རྒྱབ་སྐྱོར་གནང་བར་མ་ཟད། འདི་ལོའི་སྤྱི་ཟླ་བཅུ་བའི་ནང་གི་བསྒྲགས་གཏམ་གྱི་ནང་དུ་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་འཁོད་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་སྟེ་ཨ་རིའི་མི་མང་སྤྱི་དང་དེ་བཞིན་བཀུར་འོས་ཀྱི་སྲིད་འཛིན་རྣམས་ཀྱིས་ཀྱང་དུས་ཡུན་རིང་པོར་ཞི་བདེ་དང་འཚེ་མེད་རང་བཞིན་གྱི་བྱམས་བརྩེ་བཅས་གཞི་རྩར་བཟུང་བའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུན་འཛིན་ཡོང་བར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཡོད་པ་ནི་བོད་མི་ཡོངས་ཀྱི་བསོད་སྐལ་ཡིན་པ་དང་། རིག་གནས་དེ་ནི་འཛམ་གླིང་ཡོངས་ལ་ཕན་རླབས་སྐྲུན་རྒྱུའི་ནུས་པ་ཡོད་པ་ཞིག་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་མཛད་ནས་སླར་ཡང་ཨ་རིའི་བོད་དོན་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཚབ་ཞུས་ཏེ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་ལ་དགའ་བསུ་འཚམས་འདྲི་གནང་བ་དང་སྦྲགས། ཨ་རི་ངོས་ནས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་དོན་གྱི་གནད་དོན་ལ་རྒྱབ་སྐྱོར་གནང་ཡོད་པར་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་ཉེ་ལམ་སྐུ་ཞབས་བྷ་ཌན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ཞལ་བཞེས་གནང་བ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོར་ཁྲིམས་ཀྱི་ཉེས་ཆད་བཀལ་རྒྱུ་ཡིན་པར་གསུངས་པར་དགའ་བསུ་ཞུས་པ་མ་ཟད། རིང་མིན་སྐུ་ཞབས་ཁོང་གི་དབུ་ཁྲིད་འོག་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་གཏན་འབེབས་དང་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་བའི་རེ་སྐུལ་ཞུས་འདུག སྲིད་སྐྱོང་མཆོག་གིས་ལྕམ་སྐུ་ Kamala Harris མཆོག་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་འཚམས་འདྲི་དང་ཁོང་ད་ལན་ཨ་རིའི་ལོ་རྒྱུས་ནང་གནས་རིམ་མཐོ་ཤོས་གཉིས་པར་བདེམས་ཐོན་བྱུང་བ་བུད་མེད་ཐོག་མ་ཞིག་ཡིན་སྟབས། ཁོང་བདམས་ཐོན་བྱུང་བ་དེས་རྒྱལ་སྤྱིའི་ཆབ་སྲིད་དང་འགོ་ཁྲིད་ཀྱི་ཁྲོད་བུད་མེད་སྤྱི་ཡོངས་ལ་དུས་རབས་གསར་པ་ཞིག་སྐྲུན་ཡོད་པ་མ་ཟད། ལྕམ་སྐུ་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ། དེ་བཞིན་གནམ་གཤིས་འགྱུར་ལྡོག་སླད་ཕྱག་ལས་གནང་སྐབས་བོད་དོན་གླེང་སློང་དང་ཨ་རི་དང་བོད་གཉིས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་འདུན་ཞུས་གནང་འདུགབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐུ་ཞབས་ཇོ་བྷ་ཌན་མཆོག་དང་ལྕམ་སྐུ་ Kamala Harris མཆོག་རྣམ་གཉིས་ལ་འཚམས་འདྲི་དང་སྦྲགས། ཨ་རི་གཞུང་མང་གཉིས་ནས་བོད་ཀྱི་གནད་དོན་ཐད་བསྟུད་མར་རྒྱབ་སྐྱོར་གནང་བར་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གཞིས་བཞུགས་བོད་མི་རྣམས་ནས་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད་སྟབས་བོད་ཀྱི་གནད་དོན་སེལ་བར་ང་ཚོའི་ངོས་ནས་རྒྱ་ནག་གཞུང་དང་མཉམ་དུ་ཞི་བའི་གྲོས་མོལ་ཡོང་ཐབས་སུ་ནུས་པ་གང་ཐུབ་འདོན་ཀྱང་ད་བར་རྒྱ་གཞུང་ཕྱོགས་ནས་བཟང་ལན་གང་ཡང་བྱུང་མེད་པར་བརྟེན་ད་ལན་སྐུ་ཞབས་བྷ་ཌན་མཆོག་གིས་དབུ་ཁྲིད་འོག་བོད་རྒྱ་གྲོས་མོལ་བསྐྱར་གསོ་སླད་རོགས་འདེགས་གནང་བ་དང་ཕྱོགས་མཚུངས། སྐུ་ཞབས་བྷ་ཌན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ཞལ་བཞེས་གནང་བ་བཞིན་དེ་ལྟར་གནང་རྒྱུར་རེ་བ་ཡོད་པ་གསུངས་འདུག གཞི་རྩའི་ཨ་རིའི་སྲིད་འཛིན་བདེམས་ཐོན་བྱུང་བར་ཨ་རིའི་མངའ་སྡེ་ཆེ་ཆུང་ལ་གཞིགས་ཏེ་འདེམས་འཐུས་ལྷན་ཚོགས་ཁྱོན་ ༥༣༨ ཡོད་པའི་ཁོངས་ནས་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ ༢༧༠ ཐོབ་དགོས་པ་དང་། ད་ལན་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་དེའི་ཁྲོད་སྐུ་ཞབས་ Donald Trump མཆོག་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ ༢༡༤ དང་སྐུ་ཞབས་་བྷ་ཌན་མཆོག་ལ་འོས་ཤོག་ ༢༩༠ ཐོབ་པའི་ཐོག་སྐུ་ཞབས་་བྷ་ཌན་མཆོག་ཨ་རིའི་སྲིད་འཛིན་ཐེངས་ ༤༦ པར་འདེམས་ཐོན་བྱུང་ཡོད་པ་རེད།

སུ་ཇཱ་དང་ཅོན་ཏཱ་ར་བོད་ཁྱིམ་གྱི་དགེ་ལས་སློབ་མ་མང་དག་ཅིག་ལ་གཉན་རིམས་ཕོག་ཀྱང་ཛ་དྲག་གི་ངལ་བ་མེད་པ།

སུ་ཇཱ་བོད་ཁྱིམ་དང་ཅོན་ཏཱ་ར་བོད་ཁྱིམ་གཉིས་ཀྱི་དགེ་ལས་སློབ་ཕྲུག་ཁྱོན་ ༡༠༤ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་སྟངས་བྱུང་ཡོད་ཀྱང་ད་ལྟའི་ཆར་དམིགས་བསལ་གྱི་ངལ་བ་གང་ཡང་མེད་པ་རེད་འདུགརྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གིས་ལམ་སྟོན་གནང་དོན་ལྟར་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་དང་བཅིུས་ཀྱི་སློབ་རྣམས་ཟླ་ ༡༠ ཚེས་ ༢༦ ནས་ ༣༡ ནང་རིམ་པར་འབྱོར་ཡོད་པ་བཞིན། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ས་གནས་ཁག་ཉི་ཤུ་རྩ་ལྷག་ནས་འབྱོར་བའི་ཁྱོན་དགེ་ལས་སློབ་ཕྲུག་༢༤༠ ལྷག་ཙམ་ལ་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་ Joginder Nagar གྱི་སྨན་ཁང་དུ་བརྟག་དཔྱད་གནང་འབྲས་སུ་སློབ་ཕྲུག་ ༧༤ དང་ལས་བྱེད་ ༢༥ ལ་རིམས་ནད་དེ་ཕོག་ཡོད་ཀྱང་ཁོང་རྣམ་པར་དམིགས་བསལ་གྱི་ནད་རྟགས་གང་ཡང་མེད་པ་རེད་འདུག དེ་བཞིན་ཅོན་ཏཱ་ར་བོད་ཕྲུག་ཁྱིམ་སྡེ་ནང་ཁྱོན་དགེ་ལས་ ༡༣ དང་སློབ་ཕྲུག་ ༨༡ ལ་ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་ Joginder Nagar གྱི་སྨན་ཁང་དུ་བརྟག་དཔྱད་གནང་འབྲས་སུ་སློབ་ཕྲུག་ ༤ དང་ལས་བྱེད་ ༢ ལ་རིམས་ནད་དེ་ཕོག་ཡོད་ཀྱང་ཁོང་རྣམ་པར་དམིགས་བསལ་གྱི་ནད་རྟགས་གང་ཡང་མེད་པ་རེད་འདུག ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གིས་ནད་རྟགས་ཡོད་པའི་གྲངས་འབོར་ཕོན་ཆེར་བརྗོད་བཞིན་པ་དེ་ནི་དངོས་འབྲེལ་ཞིག་མིན་པར་འགྲེལ་བརྗོད་གནང་སོང་།རླུང་འཕྲིན་ཁང་གི་གསར་འགོད་པ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཡིག་ཚང་ལ་ཆེད་བཅར་གྱིས་ཡན་ལག་སློབ་གྲྭ་གཞན་རྣམས་ཀྱི་གནས་སྟངས་རྒྱུས་ལོན་དང་འབྲེལ་ཟུར་བཀག་ལ་ཡོད་པའི་དགེ་ལས་སློབ་མ་རྣམས་ལ་མཐུན་རྐྱེན་ཇི་ལྟར་སྐྲུན་ཡོད་མེད་སོགས་ཀྱི་གནས་སྟངས་ཤེས་རྟོགས་སླད་དུ་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་གས་སུ་བཅར་འདྲི་ཞུས་པར་སྦེལ་ཀོབ་བོད་ཁྱིམ་ཕུད་གཞན་ཡན་ལག་སློབ་གྲྭ་ཁག་གི་ནང་ཁྱོན་སློབ་ཕྲུག ༥༨༥ འབྱོར་ཡོད་པ་དང་། སེ་ལ་ཀུཡི་བོད་ཁྱིམ་ནང་སློབ་ཕྲུག་བཞི་བཅུ་ཞེ་གྲངས་ཙམ་འབྱོར་ཡོད་པ་དང་དེ་དག་ཚང་མར་བརྟག་དཔྱད་གནང་འབྲས་སུ་ནད་རྟགས་ཐོན་མེད་པ་དང་། གོ་པྰལ་པུར་བོད་ཁྱིམ་ནས་སློབ་ཕྲུག་བདུན་ཅུ་དོན་གྲངས་ཤིག་བརྟག་དཔྱད་གནང་འབྲས་སུ་ནད་རྟགས་ཐོན་མེད་པ་རེད་འདུག དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནང་ཁྱོན་སློབ་ཕྲུག ༩༢ ལ་དེ་རིང་སྔ་དྲོ་བརྟག་དཔྱད་གནང་ནས་ཉིན་ཤས་ཀྱི་རྗེས་སུ་གྲུབ་འབྲས་འཐོན་རྒྱུ་ཡིན་པ་དང་། དྷ་ཤོད་བོད་ཁྱིམ་ནང་སློབ་ཕྲུག་བཅུ་གྲངས་ལས་འབྱོར་མེདཔ་དང་ཁོང་རྣམ་པ་ཉིན་ཤས་རྗེས་སུ་བརྟག་དཔྱད་གནང་རྒྱུ་ཡིན་པར་ངོ་སྤྲོད་གནང་སོང་།

Latest news