Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བོད་རིགས་དཔོན་རིགས་ཤིག་དམར་ཤོག་གི་ལས་གནས་ལས་གནས་དབྱུང་བཏང་འདུག

དེ་ཡང་ཟླ་འདིའི་ཚེས་ ༧ ཉིན་རྒྱ་ནག་གི་ Huan Xu Wang ཞེས་པའི་དྲ་གནས་སྟེང་གནས་ཚུལ་འཁོད་པ་ལྟར་ན། བོད་རིགས་བློ་བཟང་ཚེ་རིང་ཞེས་པའི་དམར་ཤོག་སྲིད་གཞུང་གི་ལས་བྱེད་ཅིག་གིས་དམར་ཤོག་སྲིད་གཞུང་ལ་ཡིད་ཆེས་དང་ལྷག་བསམ་ཉམས་པ། དེ་བཞིན་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པས་དམར་ཤོག་སྲིད་གཞུང་གི་ལས་གནས་ལས་གནས་དབྱུང་བཏང་ཡོད་ལུགས་འཁོད་འདུག

གོ་ལའི་ཚ་དྲོད་ཀྱི་འགན་འཁུར་ཐད་ངའི་ཆོད་སེམས་ལ་འགྱུར་བ་མེད་ལ་ཁྱེད་ཚོས་ཀྱང་དེའི་ཐོག་དགོངས་པ་བཞེས་དགོས།

དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་རྒྱ་གར་གྱི་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་ Greta Thunberg ལགས་གཙོས་པའི་ཚན་རིག་པ་ཁག་ཅིག་དང་ལྷན་The Crisis of Climate Feedback Loops ཞེས་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་པ་དང་སྦྲགས། ༸གོང་ས་མཆོག་གིས་སྐུ་ཚེ་ལྷག་འཕྲོ་དེའི་རིང་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་མུ་མཐུད་ཐུགས་འགན་བཞེས་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བཀའ་ནན་མཛད་པ་མ་ཟད། ༸མགོན་པོ་གང་ཉིད་ཀྱི་རྗེས་སུ་Greta Thunberg ལགས་ལྟ་བུའི་གཞོན་སྐྱེས་གཙོས་པའི་གཞན་ཚང་མས་དེའི་ཐོག་དགོངས་པ་ངེས་བཞེས་དགོས་སྐོར་བཀའ་བསྩལ་སོང་། སེམས་དང་སྲོག་གི་བསྟི་གནས་ཁང་གི་གོ་སྒྲིག་ཞུས་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Greta Thunberg ལགས་དང་། ཕྱི་ལོ་ ༢༠༠༧ ལོའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ William Moomaw ལགས་དང་། དེ་བཞིན་ཨར་ཊིཀ་གླིང་ཁུལ་གྱི་ཚན་རིག་པ་གྲགས་ཅན་ Susan Natali བཅས་དང་ལྷན་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་བགྲེ་གླེང་མཛད་པ་དང་སྦྲགས། སྐབས་དེར་༸གོང་ས་མཆོག་གིས་ང་ཚོའི་འགྲོ་བ་མི་རྣམས་ནས་རང་ཉིད་ཀྱི་འཚོ་བ་དང་འབྲེལ་གནས་སྟངས་མང་དག་ཅིག་ཡིན་ཤག་ཤག་རྩིས་གནང་གི་ཡོད་ཀྱང་། ད་ཆ་འཛམ་གླིང་སྤྱིར་གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་གནས་སྟངས་འདིའི་འོག་ངོ་ཚོའི་འཚོ་བ་སྐྱེལ་སྟངས་ཐད་དགོངས་པ་བཞེས་དགོས་སྐོར་བཀའ་སྩལ་སོང་། ལྷག་པར་དུ་གཞོན་སྐྱེས་འགོ་ཁྲིད་ Greta ལགས་ལྟ་བུས་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་དགོས་པ་བཀའ་སྩལ་སོང་། དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས་འཛམ་བུ་གླིང་གི་དཀའ་རྙོག་རྣམས་མིའི་བཟོས་པ་ཡིན་པ་དང་ཆབས་ཅིག་ང་ཚོར་སྐུ་ངལ་ཇི་འདྲ་འཕྲད་ཚེ་སོ་སོའི་དད་པ་གནང་ཡུལ་གྱི་ལྷར་སྨོན་ལམ་འདེབས་ཀྱིན་བཞུགས་ན་དཀའ་རྙོག་སེལ་རྒྱུ་མིན་སྟབས། ང་ཚོའི་ཐུགས་ཁུར་བཞེས་པའི་ཐོག་ནས་དཀའ་རྙོག་རིགས་སེལ་ཐབས་སུ་ལས་དོན་གནང་དགོས་སྐོར་བཀའ་སྩལ་སོང་། ༸གང་ཉིད་མཆོག་གིས་ད་དུང་། གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གི་གནས་སྟངས་ཐད་དགོངས་པ་བཞེས་རྒྱུ་དང་དེ་འབྲེལ་ཐད་བྱ་བ་བསྒྲུབ་རྒྱུ་ནི་ཚང་མའི་འགན་ཡིན་པ་དང་འབྲེལ། ༸མགོན་པོ་མཆོག་གི་སྐུ་ངོས་ནས་ཀྱང་སྐུ་ཚེ་ལྷག་འཕྲོ་དེའི་རིང་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐད་མུ་མཐུད་ཐུགས་འགན་བཞེས་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བཀའ་ནན་མཛད་པ་མ་ཟད། Greta Thunberg ལགས་ལྟ་བུའི་གཞོན་སྐྱེས་གཙོས་པའི་ཚང་མས་དེའི་ཐོག་དགོངས་པ་ངེས་བཞེས་དགོས་སྐོར་བཀའ་སྩལ་སོང་།ད་རེས་ཀྱི་བགྲོ་གླེང་ཐོག་མར་༸གོང་ས་མཆོག་གིས་ Greta ལགས་ཀྱི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་དང་སྦྲགས། དེང་དུས་ཀྱི་གཞོན་སྐྱེས་ནས་འཛམ་གླིང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ལ་ཐུགས་སྣང་བཞེས་ཕྱོགས་དེས་རེ་བ་གསར་པ་ཞིག་སྤྲད་ཡོད་པ་དང་། སྤྱིར་སྐྱེ་འགྲོ་སྤྱི་བདེ་བ་འདོད་པ་ཞིག་དང་སྡུག་བསྔལ་མི་འདོད་པ་ཡིན་ཡང་ད་ཆ་འཛམ་གླིང་ནང་དཀའ་ངལ་སྣ་མང་འཕྲད་པ་རྣམས་ནི་མིས་བཟོས་པ་ཡིན་སྟབས། ད་ཆ་ང་ཚོའི་དེ་སྔ་བཞིན་ང་ཚོ་དང་ཁོང་ཚོ་ཟེར་ནས་བློ་ཆུང་གི་བསམ་བློ་དོར་ནས་སྐྱེ་འགྲོ་སྤྱི་ཡོངས་སླད་དགོངས་པ་བཞེས་དགོས་པའི་དུས་ལ་བབ་ཡོད་སྐོར་བཀའ་སྩལ་སོང་། གཞན་ཡང་བགྲོ་གླེང་དེའི་ཐོག་ Greta ལགས་ཀྱིས་༸གོང་ས་མཆོག་དང་ཁོ་མོ་དགུང་ནའི་བབས་ཀྱི་ཆ་ནས་ཁྱད་པར་ཡོད་ཀྱང་གོ་ལའི་ཆེས་ཛ་དྲག་གི་གནས་སྟངས་དང་འབྲེལ་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་ཕྱོགས་ཀྱི་དམིགས་ཡུལ་ནི་གཅིག་མཚུངས་ཡིན་པས། ༸མགོན་པོ་མཆོག་གིས་དུས་ཀུན་ཏུ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ཁོར་ཡུག་གི་གནད་དོན་ཐད་གླེང་སློང་སོགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་། དེ་བཞིན་མདོ་འཛིན་པས་ Greta ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུའི་ཐོག་གོ་ལའི་ཛ་དྲག་གི་གནས་སྟངས་ཐད་ཚོར་ཤུགས་དྲག་པོའི་གཏམ་བཤད་གནང་ཡོད་པ་དང་གཏམ་བཤད་དེ་གནང་དགོས་པའི་གལ་གནད་སྐོར་དྲིས་སྐབས། ཁོང་གིས་མི་མང་པོ་ཞིག་གིས་གོ་ལའི་ཁོར་ཡུག་གི་གནད་དོན་མང་དག་ཅིག་གི་ཐད་གོ་རྟོགས་མེད་པ་དང་། ལྷག་པར་དུ་འཛམ་གླིང་ནང་དཀའ་ངལ་ཅི་རིགས་འཕྲད་ཚེ་ང་ཚོས་སྣང་མེད་བཏང་བ་མ་ཟད། རང་བྱུང་ཁོར་ཡུག་ལ་གུས་བརྩི་གནང་གི་མི་འདུག་ཅེས་གསུངས་སོང་། བགྲོ་གླེང་དེའི་ཐོག་གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་དྲོད་ཀྱིས་ངན་འབྲས་དང་། དཀའ་ངལ་དེ་བཞིན་དེ་དག་སེལ་ཐབས་སོགས་ཀྱི་སྐོར་གློག་བརྙན་གསུམ་སྤྱན་འབུལ་ཞུས་པ་དང་། སྐུ་ཞབས་ William Moomaw ལགས་དང་། ཚན་རིག་པ་ Susan Natali ལགས་བཅས་རྣམ་གཉིས་ནས་དེ་འབྲེལ་ཐད་འགྲེལ་བརྗོད་དང་སྦྲགས། ད་ཆ་གནམ་གཤིས་འགྱུར་ལྡོག་རྐྱེན་པས་ཨར་ཀྲིཀ་ས་ཁུལ་ལ་ཚ་དྲོད་འཕར་ཚད་དེ་ལྡབ་གཉིས་ཙག་འགྲོ་བཞིན་པ་མ་ཟད། བོད་ཁུལ་ལྟ་བུའི་ནང་དུའང་འཁྱགས་རོམ་མྱུར་པོ་ཞུ་བཞིན་པར་བརྟེན་ཁོར་ཡུག་ལ་གནོད་འཚེ་སོགས་ཡོང་བཞིན་པས། གང་ལྟར་ང་ཚོས་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་དང་དེ་མྱུར་སྐྱོབ་གནང་རྒྱུའི་ཐབས་ལམ་ཤེས་དགོས་པ་ནི་གལ་ཆེ་ཡིན་སྐོར་གསུངས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་མཛད་རྒྱུ་དེ་ནི་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཁོངས་ནས་གཅིག་ཆགས་ཀྱི་ཡོད་པ་མ་ཟད། ༸གང་ཉིད་མཆོག་གིས་དུས་ཀུན་འཛམ་བུ་གླིང་སྤྱི་དང་བྱེ་བྲག་བོད་ཀྱི་ཛ་དྲག་གི་ཁོར་ཡུག་གི་གནས་བབ་སྐོར་གླེང་སློང་དང་སྦྲགས། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་ཚང་མས་འགན་བཞེས་དགོས་པའི་སྐོར་བཀའ་ཡང་ཡང་ཕེབས་ཀྱི་ཡོད་པ་རེད། ལྷག་པར་དུ་༸མགོན་པོ་གང་ཉིད་མཆོག་གིས་ཉེ་ལམ་འཇར་མན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གསར་འགོད་པ་སྐུ་ཞབས་ Franz Alt ལགས་དང་ལྷན་དུ་ Our only home འམ་ང་ཚོའི་ཁྱིམ་གཞི་ཁོ་ན་ཉིད་ཅེས་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་འཛམ་གླིང་ཡོངས་ལ་ཞེན་སྐུལ་གྱི་ཕྱག་དེབ་ལྗགས་རྩོམ་མཛད་ཡོད་པ་རེད།

རྒྱ་ནག་གི་ཡ་ལན་ལས་བོད་མིའི་མང་གཙོའི་ནུས་བ་ཕྱིར་མངོན་པར་གསུངས་སོང་།

ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་ཁྱད་གསོད་དང་སྦྲགས་འོས་བསྡུའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་འདྲ་ཞིན་ཐོན་ཡང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ངོས་ནས་རྒྱ་ནག་གཞུང་གིས་གང་བཤད་པ་དེ་ལས། ༸གོང་ས་མཆོག་གིས་བོད་མིར་གསོལ་སྩལ་གནང་བའི་མང་གཙོར་ནུས་པ་ཇི་ཙམ་ཡོད་པ་གསལ་སྟོན་བྱེད་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།དེའང་ཟླ་བ་འདིའི་ཚེས་ ༡ ནས་གསུམ་བར་རྒྱལ་སྤྱིའི་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་ཆ་ཤས་བླངས་བའི་ཁྲོད། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Global Times གི་དྲ་གནས་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་སྲིད་སྐྱོང་ཞེས་པ་དེ་ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་གྱི་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པ་དང་། སྲིད་སྐྱོང་ཞེས་པ་དེ་ཐོག་མར་ ༢༠༡༡ ལོར་འདེམས་སྒྲུག་བྱས་ཡོད་ཀྱང་། དོན་ངོ་མར་དབང་ཚད་ཆ་ཚང་ད་ལྟ་ཡང་༸གོང་ས་མཆོག་དང་ཁོང་གི་ཉེ་འཁོར་གྱི་མི་སྣ་ཁག་ཅིག་ལ་ཡོད་སྐོར་བཤད་པ་མ་ཟད། བདམས་ཐོན་བྱུང་བའི་སྲིད་སྐྱོང་ཞེས་པ་དེས་ ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་སྐོར་བརྗོད་ཡོད་པ་རེད། དེ་རིང་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་གནད་དོན་དེའི་སྐོར་བཀའ་དྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་བོད་དང་འབྲེལ་བའི་གྲུབ་འབྲས་ལེགས་པོ་ཞིག་སྨིན་པ་ཡིན་ན་རྒྱ་ནག་གིས་དུས་རྒྱུན་ནས་གནད་དོན་དེའི་ལྡོག་ཕྱོགས་ནས་བྱ་བ་རྩོམ་གྱི་ཡོད་པ་ལུང་འདྲེན་དང་འབྲེལ།  བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བརྒྱུད་རྒྱ་ནག་གཞུང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་དེ་ནས། ༸གོང་ས་མཆོག་གིས་བོད་མིར་བསྩལ་བའི་མང་གཙོར་ནུས་པ་ཇི་ཙམ་ཡོད་པ་གསལ་པོ་བསྟན་ཡོད་སྐོར་གསུངས་བ་མ་ཟད་། ཨ་རིའི་གཞུང་གིས་ཉེ་ལམ་ཁྲིམས་སུ་བཅས་པའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་འགྲེལ་བརྗོད་ནན་པོ་སྐྱོན་ཡོད་པ་དེར་རྒྱལ་སྤྱིའི་ཁྱོན་ནས་ཐུགས་སྣང་ཆེན་པོ་གནང་བ་དང་བཅས། སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཁ་ཕྱོགས་དེ་བོད་མིའི་མངོན་འདོད་ཀྱི་ཕྱོགས་སུ་གྱུར་ཡོད་སྟབས། རྒྱ་ནག་ངོས་ནས་འདི་ལྟ་བུའི་གཏམ་བཤད་མི་བྱེད་ཀ་མེད་ཡིན་པའི་འགྲེལ་བརྗོད་གནང་སོང་། རྩ་བའི་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ བའི་ཐོག  གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཟུང་དྲུང་ཡན་གྱི་ལས་བྱེད་ཚང་འཛོགས་ཀྱི་ཐོག   སྲིད་སྐྱོང་མཆོག་གིས་ཉེ་ལམ་ཕྱི་ ༡༢ བའི་ཚེས་༢༧ ཉིན་ཨ་རིའི་སྲིད་འཛིན་གྱིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་བར་དགའ་བསུ་ཞུས་པ་དང་ལྷན་དུ།  ཁྲིམས་འཆར་དེ་གཏན་འབེབས་གནང་བར་ཕྱག་རོགས་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་བསམ་པར་ཕྱི་ལོག་ནས་བོད་དོན་དང་འབྲེལ་བའི་སྲིད་དོན་གྱི་འགྱུར་བ་འགྲོ་སྐབས་བོད་ནང་དུ་མི་མང་སྒེར་ལངས་སོགས་ཡོང་སྲིད་པར་སྙམ་ནས་རྒྱ་ནག་གིས་ཟླ་བ་ ༣ པ་མ་རྫོགས་བར་དུ་བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ལས་འགུལ་ཡང་འདྲ་མིན་ཞིག་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་ཡང་གསུངས་སོང་། རྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་གཅོད་རྒྱུ་དང་། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་སོགས་ཀྱི་གལ་ཆེའི་གནད་དོན་ཁག་གཅིག་འཁོད་ཡོད་པ་རེད།

ཨ་རིའི་ཟིང་འཁྲུག་ཁྲོད་བོད་ཀྱི་རྒྱལ་དར་བསྣམས་ཏེ་མཉམ་ཞུགས་གནང་བར་བློ་འཚབ་གནང་དགོས་པ་ཞིག་ཆགས་ཡོད།

ཁ་སྔོན་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་གྲངས་བཤེར་གནང་སྟེ་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་དང་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ Joe Biden མཆོག་ལ་རྒྱལ་ཁ་ཐོབ་པའི་ངེས་གཏན་གྱི་གསལ་བསྒྲགས་ཁྲོད་འཁྱུར་ ཉེ་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་རྒྱབ་སྐྱོར་བ་རྣམས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་ལྟར་དེའི་ཁྲོད་མི་རེ་ཟུང་གིས་བོད་ཀྱི་རྒྱལ་དར་བསྣམས་ནས་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་སྟབས། ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དེ་ནི་བློ་ཚབ་གནང་ཡུལ་ཞིག་ཏུ་གྱུར་ཡོད་པར་གསུངས་སོང་།  སྲིད་འཛིན་སྐུ་ཞབས་ Trump མཆོག་གི་རྒྱབ་སྐྱོར་བ་རྣམས་ནས་གྲོས་ཚོགས་ཀྱི་སྒེའུ་ཁུང་བཅག་ནས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་རྒོལ་མཆོང་བྱས་ཡོད་པ་དང་། ཟིང་འཁྲུག་དེའི་ཁྲོད་མི་བཞི་རྐྱེན་འདས་སུ་གྱུར་བར་མ་ཟད་མི་གྲངས་ ༦༨ ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་རེད།  ལྷག་པར་དུ་གྲོས་ཚོགས་ཀྱི་མདུན་དུ་ Trump ཡི་རྒྱབ་སྐྱོར་བ་རྣམས་ཀྱིས་ཨ་རིའི་རྒྱལ་དར་སོགས་འཁྱེར་ནས་ངོ་རྒོལ་བྱེད་བཞིན་པའི་སྐབས་དེར་མི་རེ་ཟུང་ཞིག་གིས་བོད་ཀྱི་རྒྱལ་དར་འཁྱེར་ཏེ་ལས་འགུལ་ནང་དངོས་སུ་མཉམ་ཞུགས་བྱེད་བཞིན་པའི་འདྲ་པར་སྤྱི་ཚོགས་དྲ་ལམ་ནང་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་འདུག གནད་དོན་དེའི་ཐད་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་ཟིང་འཁྲུག་ཁྲོད་ཁག་ཅིག་གིས་བོད་ཆས་གྱོན་ནས་བོད་ཀྱི་རྒྱལ་དར་བསྣམས་པ་མཇལ་རྒྱུ་ཡོད་པ་དེ་ནི་བློ་འཚབ་གནང་གཞི་ལས་མ་འདས་པ་དང་། སྤྱིར་ཁོང་རྣམས་བོད་པ་ཡིན་མིན་ཞུ་ཚོད་དཀའ་ནའང་སྤྱི་ཚོགས་དྲ་རྒྱའི་ཐོག་དེ་འབྲེལ་འདྲ་པར་སོགས་ཁྱབ་གདལ་འགྲོ་བཞིན་པར་བརྟེན་དེའི་ཐད་ཐུགས་གཟབ་གནང་དགོས་སྐོར་གསུངས་སོང་། ལྷག་པར་དུ་བོད་དོན་གྱི་འཐབ་རྩོད་འཚོ་བཞུགས་རིང་དུས་དང་རྣམ་པ་ཀུན་ཏུ་གཞུང་འཛིན་དང་ཆབ་སྲིད་ཚོགས་པ་ཚང་མའི་ངོས་ནས་རྒྱབ་སྐྱོར་དགོས་པ་དང་སྒོས་ཨ་རིའི་མི་སེར་ཡིན་ན་ཆབ་སྲིད་ཀྱི་ལས་འགུལ་སོགས་ནང་མཉམ་ཞུགས་གནང་ཆོག་གི་ཡོད་ཀྱང་། དེ་དག་སོ་སོ་སྒེར་གྱི་ངོས་ནས་གནང་དགོས་པ་ལས་བོད་ཀྱི་རྒྱལ་དར་དང་བོད་མིའི་སྤྱིའི་མིང་འཁྱེར་ནས་ཟིང་འཁྲུག་འདི་རིགས་ལ་མཉམ་ཞུགས་གནང་བ་དེའི་ཐོག་ནས་ཤུགས་རྐྱེན་གཞན་ཞིག་ལ་ཐེབས་ཉེན་ཡོད་སྟབས། དེ་འབྲེལ་ཐད་སྒེར་སོ་སོ་ནས་ཡིད་གཟབ་གནང་དགོས་སྐོར་གསུངས་ཡོད། ད་དུང་ཁོང་གིས་ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་དང་གཞུང་འཛིན་གྱིས་ད་བར་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ནས་ཚོགས་པ་གང་འདྲ་ཞིག་གི་གཞུང་འཛིན་གནང་མིན་ལ་མ་ལྟོས་པར་སྤྱི་ཡོངས་དང་ལྷན་མཛའ་གྲོགས་གནང་གི་ཡོད་སྟབས་ང་ཚོས་ཀྱང་དེ་ལྟར་གནང་དགོས་གལ་ཡིན་པར་འབོད་སྐུལ་གནང་སོང་།དེ་དོན་སྤྱི་ཚོགས་དྲ་ལམ་ཐོག་བོད་མི་ཁག་ཅིག་གིས་སྤྱིར་ལས་འགུལ་ནང་མཉམ་ཞུགས་གནང་དང་མི་གནང་སོ་སོའི་འདོད་མོས་ཡིན་ཀྱང་། ཟིང་འཁྲུག་འདིའི་ཁྲོད་བོད་ཀྱི་རྒྱལ་དར་བསྣམས་པ་ནི་ནོར་ཡིན་པ་དང་། ལ་ལས་རྒྱལ་དར་བསྣམས་མཁན་དེ་དག་བོད་མི་ཡིན་པར་ཐེ་ཚོམ་གནང་མཁན་དང་། དེ་བཞིན་མི་དེ་དག་གིས་བོད་མི་སྤྱི་ཡོངས་ཀྱི་སྐུ་ཚབ་མཚོན་གྱི་མ་རེད་ཅེས་སྐྱོན་བརྗོད་ཀྱིས་མཆན་བཀོད་གནང་འདུག་པ་དེ་ལྟར་ཡང་། ཁག་ཅིག་གིས་ལྟ་བ་དང་ལངས་ཕྱོགས་མ་འདྲ་བ་ཡོད་པ་དེ་དག་ལ་གུས་བརྩི་གནང་དགོས་ཀྱི་རེད་ཅེས་བརྗོད་མཁན་ཡང་འདུག བོད་མི་གཞན་ཁག་ཅིག་གིས་མི་དེ་དག་སུ་ཡིན་མིན་རྩད་གཅོད་ནན་པོ་གནང་དགོས་ཀྱི་རེད་ཅེས་བརྗོད་ཀྱི་འདུག་པར་མ་ཟད། བོད་མི་དེ་དག་གིས་འདུ་འཛོམས་ནང་མཉམ་ཞུགས་གནང་བ་ལས་ཟིང་འཁྲུག་ནང་ཆ་ཤས་ལེན་མེད་པས་དག་སེལ་གནང་མཁན་ཡང་བྱུང་འདུག  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་བར་ཨ་རིའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་གཉིས་ཀས་བོད་དོན་སླད་རྒྱབ་སྐྱོར་གནང་བར་མ་ཟད། ང་ཚོའི་གཅིག་ལ་རྒྱབ་སྐྱོར་དང་གཞན་ལ་སྐྱོན་བརྗོད་ཀྱི་གནང་ཕྱོགས་དེ་མཚམས་འཇོག་གནང་དགོས་པ་དང་ལྷག་པར་དུ་ལས་འགུལ་འདི་རིགས་ལ་བོད་ཀྱི་རྒྱལ་དར་བསྣམས་རྒྱུ་སོགས་ཀྱི་བྱ་སྤྱོད་ལ་ཡིད་གཟབ་དང་དགོངས་བཞེས་གནང་གལ་སྐོར་གསུངས་སོང་། གཞི་རྩའི་སྲིད་འཛིན་ Trump མཆོག་གིས་ཨ་རིའི་འོས་བསྡུ་ཆེན་མོ་ཟིན་མ་ཐག་འོས་བསྡུ་དེ་དྲང་བདེན་བྱུང་མེད་སྐོར་བརྗོད་ཡོད་ཀྱང་། ཁ་སྔོན་གྱི་ཟིང་འཁྲུག་རྗེས་ཁོང་གིས་སྲིད་འཛིན་གྱི་འོས་བསྡུ་ལས་ཕམ་ཉེས་བྱུང་བར་ངོས་ལེན་དང་སྦྲགས། Twitter དྲ་ལམ་ཐོག་བརྙན་ཐུང་བརྒྱུད་རེས་གཟའ་ལྷག་པའི་ཉིན་བྱུང་བའི་ཟིང་འཁྲུག་ལ་སྐྱོན་བརྗོད་དང་འབྲེལ།  ཨ་རི་ནི་ཁྲིམས་ལུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་སླད་མར་ཡང་དེ་ལྟར་གནས་རྒྱུ་ཡིན་སྟབས། ད་རེས་གྲོས་ཚོགས་ནང་སིམ་འཛུལ་བྱེད་མཁན་ཚོས་ཨ་རིའི་རྒྱལ་ཁབ་ཀྱི་སྐུ་ཚབ་མཚོན་གྱི་མེད་སྐོར་གསུངས་པ་དང་ཆབས་ཅིག  ད་ལན་གྱི་ངོ་རྒོལ་བརྒྱུད་ཁྲིམས་འགལ་གྱི་བྱ་བར་ཞུགས་མཁན་ཚོར་ངེས་པར་དུ་ཉེས་ཆད་ཕོག་རྒྱུ་ཡིན་པ་གསུངས་འདུག

སྲིད་སྐྱོང་གི་སྔོན་འགྲོའི་འོས་མིར་ཨང་དང་པོ་སྤེན་པ་ཚེ་རིང་ལགས་དང་གཉིས་པར་སྐལ་རྡོར་ལགས་དང་རྒྱ་རི་སྒྲོལ་མ་ལགས་དབར་འགྲན་རྩོད།

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་ཕྱི་ཚེས་ ༣ ཉིན་ལེགས་གྲུབ་དང་བསྟུན། ས་གནས་འོས་བསྡུ་ལས་ཁང་རྣམས་ཀྱིས་སྒེར་སོ་སོའི་གྲངས་བཤེར་ལེགས་གྲུབ་གནང་རྗེས་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་གྲུབ་འབྲས་གསལ་བསྒྲགས་གནང་ཁག་ལ་གཞིགས་ཚེ། སྲིད་སྐྱོང་འོས་གཞིར་བཞེངས་མཁན་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཨང་དང་པོ་དང་། ཨང་གཉིས་པར་ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་རྣམ་གཉིས་དབར་འགྲན་རྩོད་ཆེས་ཆེར་འགྲོ་བཞིན་འདུགད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྔོན་འགྲོའི་འོས་བསྡུའི་མཐའ་མའི་གྲུབ་འབྲས་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། བཙན་བྱོལ་བོད་མིའི་གནས་ཡུལ་ཆེ་ཁག་བྱང་ཨ་མི་རི་ཀ་དང་ཡུ་རོབ། རྒྱ་གར་གྱི་བྱང་ཕྱོགས་དྷརྨ་ས་ལ་དང་། ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་། སྦེལ་ཀོབ་བདེ་སླར་དང་ལུགས་བསམ་སོགས་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་ས་གནས་མང་དག་ཅིག་ནས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་རིམ་པས་འཐོན་བཞིན་ཡོད་པ་རེད། བོད་པའི་གསར་ལམ་ཁག་ཅིག་གིས་དེ་འབྲེལ་འོས་བསྡུའི་གྲུབ་འབྲས་ཐོན་རིམ་བཞིན་གྲངས་བཤེར་ཕྱོགས་སྒྲིག་གནང་འགོ་ཚུགས་ཡོད་པར་བརྟེན། བོད་མི་རྣམས་ནས་དེར་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པར་མ་ཟད་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་དོ་བདག་ཁག་ཅིག་གིས་འོས་བསྡུའི་འགྲན་རྩོད་ལས་ཕམ་པར་ངོས་བཞེས་ཀྱིས་རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་ལ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུང་མཁན་ཡང་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་གི་སྔོན་འགྲོའི་འོས་གྲངས་རྣམས་འབྱོར་རིམ་བཞིན་ཁ་སྣོན་གནང་སྟེ་སྤེལ་བར་གཞིགས་ན། ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུ་དེ་རིང་ཉིན་རྒྱབ་བར་འོས་གྲངས་ ༢༢༢༤༤ དང་། དོན་ཟུར་སྐུ་ཞབས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་ ༡༢༦༦༣ བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་ ༡༢༢༢༥ བཅས་ཁོང་རྣམ་པ་གཉིས་དབར་ཨང་གཉིས་པའི་སླད་འགྲན་རྩོད་ཆེས་ཆེར་འགྲོ་བཞིན་འདུག བོད་ཀྱི་ཉི་མ་འམ་ Tibetsun གསར་ཁང་གིས་ཀྱང་སྔོན་འགྲོའི་འོས་མིར་ཨང་རིམ་རྩེ་སོན་དེ་ཚོགས་ཟུར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཡིན་པ་དང་དེ་རིང་ཉིན་རྒྱབ་བར་ཁོང་ལ་འོས་གྲངས། ༢༡༥༨༡ དང་། དབུ་ཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་ ༡༢༩༤༦ རྒྱ་རི་སྒྲོལ་མ་ལགས་ལ་ ༡༢༦༩༧ བཅས་བཀོད་འདུག སྤྱི་ཡོངས་ནས་གསར་ཁང་ཚང་མས་སྲིད་སྐྱོང་གི་འོས་གཞིར་བཞེངས་མཁན་རྣམ་པའི་འོས་གྲངས་ལ་ཁྱད་པར་མ་གཏོགས་གོ་རིམ་གཅིག་མཚུངས་བཀོད་ཡོད་པ་དང་། ཁོང་རྣམ་པ་གསུམ་གྱི་རྗེས་ཨང་བཞི་པར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་ཨང་ལྔ་པར་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ཨང་དྲུག་པར་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་དེ་རྗེས་བཀྲ་ཤིས་སྟོབས་རྒྱལ་ལགས་བཅས་བཀོད་འདུག གཞི་རྩའི་བྱང་ཨ་མི་རི་ཀ་དང་། ཡུ་རོབ། Australasia དེ་བཞིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། བཞུགས་སྒར་དྷརྨ་ས་ལ། གཞན་ཡང་ལྷོ་ཕྱོགས་མོན་གྷོ་འདོད་རྒ་གླིང་དང་། སྦེལ་ཀོབ་གཞིས་ཆགས་གསར་རྙིང་སོགས་བོད་མིའི་གནས་ཡུལ་ས་ཁུལ་ཆེ་ཁག་ཚང་མར་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཨང་དང་པོ་ཐོབ་ཡོད་པ་མ་ཟད། བྱང་ཨ་རིའི་ཁུལ་གྱི་ས་གནས་འོས་བསྡུ་ལས་ཁང་གིས་གཞུང་འབྲེལ་ཐོག་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་གྲུབ་འབྲས་གསལ་སྒྲགས་སྔོན་སོང་ལྟར། ད་ཆ་བྱང་ཨ་རིའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་དམིགས་ཁོངས་སུ་ཨང་དང་པོ་སྒོ་ཕྲུག་སྐལ་བཟང་ཕུན་ཚོགས་ལ་འོས་གྲངས། ༢༩༢༡ དང་གཉིས་པར་ཚེ་བརྟན་ཕུན་ཚོགས་ལ་འོས་གྲངས། ༢༣༤༧ གསུམ་པར་བསྟན་འཛིན་འཇིགས་མེད་ལ་འོས་གྲངས། ༢༢༣༥ བཞིན་པར་དོན་གྲུབ་ཚེ་རིང་ལ་འོས་གྲངས། ༡༩༦༦ ལྔ་པར་པདྨ་ཕྱག་མཛོན་ཚང་ལ་འོས་གྲངས། ༡༧༢༢ དྲུག་པར་བསོད་ནསམ་གླང་དཀར་ལ་འོས་གྲངས། ༡༦༨༨ བཅས་བཅས་བཀོད་འདུག སྤྱིར་བཙན་བྱོལ་བོད་མའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་དོན་ལྟར་ན། འོས་བསྡུའི་རྗེས་འོས་སྒམ་ལ་རྟགས་ཐེལ་རྒྱག་པའི་སྐབས་ས་གནས་འོས་བསྡུ་ལས་ཁང་དུ་འགན་འཛིན་དང༌འགན་འཛིན་ལས་རོགས། ཟུར་དཔང་གི་གསུམ་ཆ་གཉིས་ངེས་པར་དུ་འཛོམས་དགོས་པ་དང་། བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་དེ་ཡོངས་སུ་གྲུབ་ཟིན་པའི་རྗེས་ཀྱི་ཕྱག་ཚོད་ཉི་ཤུ་རྩ་བཞིའི་རྗེས། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་  ༡ ཚེས་ ༥ ནས་ཕྱི་ཚེས་ ༡༡ བར་ཉིན་གྲངས་ ༧ རིང་འོས་ཤོག་གྲངས་བཤེར་གནང་རྒྱུའི་དུས་ཚོད་བཞག་ཡོད་པ་རེད། དབུས་འོས་བསྡུ་ལས་ཁང་གིས་དེ་རྗེས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༢ ཚེས་ ༠༨ ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་གཞིའི་གསལ་བསྒྲགས་དང་། ཕྱི་ཟླ་ ༣ ཚེས་ ༢༡ ཉིན་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།

སེམས་བསྐྱེད་ཀྱི་སྡོམ་པ་འབོག་མཛད་དེ་ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ།

སེམས་བསྐྱེད་ཀྱི་སྡོམ་པ་འབོག་མཛད་དེ་ཉིན་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ལ་བསྐྱོད་རྒྱུར་བཀག་སྡོམ།

འདི་ལོའི་ཕྱི་ཟླ་ ༡ ནང་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུག་ཀྱིས་དེ་སྔ་ཆེད་འཛུགས་བྱས་པའི་རང་དབང་ཅན་གྱི་ཏོག་དབྱིབས་ནད་ཡམས་འབྱུང་ཁུངས་གང་ཡིན་རྩད་གཅོད་སླད་དུ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་ཁག་གཉན་རིམས་ཐོག་མར་མཆེད་ཡུལ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་དུ་བསྐྱོད་རྒྱུར་ཐག་གཅོད་གནང་ཡོད་ཀྱང་། ཉེ་ཆར་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་ཁག་རྒྱ་ནག་ཏུ་བསྐྱོད་རྒྱུར་གྲ་སྒྲིག་གནང་དོན་ལྟར་རྒྱ་གཞུང་གི་ངོས་ནས་དེ་དག་ལ་བཀག་སྡོམ་གྱིས་མཐོང་མཆན་ཕུལ་མེད་པ་རེད།ལོ་སྔོན་མའི་ཕྱི་ཟླ་ ༥ པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཐེངས་ ༧༣ ཐོག་ཨོ་སི་ཊོ་ལིཡ་དང་ཡོ་རོབ་སྤྱི་མཐུན་ཚོགས་པ་གཙོས་རྒྱལ་ཁབ་ ༡༡༦ ལྷག་ནས་ཏོག་དབྱིབས་རིམས་ནད་ཀྱི་གཉན་སྲིན་ཐོག་མར་མཆེད་ས་གང་ཡིན་ཐད་རང་དབང་ཅན་གྱི་ཞིབ་འཇུག་སྡེ་ཚན་ཞིག་རྒྱ་ནག་ཏུ་བརྫང་རྒྱུའི་རེ་འདུན་ཆེད་བཏོན་གྱིས་ཚོགས་མི་རྒྱལ་ཁབ་ཁག་ནས་ངོ་རྒོལ་གང་ཡང་མེད་པར་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་རྒྱ་ནག་ཕེབས་རྒྱུར་ཐག་གཅོད་བྱུང་ཡོད་པ་མ་ཟད། ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་ཁག་འདི་ལོའི་ཕྱི་ཟླ་ ༡ ནང་དུ་གཉན་རིམས་ཐོག་མར་མཆེད་ཡུལ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་དུ་བསྐྱོད་རྒྱུ་ཡིན་སྐོར་ཉེ་ལམ་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད། འོན་ཀྱང་ཟླ་ ༡ ཚེས་ ༥ ཉིན་སུད་སི་ཇི་ནི་ཝའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་བདུན་རེའི་ཏོག་དབྱིབས་ནད་ཡམས་ཀྱི་གསར་འགོད་ལྷན་ཚོགས་ཐོག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ངེས་སྟོན་པ་ Dr Tedros Adhanom Ghebreyesus ལགས་འདས་པའི་ཚོུད་༢༤ ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་གནང་མཁན་རྒྱལ་སྤྱིའི་ཚན་རིག་ཁྱད་ལས་པ་ཁག་རྒྱ་ནག་གྱི་གྲོང་ཁྱེར་ཝུ་ཧན་དུ་བསྐྱོར་རྒྱུར་ཐག་གཅོད་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་རྣམ་པར་རྒྱ་ནག་ཏུ་འཛུལ་རྒྱུར་མཐོང་མཆན་སྤྲད་མེད་པ་རེད། དེས་ན་ད་ཆ་ཁོང་རྣམས་རྒྱ་ནག་ཏུ་བསྐྱོད་ཐབས་བྲལ་བར་བརྟེན་གནས་ཚུལ་དེ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན་པར་བརྗོད་འདུགདེ་བཞིན་ཁོང་གིས་མུ་མཐུད་གསུངས་པར་ངའི་ངོས་ནས་གནད་དོན་དེའི་ཐོག་རྒྱ་ནག་གཞུང་གི་འགོ་ཁྲིད་མཐོ་གྲས་ཚོ་དང་འབྲེལ་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་རྒྱ་ནག་ནང་དུ་ནད་ཡམས་ཞིབ་འཇུག་ཆེད་བསྐྱོད་རྒྱུའི་ལས་འཆར་འདི་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་གཙོ་གྲས་ཤིག་ཡིན་པ་གསལ་པོར་བཟོ་རྒྱུ་ཡིན་ཞེས་ནན་བརྗོད་གནང་སྟེ་རྒྱ་ནག་གཞུང་གི་ངོས་ནས་ཞིབ་འཇུག་གི་ལས་དོན་དེ་གང་མགྱོགས་དབུ་འཛུགས་རྒྱུར་རམ་འདེགས་ཡོང་བའི་རེ་བ་ཡོད་ཅེས་བརྗོད་འདུག ད་རེས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩད་གཅོད་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་དུ་བཏང་མེད་པའི་གནས་ཚུལ་ཐོན་པ་དང་འབྲེལ། དེ་སྔ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཐོག་རྒྱ་ནག་ཐད་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་གནང་རྒྱུར་གྲོས་གཞི་གནང་མཁན་གཙོ་གྲས་རྒྱལ་ཁབ་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ Marise Payn་མཆོག་གིས་ཁ་སང་བརྒྱུད་ལམ་ཐོག་རྒྱ་ནག་གཞུང་གི་ངོས་ནས་ཞིབ་འཇུག་གི་ལས་དོན་ལ་འཐུས་ཤོར་མ་འགྲོ་བར་གང་མགྱོགས་རྒྱ་ནག་ལ་བསྐྱོད་བཅུག་དགོས་ཞེས་ནན་བརྗོད་གནང་འདུག

རྒྱ་གར་གཞུང་གིས་གཉན་རིམས་སྔོན་ཁབ་གནང་རྒྱུར་ཐེ་ཚོམ་མེད་ཅེས་གསུངས་སོང་།  

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༤༡ གནང་ཐོག་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ཏོག་དབྱིབས་གཉེན་རིམས་ཀྱི་སྔོན་ཁབ་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་སྤྱོད་འགོ་ཚུགས་པ་དང་སྦྲགས། རྒྱ་གར་ནང་སྔོན་ཁབ་གྲ་སྒྲིག་གནང་བཞིན་ཡོད་པ་ལྟར་རྒྱ་གར་གཞུང་ནས་ཀྱང་ད་བར་བོད་མིར་མཐུན་འགྱུར་གང་ཐུབ་གནང་བཞིན་ཡོད་སྟབས། རྒྱ་གར་གཞུང་གིས་བོད་མིར་སྔོན་ཁབ་ཀྱི་ཐུན་རྐྱེན་སྦྱོར་གནང་བར་ཐེ་ཚོམ་མེད་ཅེས་གསུངས་པ་དང་འབྲེལ། འཕྲོད་བསྟེན་ལས་ཁུངས་ཀྱིས་ཀྱང་ས་གནས་རྫོང་གི་སྨན་ཁང་ལ་ཟླ་བ་སྔོན་མའི་ཚེས་ ༡༥ ཉིན་སྙན་ཞུ་ཕུལ་ཟིན་སྐོར་གསུངས་ཡོད། དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེའི་གཙོས་རྒྱ་གར་གྱི་མངའ་སྡེ་མང་དག་ཞིག་གི་ནང་བྱ་ནད་དམ་ Bird Flu ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་ཐོན་བཞིན་པ་མ་ཟད། བཞུགས་སྒར་དྷརྨ་ས་ལའི་ཉེ་འདབས་དང་ཀངྒ་རཱ་རྫོང་ཁོངས་སུ་ཡོད་པའི་ Pong Dam འམ་སྤོང་ཆུ་རགས་ཀྱི་སར་འདས་པའི་བདུན་ཕྲག་ནང་དུ་བོད་གཙོས་པའི་རྒྱལ་ཁབ་གཞན་ནས་ཡོང་བའི་བྱ་ ༡༨༠༠ ལྷག་ཞིག་ཤི་ཡོད་པར་ཤེས་རྟོགས་བྱུང་ཡོད་སྐོར་དང་། ད་བར་བྱ་ནད་དེ་མིར་འགོས་པའི་གནད་དོན་གང་ཡང་བྱུང་མེད་སྟབས་ཐུགས་འཚབ་གནང་མི་དགོས་ཀྱང་བྱ་དང་འབྲེལ་བའི་ལས་དོན་གཉེར་མཁན་རྣམས་ནས་གཟབ་གཟབ་གནང་རྒྱུ་དང་། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ས་གནས་ཁག་ལ་ཡིད་གཟབ་གནང་དགོས་པའི་ལམ་སྟོན་ཕེབས་དོན་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་སྒར་དུ་གནས་བཞུགས་བོད་མི་རྣམས་ནས་ཡིད་གཟབ་གནང་དགོས་པའི་ལམ་སྟོན་གནང་སོང་།རྩ་བའི་འདས་པའི་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གནས་སྟངས་དང་འབྲེལ་རྒྱ་གར་ནང་གི་བོད་མིའི་འདུ་སྡོད་ཁག་ཏུ་བོད་མི་ ༢༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་། དེའི་ཁྲོད་ནས་ལོ་ན་རྒན་ཤོས་དེ་  ༧༡  དང་ལོ་ན་ཆུང་ཤོས་དེ་ ༡༤  བཅས་ཆགས་ཀྱི་ཡོད་པ་རེད།

དབྱིན་ཡུལ་གཙོས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ།  

ཁ་སང་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་ཉེན་རྟོག་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞེས་པའི་འོག་ཧོང་ཀོང་གི་མང་གཙོའི་དོན་གཉེར་བ་ ༥༠ ལྷག་ཟླ་ ༧ པའི་གྲོས་ཚོགས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་དང་འབྲེལ་འཛིན་བཟུང་བྱས་ཡོད་པ་དང་བསྟུན་དབྱིན་ཡུལ་གཙོས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུགདབྱིན་ཡུལ་ནས་རྒྱ་གཞུང་གིས་བྱེད་ཕྱོགས་དེར་ཁ་རྡུང་དང་འབྲེལ་ནས་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ Dominic Raab ལགས་ཀྱིས་ཧོང་ཀོང་སྲིད་གཞུང་གིས་ཧོང་ཀོང་གི་སྲིད་དོན་པ་དང་ལས་འགུལ་བ་འཛིན་བཟུང་བྱས་པ་དེ་ནི་ཧོང་ཀོང་མང་ཚོགས་ཀྱི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ལ་འཐབ་རྒོལ་འཚབས་ཆེན་ཞིག་བྱས་པ་དང་། ད་རེས་ཀྱི་བྱེད་ཕྱོགས་དེས་ཧོང་ཀོང་དང་རྒྱ་ནག་གཉིས་ཀྱིས་ཆེད་མངགས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པའི་དངོས་ཀྱི་དམིགས་ཡུལ་གང་ཡིན་མིན་སྐོར་རྒྱལ་སྤྱིའི་ཁྲོད་ལོག་འགྲེལ་བྱས་ཡོད་སྐོར་གསུངས་འདུག དེ་བཞིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ François-Philippe Champagne མཆོག་གིས་ཧོང་ཀོང་མང་གཙོའི་ལས་འགུལ་བ་འཛིན་བཟུང་བྱས་པ་དེ་ཆབ་སྲིད་ཀྱི་ལྟ་གྲུབ་སྣ་མང་ལ་དྲག་གནོན་འཚབས་ཆེན་བྱས་པར་མ་ཟད། དེས་ཧོང་ཀོང་གི་གཞི་རྩའི་ཁྲིམས་དང་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ལ་བརྩི་མེད་རྡོག་རོལ་བཏང་བའི་རྣམ་པ་མངོན་གྱི་ཡོད་སྟབས། མང་གཙོའི་ལས་འགུལ་བ་དེ་དག་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུགལྷག་པར་དུ་ཁོང་གིས་ཧོང་ཀོང་ནང་གནས་བཞུགས་ཁེ་ན་ཌའི་མི་སེར་ཁྲི་གསུམ་ལ་ཁེ་ན་ཌ་གཞུང་གིས་དུས་རྟག་ཏུ་རྒྱབ་སྐྱོར་གནང་གི་ཡོད་སྐོར་གསུངས་པ་དང་ཆབས་ཅིག  ད་ལན་ཧོང་ཀོང་གི་གནད་དོན་ཐད་ཁེ་ན་ཌ་ནས་རྒྱལ་ཁབ་གཞན་དང་ལྷན་དུ་གྲོས་མཐུན་གྱིས་ཡ་ལན་ཞིག་གནང་རྒྱུ་ཡིན་པ་གསུངས་ཡོད། མ་ཟད།  ཐེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ཚོགས་པས་ད་ལན་ཧོང་ཀོང་སྲིད་གཞུང་གིས་གསར་འགྱུར་ལས་ཁང་སོགས་བསྔོག་བཤེར་དང་མང་གཙོའི་དོན་གཉེར་བ་མང་དག་ཞིག་འཛིན་བཟུང་བྱས་པའི་བྱ་སྤྱོད་ལ་ཧོན་འཐོར་བ་མ་ཟད།  སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོར་བཙན་ཤེད་བྱས་པའི་བྱེད་ཕྱོགས་དེར་མཐའ་གཅིག་ཏུ་དགག་པ་ཡོད་པ་གསུངས་འདུག ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་དེས་མང་གཙོའི་ལས་འགུལ་བར་གཙོ་བོར་དམིགས་འབེན་དུ་བཟུང་སྟེ་ཁོང་ཚོར་རྒྱལ་ཁབ་མགོ་རྟིང་ལོག་རྒྱུའི་ནག་ཉེས་གཡོག་པ་དང་ཕྱོགས་མཚུངས། ཐེངས་འདིའི་བྱེད་ཕྱོགས་དེས་ཧོང་ཀོང་གི་ཁྲིམས་ཀྱིས་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བཤད་པ་དེ་ཚིག་ཙམ་ཡིན་པ་ར་འཕྲོད་བྱུང་ཡོད་པ་གསུངས་འདུག གཞན་ཡང་ཧོང་ཀོང་མང་གཙོའི་ལས་འགུལ་བ་ Sunny Cheung ལགས་ཀྱིས་ཧོང་ཀོང་སྲིད་གཞུང་གི་བྱེད་ཕྱོགས་དེས་ཧོང་ཀོང་གྲོས་ཚོགས་དེ་བཞིན་རྒྱ་གཞུང་གི་འགྱིག་གི་ཐམ་ཀ་ལྟ་བུར་གྱུར་ཡོད་པ་ར་སྤྲོད་ཐུབ་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ནང་མང་གཙོའི་ཤུལ་བཞག་ཆ་ཚང་རྩ་མེད་བཟོ་རྒྱུ་རེ་བ་བཅངས་ཡོད་སྟབས་ཧོང་ཀོང་ནང་མཐར་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ལས་མང་གཙོའི་ལས་འགུལ་བ་གཅིག་ཀྱང་མཐོང་རྒྱུ་མེད་པར་གྱུར་ངེས་ཡིན་པ་གསུངས་ཡོད། དེ་བཞིན་གནད་དོན་དེའི་ཐོག་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་དང་ཨ་རིའི་གྲོས་ཚོགས་འཐུས་མི་གཙོས་པའི་རྒྱལ་སྤྱིའི་མང་གཙོ་དོན་གཉེར་བ་དང་ཚོགས་པ་སོགས་ཀྱིས་ཧོང་ཀོང་གི་གནད་དོན་ལ་ཐུགས་འཚབ་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་འདུགགཞི་རྩའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་རྒྱལ་ཁབ་མགོ་རྟིང་སློག་རྒྱུ་དང་ཁ་བྲལ་དང་འཇིགས་སྐུལ་རིང་ལུགས།  ཕྱི་རྒྱལ་དང་འབྲེལ་བ་སོགས་ཀྱི་བྱ་སྤྱོད་རྣམས་ནག་ཉེས་ཅན་དུ་བརྩི་ཡི་ཡོད་པ་རེད།  ཁྲིམས་གཞི་དེ་འདས་ལོའི་ཟླ་ ༦ ནང་གཏན་འབེབས་བྱས་པ་ནས་བཟུང་སྟེ་ད་བར་མང་གཙོའི་ལས་འགུལ་བ་མང་དག་ཅིག་འཛིན་བཟུང་བྱས་ཡོད་པར་མ་ཟད་ད་ལན་འོས་བསྡུ་དང་འབྲེལ་མང་གཙོའི་ལས་འགུལ་བ་ ༥༠ ལྷག་འཛིན་བཟུང་བྱས་པ་དེ་ནི་ལས་འགུལ་བའི་ཐོག་དམ་དྲག་དང་དྲག་གནོན་འཚབས་ཆེན་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

Latest news