Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

བོད་འདི་རྒྱ་དཀར་ནག་བར་གྱི་གནད་དོན་སྙིང་པོ་དེ་རེད་ཅེས་གསུངས་འདུག

རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་དེ་སྔ་རྒྱ་ནག་ནང་ལ་རྒྱ་གར་གྱི་གཞུང་ཚབ་པ་གནང་མྱོང་མཁན་སྐུ་ཞབས་ Vijay Gokhale ལགས་ནས་བོད་འདི་རྒྱ་དཀར་ནག་བར་གྱི་གནད་དོན་སྙིང་པོ་དེ་རེད་ཅེས་གསུངས་འདུག དེ་ཡང་ཁེ་ཉིན་རྒྱ་གར་གྱི་ The Print གསར་ཁང་ནས་ཉེ་ཆར་སྐུ་ཞབས་ Vijay Gokhale ལགས་ཀྱིས་བྲིས་པའི་ The Long Game: How the Chinese Negotiate with India ཞེས་རྒྱ་ནག་གིས་རྒྱ་གར་ལ་གྲོས་མོལ་ཇི་ལྟར་བྱེད་ཅེས་འགོ་བརྗོད་འཁོད་པའི་དཔེ་དེབ་གསར་པའི་ནང་དོན་དང་འབྲེལ་དམིགས་བསལ་བཀའ་འདྲི་ཞུས་པའི་ལེ་ཚན་ཞིག་རྒྱང་སྲིང་ཞུས་འདུག་པ་དང་། སྐབས་དེར་སྐུ་ཞབས་ Vijay Gokhale ལགས་ནས་ཁོང་གི་དཔེ་དེབ་གསར་པ་དེ་རྒྱ་ནག་གཞུང་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱེད་སྟངས་དང་། དེར་རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ནས་ཡ་ལན་བྱེད་སྟངས་སོགས་ཀྱི་ཐད་གཙོ་གནད་དུ་བྱས་པའི་དཔེ་དེབ་ཞིག་ཡིན་པར་ངོ་སྤྲོད་གནང་འདུགསྐབས་དེར་ The Print གསར་ཁང་གི་གསར་འགོད་པ་ Jyoti Malhotra ལགས་ནས་དཔེ་དེབ་དེའི་ནང་ལ་དོན་ཚན་ཆེ་ཁག་དྲུག་ཡོད་པའི་ནང་ནས་དོན་ཚན་དང་པོ་དེ་བོད་ཀྱི་སྐོར་བྲིས་དགོས་དོན་གང་ཡིན་བཀའ་འདྲི་ཞུས་སྐབས།  བོད་ཀྱི་གནད་དོན་དེ་དཔེ་དེབ་དེའི་ཆ་ཤས་ཤིག་ཡིན་པ་དང་། དེ་ཡང་ཕྱི་ལོ་༡༩༤༧ ནས་ ༡༩༥༩ བར་གྱི་གནས་སྟངས་ལ་གཞིགས་སྐབས། རྒྱ་གར་གཞུང་ནས་བོད་ཀྱི་གནད་དོན་དེ་ཐོག་མ་ཉིད་ནས་མ་གོ་མ་ཐོས་ལྟ་བུ་བྱས་ཏེ་བཞག་པ་མ་ཟད། རྒྱ་གར་གཞུང་ནས་ཆབ་སྲིད་འབྲེལ་ལམ་བརྒྱུད་རྒྱ་ནག་ལ་སྐད་ཆ་བཤད་སའི་བརྒྱུད་ལམ་ཡོད་པ་དེ་དག་ཀྱང་བེད་སྤྱོད་བྱས་མེད་སྟབས། ད་ལྟའི་བོད་ཀྱི་གནས་སྟངས་འདིའི་གཞི་རྩ་ནི་སྐབས་དེའི་རྒྱ་གར་གྱི་འགོ་ཁྲིད་ཚོར་ཕྱི་འབྲེལ་གྱི་ལས་དོན་ཐོག་ལ་ཉམས་མྱོང་ཞན་ཞིང་། རྒྱ་ནག་གི་འགོ་ཁྲིད་ཚོར་ཉམས་མྱོང་ཆེ་བ་ཡོད་པའི་གནས་སྟངས་དེར་ཐུག་ཡོད་པར་གསུངས་འདུག མ་ཟད་དེ་སྔ་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་རྒྱ་ནག་དང་གྲོགས་པོ་སྒྲིག་རྒྱུའི་བསམ་བློ་ཁོ་ན་བཏང་པའི་སྐབས་དེར་རྒྱ་ནག་ཕྱོགས་ནས་རང་ཉིད་ཀྱི་དགོས་དོན་སྒྲུབ་རྒྱུར་གཙོ་འདོན་བྱས་ཡོད་པ་དང་། དེ་ཡང་གཙོ་བོ་གཅིག་དེ་བོད་ཀྱི་བདག་དབང་རྒྱ་ནག་ལ་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་པ་ལྟར། རྒྱ་ནག་གི་ངོས་ནས་རང་ཉིད་ཀྱི་དགོས་འདུན་དེ་འགྲུབ་ཐུབ་པ་བྱས་ཡོད་པ་རེད་ཅེས་གསུངས་འདུག ལྷག་པར་དུ་སྐུ་ཞབས་ Vijay Gokhale ལགས་ཀྱིས་འདས་ཟིན་པའི་རྒྱ་དཀར་ནག་དབར་གྱི་གནས་སྟངས་དང་ད་ལྟའི་གནས་སྟངས་གང་གི་ཐད་ནས་བཤད་ཀྱང་། བོད་ཀྱི་གནད་དོན་དེ་ནི་རྒྱ་དཀར་ནག་དབར་གྱི་གནད་དོན་སྙིང་པོ་དེ་ཡིན་པ་དང་། ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་སུ་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་བྱེད་མཁན་ཚོར་གདོང་ལེན་ནན་པོ་བྱེད་རྒྱུ་ཡིན་ཞེས་བཤད་པ་དེ་བོད་ཀྱི་གནདད་དོན་ཐོག་ནས་བལྟས་ན་རྒྱ་གར་ལ་བརྡ་ལན་བཏང་བ་ཞིག་ཀྱང་མཚོན་ཐུབ་པ་མ་ཟད། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་རྒྱ་གར་ལུང་པ་ཡིན་པ་དེ་ཡིས་རྒྱ་ནག་ལ་རང་བཞིན་གྱིས་མི་བདེ་བའི་བསམ་བློ་ཞིག་ཡོད་ངེས་རེད་ཅེས་གསུངས་འདུག གཞན་ཡང་ཁོང་གིས་རྒྱ་ནག་ཕྱོགས་ནས་ཕྱི་རྒྱལ་ཁབ་དང་འབྲེལ་བ་བྱེད་པའི་སྐབས་ལ་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ་གཞན་བསླུ་ཐབས་ཀྱི་བསམ་བློ་ཤུགས་ཆེན་པོ་འཛིན་གྱི་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བྱེད་རྒྱུ་ནི་རྒྱ་ནག་གི་ཐབས་ལམ་གསར་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གཞུང་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་གང་འདྲ་ཞིག་བྱས་རུང་། ཕྱོགས་གཉིས་ཀས་མོས་མཐུན་ཐོག་མཚན་རྟགས་བཀོད་རྒྱུ་ཡོད་པའི་འབྲེལ་བ་རིགས་བྱེད་པ་མ་གཏོགས།  ཕྱིའི་ངོ་གདོང་ཁོ་ན་ལ་བལྟས་ནས་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུ་དེ་ཉེན་ཁ་ཅན་ཞིག་རེད་ཅེས་གསུངས་འདུག གཞི་རྩའི་སྐུ་ཞབས་ Vijay Gokhale ལགས་ཀྱིས་དཔེ་དེབ་གསར་པ་དེའི་ནང་ལ་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དང་། བོད། དེ་བཞིན་རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་འབྲེལ་ལམ་སོགས་དོན་ཚན་ཆེ་ཁག་དྲུག་ཙམ་འཁོད་ཡོད་འདུག

ཕོ་བྲང་པོ་ཏ་ལ་དང་ལྷ་སའི་ཇོ་ཁང་སོགས་ཀྱི་ཤུལ་བཞག་རིག་གནས་ལ་ཞིབ་འཇུག་བྱ་འཆར།

UNESCO ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག དེ་བཞིན་རིག་གཞུང་བཅས་ཀྱི་སྡེ་ཚན་གྱི་ཚོགས་ཆུང་ངོས་ནས་དེ་རིང་ནས་འགོ་འཛུགས་ཀྱིས་གནངས་ཉིན་ཕྱི་ཚེས་ ༢༣ བར་ཉིང་གྲངས་གསུམ་གྱི་རིང་ལ་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡོད་པའི་བོད་ཀྱི་ཕོ་བྲང་པོ་ཏཱ་ལ་དང་ལྷ་སའི་ཇོ་ཁང་། དེ་བཞིན་དེའི་ཉེ་འདབས་སུ་ཆགས་པའི་ལྷ་སའི་ནོར་བུ་གླིང་ཁ་གཙོས་པའི་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁག་གི་གནས་བབ་ལ་ཞིབ་འཇུག་གནང་རྒྱུ་རེད་འདུགགཞི་རྩའི་ཞིབ་འཇུག་གྱི་ལས་དོན་དེ་སྔར་ལོ་༢༠༢༠ ལོར་གནང་གཏན་འཁེལ་ཡོད་ཀྱང་། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ད་བར་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་དང་། ཐེངས་འདིའི་ཞིབ་འཇུག་གི་ལས་དོན་རྣམས་རྒྱ་ནག་གི་གྲོང་ཁྱེར་ཧྥོ་ཀྲུག་ནས་གོ་སྒྲིག་ཐོག་ཚོགས་མི་རྣམ་པ་དྲ་ཐོག་ནས་མཉམ་ཞུགས་ཐོག་ཚོགས་གནང་རྒྱུ་རེད་འདུག དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག གཞན་ཡང་རིག་གཞུང་བཅས་ཀྱི་སྡེ་ཚན་གྱི་ཚོགས་ཆུང་ངོས་ནས་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁག་གི་གནས་བབ་ལ་ཞིབ་འཇུག་གནང་འགོ་བཙུགས་པ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ནས། ཐེངས་འདིའི་ཞིབ་འཇུག་ཁྲོད་རྒྱལ་རབས་ལོ་རྒྱུས་ལྡན་ཞིང་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡོད་པའི་བོད་ཀྱི་ཕོ་བྲང་པོ་ཏ་ལའི་གནས་བབས་ཐོག་ལ་དམིགས་བསལ་གྱི་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྒྱ་ནག་གཞུང་ནས་འདས་པའི་ལོ་ཤས་ནང་ཕོ་བྲང་པོ་ཏ་ལ་གཙོས་པའི་དེའི་ཉེ་འཁོར་དུ་ཡོད་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཁག་གཅེས་སྐྱོང་གནང་སྟངས་སོགས་ཀྱི་ཐད་ལ་འཐུས་ཤོར་ཆེན་པོ་བཏང་ཡོད་པ་མངོན་གསལ་རེད་ཅེས་གསུངས་འདུག མ་ཟད་ཕྱི་ལོ་ ༢༠༡༨ ལོར་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་གནས་ཚུལ་ཐད་རྒྱ་ནག་གཞུང་ནས་ད་བར་གསལ་བཤད་ནན་ཏན་ཞིག་བྱས་མེད་པ་མ་ཟད། ཇོ་ཁང་གི་མདུན་དུ་རྒྱ་ནག་གི་བཟོ་དབྱིབས་ལྡན་པའི་ལྡིང་ཁང་དང་ཕོ་བྲང་པོ་ཏ་ལའི་གཡས་གཡོན་དུ་ཚོང་གི་ལྟེ་གནས་འཛུགས་སྐྲུན་བྱས་པ། དེ་བཞིན་ཉེ་བའི་ཆར་རྒྱ་ནག་གཞུང་ནས་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ཏེ་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་ཇོ་ཁང་ཁུལ་དུ་ཆོས་མཇལ་ཡོང་མཁན་ཚོར་དམ་དྲག་བྱས་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དམ་དྲག་དེ་ཙམ་མ་བྱས་པའི་གནས་སྟངས་དེ་ཡིས་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཡོད་པའི་བོད་ཀྱི་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་ཇོ་ཁང་གི་ཐུན་མོང་མ་ཡིན་པའི་རིན་ཐང་ལ་དོ་ཕོག་བཏང་པ་ཞིག་ཡིན་པ་སོགས་ཐེར་འདོན་དང་སྦྲགས། ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག དེ་བཞིན་རིག་གཞུང་བཅས་ཀྱི་སྡེ་ཚན་གྱི་ཚོགས་ཆུང་ངོས་ནས་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་ཇོ་ཁང་གཙོས་པའི་དེའི་གཡས་གཡོན་གྱི་རིག་གནས་ཁག་སྲུང་སྐྱོབ་ཚད་ལྡན་བྱས་མེད་པའི་དཔང་རྟགས་ཡོད་བཞིན་དུ་སྣང་མེད་དུ་བཞག་ན། རྒྱལ་ཚོགས་ཀྱི་ཚོགས་ཆུང་དེའི་ངོས་ནས་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཞེས་པ་དེ་དྲང་བདེན་ཞིག་ཆགས་ཀྱི་མ་རེད་ཅེས་གསུངས་འདུག མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་སོགས་ཀྱི་སྡེ་ཚན་དང་དེའི་ཚོགས་མིའི་རྒྱལ་ཁབ་ཁག་ནས་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་ཇོ་ཁང་གི་གནས་བབ་ཐོག་ཐེངས་འདིར་དགོངས་པ་ཞིག་མ་བཞེས་པ་ཡིན་ན་མ་འོངས་པར་རིམ་བཞིན་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཕོ་བྲང་པོ་ཏཱ་ལ་དང་ཇོ་ཁང་གི་གནས་བབ་ལ་དོ་ཕོགས་ཐེབས་ངེས་ཡིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྤྱིའི་སྲུང་སྐྱོབ་ཀྱི་གནས་བབ་ཐད་ལ་ཡང་གྱོང་གུད་ཆེན་པོ་ཞིག་ཐེབས་ངེས་ཡིན་པ་གསུངས་འདུག་པ་མ་ཟད། ད་རེས་ཀྱི་ཞིབ་འཇུག་ལས་དོན་འདི་བརྒྱུད་དེ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ངོས་ནས་བོད་ཀྱི་ཕོ་བྲང་པོ་ཏཱ་ལ་དེ་ཉེན་ཁའི་ནང་དུ་ལྷུང་བའི་དངོས་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་ཞུ་རྒྱུ་དེ་ནི་ཐབས་ཤིག་ཡིན་པ་ཡང་གསུངས་འདུག གཞི་རྩའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་ནས་ཟླ་བ་སྔོན་མའི་ཕྱི་ཚེས་ ༦ ཉིན་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་འདོན་སྤེལ་གནང་པའི་སྙན་ཐོའི་ནང་ལ་དཔྱད་ཞིབ་ཀྱི་གྲུབ་དོན་ཁག་ཅིག་དང་ལྷན་དུ་འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་ཕོ་བྲང་པོ་ཏཱ་ལ་དེ་ཉེན་ཁའི་ནང་དུ་ལྷུང་བའི་དངོས་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་དགོས་པ་དང་ལྷག་པར་དུ་དེའི་ཁྱབ་ཁོངས་སུ་གཏོགས་པའི་ལོ་ངོ་ ༡༣༠༠ ཙམ་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ལྷ་སའི་ཇོ་ཁང་ངམ་གཙུག་ལག་ཁང་ལ་སྲུང་སྐྱོབ་དགོས་པའི་ཞུ་སྐུལ་གནང་ཡོད།

ཊོཀ་ཡོ་ཨོ་རྩེད་འཚོགས་ཉེ་དང་བསྟུན་ ༢༠༢༢ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ།

ཁ་སང་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་གི་ཕྱི་ལོ་ ༢༠༢༠ ལོའི་ཨོ་རྩེད་འགྲན་ཚོགས་གནང་བར་ཉིན་གྲངས་བཞི་ལས་མེད་པ་དང་བསྟུན་ཏེ་བོད་མི་གཙོས་ཡུ་གུར་བ་དང་ནང་སོག ཧོང་ཀོང་དང་ཉི་ཧོང་། དེ་བཞིན་རྒྱ་རིགས་མང་གཙོ་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་བཅས་ཁྱོན་མང་ཚོགས་སུམ་ཅུ་ལྷག་ཆེད་འཛོམས་ཀྱིས་ཉི་ཧོང་གི་རྒྱལ་ས་ Tokyo ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ཚོུད་གཅིག་ཙམ་རིང་ལ་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཀྱི་གནད་དོན་ལ་ངོ་རྒོལ་གནང་ཕྱིར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འཚོགས་པར་ངོ་རྒོལ་གྱི་རྣམ་པ་ཆེད་བཏོན་གནང་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེ་བཞིན་སྐབས་དེར་ལས་འགུལ་བ་ཁོང་རྣམ་པས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་དེ་ནི་མི་རིགས་སྡེབ་གསོད་ཀྱི་རྩེད་འགྲན་ཞིག་ཆགས་ཀྱི་ཡོད་པ་དང་དེ་འདྲའི་རྩེད་འགྲན་དེ་འཚོགས་པར་ཉིན་གྲངས་ ༢༠༠ ལས་མེད་པར་ཆེས་བཏོན་གནང་བ་དང་སྦྲགས། འཛམ་གླིང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་སྐམ་ས་ཆེན་མོའི་ནང་དུ་བོད་མིས་གཙོས་པའི་ཡུ་གུར་སོགས་གྲངས་ཉུང་མི་རིགས་གྱུར་བ་རྣམས་ཀྱི་ཚེ་སྲོག་སྐྱོབ་རྒྱུ་དང་དེ་བཞིན་ཧོང་ཀོང་གི་ཆབ་སྲིད་དང་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ཁག་སྲུང་སྐྱོབ་གནང་ཕྱིར་རྒྱ་ནག་ལ་སྐྱོན་བརྗོད་གནང་རོགས་ཞེས་ཚོར་ཤུགས་ཆེན་པོས་འབོད་སྐུལ་གནང་འདུག སྐབས་དེར་དེ་དེ་བཞིན་ལས་འགུལ་བ་ཚོས་རྒྱལ་ས་ཊོཀ་ཡོ་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་རྒྱ་གཞུང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་དགོས་འདུན་འཁོད་པའི་ཞུ་སྙན་ཕུལ་འདུག་པ་མ་ཟད། ཤིན་ཅང་ནང་གི་གནས་སྟངས་དང་འབྲེལ་ཏེ། སྤྱིར་ཤིན་ཅང་ནང་ཡུ་གུར་མི་རིགས་ཀྱི་མི་འབོར་བརྒྱ་ཆ་ ༤༥ ཙམ་ཞིག་མེད་པ་དང་ལོ་མང་རིང་ནས་རྒྱ་གཞུང་གིས་དེ་གའི་ལེགས་བྱང་དང་ཆོས་རིག དེ་བཞིན་དཔལ་འབྱོར་སོགས་རྩ་གཏོར་དང་དེ་གའི་མི་རིགས་ལ་དབྱེ་འབྱེད་བྱེད་མུས་ཡིན་སྐོར་མངོན་གསལ་གནང་འདུགལྷག་པར་རྒྱ་གཞུང་གིས་ཡུ་གུར་དང་གཞན་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་ཆབ་སྲིད་སློབ་གསོ་ལྟེ་གནང་ཁང་ནང་ཆེད་བཅུག་གིས་བཙན་གནོན་འོག་མནར་གཅོད་མྱོང་བཞིན་ཡོད་པ་ལུང་འདྲེན་གནང་བ་དང་ཆབས་ཅིག ཁྱད་པར་དུ་བོད་ནང་ལ་ཆ་མཚོན་ན་བོད་བརྒྱུད་ནང་བསྟན་དང་དགོན་སྡེ་ཁག་གཏོར་བཅོམ་དང་དགོན་ཁག་ཏུ་ཐུན་མིན་སྲོལ་རྒྱུན་གྱི་ཤེས་ཡོན་བསླབ་གཞི་རྣམས་རྩ་གཏོར་བཏང་བའི་ཁར་གྲྭ་བཙུན་ཚོར་བཙན་ཤེད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་དང་སྤེལ་མུས་ཡིན་པ་བཀོད་འདུག གཞི་རྩའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་འཚོགས་རྒྱུའི་གནད་དོན་་དང་འབྲེལ་ནས་ཨ་རི་དང་ཁེ་ན་ཌ། དབྱིན་ཡུལ། དེ་བཞིན་ནི་ཐར་ལན་ཌི་ལ་སོགས་པའི་རྒྱལ་སྤྱིའི་གཞུང་ཚོགས་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་བོད་མི་གཙོས་ཡུ་གུར་མི་རིགས་བཅས་གྲངས་ཉུང་ཐོག་གཉེར་བཞིན་པའི་བྱ་སྤྱོད་དེ་དག་མི་རིགས་རྩ་མེད་གཏོང་རྒྱུའི་བྱ་སྤྱོད་ཡིན་པར་སྐྱོན་བརྗོད་ཀྱིས་འགྲེལ་བརྗོད་སྔ་རྗེས་སུ་གནང་བའི་ཐད་ནས་རྒྱ་ནག་ཏུ་དགུན་དུས་ཀྱི་ཨ་རྩེད་འགྲན་ཚོགས་རྒྱུའི་གནས་བབས་མེད་པ་དང་། རྒྱལ་སྤྱིའི་དབུ་ཁྲིད་གཙོས་རྩེད་འགྲན་པ། དེ་བཞིན་གོ་སྒྲིག་གནང་མཁན་ཡོངས་ནས་དགུན་དུས་ཨོ་རྩེད་ལ་རྒྱབ་སྐྱོར་གནང་མཚམས་འཇོག་དགོས་ཞེས་བསྒྲགས་གཏམ་སྤེལ་བ་མ་ཟད། རྒྱལ་སྤྱིའི་ས་གནས་གང་སར་དེ་འབྲེལ་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་པ་དང་། ལྷག་དོན་ཉེ་བའི་ཆར་ཡུ་རོབ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་དང་དབྱིན་ཡུལ་གྱི་གྲོས་ཚོགས་སུ་སྤྱི་མོས་ཀྱིས་གྲོས་ཆོད་ཅིག་གཏན་འབེབས་དང་འབྲེལ་ཕྱི་འབྲེལ་དཔོན་རིགས་དང་གཞུང་འབྲེལ་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་འགྲན་ཚོགས་དེར་ཞུགས་རྒྱུ་མེད་པའི་ཞུ་སྐུལ་གནང་ཡོད་པ་རེད།

ཡུ་རོབ་མངའ་ཁུལ་ཡོངས་སུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་རིམ་བཞིན་སྒོ་རྒྱག་བཞིན་པ།

བདུན་ཕྲག་སྔོན་མའི་ནང་དུ། འཇར་མན་གྱི་ཤེས་རིག་བློན་ཆེན་ལྕམ་ Anja Karliczek ལགས་ཀྱིས་ཡུལ་དེའི་ཤེས་ཡོན་ལྟེ་གནས་ཁག་གིས་རྒྱ་ནག་གི་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་སློབ་ཁྲིད་ཀྱི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་བའི་སྐུལ་མ་གནང་བ་དང་འབྲེལ།  ཁོང་གིས་འཇར་མན་གྱི་ཤེས་ཡོན་ལྟེ་གནས་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་དུ་འཇུག་འདོད་མེད་པ་དང་། འཇར་མན་ཁུལ་དུ་ཁུང་ཙི་སློབ་གླིང་ལ་གུ་ཡངས་ཆེན་པོ་སྤྲད་ཡོད་པ་ལས་རྒྱ་ནག་ཐོག་རང་དབང་ལྡན་པའི་ཞིབ་འཇུག་བྱེད་མཁན་གསོ་སྐྱོང་ཐོག་ནུས་པ་འདོན་ཐུབ་མེད་པར་གསུངས་འདུགEjinsight གསར་ཁང་གིས་ཉེ་ལམ་དེར་འབྲེལ་གྱི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཕྱི་ལོ་ ༢༠༢༠ ལོའི་ནང་དུ་ཡུ་རོབ་ཀྱི་རྒྱལ་ཁབ་སུད་ཝེ་ཊན་དང་ ༢༠༢༡ ནང་ནོར་ཝེ། དེ་བཞིན་བྷེལ་ཇམ་སོགས་ཀྱིས་ཁུང་ཙི་སློབ་གླིང་དེ་སོ་ཉུལ་གྱི་ལས་གཞིར་ངོས་འཛིན་གྱིས་སྒོ་བརྒྱབས་ཡོད་པ་ལྟར། ཐེངས་འདིར་འཇར་མན་རྒྱལ་ཁབ་ཀྱིས་ཀྱང་ཁུང་ཙི་སློབ་གླིང་ནི་རྒྱ་ནག་གིས་ཕྱི་ལོགས་སུ་འཇམ་པའི་སྟོབས་ཤུགས་སྤེལ་ཐབས་ཀྱི་མ་ལག་ཆེན་ཞིག་ཡིན་པར་ངོས་འཛིན་གྱིས་ཁུལ་དེའི་ཤེས་ཡོན་ལྟེ་གནས་ཁག་གིས་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་བར་ཉེན་བརྡ་བཏང་བའི་གནས་ཚུལ་དེ་ནི་ཡུ་རོབ་ནང་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་ཀྱི་ནུས་པ་ཉམས་བཞིན་པའི་གནས་ཚུལ་གསར་ཤོས་དེ་ཡིན་པར་བསྒྲགས་འདུགགསར་ཁང་གིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཁག་སྒོ་རྒྱག་དགོས་བར་འཁེལ་བ་དེ་ནི་ཡུ་རོབ་རྒྱལ་ཁག་ཁག་གི་སྤྱི་མང་དང་སྲིད་གཞུང་གིས་རྒྱ་ནག་ལ་རྒོལ་ལན་སློག་རྒྱུའི་ཚོར་ཤུགས་ཆེ་རུ་འགྲོ་བཞིན་པའི་གྲུབ་འབྲས་ཤིག་ཡིན་པ་མངོན་གསལ་གྱིས། ད་ཆ་ཡུ་རོབ་ཁུལ་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་དེ་ནི་ཤེས་ཡོན་གྱི་ཚོགས་པ་ཞིག་ལ་ངོས་འཛིན་གནང་གི་མེད་པར། ཁུང་ཙི་ལྟེ་གནས་ཁག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་མ་ལག་ཅིག་ཡིན་སྟབས། རྒྱ་ནག་གིས་སྟོབས་ཤུགས་དེ་བརྒྱུད་ནས་ཡུ་རོབ་ཁུལ་གྱི་ཤེས་ཡོན་ལྟེ་གནས་ཁག་ཏུ་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱི་རང་དབང་གི་ཁོར་ཡུག་ལ་འགོག་རྐྱེན་བཟོ་བཞིན་པར་ངེས་ཤེས་རྙེད་ཡོད་བཞིན་ཡོད་པར་བསྒྲགས་འདུགགཞི་རྩའི་ཁུང་ཙི་སློབ་གླིང་དེ་ནི་རྒྱ་ནག་གི་ཤེས་རིག་ལྷན་ཁང་གིས་ཕྱི་ལོ་ ༢༠༠༤ ལོ་ནས་གསར་འཛུགས་ཀྱིས་རྒྱལ་སྤྱིའི་གླིང་ཕྲན་དྲུག་གི་ཁུལ་དུ་དར་སྤེལ་ཤུགས་ཆེན་བྱེད་འགོ་ཚུགས་ཡོད་ནའང་། ག་ལེར་ཁུང་ཙི་སློབ་གླིང་གིས་ཤེས་ཡོན་ལྟེ་གནས་ཁག་ཏུ་བོད་དང་ཤིན་ཅང་། དེ་བཞིན་ཐེ་ཝན་སོགས་དང་འབྲེལ་བའི་བརྗོད་བྱ་ཡོངས་རྫོགས་བཀག་སྡོམ་གིས་རྒྱལ་ཁབ་གཞན་གྱི་ཤེས་ཡོན་སློབ་གསོའི་རང་དབང་ལ་དམ་དྲག་བྱེད་བཞིན་པ་དང་འབྲེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་དེ་ནི་རྒྱ་ནག་སྲིད་གཞུང་གི་ཕྱོགས་གཅིག་ཁོ་ནའི་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་བྱེད་བཞིན་པའི་ངེས་ཤེས་རྙེད་འགོ་ཚུགས་ཏེ། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཁག་བཀག་སྡོམ་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག ད་ལྟའི་ཆར་ཡུ་རོབ་མངའ་ཁུལ་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ད་དུང་ཡང་ཁྱོན་ ༡༩༠ ཙམ་ཡོད་པ་དང་། ཨ་རིའི་ནང་དེ་སྔ་ ༡༠༠ ལྷག་ཙམ་ཡོད་ཀྱང་། ད་ཆ་ ༥༠ ལས་ཉུང་བ་ཆགས་ཡོད་པ་དང་། ཉི་ཧོང་ནང་དུའང་ཁུང་ཙི་སློབ་གླིང་ ༡༤ ཙམ་ཡོང་པ་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་ཏེ། སློབ་གླིང་དེ་དག་གི་ཞིབ་འཇུག་ཡིག་ཆ་དང་འཛིན་སྐྱོང་གི་ལས་དོན་རྣམས་ཕྱི་གསལ་ནང་གསལ་དགོས་པའི་ཞུ་སྐུལ་གནང་མུས་ཡིན་པ་རེད་འདུག འཇར་མན་གྱི་ཤེས་རིག་བློན་ཆེན་ལྕམ་ Anja Karliczek ལགས་ཀྱིས་ཁོང་གི་ལས་ཁུངས་ངོས་ནས་ཡུ་རོབ་ཀྱི་སྒོར་ས་ཡ་ ༢༤ ལྷག་གི་མ་དངུལ་ཆེད་གཏོང་གིས་ཡུལ་དེའི་ནང་གི་གཙུག་ལག་སློབ་གཉེར་ཁང་དང་ཞིབ་འཇུག་ཚན་པ་ཁག་གི་ནང་རྒྱ་ནག་གི་གནད་དོན་ཐོག་རང་དབང་ལྡན་པའི་ཞིབ་འཇུག་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་གསུང་བ་དང་འབྲེལ། སྤྱིར་རྒྱ་ནག་དང་འཇར་མན་གཉིས་དབར་ཚོང་འབྲེལ་གྱི་ཐོག་ནས་འབྲེལ་ལམ་དམ་ཟབ་མུ་མཐུད་གནས་ཡོད་ཀྱང་། ཡུལ་དེའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ལ་བརྟེན་མི་དགོས་པར་སོ་སོ་རང་ཉིད་ཀྱི་ཞིབ་འཇུག་དང་དཔྱད་ཞིབ་ཆེད་མཁས་པ་དགོས་ངེས་ཡིན་སྐོར་གསུང་འདུག གཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་ཕྱིའི་རྒྱལ་ཁབ་ ༡༦༠ ལྷག་གི་ནང་དུ་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་ཁྱབ་སྤེལ་བྱེད་ཐབས་ཀྱི་ཁུང་ཙི་སློབ་གླིང་ ༥༠༠ ལྷག་རྩ་འཛུགས་བྱས་ཡོད་ཡོད་ནའང་། འདས་བའི་ལོ་འགའི་རིང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་ཁག་གིས་དབུ་འཛུགས་ཀྱི་ཐོག་ནས་རྒྱ་ནག་གིས་ཁུང་ཙི་སློབ་གླིང་བརྒྱུད་ནས་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་རྒྱ་བསྐྱེད་དང་། སྲིད་གཞུང་གི་དྲིལ་བསྒྲགས་རིགས་ཕྱི་ལོག་གི་སྤྱི་ཚོགས་ནང་དུ་ཁྱབ་སྤེལ་བྱེད་བཞིན་ཡོད་པར་ཡོངས་གྲགས་ཀྱིས་ལས་འགུལ་སྣ་མང་སྤེལ་ཡོད་པ་ལྟར། ཨ་རི་དང་ཡུ་རོབ། ཨོ་གླིང་། དེ་བཞིན་ཉི་ཧོང་སོགས་ཀྱི་ནང་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་བརྒྱ་ཕྲག་ལྷག་སྒོ་རྒྱག་དགོས་བའི་གནས་སུ་ལྷུང་ཡོད་པ་ལྟར། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་ཁུང་ཙི་སློབ་གླིང་གི་ངོ་གདོང་དངོས་སུ་ཕྱིར་མངོན་བཞིན་པ་རེད་འདུག

རྒྱ་གཞུང་ལ་ངོ་རྒོལ་གྱིས་མར་མེ་ཁྲོམ་སྐོར་བརྒྱུད་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་སྲུང་བརྩི།

རྒྱལ་སྤྱིའི་དྲན་བདེན་ཉིན་མོ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་རྒྱ་གཞུང་གིས་བོད་ནང་དྲང་བདེན་མིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གྱིས་ཁྲོམ་སྐོར་གནང་ཡོད།ཁ་ཉིན་ཚེས་ ༡༧ ཉིན་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་འབྲེལ་ཏེ་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་དྲང་བདེན་མེད་པའི་རྒྱ་ནག་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་པའི་འབོད་ཚིག་བསྒྲགས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་དེ་བཞིན་ད་བར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་སྐུ་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་དང་ད་ཆ་རྒྱ་གཞུང་གིས་བཙན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་དཔའ་བོ་དཔའ་མོ་རྣམས་ལ་སྐར་མ་གཅིག་རིང་མྱ་ངན་གུས་བཏུད་ཀྱི་ངག་བཅད་གནང་སྟེ་ལས་འགུལ་དབུ་འཛུགས་ཀྱི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་སོང་།སྐབས་དེར་ཚོགས་པ་ལྔའི་བོད་ཡིག་དང་དབྱིན་ཇི། དེ་བཞིན་ཧིཾ་དྷི་སྐད་ཡིག་བཅས་ཀྱི་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ཁྲོད་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོན་མ་ལགས་ཀྱིས་རྒྱ་ནག་གཞུང་གིས་ད་བར་ཁྲིམས་མེད་ལུགས་ཀྱི་ཐོག་ནས་བོད་མི་གང་བྱུང་དུ་འཛིན་བཟུང་གིས་དོ་དམ་བཀག་ཉར་དང་བཙོན་བཟུང་བྱས་ཡོད་པའི་རྐྱེན་གྱིས་བོད་མི་ཁྲི་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད་གྲྭ་བཙུན་མང་པོ་ཞིག་བཙན་ཤེད་ཀྱིས་སྐྱ་ལ་བབ་འཇུག་པ་སོགས་ཀྱི་བོད་ནང་གི་ཆེས་ཡ་ང་བའི་གནས་སྟངས་གཙོས་ཡུ་གུར་དང་ལྷོ་སོག དེ་བཞིན་ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ངོ་སྤྲོད་གནང་སྟེ་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་འགྲོ་བ་མིར་དོན་མེད་ནག་ཉེས་ཀྱིས་མནར་གཅོད་ཚད་འགལ་བཏང་མཁན་གྱི་ཐ་ཤལ་རྒྱ་ནག་རྒྱལ་ཁབ་ལྟ་བུར་འཚོགས་རྒྱུའི་ཆོག་མཆན་གནང་བ་ནི་ཆེས་མི་ལེགས་པ་དང་སྡིག་པ་མིག་བཙུམ་གནང་བ་ཞིག་རེད་ཅེས་སྐྱོན་བརྗོད་ཀྱིས་ཨོ་རྩལ་ལྷན་ཚོགས་ཀྱི་ངོས་ནས་བསྐྱར་ཞིབ་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།དེ་བཞིན་ཁོང་གིས་བོད་ནང་མནར་གཅོད་དང་དྲན་བདེན་མ་གནང་བ་དེར་རྒྱལ་སྤྱིའི་དབུ་ཁྲིད་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་གལ་ཆེ་བ་ཡིན་སྐོར་གསུངས་པ་དང་སྦྲགས་ཏེ་གལ་ཏེ་བོད་ནང་བདེ་སྐྱིད་འབྱུང་ཚེ་འཛམ་གླིང་ཀུན་ལ་བདེ་སྐྱིང་ཡོང་ངེས་ཡིན་སྟབས་རྒྱལ་ཁབ་ཡོངས་ཀྱི་འཛིན་སྐྱོང་གནང་མཁན་དང་འཛམ་གླིང་གི་དབུ་ཁྲིད་ཚོས་ངེས་པར་དུ་བོད་མིའི་དྲང་བདེན་འཐབ་རྩོད་ཀྱི་རྒྱབ་སྐྱོར་གནང་ནས་རྒྱ་ནག་ལ་དགུན་དུས་འཚོགས་རྒྱུའི་ཨོ་རྩལ་གྱི་གོ་སྐབས་གནང་བར་ངོ་རྒོལ་གནང་དགོས་པའི་ནན་སྐུལ་སོགས་གནང་བ་མ་ཟད་དེ་ནི་རྒྱ་གཞུང་གི་དབང་སྒྱུར་འོག་མི་སྤྱོད་ལས་པའི་དཀའ་སྡུག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་གཙོས་ཧོང་ཀོང་དང་ཐེ་ཝན་ནང་གི་མང་གཙོ་དོན་གཉེར་བ་ཡོངས་ལ་རྒྱབ་སྐྱོར་གནང་བ་ཞིག་མཚོན་གྱི་ཡོད་ཅེས་གསུངས་སོང་།ལས་འགུལ་དེའི་ཁྲོད་བཞུགས་སྒར་དུ་བོད་མི་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་སྒྲོན་མེ་དང་བོད་ཀྱི་རྒྱལ་དར་བསྣམས་ཏེ་བྱང་ཆུབ་སེམས་མཆོག་གི་སྔོན་སྨོན་གསུང་འདོན་གནང་སྟེ་དྷ་ས་མེག་གྷན་ཁྲོམ་གཞུང་དུ་དྲང་བདེན་མེད་པའི་རྒྱ་གཞུང་ལ་ངོ་རྒོལ་གྱི་མར་མེ་ཁྲོམ་སྐོར་གནང་ཡོད།

རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ལྷན་ཚོགས་ཐོག་སྩལ་བའི་གསུང་འཕྲིན།

ཨ་རིའི་རྒྱལ་ས་ཝ་ཤིན་གྲོང་ཊི་སེ་ནང་དུ་ཟླ་བ་འདིའི་ཚེས་༡༣ ནས་ ༡༥ བར་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཆེས་མཐོའི་ལྷན་ཚོགས་ཐེངས་དང་པོ་དེ་ཚོགས་ཡོད་པ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ལ་དྲ་ལམ་བརྒྱུད་ནས་གསུང་འཕྲིན་སྩལ་ཏེ། ཆབ་སྲིད་ཀྱི་དགོས་མཁོ་དང་དབང་ཆ་འཐབ་རྩོད་ཀྱི་དབང་གིས་ཆོས་ལུགས་ལོག་སྤྱོད་བྱ་རྒྱུ་མཚམས་འཇོག་གིས། སྔོན་སོང་གི་ཉམས་མྱོང་གཞིར་བཞག་ཕན་ཚུན་མཉམ་གནས་དང་མཉམ་ལས་གནང་དགོས་པའི་ལམ་སྟོན་མཛད་འདུགདེ་ཡང་དེ་རིང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་མཆོག་གི་གསུང་འཕྲིན་གྱི་བརྙན་དེ་དྲ་ལམ་དུ་བཞག་པའི་ནང་དུ། མགོན་པོ་གང་གིས་ཚོགས་ཞུགས་ཀྱི་མཆེད་གྲོགས་རྣམས་ལ་འཚམས་འདྲི་གནང་བ་དང་ལྷན་དུ། སྤྱིར་འགྲོ་བ་མིའི་རིགས་ལ་དུད་འགྲོ་སེམས་ཅན་དང་མི་འདྲ་བའི་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་ཡོད་པ་མ་ཟད་ཕུགས་རྒྱང་རིང་པོའི་བསམ་བློའི་ཐོག་ནས་འབྱུང་འགྱུར་རིགས་ལ་སྔོན་དཔག་བྱེད་པའི་ནུས་བ་ཡང་ཡོད་པར་བརྟེན།  ད་ལྟའི་ཆོས་ལུགས་འདྲ་མིན་སྣ་ཚོགས་ཀྱི་དར་འཕེལ་ཡང་དེའི་ཁྲོད་བྱུང་ཡོད་པར་བཀའ་སྩལ་ཏེ། ཆོས་ལུགས་སྣ་ཚོགས་པར་ལྟ་གྲུབ་དང་ཉམས་ལེན་གྱི་རྣམ་པ་མི་འདྲ་བ་ཡོད་ཀྱང་། དོན་དུ་ཆོས་ལུགས་ཐམས་ཅད་ཀྱི་སྙིང་དོན་དུ་བྱམས་བརྩེ་དང་བཟོད་བསྲན། འདོད་ཆུང་ཆོག་ཤེས། ཚུལ་ཁྲིམས་ཀྱི་བསླབ་པ་བཅས་གསུངས་བཞིན་ཡོད་པ་དང་།  དེ་དག་ནི་ཆོས་ལུགས་ཁས་མི་ལེན་མཁན་རྣམས་ལ་ཡང་དགོས་མཁོ་ཆེན་པོ་ཡོད་པར་བཀའ་སྩལ་འདུག དེ་བཞིན་མགོན་པོ་གང་གིས་གཞི་རྩའི་ཆོས་ཐམས་ཅད་ལ་དབྱེ་ན་གཉིས་ཀྱི་སྒོ་ནས་གཟིགས་དགོས་བར་བཀའ་སྩལ་ཏེ། ད་ལྟའི་ཆོས་ལུགས་ཀྱི་དབྱེ་བའི་ཆ་གཅིག་ནི་དྲང་ཚུགས་དང་ཚུལ་ཁྲིམས་ལྡན་པ། དེ་བཞིན་གཞན་ཕན་གྱི་བསམ་པ་དང་རང་རྒྱུད་ཀྱི་ཁོང་ཁྲོ་ཉུང་དུ་གཏོང་དགོས་བ་དེ་ཡིན་པ་དང་། ཆ་གཞན་ཞིག་ལྟ་གྲུབ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། དེ་དག་ཡོད་ཚད་ཀྱིས་གཞན་ཕན་གྱི་བསམ་བློ་གོང་མཐོར་གཏོང་བའི་ལམ་ཐབས་བསྟན་ཡོད་སྟབས། འཇིག་རྟེན་བཀོད་པ་པོ་ཁས་ལེན་མིན་ལ་མ་ལྟོས་བར་གཞི་རྩའི་ཆོས་ལུགས་ཐམས་ཅད་ཀྱིས་མི་བཟང་པོ་ཞིག་དང་དྲང་ཚུགས་ལྡན་ཞིང་གཡོ་རྒྱུ་མེད་པ་ཞིག་བྱ་དགོས་བའི་བསླབ་བྱ་གནང་གི་ཡོད་པར་བཀའ་གནང་འདུག གཞན་ཡང་མགོན་པོ་གང་གིས། དེང་གི་དུས་སུ་འགྲོ་བ་མི་ཐེར་འབུམ་བདུན་པོ་གཅིག་གྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་ཕན་ཚུན་ལ་གུས་བརྩི་དང་གཅིག་ཕན་གཅིག་གྲོགས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེ་ལྟ་བུའི་འདུ་ཤེས་དེ་ནི་ཆོས་ལུགས་ཁས་མི་ལེན་མཁན་རྣམས་ལ་ཡང་ལྟོས་བཅོས་ཀྱིས་འབྲེལ་བ་ཆགས་ཡོད་པར་བཀའ་གནང་སྟེ། སྔ་མའི་དུས་སུ་ཆབ་སྲིད་ཀྱི་དགོས་མཁོ་དང་དབང་ཆ་འཐབ་རྩོད་ཀྱི་དབང་གིས་མི་རྣམས་ཀྱིས་ཆོས་ལུགས་ལོག་སྤྱོད་བྱས་དེ་ཆོས་ལུགས་རྗེས་འབྲངས་བ་ཕྱོགས་སོ་སོའི་བར་ལ་འཐབ་འཛིང་བྱུང་ཡོད་ཀྱང་། ད་ཆ་ང་ཚོའི་དེ་ལྟ་བུའི་འཁོན་འཛིན་གྱི་ལྟ་བ་དེ་ཡོངས་སུ་འདོར་དགོས་བའི་བཀའ་སློབ་ལམ་སྟོན་གནང་སྟེ། སྔོན་སོང་གི་ཉམས་མྱོང་གཞིར་བཞག་གིས་དེང་གི་དུས་སུ་ང་ཚོ་ཚང་མ་འཆམ་མཐུན་མཉམ་གནས་དང་མཉམ་ལས་ཡོང་པར་འབད་བརྩོན་གནང་དགོས་བའི་ལམ་སྟོན་མཛད་འདུགརྩ་བའི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་དེ་ནི་ཨ་རིའི་སྲིད་འཛིན་ཟུར་པ་Donald Trump་མཆོག་གི་ལས་ཡུན་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སྐུ་ཞབས་Sam Brownback ལགས་ཀྱིས་ཕྱག་རོགས་གནང་བའི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལྷན་ཚོགས་ཐོག་འཛམ་གླིང་ཡོངས་ཀྱི་ཆོས་ལུགས་འདྲ་མིན་གྱི་ཚོགས་སྡེ་ཁྱོན་ ༤༠ ལྷག་ཙམ་གྱི་སྐུ་ཚབ་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ Mike Pompeo དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi ལགས་ཀྱི་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་གསུང་བཤད་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འཁོད་པར་གཞིགས་ན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚི་རིང་ལགས་ཀྱིས་ཀྱང་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ལྷན་ཚོགས་ཐོག་མཉམ་བཞུགས་གནང་མ་ཟད། སྐུ་ཚབ་དོན་གཅོད་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sophie Richardson ལགས་གཉིས་ཀྱི་གཙོ་སྐྱོང་གི་ཐོག   རྒྱ་ནག་གི་དམ་དྲག་འོག་གི་བོད་ནང་གི་ཆོས་ལུགས་དད་མོས་རང་དབང་སྲུང་སྐྱོབ་ཅེས་པའི་བརྗོད་གཞི་ཐོག་ཟུར་ཚོགས་ཞིག་ཀྱང་ཚོགས་འདུགསྐབས་དེར་ Sophie Richardson ལགས་ཀྱིས་བོད་ནང་དུ་རྒྱ་ནག་གི་དབང་བསྒྱུར་གྱི་འོག་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རོལ་ཐེབས་ཀྱི་ཡོད་པ་དང་། དེ་བཞིན་ཁོང་གིས་ལོ་མང་གི་རིང་ལ་བོད་ནང་གི་ཆོས་ལུགས་དད་མོས་རང་དབང་དང་འབྲེལ་བའི་གནས་ཚུལ་མཁོ་བསྡུ་གནང་བ་བརྒྱུད་ནས་ཤེས་རྟོག་བྱུང་བ་ལྟར་ན། ད་ཆ་རྒྱ་ནག་གིས་བོད་ནང་གི་སློབ་གྲྭ་ཁག་ཡོངས་སུ་གཙོ་རྒྱུགས་ཀྱི་སྐད་ཡིག་དེ་མེད་པར་བཟོས་ནས། བསླབ་གཞི་ཁག་ཡོད་ཚད་རྒྱ་ཡིག་གི་ནང་དུ་སློབ་ཁྲིད་བྱེད་བཞིན་ཡོད་པ་སོགས་ཤེས་རྟོག་བྱུང་ཡོད་སྐོར་དང་འབྲེལ་ནས་གཏམ་བཤད་གནང་འདུགཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བོདམི་ས་ཡ་གཅིག་ལྷག་ལྟོག་སྐོམ་དང་མནར་གཅོད་ཀྱི་ཁྲོད་ནས་རྐྱེན་འདས་སུ་ཕྱིན་པ་དང་བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་ཅིག་རྒྱ་ནག་གིས་རྩ་གཏོར་བཏང་ཡོད་པའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས་ནས། ད་ཆ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕང་གི་འགོ་ཁྲིད་ཀྱི་སྲིད་བྱུས་འོག་ཏུ། རྒྱ་ནག་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་ཁུལ་དུ་སྲིད་བྱུས་འདྲ་མིན་གཏན་འབེབས་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་དང་བོད་མིའི་ངོ་བོ་ཡོད་ཚད་ཡོངས་སུ་རྩ་གཏོར་གཏོང་གི་ཡོད་པའི་ཐད་ནས་གཏམ་བཤད་གནང་འདུག  

དབྱིན་ཡུལ་གྱིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནང་སྐུ་ཚབ་མི་ཞུགས་རྒྱུའི་གྲོས་ཆོད།

ཉེ་ཆར་དབྱིན་ཡུལ་གྲོས་ཚོགས་འོག་མའི་ནང་རྒྱ་གཞུང་གིས་སང་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་འཆར་དང་འབྲེལ་ཁུལ་དེའི་ཕྱི་འབྲེལ་དཔོན་རིགས་ཚོས་དེ་འབྲེལ་འགྲན་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་མེད་པར་སྤྱི་མོས་ཀྱིས་གྲོས་ཆོད་གཏན་འབེབས་གནང་འདུགསྤྱི་མོས་ཀྱི་གྲོས་ཆོད་དེ་ཁ་སང་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་འདོན་སྤེལ་གནང་ཐོག་དབྱིན་ཡུལ་གཞུང་ལ་ཡུལ་དེའི་རྒྱལ་མོའི་སྐུ་འཁོར་གྱིས་གཙོས་པའི་ཕྱི་འབྲེལ་དཔོན་རིགས་དང་གཞུང་འབྲེལ་གྱི་སྐུ་ཚབ་སོགས་སང་ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུག གྲོས་ཆོད་དེའི་ནང་ལ་འཁོད་དོན་ལྟར་ན་དབྱིན་ཡུལ་གྲོས་ཚོགས་འོག་མའི་ངོས་ནས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་དེ་འགྲོ་བ་མིར་དོན་མེད་མནར་གཅོད་ཚད་ལས་འདས་པ་གཏོང་མཁན་གྱི་ཐ་ཤལ་རྒྱལ་ཁབ་རྒྱ་ནག་ལྟ་བུའི་ནང་འཚོགས་རྒྱུའི་འོས་ཤིང་འཚམ་པ་མིན་པར་གསུངས་ཏེ་ཤིན་ཅང་གི་ནང་དུ་དངོས་བདེན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་དང་དེ་བཞིན་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་རྒྱ་ནག་ཏུ་བསྐྱོད་རྒྱུར་བཀག་སྡོམ་བྱས་པ་དག་ཕྱིར་འཐེན་མ་གནང་བར་དུ་དབྱིན་ཡུལ་གྱི་ཕྱི་འབྲེལ་དཔོན་རིགས་དང་གཞུང་འབྲེལ་གྱི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་གདན་ཞུ་ཁག་རྩིས་མེད་ཀྱིས་རྒྱ་ནག་ཏུ་བཅར་རྒྱུ་མིན་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག རྒྱ་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ལྡེབ་གསོད་བྱེད་བཞིན་པར་སྐྱོན་བརྗོད་ཀྱིས་ཉེན་བརྡ་ཡང་བཏང་འདུགརྩ་བའི་ད་ཐེངས་ཀྱི་གྲོས་ཆོད་འདིར་དབྱིན་ཡུལ་གཞུང་གི་ངེས་པར་དུ་ལག་བསྟར་གནང་དགོས་པ་ཞིག་ཆགས་ཀྱི་མེད་ལ་དེས་ཡུལ་དེའི་རྩེད་འགྲན་པ་ཚོར་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་གནང་རྒྱུར་བཀག་སྡོམ་གནང་རྒྱུ་མིན་ནའང་དེས་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ Boris Johnson ལགས་ཀྱིས་རྒྱ་གཞུང་ལ་གཞུང་འབྲེལ་གྱིས་གནོན་ཤུགས་ཆེས་ཆེར་སྤྲོད་ཐུབ་རྒྱུར་ཚོད་དཔག་གནང་བཞིན་འདུགསྐབས་དེར་གྲོས་འཆར་འདོན་མཁན་སྐུ་ཞབས་ Tim Loughton ལགས་ཀྱིས་གསུངས་དོན་རྒྱ་གཞུང་གིས་དེ་སྔ་ཡུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏང་རྒྱུ་ཡིན་ལུགས་ཁས་ལེན་བྱས་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་ལ་ ༢༠༡༨ ལོའི་ཨོ་ལམ་པིག་རྩེད་འགྲན་གོ་སྒྲིག་བྱ་རྒྱུའི་ཆོག་མཆན་སྤྲད་པ་དེ་ནི་རྒྱ་ནག་གིས་ Olympic ལྷན་ཚོགས་ལ་མགོ་སྐོར་བཏང་བ་ཞིག་ཡིན་པས་ཟུར་ཟ་དང་གལ་ཏེ་རྒྱ་ནག་ལ་རང་གི་འདོད་མོས་བཞིན་ཡུལ་དེའི་ནང་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་རྒྱུའི་རང་དབང་ཐོབ་ཚེ་དེས་རྒྱ་ནག་གི་ངན་སྤྱོད་དག་རྒྱུན་ལྡན་ལ་ངོས་འཛིན་དང་དེ་བཞིན་རྒྱ་ནག་གི་མངོན་པར་མི་གསལ་བའི་འཇམ་པོའི་སྟོབས་ཤུགས་དེ་རྒྱལ་ཁ་ཐོབ་པ་ལྟ་བུ་ཞིག་མཚོན་གྱི་ཡོད་པར་སྐྱོན་བརྗོད་ཚ་ནན་གནང་འདུག སྐུ་ཞབས་ཁོང་གིས་གལ་ཏེ་དབྱིན་ཡུལ་གྱི་ངོས་ནས་ཡུལ་དེའི་ཕྱི་འབྲེལ་དཔོན་རིགས་རྣམས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་མི་བྱ་རྒྱུར་མོས་མཐུན་གནང་ཚེ་གཞུང་དེ་ཉིད་ཀྱིས་ཨ་རིའི་གནང་ལུགས་ལྟར་གནང་ངེས་ཡིན་སྐོར་གསུང་པ་མ་ཟད་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་དུ་ཨོ་རྩལ་འགྲན་ཚོགས་བསྡུས་སྐབས་སུ་བོད་མིས་ངོ་རྒོལ་གནང་བར་བརྟེན་ཨོ་རྩལ་ལྷན་ཚོགས་ཀྱིས་ ༢༠༠༨ ལོའི་རྗེས་སུ་བོད་ནང་དུ་གུ་ཡངས་དང་ཡར་རྒྱས་འགྲོ་ངེས་ཡིན་པར་བསྒྲགས་ཡོད་ཀྱང་དོན་དངོས་རྒྱ་ནག་གིས་བོད་ནང་དུ་མུ་མཐུད་དམ་དྲག་སྔར་ལྷག་བྱེད་བཞིན་པ་མ་ཟད་ཧོང་ཀོང་ནང་སྨྲ་བརྗོད་དང་ཆབ་སྲིད་རང་དབང་སོགས་ཀྱི་ཐོག་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཚ་ནན་བྱས་འདུགདབྱིན་ཡུལ་གྱི་རྙིང་ཞེན་ཚོགས་པའི་དབུ་ཁྲིད་ཟུར་པ་སྐུ་ཞབས་ Lain Duncan Smith ལགས་ཀྱིས་རྒྱ་གཞུང་ལ་སང་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱ་འཇུག་རྒྱུ་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཇེའུ་མི་རིགས་རྩ་གཏོར་གཏོང་ཐབས་བྱེད་མཁན་ Hitler ལ་བསྟུན་མཁས་བྱས་པ་དང་གཅིག་མཚུངས་ཡིན་པར་དྲན་སྐུལ་གནང་སྟེ་ད་ཆ་ང་ཚོས་ Hitler སྲིད་དབང་སྒེར་འཛིན་ལམ་ལུགས་ལ་བསྟུན་མཁས་བྱས་པའི་མཇུག་འབྲས་སུ་ Jewish མི་ས་ཡ་དྲུག་ཅུའི་ཚེ་སྲོག་ཤོར་ཡོད་པ་དེ་བརྗེད་ནས་ང་ཚོ་དེང་སྐབས་ཁ་ཕྱོགས་དེ་ཉིད་ཐོག་སྐྱོད་བཞིན་པར་ཟུར་ཟ་གནང་བ་མ་ཟད་རྒྱ་གཞུང་གིས་ཁོང་གཙོས་གཞན་ཕྱག་རོགས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་དེ་བཞིན་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་བཅས་ལའང་ཉེས་ཆད་བཅད་ཡོད་པར་ལུང་འདྲེན་གྱིས་ད་རེས་ཀྱི་གྲོས་ཆོད་དེ་མཚོན་རྟགས་ཙམ་མིན་པར་རྒྱ་ནག་ལ་དོན་དངོས་ཐོག་གནོན་ཤུགས་སྤྲོད་ཐུབ་རྒྱུ་ཡིན་པར་གསུངས་འདུག

༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་རྐྱེན་བོད་མི་ཁག་ཅིག་འཛིན་བཟུང་།

བདུན་ཕྲག་སྔོན་མའི་ནང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་བདག་གིར་བཞེས་བའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྐབས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གཙོ་བོར་གྱུར་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་འཛམ་གླིང་གི་དབུ་ཁྲིད་ཁག་གིས་མགོན་པོ་༸གང་ཉིད་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་ཏེ་རྒྱལ་སྤྱིའི་རང་བཞིན་གྱིས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་ཀྱང་། བོད་ནང་དུ་རྒྱ་ནག་གིས་༸སྐུའི་འཁྲུངས་སྐར་དང་འབྲེལ་ནས་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུགབོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་དེ་རིང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ལྟོས་མེད་མངོན་གསལ་མ་ཡིན་པའི་སྒོ་ནས་འདི་ལོའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པའི་ཁྲོད་རྒྱ་ནག་གིས་ཟི་ཁྲོན་ཞིང་ཆེན་ནང་ས་བགོས་བྱས་པའི་དཀར་མཛེས་རྫོང་འཁྱག་ལུང་ཡུལ་ཚོ་ཧ་ཤུལ་ཚོ་བའི་ནང་དུ་རང་ལོ་༤༠ སོན་པའི་བོད་མི་དཀོན་མཆོག་བཀྲ་ཤིས་ལགས་དང་རྫ་པོ་གཉིས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་པར་དང་དེ་འབྲེལ་གྱི་ཡིག་རིགས་འགྲེམས་སྤེལ་གནང་བ། དེ་བཞིན་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར་བོད་མི་རྣམས་ཀྱིས་ཞལ་འདོན་གསོག་སྒྲུབ་གནང་རྒྱུར་སྐུལ་སློང་གནང་བ་སོགས་ཀྱི་དོགས་གཞིའི་འོག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པར་ངོ་སྤྲོད་གནང་ཡོད། ཁོང་གིས་ད་དུང་འདི་ལོའི་ཟླ་བ་བདུན་པའི་ནང་རྒྱ་ནག་གིས་ཁུལ་དེར་རང་ཁྱིམ་ནས་རིམ་འགྲོ་བསྒྲུབ་ཡ་དང་ཕྱི་ལོགས་སུ་རླུང་རྟ་སྤུར་བ་དང་དར་ལྕོག་སྒྲེང་འཛུགས་བྱེད་པ་སོགས་གནང་མི་ཆོག་པའི་བཀའ་རྒྱ་བཏང་བར་བརྟེན་༸སྐུའི་འཁྲུངས་སྐར་གྱི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་བོད་མི་ཉི་ཤུ་ནས་སུམ་བཅུ་ཙམ་འཛིན་བཟུང་བཙོན་འཇུག་བྱས་ནའང་། ད་ཆ་བོད་ནང་དུ་ཕྱི་ལོག་ནས་འབྲེལ་བ་བྱེད་རྒྱུར་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་སྟབས་གནས་ཚུལ་མང་པོ་ཞིག་དུས་ཐོག་ལ་རག་དཀའ་རྐྱེན་བོད་མི་དེ་དག་གི་མཚན་དང་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཐབས་བྲལ་བར་གསུངས་སོང་།དེར་འབྲེལ་གྱི་གནས་ཚུལ་དང་ལྷན་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་འདི་ལོའི་༸སྐུའི་འཁྲུངས་སྐར་སྐབས་རྒྱ་ནག་གི་དམ་དྲག་ཁྲོད་དུ་བོད་ནང་གི་བོད་མི་རྣམས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་མཚོན་བྱེད་ལྟ་བུའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་པར་དང་དེ་བཞིན་༸སྐུ་མདུན་གྱི་སྐུ་གཟུགས་ཀྱི་ཆ་ཤས་སོགས་སྐད་འཕྲིན་གྱི་འཕྲིན་རྟགས་སུ་སྤེལ་ཏེ་རྣམ་པ་ཅི་རིགས་ཀྱི་སྒོ་ནས་དད་དམ་གཡོ་མེད་ཀྱིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པའི་ནང་དུ་༸སྐྱབས་མགོན་ཁྱེད་ཉིད་༸སྐུ་འཚོ་བཞུགས་ཡིན་པར་བསམ་ན། ང་ཡི་ཡིད་སེམས་དྲོད་ཀྱིས་ཁེངས་ཤིང་མིག་ལ་༸སྐུ་ཉིད་ཤར་ཡོང་གི་འདུག  མགོན་པོ་ཁྱེད་ལ་༸སྐྱབས་སུ་མཆི། ༸སྐུ་ཉིད་བཞུགས་པ་ང་ཚོར་བསོད་ནམས་ཆེ་སོང་ཞེས་པ་དང་། དེ་བཞིན།  མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ལས་དབང་ནི་རླུང་འཚུབ་དང་འདྲ་བས་ང་རང་སྲིད་པའི་འཇིག་རྟེན་འདིར་ཡང་ཡང་དྲུད་ཡོང་ཡང་། མི་ཚེ་འདིའི་ཁྲོད་དུས་གཅིག་ཏུ་འཇིག་རྟེན་འདིར་མགོན་པོ་ཁྱེད་ཉིད་དང་ལྷན་དུ་འཚོ་ཐུབ་པ་དེ་ནི་རླབས་ཆེན་གྱི་བྱིན་རླབས་ཤིག་རེད་ཅེས་སོགས་བྲིས་ཡོད་པ་ལུང་འདྲེན་གནང་འདུག གཞན་ཡང་མགོན་པོ་ཁྱེད་ཀྱི་སྐུ་མདོག་དཀར་ཞིང་གཙང་བ་དང་། ཁྱེད་ཀྱི་དབུ་ཞྭ་སྤྱན་རས་གཟིགས་ཀྱི་བརྒྱན་ཞིང་། སྙིང་རྗེ་རང་བཞིན་གྱི་སྤྱན་ཟུང་གིས་འགྲོ་ཀུན་ལ་གཟིགས་ཡོད། འཕགས་མཆོག་སྤྱན་རས་གཟིགས་དབང་ཁྱེད་ལ་༸སྐྱབས་སུ་གསོལ་སོགས་ཀྱི་འཚམས་འདྲི་འདྲ་མིན་བྲིས་ཏེ་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་པ་ཡང་མངོན་གསལ་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱིར་རྒྱ་ནག་གཞུང་གིས་༸སྐུའི་འཁྲུངས་འཁྲུངས་སྐར་སྲུང་བརྩི་ཞུས་པར་བརྟེན་བོད་མི་རྣམས་ལ་ཉེས་ཆད་བཅད་པ་ད་རེས་ཐེངས་དང་པོ་མིན་པར་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གིས་བོད་ཤར་ཕྱོགས་ཀྱི་ཁུལ་དུ་བོད་མི་རྣམས་ཀྱིས་ཞི་བདེ་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་པའི་སྐབས་སུ་རྒྱ་ནག་དམར་ཤོག་གི་ཉེན་རྟོག་པས་མང་ཚོགས་ཀྱི་ཁྲོད་དུ་ཐད་ཀར་མེ་མདའ་བརྒྱབས་ནས་བོད་ཀྱི་དགེ་འདུན་པ་གཉིས་ཀྱི་མགོ་ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། བོད་མི་གཞན་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གིས་བོད་མི་རྣམས་ཀྱིས་༸སྐུའི་འཁུངས་སྐར་སྲུང་བརྩི་ཞུས་པར་དམ་དྲག་གིས་བོད་མི་ཁག་ཅིག་ལ་ལོ་དུས་འདྲ་མིན་གྱི་ཁྲིམས་ཐག་བཅད་པའི་ཁྲོད་བོད་མི་འབྲུག་གྲགས་ལགས་སུ་མི་ལོ་བཅུ་བཞིའི་རིང་ལ་ཁྲིམས་ཐག་བཅད་ཡོད་པར་ལུང་འདྲེན་གནང་སྟེ། རྒྱ་ནག་གིས་བོད་ས་གང་སར་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་གུས་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་རྒྱུ་མེད་པའི་དྲིལ་བསྒྲགས་རིགས་འདྲ་མིན་སྤེལ་བཞིན་པ་དང་དེ་བཞིན་བོད་མི་རྣམས་ཀྱིས་ཁ་པར་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་ཆོས་གསན་པའམ། ཡང་ན་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་༸སྐུ་པར་ཉར་བ་ཙམ་གྱིས་བོད་མི་རྣམས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུགགཞི་རྩའི་འདི་ལོར་བོད་མི་རྣམས་ཀྱིས་ཡིག་ལམ་དང་བརྙན་ལམ་ནས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ཁྲོད་དུ་ལྷ་སའི་བར་སྐོར་དུ་བོད་མི་བགྲེས་སོང་ཞིག་གིས་རང་གི་སྟོད་གོས་ཀྱི་ཐོག་ཏུ་ཨང་གྲངས་ ༨༦ བྲིས་ནས་དེའི་སྟེང་དུ་ནོར་བུའི་མཚོན་རྟགས་ཤིག་བཞག་ནས་སྐོར་བར་ཕེབས་བཞིན་པའི་བརྙན་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་ནའང་། ད་ལྟའི་ཆར་རྒྱ་ནག་གི་དམ་དྲག་རྐྱེན་གྱིས་བགྲེས་སོང་ཁོང་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཁ་མེད་པར་གྱུར་ཡོད། འོན་ཀྱང་བོད་མི་མང་པོས་བགྲེས་སོང་ཁོང་འཛིན་བཟུང་བྱས་ཡོད་པར་དོགས་ནས་སེམས་འཚབ་བྱེད་མུས་རེད་འདུག

རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་ཀྱིས་ས་མཚམས་ཀྱི་རྙོག་གླེང་ལ་གྲོས་བསྡུར།

ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Jai Shankar དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྣམ་གཉིས་དབར་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁལ་གྱི་མཐའ་མཚམས་ཀྱི་རྩོད་རྙོག་དང་འབྲེལ་བའི་གྲོས་བསྡུར་བྱས་བའི་ཁྲོད་ཇེ་ཡ་ཤཾ་ཀར་ལགས་ཀྱིས་ས་མཚམས་ཀྱི་རྩོད་རྙོག་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པར་བརྗོད་འདུག དེའང་Tajiskistan གྱི་རྒྱལ་ས་ Dushanbe ནང་འཚོགས་བཞིན་པའི་ SCO ཞེས་ Eurasia ཡི་མངའ་ཁུལ་གྱི་རྒྱལ་ཁབ་བརྒྱད་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་དང་བསྟུན་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་དབར་ཟུར་དུ་ཆུ་ཚོད་གཅིག་ཙམ་རིང་མཇལ་འཕྲད་བྱུང་ཡོད་པ་དང་། སྐུ་ཞབས་ Jai Shankar ལགས་ཀྱིས་རྗེས་སུ་འཕྲུལ་སྒྲ་དྲ་གནས་སུ་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་ཀྱི་གཞུང་ཐིག་ཐད་ཀྱི་ད་ཡོད་ལངས་ཕྱོགས་ལ་རྒྱ་ནག་གིས་ཕྱོགས་གཅིག་ཁོ་ནའི་ཐོག་ནས་འགྱུར་བ་གཏོང་བའི་ཐབས་ཤེས་རིགས་ལ་རྒྱ་གར་གྱིས་ངོས་ལེན་བྱ་ཐབས་བྲལ་བ་དང་ཕྱོགས་གཉིས་ཀྱིས་འབྲེལ་ལམ་ཡར་རྒྱས་སླད་ས་མཚམས་ཁུལ་དུ་ཞི་བདེ་དང་བརྟན་བརླིང་སླར་གསོ་བྱ་རྒྱུ་གལ་ཆེ་ཡིན་པར་བྲིས་འདུག རྒྱ་གར་གྱི་ Hindu གསར་ཤོག་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་མཇལ་མོལ་དེའི་སྐབས་ Wang Yi ལ་འདི་ལོའི་ཟླ་ ༢ པའི་ནང་དུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དཔུང་སྤང་གོང་མཚོ་ཁུལ་ནས་ཕྱིར་འཐེན་བྱས་པ་ནས་བཟུང་སྟེ་ཕྱོགས་གཉིས་ཀྱི་བར་དུ་འབྲེལ་ལམ་མཇུག་སྐྱོང་ཐུབ་པ་མངོན་གསལ་གྱིས་རྒྱ་གར་གྱི་ངོས་ནས་སྔར་ཨུ་རུ་སུའི་རྒྱལ་ས་མོ་སུ་ཁཱོ་ཁུལ་དུ་གྲོས་མཐུན་བྱུང་བའི་དོན་ཚན་ལྔར་གཞིར་བཞག་གིས་རྒྱ་ནག་གིས་ཀྱང་གྲོས་མཐུན་དེར་བརྩི་འཇོག་གི་ཐོག་ནས་ཕྱོགས་གཉིས་ཀྱི་རྒྱལ་མཚམས་ཀྱི་དཀའ་རྙོག་སེལ་ཐུབ་རྒྱུར་རེ་བ་བྱེད་བཞིན་ཡོད་པར་བརྗོད་འདུགགསར་ཁང་དེས་ད་དུང་སྔར་གྱི་ཨུ་རུ་སུའི་ཁུལ་གྱི་གྲོས་བསྡུར་དང་མི་འདྲ་བར་ཐེངས་འདིར་གྲོས་བསྡུར་གྲུབ་མཚམས་སུ་ཕྱོགས་གཉིས་ཀྱི་བློན་ཆེན་མཉམ་འབྲེལ་གྱི་ཐོག་ནས་གསར་འགོད་གསལ་བསྒྲགས་གནང་མེད་པར་མངོན་གསལ་གནང་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་རྒྱ་དཀར་ནག་གཉིས་ཀྱི་བྱང་ཕྱོགས་ཁུལ་གྱི་རྒྱལ་མཚམས་ཀྱི་དཀའ་རྙོག་མ་སེལ་བར་དུ་ཕྱོགས་གཉིས་ཀྱི་བར་དུ་འབྲེལ་ལམ་གཞན་ཁག་ཀྱང་མཇུག་སྐྱོང་གནང་ཐབས་མེད་པར་བརྗོད་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན་གསར་ཁང་གིས་སྔར་དང་མ་འདྲ་བའི་ཆ་གཞན་ཞིག་ནི། རྒྱ་དཀར་ནག་གི་དཔོན་རིགས་ཕན་ཚུན་དབར་གྲོས་བསྡུར་རིམ་པ་བྱུང་ཡོད་ཀྱང་། ས་མཚམས་ཀྱི་རྩོད་རྙོག་འགོ་ཚུགས་པ་ནས་སྲིད་བློན་མོ་དྷི་དང་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་དབར་ད་བར་ཕན་ཚུན་ལ་སྐད་ཆ་བཤད་རེས་བྱས་མེད་པ་དང་། འདི་ལོར་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་སྐབས་སུ་ཡང་རྒྱ་གར་གྱི་སྲིད་བློན་གྱིས་འཚམས་འདྲི་གནང་མེད་པར་འཁོད་འདུག གཞི་རྩའི་སྔར་ལོའི་ཟླ་༧ པའི་ནང་གི་གྷལ་ཝང་ལུང་གཤོངས་ཀྱི་ཕྱོགས་གཉིས་ཀྱི་དམག་འཐབ་ཁྲོད་ཕན་ཚུན་གྱི་དམག་མི་མང་པོའི་ཚེ་སྲོག་ཤོར་ཡོད་སྟབས། སྐབས་དེ་ནས་བཟུང་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་ཀྱི་འབྲེལ་ལམ་ཇེ་སྡུག་དུ་ཕྱིན་ཡོད་པ་རེད། རྒྱ་གར་གྱིས་རྒྱལ་ཁོངས་ཀྱི་བདེ་འཇགས་དང་འབྲེལ་ནས་རྒྱ་ནག་གི་མཉེན་ཆས་མང་པོ་བཀག་སྡོམ་བྱས་ཡོད་པ་མ་ཟད། དེ་བཞིན་རྒྱ་གར་གྱི་མང་ཚོགས་རང་བཞིན་གྱི་ཐོག་ནས་ཀྱང་རྒྱ་ནག་གི་དངོས་ཟོག་བཀག་འགོག་དང་བེད་སྤྱོད་བྱེད་རྒྱུ་མེད་པའི་རྔམ་སྟོན་ཁྲོམ་སྐོར་རིམ་པ་བྱུང་བ། འདི་ལོ་སྲིན་བློན་མོ་དྷི་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་ཡོངས་གྲགས་ཀྱིས་ཞལ་པར་གྱི་ལམ་ནས་འཚམས་འདྲི་ཞུས་པ་མངོན་གསལ་གནང་བ་སོགས་ཀྱི་གནད་དོན་དང་འབྲེལ་ཏེ། ད་ཆ་རྒྱ་དཀར་ནག་གི་འབྲེལ་ལམ་རྣོ་ངར་ཅན་དུ་འགྲོ་བཞིན་པ་མ་ཟད་མཐའ་མཚམས་ཁག་ཏུ་ད་དུང་དམག་མི་འགྲེམས་འཇོག་གིས་གཞུང་ལམ་སོགས་ཀྱི་འཛུགས་སྐྲུན་གྱི་ལས་གཞི་གཞི་རྒྱ་ཆེ་རུ་གཏོང་བཞིན་པ་རེད་འདུག

Latest news