Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས།

ཡོ་རོབ་ཁུལ་གྱི་བོད་མིའི་མི་འབོར་མང་ཤོས་གནས་པའི་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་གཙོས་ཕ་རན་སི་དང། ཧོར་ལན་ཌི། དེ་བཞིན་སཱི་པན་བཅས་རྒྱ་ཁབ་བཞིའི་ནང་གི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གྲངས་གཤབར་གནང་ཟིན་པ་དང་འབྲེལ་ནས་ཁ་སང་ཕྱོགས་བསྡོམས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་ཅིང། ཐེངས་འདིའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུར་མང་ཚོགས་ཁྲོད་ཡོངས་གྲགས་ཡིན་པའི་འོས་གཞི་ཁག་གི་འོས་གྲངས་ཀྱི་གྲུབ་འབྲས་ལ་གཞིགས་ཚེ་སྲིད་སྐྱོང་འོས་གཞིར་བཞེངས་མཁན་སྤེན་པ་ཚེ་རིང་ལ་འོས་གྲངས། ༡༤༡༩ དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས། ༡༢༠༦ རྒྱ་རི་སྒྲོལ་མར་འོས་གྲངས་ ༤༧༦ འབྲོང་ཆུང་དངོས་གྲུབ་ལ་འོས་གྲངས། ༣༦༠ བློ་བཟང་སྙན་གྲགས་ལ་འོས་གྲངས། ༢༨ དེ་བཞིན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལ་འོས་གྲངས།  ༨ བཅས་ཐོབ་འདུགསྤྱིར་ད་རེས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུར་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་རྒྱལ་ཁབ་བཞི་ནས་བོད་མི་ཁྱོན་ ༤༠༤༣ གྱིས་དེབ་སྐྱེལ་གནང་ཡོད་པ་ལྟར་དངོས་སུ་སྔོན་འགྲོ་འོས་བསྡུར་མི་གྲངས་ ༣༥༤༦ ནས་ཆ་ཤས་བཞེས་འདུག གསར་འགོད་པས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྗེས་སྦེལ་ཇམ་ས་གནས་འོས་བསྡུའི་འགན་འཛིན་དང་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་སུ་འོས་བསྡུའི་ལས་དོན་སྤྱི་དང་སྒོས་གྲང་བཤེར་གནང་ཕྱོགས་སོགས་ཀྱི་ཐོག་བཅར་འདྲི་ཞུས་པར་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ས་གནས་སུ་མང་ཚོགས་འདུ་འཛོམས་གནང་བར་དམ་དྲག་ཆེས་ཆེར་གནང་རྐྱེན་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གིས་སྦེལ་ཇམ་ནང་དུ་གཞུང་གི་བཀོད་ཁྱབ་སོགས་དང་མཐུན་པའི་ཐོག་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བསྐྲུན་ཐུབ་པ་དེ་ནི་དམིགས་བསལ་གྱི་མཛད་རྗེས་ཤིག་ལ་ངོས་འཛིན་གནང་སྐོར་གསུངས་ཡོད།

དགྲ་བོ་ནི་བཟོད་པའི་རྟེན་གཙོ་བོ་ཞིག་ཡིན་པར་བཀའ་སྩལ་བ། 

དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཀོ་རི་ཡའི་ནང་པ་གཙོས་འཛམ་གླིང་ཡུལ་ཕྱོགས་གང་སར་བཞུགས་པའི་དད་ལྡན་རྣམས་ལ་ཤེས་རབ་སྙིང་པོའི་བཀའ་ཆོས་མུ་མཐུད་ནས་སྩལ་བ་དང་འབྲེལ་ཆོས་ཞུ་བའི་བཀའ་འདྲི་ཁག་ལ་བཀའ་ལན་མཛད་སོང་། དེ་རིང་གི་བཀའ་ཆོས་ཐོག་ཏུ་སེམས་བཟང་པོ་བྱེད་ཡ་དེ་ནི་འགྲོ་བ་མི་ཙམ་མ་ཡིན་པར་སེམས་ཅན་དུད་འགྲོ་ཚུན་ཆད་ལ་ཡང་ཡོད་པ་ཞིག་ཡིན་སྐོར་བཀའ་སྩལ་བ་དང་འབྲེལ། མིའི་རིགས་ཀྱིས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་བསམ་པའི་ཀུན་སློང་བཟང་པོའི་སྒོ་ནས་བྱ་བཞག་ལ་བཅུག་པ་ཡིན་ན། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཏེ་རང་རྒྱུད་དུ་གཞན་དོན་དོན་གཉེར་གྱི་བསམ་བློ་རྒྱ་བསྐྱེད་བཏང་སྟེ་འཕྲལ་ཕུགས་གཉིས་ཀར་ཕན་པའི་སེམས་སྐྱིད་པ་དང་བག་ཕེབས་པ་སོགས་ཀྱི་སྤྱོད་པར་འཇུག་ཐུབ་པར་བཀའ་སྩལ་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐོག་ནས་སྣང་སྲིད་ཐམས་ཅད་གཉེན་ལ་ཤར་ཐུབ་པའི་བློ་ཞིག་བྱུང་བ་ཡིན་ན་རང་བཞིན་གྱིས་རང་རྒྱུད་ཀྱི་ཆགས་སྡང་གི་བློ་ཇེ་ཉུང་དུ་འགྲོ་ཐུབ་ངེས་ཡིན་སྐོར་བཀའ་སྩལ་བ་དང་ཆབས་ཅིག དེ་ལྟ་བུའི་བསམ་སྤྱོད་ལས་རང་གི་གཉེན་ཙམ་མིན་པར་ཐ་ན་རང་གི་དགྲ་བོ་ལ་ཡང་ཕན་བདེ་སྒྲུབ་འདོད་ཀྱི་སྙིང་རྗེ་ཞིག་སྐྱེ་ཐུབ་ཚེ་དེ་ནི་འདོད་ཆགས་དང་བྲལ་བ་ཞིག་ཡིན་སྟབས། ནང་པའི་གཞུང་ཁག་ཏུ་དགྲ་བོ་ནི་བཟོད་པའི་རྟེན་གཙོ་བོ་ཞིག་ཡིན་པར་བཞེད་པ་ལྟར། བདག་གཞན་མཉམ་བརྗེའི་ཐོག་ནས་དགྲ་བོ་དགེ་བའི་བཤེས་གཉེན་ལྟ་བུར་བཀུར་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བར་མཛད་ཡོད།༸གོང་ས་མཆོག་གི་བཀའ་སློབ་ཀྱི་ལས་རིམ་གྲུབ་མཚམས་སུ་ཀོ་རི་ཡའི་ཆོས་ཞུ་བ་ཚོས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་གནང་དོན་བཞིན་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་སྐབས་དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་འབྲེལ་ནས་༸རྗེ་རིན་པོ་ཆེའི་ལམ་རིམ་ལུང་འདྲེན་མཛད་དེ་དགེ་བའི་བཤེས་གཉེན་ཞིག་ཡིན་ན་རང་མ་དུལ་བས་གཞན་འདུལ་བའི་གནས་མེད་ཅེས་གསུངས་ཡོད་པ་དང་འབྲེལ། དང་པོ་རང་རྒྱུད་བཏུལ་བའི་ཐོག་ནས་སློབ་མ་རྣམས་ལ་བདེན་བཞིའི་རྣམ་བཞག་གི་ཐོག་ནས་ཚེ་འདི་ཕྱི་གཉིས་ཀྱི་རྣམ་བཞག་ར་སྤྲོད་ཀྱིས་ལམ་དགེ་བའི་ཕྱོགས་སུ་བསྒྱུར་ཐུབ་མཁན་ཞིག་ཡོད་ན་བླ་མའི་མཚན་ཉིད་ཚང་ཡོད་སྐོར་བཀའ་ལན་མཛད་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བཟོ་རིག་པ་དང་འབྲེལ་བའི་བཀའ་འདྲི་ཞིག་ལ་ལྗགས་ལན་མཛད་པར་བཟོ་རིག་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཀྱང་། བཟོ་རིག་པའི་ཆེད་མཁས་པ་གང་ཞིག་གི་སེམས་རྒྱུད་དེ་ཆགས་སྡང་གི་དབང་དུ་ཕྱིན་ནས་གཞན་ཕན་དང་བྲལ་བ་ཞིག་ཏུ་གྱུར་ཚེ་འགྲོ་བ་མིའི་རིགས་སྤྱིར་སྡུག་བསྔལ་སྦྱིན་པའི་རྒྱུར་འགྲོ་རྒྱུ་ཉག་གཅིག་ཡིན་པ་བཀའ་སྩལ་ཏེ་བཟོ་རིག་པ་དེ་གལ་ཆེན་པོ་ཡིན་ཀྱང་། བཟོ་ལས་བ་རྣམས་ཀྱིས་གཞན་ལ་བརྩེ་བའི་བསམ་པའི་ཐོག་ནས་བཟོ་ལས་ཡར་རྒྱས་གཏོང་ཐུབ་པ་ཞིག་བྱུང་ན་འགྲོ་བ་སྤྱི་ལ་ཕན་རླབས་སྐྲུན་ཐུབ་པ་ཞིག་ཡོང་རྒྱུ་ཡིན་སྐོར་བཀའ་སྩལ་ཡོད། དེ་རིང་གི་བཀའ་ཆོས་མཇུག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་སང་ཉིན་སེམས་བསྐྱེད་ཆོ་ག་བཀའ་དྲིན་སྩལ་བ་བརྒྱུད་ནས་ཐེངས་འདིའི་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་པའི་ཉིན་གསུམ་གྱི་བཀའ་ཆོས་དེ་ལེགས་གྲུབ་མཛད་ཀྱི་ཡོད་པ་རེད།

འོས་བསྡུའི་གྲུབ་འབྲས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་འདུག

རྒྱ་གར་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་རྒྱལ་སྤྱིའི་ཡུལ་གྲུ་གང་སར་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ལས་རིམ་གནང་བཞིན་པ་དང་བསྟུན། ཁ་ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Global Times གི་དྲ་གནས་ཐོག་གནས་ཚུལ་ཞིག་སྤེལ་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་ཁྱད་གསོད་དང་སྦྲགས་འོས་བསྡུའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་འདྲ་ཞིན་ཐོན་ཡང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་འདུག བཙན་བྱོ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་འགོ་ཁྲིད་དུ་གང་ཟག་སུ་ཞིག་བདམས་ཐོན་བྱུང་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས། དེ་བཞིན་ཨ་རི་གཞུང་ལ་བོད་ཀྱི་གནད་དོན་ཐོག་རྒྱ་ནག་དང་ལྷན་དུ་ཐབས་བྱུས་ལྡན་པའི་ཐོག་གླེང་སློང་གནང་རོགས་ཞེས་སོགས་འབོད་སྐུལ་ཞུ་རྒྱུ་གཙོས་པའི་གནད་དོན་མང་དག་ཅིག་ལ་གདོང་ལེན་གནང་དགོས་སྐོར་བཤད་པར་མ་ཟད། རྒྱ་ནག་གཞུང་གིས་སྔོན་ཚུད་ནས་བོད་ཀྱི་གནད་དོན་ཐོག་སྒྲིག་སྲོལ་དང་འཆར་གཞི་ཁག་གཏན་འབེབས་བྱས་ཡོད་སྟབས། འགྲོ་བཞིན་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་འདྲ་ཞིན་ཐོན་ཡང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་འདུགལྷག་པར་དུ་རྒྱ་ནག་གི་བོད་གནད་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་ Xiao Jie ཟེར་བ་དེ་ཡིས་སྲིད་སྐྱོང་ཞེས་པ་དེ་ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་གྱི་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པ་དང་། སྲིད་སྐྱོང་ཞེས་པ་དེ་ཐོག་མར་ ༢༠༡༡ ལོར་འདེམས་སྒྲུག་བྱས་ཡོད་ཀྱང་། དོན་ངོ་མར་དབང་ཚད་ཆ་ཚང་ད་ལྟ་ཡང་༸གོང་ས་མཆོག་དང་ཁོང་གི་ཉེ་འཁོར་གྱི་མི་སྣ་ཁག་ཅིག་ལ་ཡོད་རེད་ཅེས་བཤད་འདུགདེ་བཞིན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ Zhu Weiqun ཟེར་བ་དེ་ཡིས་ཀྱང་བཙན་བྱོལ་བོད་གཞུང་ཟེར་བ་དེ་ད་ཆ་ལུང་ཚན་དང་ཆོས་ལུགས་འཐེན་འཁྱེར་སོགས་ཀྱི་དཀའ་ངལ་ནང་དུ་ལྷུང་ཞིང་། དུས་ནམ་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མ་ཟིན་པའི་གནས་སྟངས་བྱུང་སྐབས་ནང་འགལ་གྱི་དཀའ་རྙོག་དེ་མི་རབས་གཞོན་པ་ཚོས་གདོང་ལེན་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུགཐེངས་འདིར་རྒྱ་ནག་གིས་ཐེ་བྱུས་བྱེད་བཞིན་པའི་གནད་དོན་དང་འབྲེལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་པར་ང་ཚོའི་ངོས་ནས་རྒྱ་ནག་ཕྱོགས་ནས་སྐད་ཆ་དེ་འདྲ་ཞིག་བཤད་པར་སྔོན་དཔག་ཐུབ་ཀྱི་ཡོད་པ་དང་། རྒྱ་ནག་དེ་རྒྱལ་སྤྱིའི་འགྲོ་ལུགས་ལྟར་མང་གཙོའི་ཐོག་འགྲོ་ཐུབ་ཀྱི་མེད་སྟབས་ང་ཚོར་མི་འདོད་པའི་རྣམ་པ་ཁོ་ན་བསྟན་ནས་མ་བསྡད་པར་འཛམ་གླིང་ཀུན་གྱི་འགྲོ་སྟངས་མཐུན་ཞིང་། འགྲོ་བ་མིའི་གཞིའི་ཐོབ་ཐང་ངམ་ཁེ་དབང་ལོངས་སུ་སྤྱོད་རྒྱུར་བསམ་བློ་གཏོང་དགོས་ཞེས་བརྡ་ལན་གནང་སོང་།དེ་བཞིན་ཕྱི་ཚེས་ ༣ ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་ཆེན་མོ་གནང་སྐབས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱེས་འཁོད་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་གནས་ཀྱང་ཚང་མས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་འོས་བསྡུར་ཆ་ཤས་བཞེས་ཡོད་པ་དང་ལྷག་དོན་བོད་ནང་གི་བོད་མིའི་མངོན་འདོད་ནི་མང་གཙོ་ཡིན་པ་དང་། རྒྱ་ནག་ནང་ཡོད་པའི་རྒྱ་རིགས་མང་ཚོགས་རྣམས་ཀྱི་མངོན་འདོད་ཀྱང་མང་གཙོ་ཡིན་སྟབས། རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་བཟང་ཕྱག་བསྟར་གནང་ཕྱོགས་ལས་མིག་དཔེ་ལེན་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།

  པོ་ཏཱ་ལའི་མཁའ་དབྱིངས་སུ་ཐད་འཕུར་གནམ་གྲུ་བཏང་ནས་དམག་སྦྱོང་།

སྔར་ལོའི་ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ཏུ་ཨ་རིའི་གྲོས་ཚོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་ཡུལ་དེའི་ཁྲིམས་སུ་བཅས་པའི་ཕྱིར་ཉིན་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་མཁའ་དབྱིངས་སུ་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་གནམ་གྲུ་ཁག་ཅིག་ཆེད་དུ་བཏང་ནས་འཇིགས་སྐུལ་གྱི་རྣམ་པ་བསྟན་འདུགབོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཕོ་བྲང་པོ་ཏཱ་ལའི་མཁའ་དབྱིངས་སུ་རྒྱ་ནག་གཞུང་གི་ངོས་ནས་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་གནམ་གྲུ་བཏང་ནས་དམག་སྦྱོང་བྱེད་བཞིན་པའི་འདྲ་པར་ཁག་ཅིག་བཞག་འདུག་པར་མ་ཟད་སྤྱི་ཚོགས་དྲ་ལམ་བརྒྱུད་འདྲ་པར་དེ་དག་བརྒྱུད་སྤེལ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། ཁ་སང་རྒྱ་གར་གྱི་གསར་ཁང་ Hindustan times གིས་གནས་ཚུལ་སྤེལ་བར་ཉེ་ལམ་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་མགོན་པོ་༸གང་ཉིད་མཆོག་དང་བོད་མི་ཁོ་ལས་གཞན་སུས་ཀྱང་ཐེ་བྱུས་བྱ་མི་ཆོག་པ་སོགས་ཁྲིམས་སུ་བཅས་པའི་ཕྱི་ཉིན་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་མཁའ་དབྱིངས་སུ་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་ནམ་གྲུ་ཁག་ཅིག་ཆེད་དུ་བཏང་ནས་འཇིགས་སྐུལ་བྱས་པ་དེས་བོད་མི་ཙམ་མ་ཟད། ཧི་མཱ་ལའི་ཁུལ་གྱི་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་གནང་མཁན་ཀུན་ལ་འཇིགས་སྐུལ་བྱས་པ་ཞིག་རེད་ཅེས་བརྗོད་འདུགརྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་ཐོག་ལ་ཉམས་ཞིབ་གནང་མཁན་ཞིག་གིས་གསར་ཁང་དེར་བརྗོད་དོན་ལྟར་ན། ཐེངས་འདིར་དྲག་པོའི་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་གནམ་གྲུ་ཁག་ཅིག་རྒྱལ་ས་ལྷ་སའི་མཁའ་དབྱིངས་སུ་ཆེད་གཏོང་བྱས་པ་དེ་ཉེ་ལམ་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་གཞི་དེ་དང་འབྲེལ་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་དེ་རྒྱ་སྡེར་བསྒྱུར་རྒྱུའིི་ཐད་ཤུགས་གནོན་འཕར་མ་སྤྲོད་བཞིན་པའི་སྣང་བརྙན་ཞིག་ཡིན་པར་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་ཨ་རི་གཞུང་གིས་ཁྲིམས་གཞི་དེ་དང་འབྲེལ་ནས་རོགས་འདེགས་བྱ་རྒྱུར་བཀག་འགོག་བྱས་པའི་རྣམ་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་གཞུང་གིས་བོད་མིར་གཅར་རྡུང་བྱས་པ་བཞིན་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུའི་ཉེན་ཁ་ཡོད་པར་འགྲེལ་བརྗོད་གནང་འདུག གསར་ཁང་དེས་མུ་མཐུད་བརྗོད་པར་བོད་དེ་རྒྱ་སྡེར་བསྒྱུར་རྒྱུ་ཞེས་པ་ནི་བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་བཅས་ཡོངས་སུ་རྒྱ་ནག་གཞུང་གི་ལྟ་སྤྱོད་དང་མཐུན་པའམ་རྒྱའི་ཁྱད་ཆོས་ལྡན་པ་ཞིག་ལ་བཟོ་རྒྱུ་དང་། སྔར་ལོ་ཕྱི་ཟླ་ ༨ ནང་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་འཚོ་བ། དེ་བཞིན་རང་བྱུང་ཁོར་ཡུག་དང་མཐའ་མཚམས་སྲུང་སྐྱོབ་བཅས་འགན་སྲུང་གི་གནད་དོན་བཞིའི་སྐོར་ལ་གཏམ་བཤད་སྤེལ་བའི་ཁྲོད་རྒྱལ་ཁབ་སྐྱོང་བའི་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བའི་སྔོན་ལ་བོད་ནང་བརྟན་ལྷིང་དགོས་པ། ལྷག་པར་དུ་ཁ་བྲལ་རིང་ལུགས་ལ་གདོང་ལེན་དང་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་གལ་ཡིན་པར་བཤད་པ་ལུང་འདྲེན་དང་འབྲེལ། རྒྱ་དམར་ཤོག་གཞུང་གིས་ལོ་རབས་བཅུ་ཕྲག་ཁ་ཤས་ཀྱི་རིང་བོད་མིར་དྲག་གནོན་ཇི་ཙམ་བྱས་ཀྱང་བོད་མིའི་སེམས་ཁོངས་སུ་༸གོང་ས་མཆོག་ལ་དད་གུས་གནང་རྒྱུ་གཙོས་དཀོན་མཆོག་དངོས་སུ་གཟིགས་ཚུལ་གྱི་རྣམ་པ་དེ་རྒྱ་ནག་གཞུང་གིས་འཇིགས་སྣང་བྱེད་ས་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཉེན་ཁ་ཞིག་དང་བོད་མི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་དེ་ཡང་དམར་པོའི་གཞུང་གི་ཁྲིམས་ལུགས་ལྟར་འགྲོ་དགོས་ཀྱི་ཡོད་པར་བརྗོད་ཀྱི་ཡོད་ཅེས་བཀོད་འདུགཕོ་བྲང་པོ་ཏཱ་ལའི་མཁའ་དབྱིངས་སུ་རྒྱ་ནག་གཞུང་གིས་ཐད་འཕུར་གནམ་གྲུ་བརྒྱུད་དྲག་པོའི་དམག་སྦྱོང་བྱེད་བཞིན་པའི་འདྲ་པར་དེ་དག་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་ Face book དང་ twitter སོགས་ཀྱི་ནང་བརྒྱུད་སྤེལ་ཤུགས་ཆེར་གནང་སྟེ་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེར་སྟོན་གནང་བཞིན་འདུག

ཡོ་རོབ་རྒྱལ་ཁབ་ཁག་ཏུ་འོས་ཤོག་གྲངས་བཤེར་དབུ་འཛུགས་དང་གྲུབ་འབྲས་གསལ་བསྒྲགས།

ཡོ་རོབ་ཁུལ་དུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ལ་ལྟོས་མེད་འདི་གར་གནས་སྡོད་བོད་མི་རྒན་གཞོན་དར་གསུམ་གྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་ཟླ་ ༡ ཚེས་ ༣ ཉིན་ཡོ་རོབ་རྒྱལ་ཁབ་ཁྱོན་ ༡༥ ནང་ཚ་ཚ་འུར་འུར་གྱིས་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་ཆེན་མོ་གནང་ཡོད་ཅིང། ཁ་སང་ཕྱི་ཚེས་ ༥ ནས་དབུ་འཛུགས་ཀྱིས་ཡོ་རོབ་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་འོས་ཤོག་གྲངས་བཤེར་དང་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་རེད། ཁ་སང་ཕྱི་དྲོ་ཡོ་རོབ་ཀྱི་ཚོུད་ ༩༌༣༠ ཡོལ་ཙམ་ལ་སུད་སི་ས་གནས་འོས་བསྡུ་ལས་ཁང་གིས་ཁྱབ་ཁོངས་སུད་སི་དང་ལིག་ཏེན་སིཊཡན། འཇར་མ་ནི། དེ་བཞིན་ཨོ་སི་ཀྲིརིཡ་བཅས་ཀྱི་ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང། ད་ལན་སུད་སི་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ཨི་ཊ་ལི་རྒྱལ་ཁབ་ཕུད་པའི་སུད་སི་དང་ལིག་ཏེན་སིཊཡན། འཇར་མ་ནི། དེ་བཞིན་ཨོ་སི་ཀྲོརིཡ་བཅས་རྒྱལ་ཁབ་བཞིའི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན། སྲིད་སྐྱོང་འོས་གཞིར་བཞེངས་མཁན་སྤེན་པ་ཚེ་རིང་ལ་འོས་གྲངས། ༡༢༧༣ དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལ་འོས་གྲངས། ༡༠༦༥ རྒྱ་རི་སྒྲོལ་མར་འོས་གྲངས་ ༦༦༧ འབྲོང་ཆུང་དངོས་གྲུབ་ལ་འོས་གྲངས། ༤༦༠ བློ་བཟང་སྙན་གྲགས་ལ་འོས་གྲངས། ༥༠ དེ་བཞིན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལ་འོས་གྲངས།  ༡༠ བཅས་ཐོབ་འདུག སྐབས་དེར་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཟིན་མཚམས་སུ་གསར་འགོད་པས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ས་གནས་འོས་བསྡུ་འགན་འཛིན་འཆི་མེད་རིག་འཛིན་ལགས་སུ་གནས་འདྲི་ཞུས་པར་སུད་སི་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་སུ་འོས་བསྡུའི་འཐུས་མི་ཡོད་པའི་རྒྱལ་ཁབ་ལྔའི་ཁོངས་ནས་ད་ལན་ཨི་ཊ་ལི་རྒྱལ་ཁབ་ནང་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་རྐྱེན་གྱིས་སྲིད་གཞུང་ནས་མང་ཚོགས་ཐོག་འགྲུལ་བཞུད་བཀག་སྡོམ་དམ་དྲག་ཆེན་པོ་གནང་བར་བརྟེན། འོས་བསྡུའི་གྲངས་བཤེར་དེ་ཕྱི་ཚེས་ ༧ བར་ཕྱིལ་བཤོལ་གནང་ཡོད་པར་འགྲེལ་བརྗོད་གནང་ཡོད།  སྤྱིར་ད་རེས་སུད་སི་ས་གནས་འོས་བསྡུའི་ལས་ཁང་གི་ཁྱབ་ཁོངས་ཡོ་རོབ་རྒྱལ་ཁབ་ལྔ་ནས་མང་ཚོགས་ཁྱོན་ ༤༥༨༣ ནས་ ༢༠༢༡ ལོའི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་སླད་དུ་དེབ་སྐྱེལ་གནང་ཡོད་པ་དང། དེ་དག་ཁྲོད་དངོས་སུ་ཐེངས་འདིའི་སྔོན་འགྲོའི་འོས་བསྡུར་མང་ཚོགས་ ༣༦༦༨ ནས་ཆ་ཤས་བཞེས་འདུགསུད་སི་ས་གནས་འོས་བསྡུ་འགན་འཛིན་འཆི་མེད་རིག་འཛིན་ལགས་ཀྱིས་ནད་ཡམས་གནས་སྟངས་ཁྲོད་མང་ཚོགས་བརྒྱ་ཆ་ ༨༠ ལྷག་ནས་སྔོན་འགྲོའི་འོས་བསྡུར་ཆ་ཤས་བཞེས་པ་འདི་ནི་ཚད་མཐོ་པོར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་སོང་། སྤྱིར་ཡོ་རོབ་རྒྱལ་ཁབ་ནང་འདི་ལོའི་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་སུད་སི་དང་སྦེལ་ཇམ། དེ་བཞིན་དབྱིན་ཡུལ་བཅས་ས་གནས་འོས་བསྡུ་ལས་ཁང་གསུམ་གྱི་འོག་འོས་བསྡུའི་ལས་རིམ་གཉེར་ཡོད་པ་དང། གསར་འགོད་པས་ཁ་སང་སྦེལ་ཇམ་ས་གནས་འོས་བསྡུའི་འགན་འཛིན་དང་དོན་གཅོད་གཅིག་ལྕོགས་བཀྲིས་ཕུན་ཚོགས་ལགས་སུ་འབྲེལ་བ་ཞུས་པར་སྦེལ་ཇམ་ས་གནས་འོས་བསྡུ་ལས་ཁང་གི་ཁོངས་འོས་བསྡུའི་ཚོགས་ཆུང་ཁག་གི་གྲངས་བཤེར་ཁ་སང་ནས་དབུ་འཛུགས་གནང་ཡོད་པ་དང། འོས་བསྡུའི་ཕྱོགས་བསྡོམས་ཀྱི་གྲུབ་འབྲས་དེ་སྒྲིག་གཞིའི་དགོངས་དོན་ལྟར་དེ་རིང་དང་སང་ཉིན་གང་རུང་ཞིག་ལ་དོན་གཅོད་ཁང་གི་དྲ་རྒྱའི་ཐོག་བས་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་གསུངས་སོང་། དེ་མིན་དབྱིན་ཡུལ་ས་གནས་འོས་བསྡུ་ལས་ཁང་ནས་ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་ཕྱོགས་བསྡོམས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དེ་ གཟའ་འཁོར་འདིའི་རེས་གཟའ་སྤེན་པའི་ནང་ཚུད་ལ་གསལ་བསྒྲགས་གནང་འཆར་འདུག གཞི་རྩའི་དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུ་ཟིན་པའི་རྗེས་ཀྱི་ཕྱག་ཚོད་ཉི་ཤུ་རྩ་བཞིའི་རྗེས། ཕྱི་ལོ་ ༢༠༢༡ ཟླ་  ༡ ཚེས་ ༥ ནས་ཕྱི་ཚེས་ ༡༡ བར་ཉིན་གྲངས་ ༧ གྱི་རིང་འོས་ཤོག་གྲངས་བཤེར་གནང་རྒྱུའི་དུས་ཚོད་བཞག་ཡོད་པ་རེད།

ཀོ་རི་ཡའི་དད་ལྡན་རྣམས་ལ་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས།

དེ་རིང་ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༥ ཉིན་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་བསྐྱངས་སོང་།མགོན་པོ་༸གང་ཉིད་མཆོག་གིས་བཀའ་ཆོས་ཀྱི་ཉིན་དང་པོར་ཀོ་རི་ཡའི་ཆོས་གྲོགས་རྣམས་ལ་འཚམས་འདྲི་མཛད་པ་དང་སྦྲགས། ཤེས་རབ་སྙིང་པོ་དེ་ནི་ཤེར་ཕྱིན་གྱི་གཞུང་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་སྐོར་གྱི་བཀའ་སྩལ་བ་དང་འབྲེལ། སྤྱིར་བཏང་དད་པ་ལ་དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་རིགས་གཉིས་ཡོང་གི་ཡོད་པ་ལས། སྟོན་པ་བཅོམ་ལྡན་འདས་ཀྱིས་སྔར་གསུངས་ཟིན་པ་ལྟར། ནང་ཆོས་ཀྱི་གཞུང་གི་ནང་དུ་ཆོས་ཐམས་ཅད་ཅི་བཞིན་བདག་ཅག་གི་སྟོན་པའི་བཀའ་ཡིན་པའི་དབང་གིས་ཁས་ལེན་བྱེད་རྒྱུ་ཞིག་མིན་པར། རིགས་པའི་ལམ་ནས་བརྡར་ཤ་བཅད་ནས་ཐག་གཅོད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་སོང་། དེ་བཞིན་༸མགོན་པོ་མཆོག་གིས་ཤེར་ཕྱིན་གྱི་གཞུང་ཡག་པོ་ཞིག་ཤེས་པར་བྱ་བ་ལ་མངོན་རྟོགས་རྒྱན་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ཆེན་དག་ལ་སློབ་སྦྱོང་བྱས་ཏེ་ཐོས་བྱུང་གི་གོ་བ་དང་བསམ་བྱུང་གི་གོ་བ་བསྐྱེད་དེ་མཐར་སྒོམ་བྱུང་གི་ཐོག་ནས་སློབ་གཉེར་གནང་བ་ཡིན་ན། ཟབ་མོ་སྟོང་པ་ཉིད་ཀྱི་གོ་བ་རྙེད་ཐུབ་པར་བཀའ་སྩལ་བ་དང་ཆབས་ཅིག འགྲོ་བ་མིའི་རིགས་ཀྱི་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་གི་སྒྲོ་བཏགས་པའི་ཁར་བཟང་ངན་སོགས་ཀྱི་དབྱེ་འབྱེད་ཡོང་གི་ཡོད་སྐོར་བཀའ་སྩལ་ནས་ཉོན་མོངས་པའི་གཉེན་པོར་སྟོང་ཉིད་སྒོམ་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེར་མཛད་ཡོད།༸གོང་ས་མཆོག་གི་བཀའ་སློབ་ཀྱི་ལས་རིམ་གྲུབ་མཚམས་སུ་ཀོ་རི་ཡའི་ཆོས་ཞུ་བ་ཚོས་མགོན་པོ་༸གང་ཉིད་མཆོག་ལ་བརྗོད་གཞི་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་དོན་ལྟར་དེའི་ཁྲོད་ཆོས་ཞུ་བ་ཞིག་གིས་ནང་ཆོས་དང་ཚན་རིག་གཉིས་ཀྱི་དམིགས་འདུན་གྱི་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ནང་ཆོས་ཀྱིས་སེམས་ཁམས་རིག་པ་གཙོ་བོ་བརྗོད་བཞིན་ཡོད་པ་དང་ཚན་རིག་གིས་དངོས་ཁམས་རིག་པ་གཙོ་བོ་བརྗོད་བཞིན་ཡོད་པར་བཀའ་གནང་སྟེ། ནང་ཆོས་དང་ཚན་རིག་གཉིས་ཀྱིས་ཕན་ཚུན་ལ་གཞོག་འདེགས་གནང་ཐུབ་ཀྱི་ཡོད་སྐོར་བཀའ་ལན་སྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་བཀའ་ལན་གཞན་ཞིག་སྩལ་བར་ཆོས་ལུགས་ཐམས་ཅད་ཀྱི་ནང་དུ་བྱམས་བརྩེ་སྐོར་དེ་གཙོ་བོར་འཛིན་བཞིན་ཡོད་པ་དང་། སྒོས་སུ་མི་ཚང་མ་གཅིག་གྱུར་ཡིན་པའི་འདྲ་མཉམ་གྱི་ལྟ་བའི་ཐོག་སེམས་ཁམས་རིག་པའི་རྣམ་གཞག་སྟེང་ནས་བྱམས་བརྩེ་གོང་མཐོར་གཏོང་ཐུབ་མཁན་གྱི་ཆོས་ལུགས་དེ་ནང་ཆོས་ཡིན་པར་བཀའ་སྩལ་ཏེ་ཆོས་ལུགས་དང་ཤེས་ཡོན་གྱི་ལམ་ལུགས་ཟུང་འབྲེལ་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་རྒྱུད་ལ་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་ཡོད།གཞི་རྩའི་འདི་ལོར་རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་མི་ཚང་མའི་འགྲོ་འདུག་ལ་བཀག་སྡོམ་བྱས་ཡོད་པ་ལྟར། རྒྱ་གར་གྱི་ནང་དུ་རིམས་ནད་ཁྱབ་བརྡལ་བྱུང་བ་ནས་བཟུང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ཡང་སྒོ་རྒྱབ་མུས་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་དྲ་ལམ་བརྒྱུད་ནས་མང་ཚོགས་ལ་བཀའ་ཆོས་སྩོལ་བཞིན་ཡོད་པ་རེད། ཐེངས་འདིའི་ཀོ་རི་ཡའི་དད་ལྡན་མང་ཚོགས་ལ་བཀའ་ཆོས་སྩོལ་རྒྱུའི་ལས་རིམ་དེ་དེ་རིང་ཚེས་ ༥ ནས་དབུ་འཛུགས་ཀྱི་ཚེས་ ༧ བར་ཁྱོན་ཉིན་གསུམ་གྱི་རིང་ལ་གནང་གི་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༠ ཉིན་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སའི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་ Greta Thunberg དང་། དེ་བཞིན་དེང་དུས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད།

སྲིད་སྐྱོང་སུ་ཕེབས་ཀྱང་གཞིས་བཞུགས་བོད་མིའི་ཆེད་དུ་སྐུ་ལས་སྐྱོན་པའི་རེ་བ་ཡོད།

ཁ་ཉིན་ཕྱི་ཟླ་ ༡ ཚེས་ ༣ ཉིན་བྱེས་འཁོད་བོད་མི་ཚོས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་མཉམ་ཞུགས་གནང་ཡོད་ཀྱང་། བོད་མི་གཉིས་ཀྱིས་བོད་དོན་སླད་ཞི་བའི་གོམ་བགྲོད་གནང་བཞིན་པར་བརྟེན་ཁོང་རྣམ་པ་གཉིས་ལ་འོས་འཕང་རྒྱུའི་གོ་སྐབས་བྱུང་མེད་པ་རེད།ཁོང་རྣམ་གཉིས་ཀྱིས་མ་འོངས་པར་སྲིད་སྐྱོང་སུ་ཕེབས་ཀྱང་གཞིས་བཞུགས་བོད་མིའི་སླད་དུ་སྐུ་ལས་སྐྱོན་རྒྱུ་སྤྱི་དང་སྒོས་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་བར་༸གོང་ས་མཆོག་གི་སྐུ་ཚབ་བོད་དུ་ཕེབས་ཐུབ་རྒྱུ་དེ་མ་འོངས་པའི་ཕྱག་ལས་ཁྲོད་ཨང་དང་པོར་ངོས་འཛིན་གནང་དགོས་པའི་རེ་སྐུ་ཞུས་སོང་།སྔ་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བོད་མི་ན་གཞོན་བསྟན་འཛིན་དོན་གྲུབ་ལགས་ཀྱིས་རྒྱ་གར་འབྲས་ལྗོངས་སུ་ཆགས་པའི་རྣ་ཐོས་ལའི་ས་མཚམས་བར་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་དོན་བཞིན་སང་ཉིན་ཁོང་དང་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་རྒྱ་གར་བི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་གྱི་ཡོད་པ་རེད།ཁ་སང་བསྟན་འཛིན་གྲུབ་ལགས་དང་ཉི་མ་ལགས་རྣམ་གཉིས་ཀྱིས་ March for Freedom from Dharamshala to Nathula ཞེས་པའི་ངོ་དེབ་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དུ་སུ་ཞིག་ཕེབས་ཀྱི་ཡོད་ཀྱང་གཞིས་བཞུགས་བོད་མིའི་སླད་དུ་སྐུ་ལས་སྐྱོན་རྒྱུ་སྤྱི་དང་ལྷག་པར་དུ་ཉེ་བའི་ལོ་རབས་བཅུའི་ནང་བོད་རྒྱ་ཞི་མོལ་བསྐྱར་གསོ་ཡོང་ཐབས་སུ་༸གོང་ས་མཆོག་གི་སྐུ་ཚབ་བོད་དུ་ཕེབས་ཐུབ་མེད་པ་དེ་ལྟར་ཡང་། སླད་མར་༸གོང་ས་མཆོག་གི་སྐུ་ཚབ་བོད་དུ་ཕེབས་ཐུབ་དགོས་གལ་ཡིན་པར་མ་ཟད་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་གང་ཟག་དེས་མ་འོངས་པའི་ཕྱག་ལས་ཁྲོད་ཨང་དང་པོར་ངོས་འཛིན་གནང་དགོས་པའི་རེ་སྐུ་གནང་གི་འདུགདེ་བཞིན་གསར་འགོད་པས་ད་བར་ཟླ་བ་གཉིས་ལྷག་གི་གོམ་བགྲོད་ཁྲོད་རྒྱ་གར་བས་བོད་དོན་ཐད་ལ་གཟིགས་ཚུལ་དང་དོ་སྣང་གནང་ཕྱོགས་གང་འདྲ་ཡོད་མེད་ཐོག་བཅར་འདྲི་ཞུས་སྐབས་དོན་གྲུབ་ལགས་ཀྱིས་ད་བར་གོམ་བགྲོད་གནང་བའི་རིང་ལ་བོད་དོན་ཐད་ལ་གོ་རྟོགས་མེད་པའི་མི་སྣ་དང་ཐུག་འཕྲད་བྱུང་སྐབས་བོད་དོན་ངོ་སྤྲོད་གནང་བ་དང་། ལྷག་པར་དུ་འཕགས་བོད་མཛའ་འབྲེལ་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རོགས་རམ་ཤུགས་ཆེར་གནང་བ་དེས་སེམས་ཤུགས་འཕར་མ་ཞིག་སྦྱིན་ཡོད་སྐོར་གསུངས་སོང་།

ཧི་མཱ་ཅལ་ནང་དུ་བྱ་ནད་རྐྱེན་གྱིས་བྱ་མང་དག་ཅིག་ཤི་འདུག

ད་ཆ་འཛམ་གླིང་སྤྱིར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་རྐྱེན་གྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ངལ་བ་བཟོད་གླགས་མེད་པ་མྱངས་དང་མྱོང་པའི་དུས་སྐབས་འདིར་ཧི་མཱ་ཅལ་གཙོས་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་གི་ནང་བྱ་ནད་དམ་ Bird Flu ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཁ་ས་དང་དེ་རིང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཉེ་ལམ་རྒྱ་གར་གྱི་མངའ་སྡེ་ Haryana དང་ Rajasthan དེ་བཞིན་ Kerala དང་ Madhya Pradesh ནང་བྱ་ནད་ཁྱབ་གསལ་གྱི་རྐྱེན་གྱིས་བྱ་རིགས་མང་དག་ཅིག་འཆི་སྐྱོན་བྱུང་བ་ཤེས་རྟོགས་ཐུབ་ཡོད་པར་མ་ཟད། བཞུགས་སྒར་དྷརྨ་ས་ལའི་ཉེ་འདབས་དང་ཀངྒ་རཱ་རྫོང་ཁོངས་སུ་ཡོད་པའི་ Pong Dam འམ་སྤོང་ཆུ་རགས་ཀྱི་མཚོ་ཆུང་སར་འདས་པའི་བདུན་ཕྲག་ནང་དུ་བོད་གཙོས་པའི་རྒྱལ་ཁབ་གཞན་ནས་ཡོང་བའི་བྱ་ ༡༨༠༠ ལྷག་ཞིག་ཤི་ཡོད་པར་ཤེས་རྟོགས་བྱུང་འདུག ཧི་མཱ་ཅལ་རི་སྐྱེས་སྲོག་ཆགས་ཀྱི་གཙོ་འཛིན་ Archana Sharma ལགས་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་ Bareilly ནང་དུ་ཡོད་པའི་ Indian Veterinary Research Institute ནས་ཞིབ་འཇུག་གནང་སྐབས་བྱ་རིགས་དེ་དག་ལ་བྱ་ནད་ཕོག་པའི་རྐྱེན་གྱིས་ཤི་ཡོད་པར་ཤེས་རྟོགས་ཐུབ་འདུག གཞི་རྩའི་བྱ་ཤི་བ་དེ་དག་ཁྲོད་བརྒྱ་ཆ་ ༩༠ ཙམ་ཞིག་དཀྱིལ་ཤར་ཨེ་ཤ་ཡ་དང་ཨུ་རུ་སུ། སོག་ཡུལ་སོགས་ནས་ཡོང་བའི་ Bar-Headed Geese འམ་ཆུ་བྱ་ལྟག་ཁྲ་རེད་འདུག   Archana Sharma ལགས་ཀྱིས་དེ་སྔ་སྤོང་ཆུ་རགས་སར་གནས་ཡུལ་གཞན་ནས་བྱ་འབུམ་གཅིག་ལྷག་ཡོང་གི་ཡོད་ཀྱང་འདི་ལོར་ཁྲི་ལྔ་ལས་འབྱོར་མེད་པར་གསུངས་འདུག  བྱ་ནད་ཁྱབ་གདལ་གྱི་དུས་ཡུན་འདིའི་ཁྲོད་ཧི་མཱ་ཅལ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ Rakesh Prajapati མཆོག་གིས་ Fatehpur དང་།  Dehra དེ་བཞིན་  Jawali དང་ Indora བཅས་སུ་ཁྱིམ་བྱ་གཙོས་པའི་ཉ་རིགས་དང་སྒོ་ང་སོགས་ཉོ་ཚོང་གནང་རྒྱུར་བཀག་སྡོམ་དང་སྤོང་ཆུ་རགས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་སོགས་འགྲོ་ཆོག་གི་མེད་པའི་བཀོད་ཁྱབ་གནང་འདུག གཞི་རྩའི་ Haryana དང་ Rajasthan དེ་བཞིན་ Kerala དང་ Madhya Pradesh བཅས་ལ་འདས་པའི་ཉིན་ཤས་ནང་ poultry birds འམ་ཁྱིམ་བྱ་འབུམ་གཅིག་ཙམ་ཞིག་དང་ཕོ་རོག ཆུ་བྱ་མང་དག་ཅིག་ལ་བྱ་ནད་ཕོག་རྐྱེན་ཤི་ཡོད་པར་ར་འཕྲོད་བྱུང་ཡོད་པ་རེད། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་ཁུལ་དུ་འཛིན་སྐྱོང་གིས་བྱ་ནད་ཁྱབ་གདལ་མི་འགྲོ་བར་བྱ་ནད་ཁྱབ་ཁུལ་གྱི་ས་ཚིགས་གཡས་གཡོན་དུ་ཡོད་པའི་ཆུ་བྱ་དང་བྱ་མོ། དེ་བཞིན་ཁྱིམ་བྱའི་རིགས་ཁྲི་བཞི་ལྷག་སོད་ཅིག་ཅེས་བཀའ་རྒྱ་བཏང་འདུག རྩ་བའི་བྱ་ནད་ནི་འགོས་ཁྱབ་ཧ་ཅང་ཆེ་བའི་ནད་གཞི་ཞིག་ཡིན་པ་དང་། ནད་གཞི་དེ་གཙོ་བོ་ H5N1 ཞེས་པའི་གཉན་སྲིན་ལས་བྱུང་གི་ཡོད་པར་མ་ཟད། ད་ལན་རྒྱ་གར་ནང་དུ་བྱ་ནད་ཁྱབ་གདལ་འགྲོ་བཞིན་པ་དེ་ས་གནས་གཞན་ནས་ཡོང་བའི་བྱ་རིགས་ལས་འགོས་ཁྱབ་བྱུང་བར་དོགས་པ་གནང་གི་འདུག  འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ནད་གཞི་དེ་མིར་སྐབས་འགར་འགོས་སྲིད་ཀྱང་མི་ནས་མིར་འཆར་ཅན་ལྟར་འགོས་ཁྱབ་བྱུང་གི་མེད་ཅེས་བརྗོད་འདུག

༸གོང་ས་མཆོག་གིས་ལྕམ་སྐུ་ Nancy Pelosi མཆོག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་སླར་ཡང་མདང་དགོང་སླར་ཡང་ཐེངས་བཞི་པར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་འདུགའཚམས་འཕྲིན་དེའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་ལྕམ་སྐུ་ Nancy Pelosi མཆོག་གིས་སླར་ཡང་གྲོས་ཚོགས་ཀྱི་ཚོགས་གཙོའི་ངོ་བོའི་ཐོག་ནས་མུ་མཐུད་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོན་ཁག་བསྒྲུབ་རྒྱུ་མ་ཟད། འཛམ་གླིང་ཞི་བདེ་དང་འཆམ་མཐུན་སྐྲུན་རྒྱུར་གལ་གནད་ཆེ་བའི་གོ་བབ་ཅིག་འཛིན་རྒྱུར་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་དོགས་རྩ་བ་ནས་མེད་ཅེས་བཀའ་སྩལ་འདུག དེ་བཞིན་ལྕམ་སྐུ་མཆོག་གིས་ལོ་མང་གི་རིང་ལ་བོད་དོན་རྒྱབ་སྐྱོར་དང་མགོན་པོ་༸གང་ཉིད་མཆོག་ལ་མཛའ་གྲོགས་ཀྱི་འདུ་ཤེས་བཅིངས་པ་སོགས་ལ་༸གོང་ས་མཆོག་ནས་དུས་རྟག་ཏུ་བཀའ་དྲིན་ཆེན་པོར་ཚོར་བཞིན་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། ལྕམ་སྐུ་མཆོག་ལ་ཕྱི་ལོ་གསར་ཚེས་ཀྱི་འཚམས་འཕྲིན་དང་སྨོན་འདུན་མཛད་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ལྕམ་སྐུ་མཆོག་གི་འཇིགས་ཞུམ་བྲལ་བའི་དབུ་ཁྲིད་ཀྱིས་དཀའ་ངལ་ལ་ལྟོས་མེད་ཀྱིས་འཛམ་གླིང་ནང་གི་གལ་གནད་ཆེ་བའི་གནད་དོན་ཡོངས་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་དྲང་བདེན་ཐོག་རྒྱབ་སྐྱོར་བླ་མེད་གནང་ཡོད་སྐོར་སོགས་གསུངས་འདུག ལྷག་དོན་སྲིད་སྐྱོང་མཆོག་གིས་ང་ཚོ་བོད་མི་རྣམས་ནས་ལྕམ་སྐུ་མཆོག་གིས་དུས་རྒྱུན་ནས་རྒྱ་ནག་གིས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཁག་གཙོས་པའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་བར་རྒྱབ་སྐྱོར་ཤུགས་ཆེར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག་ཏུ་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་དོན་ལྟར་དེ་མཚུངས་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་འདུག

Latest news