Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

སུད་སི་རྒྱལ་ཡོངས་སུ་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ།

བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཁོད་པའི་སྟོད་གོས་དང། རྐང་འཁོར་མདུན་ངོས་སུ་བོད་དང་སུད་སི་གཉིས་ཀྱི་རྒྱལ་དར་སྒྲེང་འཛུགས་དང།  དེ་བཞིན་རྐང་འཁོར་རྒྱབ་ངོས་སུ་འགྲུལ་བཞུད་ཀྱི་ལམ་བར་དུ་འཁོ་བའི་ཡོ་ཆས་དང། དེའི་སྟེང་རྒྱ་ནག་ནང་དུ་འཚོགས་རྒྱུའི་༢༠༢༢ལོའི་དགུན་དུས་པེ་ཅིང་ཨོ་རྩལ་འགྲན་རྩོད་ཕྱིར་འཐེན་དགོས་པ་དང་། རྒྱ་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོགས་དགོས་པ་སོགས་ཀྱི་དགོས་འདུན་འཁོད་པའི་པར་རིས་ཀྱི་ཤོག་བུ་དཔྱངས་ཏེ་སུད་སིར་གནས་བཞུགས་བོད་དོན་ལས་འགུལ་ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ཆེ་ཁག་ནང་དུ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་སོང་།ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱི་དུས་སྐབས་འདིར། བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་མ་སྐུལ་དང་བླངས་ཀྱིས།  ཟླ་བ་འདིའི་ཕྱི་ཚེས་༨ཉིན་གྱི་ཞོགས་པ། ཁོང་གི་སྡོད་གནས་སུད་སི་གྲོང་ཁྱེརWinterthurནས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱིས་ལས་འགུལ་དེ་འགོ་བཙུགས་གནང་ཡོད་ཅིང་།  དེ་ཡང་ལས་འགུལ་དེ་བརྒྱུད་གཙོ་བོ་༸གོང་ས་མཆོག་བོད་དུ་གང་མགྱོགས་གདན་འདྲེན་ཞུ་དགོས་པ་དང་། རྒྱ་གཞུང་ནས་བཙན་འཁྲིད་བྱས་པའི་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་གྲོལ་དགོས་པ། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོགས་དགོས་པ། ༢༠༢༢ལོའི་དགུན་དུས་པེ་ཅིང་ཨོ་རྩལ་མགྲན་རྩོད་ཕྱིར་འཐེན་དགོས་སོགས་དགོས་འདུན་དོན་ཚན་ལྔའི་འོག་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་འགྲེལ་བརྗོད་གནང་ཡོད་པ་རེད། རྩ་བའི་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས། སྔ་ལོ་འཛམ་གླིང་སྤྱི་དང་ཡང་སྒོས་ཡོ་རོབ་རྒྱལ་ཁབ་ནང་དུ་རྒྱ་ནག་ནས་ལྦུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡེམས་ཀྱི་ཛ་དྲགས་དུས་སྐབས་སུ་ཉེན་ཁར་མི་འཛེམས་པར་སུད་སི་གྲོང་ཁྱེརWinterthurནས་ཇི་ནི་ལྦའི་མཉམ་འབྲེལ་རྒྱལ་ཚོགས་བར་སྤྱི་ལེ་༣༠༠ལྷག་གི་རིང་ལ་བོད་དོན་ཆེད་ཞི་བའི་གོམ་བགྲོད་དང་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་བཅས་ལས་འགུལ་ཡང་སྤེལ་ཡོད་པ་རེད། ད་རེས་བོད་དོན་རྐང་འཁོར་ལས་འགུལ་འདི་ནི་ཁོང་ཁེར་རྐྱང་གི་བོད་དོན་ལས་འགུལ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། ད་ལན་ཚེ་རིང་དབང་འདུས་ལགས་ཀྱིས། ཐོག་མར་ཁོང་རང་ཉིད་ནས་ཐེངས་འདིའི་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་ཏུ་གནང་རྒྱུའི་འཆར་གཞི་བསྒྲིགས་ཀྱང། ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་གནས་སྟངས་རྐྱེན་པས་ཡོང་ཐབས་མེད་པ་བརྟེན་མཐར་སུད་སི་གྲོང་ཁྱེར་ཆེ་ཁག་ཏུ་རྐང་འཁོར་སྐོར་སྐྱོད་གནང་རྒྱུའི་ཐག་གཅོད་གནང་བ་ཞིག་ཆགས་ཀྱི་འདུག སྤྱིར་སུད་སི་ནང་གནས་བཞུགས་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ལ་ཆ་མཚོན་ན་ཐེངས་འདིའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཙམ་མ་ཟད། དེ་སྔ་སུད་སི་གྲོང་ཁྱེར་ཛུ་རིག་ནས་འཇར་མི་ནི་གྲོང་ཁྱེར་ Frankfurt བར་བོད་རང་དབང་རྐང་འཁོར་སྐོར་སྐྱོད་ཀྱི་ལ་འགུལ་དང་།   སུད་སི་རྒྱལ་ས་ bern ནས་ཇི་ནི་ཝ་བར་གྱི་བོད་དོན་གོམ་བགྲོད་ལས་འགུལ་བཅས་ཀྱི་ནང་དུའང་མཉམ་ཞུགས་གནང་མྱོང་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད།

བོད་ནང་མུ་མཐུད་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སློབ་སྦྱོང་གི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པ།

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ཉམས་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་འདི་ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་དུས་རབས་གཅིག་འཁོར་བཞིན་པའི་དུས་དྲན་དང་བསྟུན་ནས། བོད་ཁུལ་དུ་དམར་ཤོག་གི་ལོ་རྒྱུས་ལ་སློབ་སྦྱོང་དང་་གཞུང་གི་དྲིལ་བསྒྲགས་རིགས་འདྲ་མིན་སྤེལ་བཞིན་པའི་ཁྲོད་དུ། འདི་ལོ་ཟླ་བ་གཉིས་བ་ནས་རྒྱ་ནག་གིས་བོད་ཁུལ་དུ་ལོ་རྒྱུས་འཁྱོགས་བརྗོད་ཀྱི་དྲིལ་བསྒྲགས་རིགས་ཤིག་ལག་བསྟར་བྱས་ཏེ། ལོ་རྒྱུས་འཁྱོགས་བརྗོད་ཀྱི་ལས་འགུལ་དེར་ངོས་ལེན་མེད་མཁན་གྱི་བོད་མི་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པར་འཁོད་འདུག གནས་ཚུལ་དེའི་ནང་གསལ་རྒྱ་ནག་གིས་འདི་ལོའི་དམར་ཤོག་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་བསྟུན་ནས། བོད་ཁུལ་གྱི་དགོན་པ་ཁག་ཏུ་བཙན་དབང་གིས་ཡིག་གཟུགས་འགྲན་བསྡུར་བྱེད་དུ་བཅུག་པ་དང་སློབ་ཕྲུག་རྣམས་བདུན་ཕྲག་རེ་རེར་རྒྱ་ནག་གི་དྲིལ་བསྒྲགས་ལས་འགུལ་དུ་ཞུགས་སུ་འཇུག་བཞིན་ཡོད་སྐོར་འཁོད་འདུག དེ་ཡང་ཉེ་ལམ་ཟླ་བ་ ༤ བའི་ཚེས་ ༣༠ ཉིན། རྒྱ་ནག་གིས་བོད་ནང་གི་གདན་ས་གསུམ་གྱི་ཡ་གྱལ། སེ་ར་དགོན་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་དབུ་བརྙེས་ནས་དུས་རབས་གཅིག་ཕྱིན་པའི་དུས་དྲན་མཛད་སྒོ་འཚོགས་སུ་བཅུག་ནས།  ཁྲིམས་སྒྲིག་དམ་པོའི་འོག  གྲྭ་བ་རྣམས་ཀྱིས་ཡིག་གཟུགས་འགྲན་བསྡུར་གྱི་ལམ་ནས་རྒྱ་ནག་གི་སྲིད་བྱུས་ལ་བསྔགས་བརྗོད་དང་། རྒྱ་ནག་གི་དབུ་ཁྲིད་དང་རྒྱལ་གཅེས་ཀྱི་སློབ་གསོ་ལ་དགའ་མོས་བྱེད་ཡོད་རབས།  དེ་བཞིན་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་རྒྱ་ནག་གིས་བརྗོད་བཞིན་པའི་ཁ་བྲལ་བར་མཚད་སྨོད་བྱེད་དུ་བཅུག་ཡོད་པར་འཁོད་འདུག དེ་བཞིན་རྒྱ་ནག་གིས་ས་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་ཀྱི་ཡུལ་ཤུལ་རང་སྐྱོང་ས་ཁུལ་དུ་རྒྱ་ནག་གིས་གཞུང་འབྲེལ་གྱི་ལས་བྱེད་མང་པོ་ཆེད་མངགས་ཀྱིས་ཁུལ་དེའི་གྲོང་བརྡལ་དང་གྲོང་གསེབ་མང་པོར་སྐོར་བསྐྱོད་ཀྱིས། བོད་ཁྱིམ་རེ་རེར་རྒྱ་ནག་གི་སྲིད་བྱུས་དང་དུས་སྟོན་དང་འབྲེལ་བའི་ལོ་རྒྱུས་སློབ་གསོའི་ལས་འགུལ་དྲིལ་བསྒྲགས་བྱེད་དུ་བཅུག་ཡོད་པ་ཡང་མངོན་གསལ་གནང་འདུག གཞན་ཡང་རྒྱ་ནག་གི་ཉེན་རྟོག་མི་སྣ་བདུན་ཕྲག་གཅིག་གི་ནང་དུ་ཡུལ་ཤུལ་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུ་ཚར་གསུམ་ལ་ཆེད་གཏོང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་རབས་རང་བཞིན་གྱི་གཟི་བྱིན་དྲིལ་བསྒྲགས་བྱེད་དུ་འཇུག་གི་ཡོད་པ་མ་ཟད། བོད་མི་རྣམས་ལ་རྒྱ་ནག་དམར་ཤོག་སྲིད་གཞུང་བཀའ་དྲིན་ཆེན་པོ་ཡིན་པར་དྲིལ་བསྒྲགས་ཀྱིས།  བོད་མི་རྣམས་ཀྱིས་རྒྱ་ནག་སྲིད་གཞུང་ལ་ལར་ཞེན་ཡོད་དགོས་བར་སྐུལ་མ་གཏོང་བཞིན་ཡོད་པར་གསལ་འགྲེལ་གནང་འདུག མ་ཟད་ལས་འགུལ་དེའི་ཁྲོད་ཉེ་ལམ་དམར་ཤོག་གི་ལོ་རྒྱུས་དང་འབྲེལ་བའི་སློབ་གསོའི་ལས་རིམ་ཞིག་གི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཁུལ་དུ་ Wang Kai ཟེར་བའི་དམག་དཔོན་གསར་པ་ཞིག་བསྐོ་གཞག་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། གཞི་རྩའི་རྒྱ་ནག་གིས་སྔ་མོ་ནས་བོད་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་བཞིན་པ་མ་ཟད། བོད་ཁུལ་གྱི་དགོན་པ་གྲྭ་ཚང་རེ་རེར་རྒྱ་ནག་གིས་ཆེད་བསྐོས་བྱས་པའི་ལས་བྱེད་རྩ་འཛུགས་ཀྱིས་རྒྱ་ནག་གི་ཁྲིམས་ལུགས་དང་ལོ་རྒྱུས་སོགས་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད།  རྒྱ་ནག་གི་ཁྱད་ཆས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་ཞེས་པའི་ཁྱབ་ཁོངས་སུ། བོད་བརྒྱུད་ནང་བསྟན་དེ་ཡང་རྒྱ་ནག་གིས་ཁྱད་ཆས་ལྡན་པ་ཞིག་ཏུ་བསྒྱུར་རྒྱུར་ཧུར་བརྩོན་བྱེད་བཞིན་ཡོད་པ་ལྟར། འདི་ལོ་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་དང་འབྲེལ་ནས་དམིགས་བསལ་གྱིས་བོད་ཁུལ་དུ་དགོན་པ་གྲྭ་ཚང་ཙམ་མ་ཡིན་པར་སློབ་གྲྭ་ཁག་དང་། ཐ་ན་དུད་ཁྱིམ་རེ་རེར་ཆེད་དུ་སྐྱོད་ནས་རྒྱ་ནག་སྲིད་གཞུང་གི་དྲིལ་བསྒྲགས་ཀྱི་རིགས་སྤེལ་ཤུགས་ཆེ་རུ་བཏང་ཡོད་པ་ཞིག་རེད་འདུག

ཐེ་ཝན་རྒྱལ་སྤྱིའི་ཚོགས་ཁག་ནང་མཉམ་ཞུགས་དགོས་པའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས།   

ཁ་སང་ཚེས་ ༦ ཉིན་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྤྱི་མོས་ཐོག་ནས་ཐེ་ཝན་འདི་བཞིན་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་གཙོ་བྱས་པའི་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་བཞིའི་ནང་མཉམ་ཞུགས་ཆོག་པའི་ཁྲིམས་འཆར་གཏན་འབེབས་གནང་འདུགད་རེས་གཏན་འབེབས་གནང་བའི་ཁྲིམས་འཆར་དེ་ཐོག་མར་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Joel Guerriau and Alain Richard རྣམ་གཉིས་ནས་གྲོས་ཚོགས་ནང་ཆེད་འདོན་གནང་ཡོད་པ་དང་། དེར་གྲོས་ཚོགས་འཐུས་མི་ ༣༠༤ ནས་ཀླད་གོར་བར་གྱིས་སྤྱི་མོས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་མ་ཟད། ཆེད་འདོན་གནང་བའི་གྲོས་འཆར་དེའི་ནང་ཐེ་ཝན་འདི་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་དེ་བཞིན་རྒྱལ་སྤྱིའི་ཉེན་རྟོག་དང་སྤྱི་མང་མཁའ་ལམ་འགྲུལ་བཞུད་ཚོགས་པ། གཞན་ཡང་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལྷན་ཚོགས་ཀྱི་སྒྲོམ་གཞི་བཅས་སུ་མཉམ་ཞུགས་དགོས་ཞེས་འཁོད་ཡོད་པ་རེད། གོང་ཞུས་གྲོས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་གཉིས་ནི་ France-Taiwan Inter-Parliamentary Amity Association ཞེས་པའི་ཚོགས་པའི་ཚོགས་མི་ཡིན་པ་དང་དེའི་ཁོངས་ནས་སྐུ་ཞབས་ Alain Richard ལགས་སུ་ཉེ་ལམ་རྒྱ་ནག་གཞུང་ཚབ་ནས་ཡི་གེ་ཞིག་འབྱོར་བ་བརྒྱུད་ཁོང་ལ་ཐེ་ཝན་ནང་འཚམས་གཟིགས་གནང་རྒྱུའི་འཆར་གཞི་ཕྱིར་འཐེན་དགོས་པ་དང་དེ་ལྟར་མ་གནང་ཚེ་དེས་ཐེ་པེ་དང་པེ་ཅིང་དབར་གྱི་ད་ཡོད་སོར་གནས་ཀྱི་གནས་སྟངས་ལ་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་བགྲོ་གླེང་གི་ཆ་ཤས་བཞེས་སྐབས་ཐེ་ཝན་གྱིས་དེ་སྔ་ཡུལ་དེའི་ནང་ཡོངས་ཁྱབ་ཏོག་དབྱིབས་རིམས་ནད་སྔ་དུས་ཀྱི་རྩད་གཅོད་དང་འབྲེལ་སྔོན་འགོག་གི་བཀོད་བྱུས་དང་སྟངས་འཛིན་གནང་ ཕྱོགས་དེ་མིག་དཔེར་འོས་པ་ཞིག་ཡིན་པར་བསྔགས་བརྗོད་གནང་བ་མ་ཟད།ཐེ་ཝན་ངོས་ནས་ ༢༠༡༩ ལོའི་ཟླ་མཇུག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་གཉན་རིམས་འདི་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་འབྱུང་བར་ཉེ་བའི་ཉེན་བརྡ་བཏང་ཡོད་ཀྱང་རྒྱལ་ཚོགས་ནས་དེར་སྣང་མེད་བཏང་སྟེ་གཉན་རིམས་དེ་འཛམ་གླིང་རང་བཞིན་གྱི་ཛ་དྲག་རིམས་ནད་ཡིན་པར་སྔ་ལོའི་ཕྱི་ཟླ་ ༡ ཚེས་ ༣༠ བར་དུ་གསལ་བསྒྲགས་གནང་མེད་པར་ལུང་འདྲེན་གནང་སྟེ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐེ་ཝན་འདི་བཞིན་བསམ་ཞིབ་གོ་བསྡུར་གནང་ཡུལ་ལས་ཟུར་བཅད་གནང་བ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་པར་གསལ་སྟོན་གནང་འདུག ད་དུང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གོང་ཞུས་ཚོགས་པ་བཞི་པོའི་ནང་མཉམ་ཞུགས་ཆོག་པར་མཉམ་ལས་ཀྱི་གཏན་འབེབས་རྩ་ཚིག་ནང་རྒྱལ་ཁབ་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་དགོས་མེད་པ་དང་ལྷག་དོན་ཚོགས་མི་རྒྱལ་ཁབ་བཞིའི་ཁྲིམས་ཀྱི་རང་དབང་ལ་རྩིས་མེད་གནང་གི་མེད་པ་མ་ཟད། ཐེ་ཝན་འདི་བཞིན་རྒྱལ་སྤྱིའི་ཁྲོད་ཞི་འཇམ་དང་མཉམ་ལས་ཀྱི་བཞེངས་ཕྱོགས་འཛིན་མཁན་ཞིག་ཡིན་སྟབས། ཐེ་ཝན་འདི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷག་དོན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་དགོས་པའི་དགོས་འདུན་བཏོན་འདུག ཐེ་ཝན་རྒྱལ་སྤྱིའི་ཚོོགས་ཁག་ནང་མཉམ་ཞུགས་དགོས་པའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་དང་འབྲེལ་དེ་རིང་ཐེ་ཝན་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Joseph Wu ལགས་ཀྱིས་རང་ཉིད་ཀྱི་ Twitter དྲྭ་ལམ་བརྒྱུད་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

རྒྱ་གཞུང་གིས་ G7 ལྷན་ཚོགས་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མེད་པར་བརྗོད་འདུག

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༣ ནས་ ༥ བར་ཨིན་ཡུལ་གྱི་རྒྱལ་ས་ London ནང་དུ་ཚོགས་པའི་ G7 ལྷན་ཚོགས་ཐོག་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ལྷག་པར་དུ་རྒྱ་གཞུང་གིས་ཤིན་ཅང་ཡུ་གུར་དང་བོད་མི་བཅས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་འབྲེལ། རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེ་དག་ལ་ངོས་ལེན་མེད་སྐོར་དང་སྦྲགས། G7 ལྷན་ཚོགས་ལ་རྒྱ་ནག་གི་ནང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུ་མེད་པར་བརྗོད་འདུག དེ་ཡང་སྔ་ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་རྒྱལ་སྤྱིའི་ཁྲོད་ཀྱི་གལ་ཆེའི་ཚོགས་འདུ་མང་དག་ཅིག་ཚོགས་མ་ཐུབ་པ་དང་ཡང་ན་དྲ་རྒྱའི་ཐོག་ཚོགས་པའི་གནས་སྟངས་ཁྲོད། ཟླ་བ་འདིའི་ཚེས་ ༣ ནས་ཁ་ཉིན་ཚེས་ ༥ བར་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌན་ནང་དུ་ G7 ལྷན་ཚོགས་དེ་དངོས་སུ་ཚོགས་པའི་ཐོག་ཨ་རི་དང་ཨིན་ཡུལ། ཉི་ཧོང་། འཇར་མ་ནི། ཕ་རན་སི། ཨི་ཊ་ལི། དེ་བཞིན་ཁེ་ན་ཌ་བཅས་ G7 རྒྱལ་ཁབ་བདུན་པོའི་ཕྱི་སྲིད་བློན་ཆེན་རྣམས་ལྷན་འཛོམས་ཀྱིས་རྒྱལ་ཁབ་དེ་དག་ཚང་མར་སེམས་འཚབ་གཅིག་མཚུངས་ཡོད་པའི་གནད་དོན་ཁག་གི་ཐོག་གྲོས་བསྡུར་གནང་ཡོད་པ་རེད། དེའི་ཁོངས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོག་ཐབས་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད་ནའང་། གནད་དོན་གཙོ་བོའི་ཁོངས་སུ་དེང་སྐབས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ཀྱི་གོ་རིམ་དཀྲུག་ཐབས་བྱེད་བཞིན་པ་དང་། རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ལྷག་པར་དུ་ཤིན་ཅང་ཡུ་གུར་མང་ཚོགས་དང་། བོད་མིིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་གྲངས་ཉུང་མི་རིགས་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། ཧོང་ཀོང་ནང་དུ་སྲིད་བྱུས་ལག་བསྟར་བྱེད་ཕྱོགས། དེ་བཞིན་ཐེ་ཝན་གྱི་གནད་དོན་བཅས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་བ་མ་ཟད། ཁ་ཉིན་ཚེས་ ༥ ཉིན་ལྷན་ཚོགས་འཇུག་སྒྲིལ་དང་འབྲེལ་བའི་བསྒྲགས་གཏམ་ནང་དུ་དེ་དག་ཚང་མའི་སྐོར་བཀོད་འདུག བསྒྲགས་གཏམ་ནང་དུ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ངོས་ནས་གནད་དོན་དེ་དག་ཐོག་སེམས་འཚབ་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་གུས་བརྩི་ཞུས་ནས་མང་ཚོགས་ཀྱི་རང་དབང་དང་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། བོད་དང་ཤིན་ཅང་ས་ཁུལ་ནང་གི་གནས་སྟངས་དངོས་རྒྱུས་ལོན་ཆེད་བཀག་སྡོམ་མེད་པའི་ཐོག་ས་ཁུལ་དེ་དག་ནང་དུ་སྐུ་ཚབ་མི་སྣ་བསྐྱོད་བཅུག་དགོས་པའི་ཞུ་སྐུལ་གནང་འདུག G7 ལྷན་ཚོགས་ཀྱིས་ད་དུང་རྒྱ་ནག་གཞུང་ལ་ཁྲིམས་ཀྱི་གཞི་རྟེན་ལྡན་པའི་རྒྱལ་སྤྱིའི་འགྲོ་ལུགས་ནང་དུ་དོན་ཕན་ལྡན་པའི་ཐོག་ནས་ཆ་ཤས་བླངས་དགོས་པ་དང་། ཐེ་ཝན་རྒྱལ་ཁབ་ཀྱི་ཏོག་དབྱིབས་གཉན་རིམས་འགོག་ཐབས་ཐོག་གྲུབ་འབྲས་ལྡན་པའི་ལག་ལེན་བསྟར་ཕྱོགས་ལ་ངོས་འཛིན་དང་འབྲེལ། ཐེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུ་ཁག་གི་ནང་དུ་ནུས་པ་ལྡན་པའི་ཐོག་ནས་ཆ་ཤས་བཞེས་བཅུག་དགོས་པའི་དགོས་འདུན་ཡང་མངོན་གསལ་གནང་ཡོད་པ་རེད། དེ་དོན་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཡིས་རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་འགྲུ་དོན་ཁག་ལ་བརྩི་མེད་ཀྱིས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་དང་། རྒྱ་ནག་གི་ས་ཁོངས་བདག་དབང་ལ་སྣང་མེད་བཏང་བ། དེ་བཞིན་རྒྱ་ནག་གི་ཆེ་མཐོང་ལ་དོ་ཕོག་གཏང་རྒྱུའི་ཐབས་ཤེས་རྣམས་ནམ་ཡང་ལམ་ལྷོང་ཡོང་གི་མ་རེད་ཅེས་བརྗོད་པ་དང་འབྲེལ། ལྷན་ཚོགས་ནས་བསམ་བློའི་ཆུ་ཚད་མཐོ་བོའི་རྒྱལ་ཁབ་ལ་སྐྱོན་བརྗོད་དང་ཐེ་བྱུས་བྱེད་རྒྱུ་མེད་པ་དང་། རྒྱལ་སྤྱིའི་གཉན་རིམས་འགོག་ཐབས་ཀྱི་མཉམ་འབྲེལ་ལས་དོན་ལ་མཐོང་ཆུང་བྱེད་རྒྱུ་མེད་རས་བརྗོད་འདུག ཁོ་པས་ད་དུང་ཐེ་ཝན་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་དུ་ཆ་ཤས་བཞེས་མིན་གྱི་གནད་དོན་དེ་རྒྱ་ནག་གཅིག་གི་ལྟ་གྲུབ་ཐོག་ནས་ལྟ་དགོས་པ་དང་། G7 རྒྱལ་ཁབ་ཁག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྩོད་རྙོག་བཟོ་རྒྱུ་ལས། རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་བསྐྱར་གསོ་བྱེད་རྒྱུའི་ཐོག་དོ་སྣང་གནང་དགོས་པ་སོགས་བརྗོད་འདུག G7 ལྷན་ཚོགས་དང་འབྲེལ་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ཐེངས་འདིའི་ G7 ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ་བོད་སྐོར་འཁོད་ཡོད་པ་མངོན་གསལ་དང་སྦྲགས། དེང་སྐབས་བོད་ནང་གི་བོད་མི་ཚོར་འབྲེལ་བ་བྱེད་དཀའ་བའི་ཆེས་དམ་དྲག་གི་གནས་སྟངས་འདིའི་ཁྲོད་ད་ལན་ G7 ལྷན་ཚོགས་ཀྱིས་བོད་སྐོར་གླེང་སློང་གནང་བ་དེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་བརྡ་ལན་དང་རེ་བ་ཤུགས་ཆེན་པོ་ཞིག་མཚོན་གྱི་ཡོད་པ་རགསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོར་རྒྱ་ནག་ལ་བསྟུན་མཁས་ཀྱི་ཚིག་བརྗོད་མ་བཀོད་པར་བསྔགས་བརྗོད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་བཅོས་ཁྲིམས་འཆར་བསྣམ་མཁན་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Marco Rubio ལགས་དང་གྲོས་ཚོགས་གོང་མའི་བར་བརྒལ་ཚོགས་གཙོ་དང་རྒྱུན་གྲོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Patrick Joseph Leahy གཉིས་ཀྱིས་ཉེ་ལམ་ཕྱི་ཟླ་ ༣ པ་ནང་འདོན་སྤེལ་གནང་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དུ་དེ་སྔའི་གཞུང་འཛིན་དང་མི་འདྲ་བར་རྒྱ་ནག་ལ་བསྟུན་མཁས་ཀྱི་ཚིག་བརྗོད་མ་བཀོད་པར་བསྔགས་བརྗོད་གནང་འདུག དེ་རིང་གྲོས་ཚོགས་འཐུས་མི་ Marco Rubio ལགས་ཀྱི་དྲ་གནས་ཐོག་ཁ་ཉིན་ཕྱི་ཚེས་ ༤ ཉིན་ཁོང་དང་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་ Leahy གཉིས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གི་མཚན་ཐོག་ལ་ཕུལ་བའི་ཕྱག་བྲིས་ཤིགའདོན་སྤེལ་གནང་འདུག་པ་དང་། དེའི་ནང་དུ་གྲོས་ཚོགས་འཐུས་མི་གཉིས་ནས་ཉེ་ཆར་འདོན་སྤེལ་གནང་བའི་ཕྱི་སྲིད་ལས་ཁུངས་ཀྱི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོར་བསྔགས་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གི་བོད་དང་འབྲེལ་བའི་ཐབས་བྱུས་གཙོ་གྲས་གཅིག་ནི། བོད་ཀྱི་ས་ཁོངས་བདག་དབང་དེ་ཁྲིམས་མཐུན་བཟོ་ཐབས་བྱེད་རྒྱུ་དེ་ཡིན་པ་རྒྱལ་སྤྱིའི་ཁྲིམས་ཀྱི་མཁས་པ་མང་པོའི་ཐུགས་སྣང་བྱུང་ཡོད་པ་ལུང་འདྲེན་དང་འབྲེལ། ཨ་རི་གཞུང་གིས་དེ་སྔ་བོད་དེ་རྒྱ་ཁོངས་རེད་ཟེར་བའི་བསྒྲགས་གཏམ་ཁག་གི་ནང་དུ་ཚིག་བརྗོད་བཀོད་སྟངས་ཁག་གིས་བོད་མིས་རྒྱ་གཞུང་དང་ལྷན་དུ་གྲོས་མོལ་བྱེད་བཞིན་པའི་ཐོག་བསམ་ཞིབ་མ་ཡིན་པར་དོ་ཕོག་བཏང་ཡོད་པ་དང་། ཨ་རིས་གནང་ཕྱོགས་དེའི་ཐོག་ནས་རྒྱ་ནག་ལ་བསྟུན་མཁས་ཆེ་གྲགས་པ་བྱས་ཡོད་ཀྱང་། དེའི་ངན་ལན་ལ་བརྟེན་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་པར་རྒྱབ་སྐྱོར་གནང་བཞིན་པའི་ཨ་རིའི་སྲིད་བྱུས་ལ་དོ་ཕོག་བཏང་ཡོད་པ་དང་། དེ་སྔའི་ཨ་རིའི་གཞུང་འཛིན་ཁག་གི་གནང་ཕྱོགས་དེ་དག་གིས་རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་ཚུལ་དེ་ཁྲིམས་མཐུན་ཡིན་པར་མངོན་གསལ་མེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཡོད་སྐོར་གསུངས་འདུག རྒྱ་ནག་གཞུང་ལ་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་དགོས་མཁོ་མེད་པ་བཟོ་བཞིན་ཡོད་སྐོར་གསུངས་ཏེ། ཐེངས་འདིའི་སྙན་ཐོའི་ནང་དུ་བོད་ཟེར་བའི་སྐབས་སུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་། བོད་རིགས་རང་སྐྱོང་ས་ཁུལ་ཁག དེ་བཞིན་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་དང་མཚོ་སྔོན། ཡུ་ནན་དང་ཀན་སུ་ཞིང་ཆེན་ནང་གི་རྫོང་ཁག་བཅས་བོད་ཀྱི་ས་ཁུལ་ཡོངས་རྫོགས་བཀོད་པར་བསྔགས་བརྗོད་གནང་འདུག གྲོས་ཚོགས་འཐུས་མི་རྣམས་གཉིས་ཀྱིས་ད་དུང་རྒྱ་ནག་གཞུང་གིས་སོ་སོའི་དགོས་མཁོ་ལ་གཞིགས་ནས་ལོ་རྒྱུས་ལ་བཅོས་སྒྲིག་བཏང་བ་དང་། གནད་དོན་ཁག་ཅིག་གི་ཐོག་ལོ་རྒྱུས་རྫུན་མ་བྲི་བཞིན་ཡོད་པ་ལྟར། ང་ཚོའི་འདས་པའི་ཉམས་མྱོང་ལས་རྒྱ་ནག་གཞུང་གིས་གཞན་ལ་ཁས་བླངས་བཅུག་པའི་ལོ་རྒྱུས་ཁག་ཡང་ན། ཆ་མི་ཚང་བ་དང་ཡང་ན་བདེན་པ་མིན་པ་ཡིན་པ་གསལ་པོ་རྟོགས་ཐུབ་རྒྱུ་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གིས་ད་ལྟ་དང་འདས་པའི་དངོས་ཡོད་གནས་ཚུལ་ལུང་དྲེན་བྱེད་བཞིན་ཁག་ལ་རྟོག་ཞིབ་ནན་པོ་གནང་དགོས་གལ་ཡིན་པ་གསུངས་ཡོད། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་མང་ཙོ་གོང་འཕེལ་གཏང་རྒྱུ་དེ་གནད་དོན་སྙིང་པོའི་ནང་དུ་བཞག་དགོས་པ་དང་། ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཁྲོད་གནད་དོན་དེ་དག་སྣང་མེད་དུ་མ་ཤོར་བར་གྲོས་ཚོགས་འཐུས་མི་ཁོང་གཉིས་ནས་མཉམ་ལས་གནང་རྒྱུའི་གྲ་སྒྲིག་ཡོད་པ་གསུངས་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༣ པ་ནང་དུ་འདོན་སྤེལ་གནང་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་ནང་དུ། འདས་པའི་ཕྱི་ལོ་ ༢༠༢༠ ནང་དུའང་བོད་ནང་རྒྱ་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་སྤེལ་བཞིན་པའི་འོག་འདས་ལོའི་ནང་རྒྱ་གཞུང་གིས་བོད་མི་ ༢༧༣ ཙམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་མི་མཐུན་པའི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁོངས་ནས་བོད་མི་ ༡༠༡ ཙམ་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་ཀྱི་ཡོད་་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་ལྟར། དེའི་ཁོངས་ནས་བོད་མི་ལྷ་མོ་ལགས་ལྟ་བུར་རྒྱ་གཞུང་གིས་བཀག་ཉར་འོག་མནར་གཅོད་ཚད་ལས་འགལ་བ་བཏང་བའི་འོག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་བཞིན་ལྟ་སྲུང་དམ་དྲག་ཤུགས་ཆེ་སོགས་ཀྱི་ཁྲོད་ནས་བོད་མིའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། དེ་བཞིན་འདུ་འཛོམས་དང་གསར་འགོད་རང་དབང་སོགས་ཕྱོགས་ཡོངས་ནས་དམ་དྲག་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་བཏང་ཡོད་པ་བཀོད་ཡོད་པ་རེད། གཞན་ཡང་བོད་ནང་བོད་མི་རྣམས་སྐད་ཡིག་རང་དབང་མེད་པའི་ཐོག་ལས་ཀའི་གོ་སྐབས་མ་སྤྲད་པ། དེ་བཞིན་བོད་མིར་ཆབ་སྲིད་ཀྱི་ནག་ཉེས་འདྲ་མིན་གཡོགས་ཏེ་བོད་མི་གང་བྱུང་དུ་འཛིན་བཟུང་བྱས་པ་སོགས་ཀྱང་མངོན་གསལ་གནང་ཡོད་པ་རེད།

ནེའུ་ཛ་ལན་ཌིའི་གྲོས་ཚོགས་སུ་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་གྲོས་འཆར་བཞག་འདུག

དེ་རིང་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བའི་ནང་དུ་ནེའུ་ཛ་ལན་ཌིའི་གྲོས་ཚོགས་ཀྱི་ནང་དུ་རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ངོས་འཛིན་གྱིས་གྲོས་ཚོགས་ཀྱི་དབུས་སུ་སྤྱི་མོས་ཀྱི་གྲོས་ཆོད་ཅིག་བཞག་འདུག རྩ་བའི་བདུན་ཕྲག་སྔོན་མའི་ནང་ནེའུ་ཛ་ལན་ཌི་ནང་གི་ཁ་གཏད་ཆབ་སྲིད་ཚོགས་པས་ཡུལ་དེའི་གྲོས་ཚོགས་ནང་དུ་རྒྱ་ནག་གི་ཤིན་ཅང་ཡུ་གུར་མང་ཚོགས་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཡིན་མིན་ཐོག་བགྲོ་གླེང་དགོས་པའི་གྲོས་ཆོད་ཁྱེར་ཡོད་པ་དང་འབྲེལ། བདུན་ཕྲག་འདིའི་ནང་གྲོས་འཆར་དེའི་ཐོག་བགྲོ་གླེང་གནང་རྒྱུར་ངང་སྒུག་བྱས་ཡོད་ཡོད་ཀྱང་། ཡུལ་དེའི་གྲོས་ཚོགས་ཀྱི་དབུས་སུ་གཞུང་འཛིན་ངལ་རྩོལ་ཚོགས་པའི་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་མ་ཐོབ་པར་མཐར་མི་རིགས་སྡེབ་གསོད་ཀྱི་གནད་ཚིག་དེ་ཟུར་བཏོན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་གྲོས་ཆོད་བཞག་འདུག ཁ་སང་ཁུལ་དེའི་ཁ་གཏད་ཚོགས་པའི་ཚོགས་གཞོན་ལྕམ་ Brooke van Velden ལགས་ཀྱིས་གྲོས་ཚོགས་ཀྱི་དབུས་སུ་རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་ཐོབ་ཐང་རྡོག་རོལ་དང་མི་རིགས་སྡེབ་གསོད་བྱེད་བཞིན་ཡོད་པའི་གྲོས་འཆར་གྱི་ཐོག་ཏུ་བགྲོ་གླེང་ལྷུག་པོ་བྱེད་མ་ཐུབ་པར་བློ་ཕམ་དང་སྦྲགས། ང་ཚོས་དཔྱོད་ཤེས་ཀྱིས་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པར་ར་སྤྲོད་བྱུང་ཚེ། ང་ཚོས་ངོས་པར་དུ་དེ་གསལ་པོ་བཟོ་དགོས་པ་ཞིག་ཆགས་ཀྱི་ཡོད་པར་གསུངས་འདུག གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། གཞི་རྩའི་ཁུལ་དེའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གིས་དངོས་སུ་ཡུ་གུར་མི་རིགས་སྡེབ་གསོད་བྱེད་སྲིད་པར་བློ་འཚབ་བྱེད་བཞིན་ཡོད་སྐོར་དང་འབྲེལ་ནས། ཁུལ་དེའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Nanaia Mahuta ལགས་ཀྱིས་ཁ་སང་གསར་ལམ་ཁག་ཏུ་གསུངས་བ་ལྟར་ན། རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་ཐོབ་ཐང་རྡོག་རོལ་འཚབ་ཆེན་བཏང་སྟེ་མི་མང་བཀག་བསྐྱིལ་དང་ངལ་རྩོལ་བསྒྱུར་བཀོལ་སོགས་བྱེད་ཀྱི་ཡོད་པར་དཔང་རྟགས་གསལ་པོ་ཡོད་ནའང་། མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་མེད་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་དཔྱད་ཞིབ་གང་ལེགས་བྱས་རྗེས་གཞི་ནས་གསལ་པོ་ཆགས་ཐུབ་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག གཞི་རྩའི་ནེའུ་ཛ་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་ལྕམ་སྐུ་ Jacinda Ardern ལགས་དངོས་སུ་གྲོས་ཚོགས་སུ་རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བྱེད་བཞིན་པའི་ཐད་ནས་གྲོས་ཚོགས་སུ་བགྲོ་གླེང་བྱས་པའི་ཡུལ་དངོས་སུ་མེད་ཀྱང་། ཁོང་གིས་གསར་ལམ་ཁག་ཏུ་གནད་དོན་དེ་དང་འབྲེལ་བའི་ལན་འདེབས་གནང་བར་ཁུལ་དེའི་གྲོས་ཚོགས་ཀྱི་ནང་དུ་གྲོས་འཆར་དེར་རྒྱབ་སྐྱོར་ཐོབ་པར་ཁོང་དགའ་སྤྲོ་སྐྱེས་ནས་ཡོད་པར་གསུངས་འདུག གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་བྱས་པ་ལྟར་ན། ནེའུ་ཛ་ལན་ཌི་གཞུང་འཛིན་ཚོགས་པའི་ཐེངས་འདིའི་གྲོས་འཆར་གྱི་ནང་དུ་མི་རིགས་སྡེབ་གསོད་ཀྱི་གནད་ཚིག་དེར་རྒྱབ་སྐྱོར་གྱིས་བགྲོ་གླེང་བྱེད་མ་ཐུབ་པ་དེ་ནི་ཁུལ་དེ་དང་རྒྱ་ནག་གཉིས་དབར་གྱི་ཚོང་འབྲེལ་ལ་རག་ལས་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་ལྟར། ཁུལ་དེའི་ཚོང་འབྲེལ་བློན་ཆེན་གྱིས་ཁ་ཉིན་རེས་གཟའ་མིག་དམར་གྱི་ཉིན་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱས་པའི་ནང་། New Zealand གཞུང་འཛིན་ཚོགས་པས་མི་རིགས་སྡེབ་གསོད་ཀྱི་གནད་ཚིག་དེ་བེད་སྤྱོད་བཏང་བ་ཡིན་ན། རྒྱ་ནག་དེར་མི་དགའ་བ་མ་ཟད། གནད་དོན་དེའི་དབང་གིས་གསལ་པོར་རྟོགས་ཐུབ་པ་ཞིག་ནི་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་རྒྱུ་ངེས་རེད་ཅེས་གསུངས་འདུག རྩ་བའི་དེང་སྐབས་ནེའུ་ཛ་ལན་ཌི་ཙམ་མ་ཟད། ཨིན་ཡུལ་དང་ཨོ་གླིང་། དེ་བཞིན་ཁེ་ན་ཌ་བཅས་རྒྱལ་ཁབ་ཁ་ཤས་ཀྱིས་གྲོས་ཚོགས་ནང་དུ་ཤིན་ཅང་གི་གནད་དོན་དེ་མི་རིགས་རྩ་གཏོར་གྱི་གནད་དོན་ཡིན་མིན་ཐོག་གླེང་སློང་གནང་བཞིན་པའི་ཁྲོད། ཨིན་ཡུལ་གྲོས་ཚོགས་ཀྱི་ངོས་ནས་གནད་དོན་དེ་མི་རིགས་རྩ་གཏོར་རང་ཡིན་པའི་གྲོས་ཆོས་བཞག་པ་མ་ཟད། ཨིན་ཡུལ་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རི་དང་ཁེ་ན་ཌ་དང་ལྷན་དུ་ཤིན་ཅང་ནང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་སྲིད་དོན་ཉེས་ཆད་ཡང་བཅད་ཡོད་པ་རེད།

ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་ཉམས་ལེན་གནང་ཕྱོགས་ཐད་བཀའ་སྩལ་བ།

དེ་རིང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ཁུལ་གྱི་ Moscow བོད་སྐྱོབ་ཐེབས་རྩ་དང་བོད་ཀྱི་དོན་གཅོད་ལས་ཁུངས་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར།  སྒོམ་ཉམས་ལེན་དང་རྣམ་ཤེས་སྐོར་ལ་བོད་པའི་དགོན་སྡེ་ཁག་ཏུ་ཞིབ་འཇུག་བྱེད་མཁན་ཨུ་རུ་སུའི་ཚན་རིག་པ་ཁག་དང་ལྷན་དུ་ཚན་རིག་གི་ཐབས་ལམ་ཐོག་ནས་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་བྱེད་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བཀའ་འདྲི་དགོངས་སྐོར་ཁག་ལ་བཀའ་ལན་སྩལ་སོང་། དེ་ཡང་དེ་རིང་༸མགོན་པོ་གང་ཉིད་མཆོག་ལ་ཚན་རིག་པ་ཚོས་འགྲོ་བ་མིའི་ཐུགས་ཀྱི་གལ་གནད་དང་དེ་བཞིན་སྒོམ་སྒྲུབ་སོགས་ཀྱི་བརྗོད་གཞི་ཁག་ཅིག་ཐད་བཀའ་འདྲི་ཞུས་སོང་བ་དང་།  དེའི་ཁྲོད་ནང་ཆོས་ཀྱི་ལྟ་གྲུབ་གང་འདྲ་ཞིག་གིས་ནུབ་ཕྱོགས་ཚན་རིག་པ་ཚོའི་ཀླད་པའི་ཉམས་ཞིབ་གནང་བའི་སྐབས་རོགས་འདེགས་ཞུ་ཐུབ་ཀྱི་རེད་ཅེས་བཀའ་འདྲི་ཞུས་སྐབས།  ༸གོང་ས་མཆོག་གིས་ཚན་རིག་གི་བྱུང་རིམ་དབང་དུ་བཤད་ན་ཚན་རིག་དེ་བཞིན་ནུབ་ཕྱོགས་སར་ནས་དར་བ་ཞིག་དང་།  ཚན་རིག་གི་ཉམས་ཞིབ་བྱེད་ས་ནི་གཙོ་བོ་མཐོང་ཆོས་སུ་གྱུར་བའི་གཟུགས་ཅན་གྱི་ཆོས་ཤ་སྟག་ཆགས་ཀྱི་ཡོད་ཀྱང་།  རིམ་པས་ཚན་རིག་པའི་ཁྲོད་ནས་མང་དག་ཅིག་གིས་སེམས་ཀྱི་ཞི་བདེ་ཐད་ཐུགས་སྣང་སླེབས་པ་དང་།  སྤྱིར་སེམས་ཀྱི་ཞི་བདེ་ནི་འཕྲོད་བསྟེན་སྤྱི་ཡོངས་ཀྱི་བདེ་འཇགས་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་།  ཡང་སྒོས་འཇིགས་དངངས་དང་།  ཁོང་ཁྲོ་བཅས་ཀྱི་སེམས་ཀྱི་ཞི་བདེ་མེད་པ་བཟོ་བཞིན་ཡོད་པས།  ང་ཚོའི་བློའི་རྣམ་བཞག་དང་སེམས་བྱུང་གི་བྱེད་ལས་སྐོར་ཤེས་ན་ཕན་ཐོགས་ཡོད་སྐོར་བཀའ་བསྩལ་སོང་། དེ་བཞིན་ཚོགས་ཞུགས་པ་ཞིག་གིས་སྐྱེ་བ་སྔ་མ་དྲན་པ་དང་ཤེས་པ་ཙམ་མ་ཡིན་པར་སྐྱེ་བ་སྔ་མ་ཡོད་པའི་གྲུབ་ཆ་གཞན་ག་རེ་བཀོད་རྒྱུ་ཡོད་མེད་བཀའ་འདྲི་ཞུས་བར།   ༸མགོན་པོ་མཆོག་གིས།  སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་བོད་མི་གཙོས་རྒྱ་གར་བའི་སྤྱི་ཚོགས་ནང་བྱིས་པ་ལོ་གསུམ་བཞི་ཙམ་སོན་སྐབས་སྐྱེ་བ་སྔ་མ་དྲན་མཁན་མང་པོ་ཡོད་པ་དང་དེ་འབྲེལ་གྱི་གནད་དོན་ལུང་འདྲེན་མཛད་པ་དང་སྦྲགས།  སྤྱིར་ང་ཚོི་སྐྱེས་པ་ནས་བཟུང་ལོ་ཁ་ཤས་རིང་སྐྱེ་བ་སྔ་མའི་དྲན་པ་གསལ་པོ་ཡོད་ཀྱང་།  དེ་རྗེས་རིམ་པས་འཚར་ལོངས་རྗེས་སྐྱེ་བ་སྔ་མའི་དྲན་པ་ཡལ་བཞིན་ཡོད་པ་བཀའ་སྩལ་སོང་།    ལྷག་པར་སྐྱེ་བ་སྔ་མ་ཡོད་པའི་རྟགས་མཚན་གཞན་ཞིག་ནི།  སློབ་ཕྲུག་ཁག་ཅིག་སློབ་སྦྱོང་གནང་བའི་སྐབས་ལམ་སེང་ཤེས་རྒྱུ་མཐོང་རྒྱུ་ཡོད་པ་དེ་དག་སྐྱེ་བ་སྔ་མའི་བག་ཆགས་ལ་བརྟེན་ནས་ཡོང་བ་ཞིག་ཡིན་སྐོར་བཀའ་ལན་སྩལ་སོང་།ཡང་བགྲོ་གླེང་ནང་ཚོགས་ཞུགས་པ་གཞན་ཞིག་གིས་ཐུགས་དམ་ངོ་མ་ཅི་ཡིན་དབྱེ་བ་ཇི་ལྟར་འབྱེད་དགོས་པའི་བཀའ་འདྲི་གནང་བར༸གང་ཉིད་མཆོག་གིས།  ཐུགས་དམ་ལ་བཞུགས་ཡོད་མེད་ཟེར་བ་དེ་ཞེན་ཆགས་ཆེ་དྲག་ནས་ཐུགས་དམ་ལ་བཞུགས་མཁན་ཡོང་མི་སྲིད་པ་མེད་སྐོར་དང་སྦྲགས་གཞི་རྩའི་ཐུགས་དམ་དེ་དུས་རྒྱུན་རང་སོ་སོའི་སྤྱོད་ལམ་དང་ཉམས་ལེན་གྱི་ཉམས་མྱོང་ཇི་ལྟར་ཡོད་མེད་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་གནང་སོང་། མ་ཟད།  སྒོམ་དང་འབྲེལ་ཚོགས་ཞུགས་པ་ཞིག་གིས་ད་ཆ་དུས་ཚོད་ལ་འགྱུར་བ་ཕྱིན་ནས་སྒོམ་སྒྲུབ་པ་ཚོས་སྒོམ་བྱའི་ཡུལ་དང་སྒོམ་ལུགས།  དེ་བཞིན་དུས་ཚོད་ལ་བརྟེན་ནས་སྒོམ་ཉམས་ལེན་ལ་འགྱུར་བ་ཇི་ལྟར་འགྲོ་མིན་བཀའ་འདྲི་གནང་བར།  ༸གང་ཉིད་མཆོག་གིས།  རང་ཉིད་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པ་དང་།   ལྷག་པར་གང་ཟག་སོ་སོ་སྒོམ་སྒྲུབ་དོན་གཉེར་བ་ཞིག་ཡིན་ན་དེས་སྒོམ་ཉམས་ལེན་ཐད་གནོད་ཡ་གང་ཡང་མེད་པ་དང་།  སྒོམ་ཉམས་ལེན་གནང་ཐུབ་མི་ཐུབ་དེ་བསམ་བློ་གཏོང་སྟངས་ལ་རག་ལུས་ཀྱི་ཡོད་སྐོར་བཀའ་ལན་བསྩལ་སོང་། གཞི་རྩའི་དེ་རིང་གི་མཛད་རིམ་འདི་བཞིན་༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ནས་རྒྱ་གར་གྱི་སྔ་དྲོ་ཕྱག་ཚོད་ ༨།༤༥ ཙམ་ཞིག་ལ་དྲ་ལམ་བརྒྱུད་དབུ་འཛུགས་མཛད་པ་དང་།  དུས་རྒྱུན་ལྟར་མཛད་རིམ་དེ་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གནང་སོང་།

རྒྱ་ནག་གིས་བོད་རིགས་ཁོ་ནའི་དམག་སྡེ་འཛུགས་འཆར་ལ་རྒྱ་གར་གྱིས་སེམས་འཚབ།

འདས་པའི་ལོ་ཟླའི་ཁྲོད་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་གི་གནད་དོན་རབ་དང་རིམ་པ་བྱུང་བའི་དོན་རྐྱེན་སོགས་ལས་འཕྲོས་ཏེ་ཉེ་ལམ་རྒྱ་ནག་གཞུང་གིས་ཡུལ་དེའི་བཅིངས་གྲོལ་དམག་གི་ཁོངས་སུ་བོད་རིགས་རྐྱང་པའི་དམག་སྡེ་ཞིག་འཛུགས་འཆར་དང་འབྲེལ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་ཅིག་ཏུ་དམག་མིའི་ལས་དོན་སླད་བོད་པའི་ན་གཞོན་བསྡུ་རུབ་བྱེད་བཞིན་པའི་གནས་ཚུལ་ཐོན་བཞིན་པ་དེར་རྒྱ་གར་ངོས་ནས་སེམས་འཚབ་དང་འབྲེལ་ཐུགས་སྣང་ཆེན་པོ་གནང་བཞིན་འདུགདེ་ཡང་རྒྱ་ནག་གཞུང་ནས་བོད་རིགས་རྐྱང་པའི་དམག་གི་སྡེ་ཚན་ཞིག་འཛུགས་རྒྱུའི་སླད་དུ་འདི་ལོའི་ཕྱི་ཟླ་གཉིས་པ་ཙམ་ནས་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་ནག་བཅིངས་གྲོལ་དམག་མིའི་འགོ་གཙོ་ཁག་ཅིག་རྒྱ་གཞུང་གིས་དབྱེ་པའི་བོད་རང་སྐྱོང་ལྗོངས་ཁུལ་དུ་ཆགས་པའི་མངའ་རི་དང་། མཐོ་ལྡིང་ས་ཁུལ་སོགས་སུ་བོད་རིགས་གཞོན་སྐྱེས་བསྡུ་རུབ་སླད་བསྐྱོད་བཞིན་ཡོད་པ་དང་། ཁ་སང་ IANS གསར་ཁང་གཙོས་པའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་དུ་རྒྱ་གར་གྱི་ཕྱི་སྲིད་དང་དམག་གི་སྡེ་ཚན་གྱི་གསང་བའི་ལས་བྱེད་ཅིག་ནས། རྒྱ་ནག་བཅིངས་གྲོལ་དམག་མིའི་འགོ་ཁྲིད་ཁག་ཅིག་གིས་བོད་ཀྱི་ས་གནས་ཁག་ཏུ་དམག་མིའི་ལས་དོན་ཆེད་དུ་བོད་རིགས་གཞོན་སྐྱེས་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། དེ་ཡང་ད་བར་བསྡུ་རུབ་བྱས་པ་དེ་དག་དེ་སྔ་བོད་ནང་རྒྱ་གཞུང་གིས་ལས་ཀ་བྱེད་མྱོང་ཡོད་པའི་རྒྱ་ནག་ཧན་མི་རིགས་དང་བོད་པ་བསྲེས་མའི་ཁྱིམ་ཚང་ནས་ཡིན་པ་དང་། དེ་ནི་རྐང་བོད་རིགས་རྐྱང་པའི་དམག་གི་སྡེ་ཚན་དེའི་ནང་དུ་རྒྱ་ནག་གཞུང་ལ་ངོ་ལོག་མི་བྱེད་མཁན་ཁོ་ན་ཚུད་ཐབས་སླད་དུ་ཡིན་པ་གསུངས་འདུག མ་ཟད་ཁོང་ནས་དམག་དོན་སླད་མི་སྣ་བསྡུ་རུབ་བྱེད་སྐབས་མིའི་གཟུགས་སྟོབས་དང་། བདེ་ཐང་། དེ་བཞིན་རིག་སྟོབས་སོགས་ཀྱི་ཐད་དཔྱད་ཞིབ་བྱེད་དགོས་སྟབས།་དེ་ནི་བརྒྱུད་རིམ་གྱི་ཆ་ནས་དུས་ཡུན་རིང་པོ་ཞིག་འགོར་ངེས་ཡིན་སྐོར་གསུངས་འདུག་ལ། ཡང་མིང་མངོན་གསལ་གནང་འདོད་མེད་པའི་གསང་བའི་ལས་ལས་བྱེད་གཞན་ཞིག་ནས། དམག་དོན་སླད་བོད་རིགས་བསྡུ་རུབ་ཀྱི་ལས་དོན་དེ་ཉེ་ཆར་རྒྱལ་ས་ལྷ་སའི་ནང་དུ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གི་ལས་བྱེད་ཚོས་བོད་རིགས་དེ་དག་གི་རྒྱབ་ལྗོངས་ལོ་རྒྱུས་ནང་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་མེད་དང་། རྒྱ་གཞུང་གི་སྲིད་བྱུས་ལ་བརྩི་མཐོང་ག་ཚོད་ཡོད་མེད་སོགས་ཀྱི་ཐད་ཀྱང་རྩད་ཞིབ་ནན་པོ་བྱེད་བཞིན་ཡོད་པ་གསུངས་འདུག གཞི་རྩའི་གསང་བའི་ལས་དོན་གཉེར་མཁན་དང་དཔྱད་པ་ཁག་ཅིག་ནས་ད་རེས་རྒྱ་ནག་གཞུང་ནས་བོད་རིགས་རྐྱང་པའི་དམག་སྡེ་ཞིག་འཛུགས་འཆར་ཡོད་པ་དེ་ནི། རྐང་ཉེ་ལམ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་སྐབས་རྒྱ་གར་ཕྱོགས་ནས་བོད་མིའི་དྭང་ཞབས་དམག་སྒར་གྱི་དམག་མི་བཏང་སྟེ་ཕན་ཐོགས་བྱུང་བའི་རྐྱེན་དང་། བོད་པའི་དམག་མི་རྣམས་ལ་རི་མཐོན་པོ་དང་གངས་རི་སོགས་ཀྱི་ཐོག་ལ་བཞུགས་རྒྱུའི་དམིགས་བསལ་ནུས་པ་སོགས་ཡོད་སྟབས་རྒྱ་ནག་གཞུང་ནས་ལས་གཞི་དེ་འགོ་འཛུགས་བྱས་པ་ཞིག་ཡིན་སྐོར་གསུངས་བཞིན་འདུག་པ་མ་ཟད། རྒྱ་གར་གྱི་འཕྲོད་བསྟེན་མཁས་པ་ཞིག་ནས། ད་ལྟ་ཡོད་བཞིན་པའི་རྒྱ་ནག་བཅིངས་གྲོལ་དམག་མི་རྣམས་ས་མཐོན་མོར་དམག་དོན་གཉེར་སྐབས་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངན་ཆེན་པོ་འཕྲད་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་ལོ་ལྟར་བོད་ཁུལ་དུ་ཡོད་པའི་དམག་མི་རྣམས་ལ་འཕྲོད་བསྟེན་དང་འབྲེལ་བའི་སློབ་གསོ་འཕར་མ་སྤྲོད་དགོས་པའི་གནས་སྟངས་ཆགས་ཡོད་པ་གསུངས་འདུག མ་ཟད་དེ་སྔ་རྒྱ་གར་ཤར་ཕྱོགས་ཁུལ་གྱི་དམག་དཔོན་གནང་མྱོང་མཁན་སྐུ་ཞབས་ J.R. Mukherjee ལགས་ནས། རྒྱ་ནག་གཞུང་ནས་བོད་རིགས་རྐྱང་པའི་དམག་སྡེ་འཛུགས་ཐབས་ཀྱི་ལས་དོན་དེ་ཧ་ཅང་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་དང་འབྲེལ། རྒྱ་གཞུང་གིས་དེ་སྔ་བལ་ཡུལ་གྱི་Gurkha མི་རིགས་རྣམས་ཀྱང་རྒྱ་ནག་གི་དམག་སྡེའི་ཁོངས་སུ་བསྡུ་རུབ་བྱེད་ཐབས་བྱས་ཡོད་ཀྱང་། ད་ལྟའི་ཆ་ལ་Gurkhaམི་རིགས་རྣམས་རྒྱ་ནག་གི་བསྡུ་རུབ་བྱེད་ཐུབ་མེད་པ་དང་། དེ་ནི་རྐང་Gurkha མི་རིགས་རྣམས་ལོ་རྒྱུས་རིང་པོའི་ཐོག་ནས་རྒྱ་གར་གྱི་དམག་མི་དང་འབྲེལ་བ་བཟང་པོ་ཡོད་པའི་ཆ་ནས་ཡིན་པ་དང་། ད་རེས་རྒྱ་ནག་གི་བོད་རིགས་བསྡུ་རུབ་བྱས་པ་དེ་ནི་ས་མཐོན་པོའི་ཐོག་རྒྱ་ནག་རང་ཉིད་ཀྱི་དམག་མི་རྣམས་ནུས་པ་ལྡན་པ་ཞིག་མེད་ཙང་རེད་ཅེས་གསུངས་འདུག གཞི་རྩའི་ད་ལྟའི་ཆ་ལ་རྒྱ་ནག་གི་དམག་སྡེའི་ཁྲོད་དུ་བོད་རིགས་རྐྱང་པའི་དམག་གི་སྡེ་ཚན་ཞིག་མེད་ཀྱང་། དམག་དོན་དང་འབྲེལ་བའི་སྙན་ཐོ་ཁག་ཏུ་ད་ལྟའི་ཆ་ལ་རྒྱ་ནག་བཅིངས་གྲོལ་དམག་མིའི་ཁོངས་སུ་བོད་རིགས་༣༠༠༠ནས་༤༠༠༠ བར་ཡོད་པ་ཚོད་དཔག་གནང་གི་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་གསར་འགོད་རང་དབང་གཙོ་གྲས་སུ་བརྩི་དགོས་པར་ནན་སྐུལ།

ཁ་སང་ཕྱི་ཟླ་ ༥ ཚེས་ ༣ ཉིན་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་ངེས་པར་དུ་ཕྱིའི་གསར་འགོད་པ་ཚོ་སྲིད་གཞུང་གི་ལྟ་རྟོགས་མེད་པར་རང་དབང་ངང་བོད་ནང་འགྲུལ་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ Twitter ཐོག་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོར་ཚེ་སྲོག་གི་ཉེན་ཁར་མ་འཛེམ་པར་བོད་ནང་གི་གནས་ཚུལ་ཕྱི་ལ་བགོ་འགྲེམས་གནང་མཁན་སྙིང་སྟོབས་ཅན་གྱི་བོད་རིགས་དག་དང་ལྷག་དོན་བོད་ཀྱི་ངོ་རྒོལ་གནས་ཚུལ་ཕྱིར་བསྒྲགས་གནང་སྐོར་བཤད་དེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་གནང་བའི་ཉེས་མིང་འོག་བཙོན་འཇུག་གིས་ཀྱིས་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་སྦྱིན་པ་ལགས་བཅས་ལ་ཆེ་བསྟོད་ཞུས་འདུག དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཁ་སང་ནི་འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོ་ཞིག་ཡིན་ནའང་། འཛམ་གླིང་གི་ས་ཁུལ་ཁག་ནང་གསར་འགོད་རང་དབང་མེད་པའི་ཁར། རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་རྣམས་བོད་ནང་འགྲུལ་བསྐྱོད་བྱ་རྒྱུར་བཀག་སྡོམ་བྱེད་མུས་ཡིན་པར་གསལ་འདོན་གནང་སྟེ། རྒྱ་གཞུང་གིས་ངེས་པར་དུ་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེར་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པར་ནན་སྐུལ་གནང་འདུག ཁ་སའི་ཉི་མོ་དང་བསྟུན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་ཀྱང་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཐོག་གསར་འགོད་པ་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་དང་མི་དམངས་ལ་གནས་ཚུལ་མཁོ་སྤྲོད་ཀྱིས་ཤེས་བྱ་ཇི་ཙམ་ཆེ་བ་ཡོད་ན་དེ་ཙམ་གྱིས་སྟོབས་ཤུགས་ཤིག་འཕེལ་གྱི་ཡོད་སྟབས་ཨ་རིས་གསར་འགོད་རང་དབང་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་གཅེས་སྐྱོང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ Audrey Azoulay  ལགས་ཀྱིས་གསར་འགོད་རང་དབང་གི་ཉིན་མོར་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་སོ་སོའི་རྒྱལ་ཁབ་ནང་གི་གསར་འགོད་པ་ཚོར་གསར་འགྱུར་བཀོད་རྒྱུའི་རང་དབང་སྤྲོད་དགོས་པ་དང་གསར་འགོད་པ་ཚོས་ཀྱང་ཕྱི་གསལ་ནང་གསལ་ཐོག་ནས་གནས་ཚུལ་སྤེལ་དགོས་པ་གསུངས་འདུགརྩ་བའི་འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་ནང་གསར་འགོད་རང་དབང་དང་། གནས་ཚུལ་དྲང་བདེན་སོགས་གལ་ཆེ་རང་བཞིན་ངོས་ཟིན་ཐོབ་ནས་བརྩི་བཀུར་ཡོང་ཆེད་དང་། གསར་འགོད་རང་དབང་སྲུང་སྐྱོབ་ཆེད་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་ཁྱབ་བསྒྲགས་བྱས་ཡོད་པ་རེད།

Latest news