Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ལ་རྒྱ་ནག་གི་ཨོ་རྩལ་རྒྱང་སྲིང་བཀག་སྡོམ་གྱི་ཞུ་སྐུལ།

སང་ལོར་རྒྱ་ནག་ཏུ་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་བསྡུ་ལ་ཉེ་བ་དང་བསྟུན་ནས། རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་འབྲེལ་ནས་ཨ་རི་དང་། ཁེ་ན་ཊ། དབྱིན་ཡུལ། དེ་བཞིན་འཇར་མན་བཅས་ཀྱི་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ཁྱབ་བསྒྲགས་དང་རྒྱང་སྲིང་མི་བྱེད་རྒྱུའི་ཞུ་སྐུལ་གནང་འདུགདེའང་ཞུ་སྐུལ་གནང་མཁན་གྱི་ཁོངས་སུ། རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ཁག་སྟེ། བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་སོགས་ཀྱི་གཙོ་བྱས་པའི་རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་ཁག་ཆགས་ཡོད་པ་དང་། ཐོབ་ཐང་ཚོགས་པ་ཁག་དེ་དག་གིས་ཁ་སང་ཨ་རིའི་ NBC དང་། དབྱིན་ཡུལ་གྱི་ BBC, འཇར་མ་ནིིའི་ ARD, དེ་བཞིན་ཁེ་ན་ཀྲའི་ CBC སོགས་ཀྱི་བརྙན་འཕྲིན་ལས་ཁུངས་ཆེ་གྲས་སོ་སོའི་གཙོ་འཛིན་ལ་ཞུ་སྐུལ་གྱི་ཕྱག་ཡིག་ཕུལ་ཏེ་རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་དང་འབྲེལ་བའི་གནས་ཚུལ་ཁག་མི་སྤེལ་རྒྱུའི་རེ་ཞུ་གནང་ཡོད་པ་རེད། གཞི་རྩའི་ཨ་རིའི་གསར་ཁང་ཆེ་གྲས་ NBC ནི་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་མ་དངུལ་མཁོ་འདོན་གྱི་སྦྱིན་བདག་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། AP གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བརྙན་འཕྲིན་ལས་ཁང་དེས་ཨོ་རྩལ་ལྷན་ཚོགས་ལ་ཡོང་རྒྱུའི་ཨོ་རྩལ་དྲུག་རྒྱང་སྲིང་ཆེད་མ་དངུལ་ཨ་སྒོར་ཐེར་འབུམ་ ༧།༧༥ ལྷག་མཁོ་སྤྲོད་གནང་ཡོད་པ་དང་། དངུལ་འབབ་དེ་ནི་ཨོ་རྩལ་ལྷན་ཚོགས་ཀྱི་སྤྱི་ཡོངས་ཀྱི་མ་དངུལ་རྩ་འབོར་གྱི་བརྒྱ་ཆ་ ༤༠ ལྷག་ཆགས་ཀྱི་ཡོད་པ་རེད་འདུགNBC ཡི་གཙོ་འཛིན་ Jeff Shell ལགས་ཀྱི་མཚན་ཐོག་ཏུ་ཕུལ་བའི་ཞུ་ཡིག་གི་འདྲ་བཤུས་ཤིག་ AP གསར་སྤེལ་ཁང་ལ་རག་སོན་བྱུང་བའི་ནང་དུ། ཐོབ་ཐང་ཚོགས་པ་ཁག་གིས་རྒྱལ་སྤྱིའི་གསར་ལམ་དེ་དག་གིས་རྒྱ་ནག་གི་ཨོ་རྩལ་ཁྱབ་བསྒྲགས་དང་རྒྱང་བསྲིེངས་ཞུས་པ་ཡིན་ན་། དེ་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་གཏོང་རྒྱུར་ངན་པ་ལག་འབྲེལ་བྱས་པ་ཞིག་མཚོན་རྒྱུ་ཡིན་སྐོར་བརྗོད་འདུག གཞི་རྩའི་རྒྱ་ནག་གི་ཕྱི་སྲིད་ལྷན་ཁག་གིས་ཨོ་རྩལ་འགྲན་ཚོགས་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བཞིན་པར་འགྲེལ་བརྗོད་ཀྱིས་སྐྱོན་བརྗོད་བྱས་ཏེ་ཐོབ་ཐང་ཚོགས་སྐྱིད་ཁག་གིས་རྒྱ་ནག་ནང་གི་ཨོ་རྩལ་འགོག་ཐབས་བྱས་པ་དེ་ནི་ཕམ་ཉེས་འབྱུང་རྒྱུ་འབའ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པར་བསྒྲགས་བཞིན་པ་དེ་ནི་དུས་རབས་འདིའི་རྫུན་གཏམ་ཁོ་ན་ཞིག་ཡིན་པར་བརྗོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་ལས་རོགས། བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་ཁ་ན་ཊའི་གསར་ཁང་ལ་འགྲེལ་བརྗོད་གནང་བའི་ནང་དུ། ABC དང་CBC དེ་བཞིན་ BBC དང་ ARD སོགས་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁང་དེ་དག་གི་མ་དངུལ་མང་ཚོགས་ཀྱི་ཁྲོད་ནས་མཁོ་འདོན་གནང་གི་ཡོད་སྟབས། གསར་ཁང་དེ་དག་གིས་རྒྱ་ནག་གི་ཨོ་རྩལ་དང་འབྲེལ་བའི་གསར་འགྱུར་རིགས་ཁྱབ་སྤེལ་གྱི་འཆར་གཞི་དེ་མདུན་སྐྱོད་མི་བྱེད་རྒྱུའི་རེ་སྐུལ་དང་སྦྲགས། གསར་ཁང་དེ་དག་ཡོད་སའི་རྒྱལ་ཁོངས་སོ་སོའི་མང་ཚོགས་ཀྱིས་གནད་དོན་དེ་དང་འབྲེལ་ནས་གླེང་མོལ་བྱེད་དགོས་བའི་རེ་བ་བཏོན་སྟེ། རྒྱ་ནག་གིས་བོད་མི་དང་ཡུ་གུར་བ་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་གསར་ཁང་དེ་དག་གིས་རྒྱ་ནག་གི་དཔོན་རིགས་ཀྱི་ལས་འཆར་ཁག་ལ་རོགས་འདེགས་ཀྱིས་ཨོ་རྩལ་འགྲན་ཚོགས་དེ་རྒྱུན་ལྡན་ལྟ་བུ་ཞིག་ལ་ངོས་འཛིན་གྱིས་གསར་འགྱུར་སྤེལ་བ་ཡིན་ན། གནད་དོན་དེ་གནས་ལུགས་དང་བྲལ་བའི་བྱེད་བབ་ཅིག་ཡིན་པར་གསུངས་འདུག གཞན་ཡང་གསར་ཁང་གིས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ཧྥ་རན་སིའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་ཆ་རྐྱེན་བཏོན་ནས་གན་ཡིག་བཞག་ཡོད་ནའང་། ཨོ་རྩལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་སང་ལོའི་རྩེད་འགྲན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་ལས་ཀྱི་རྩ་འཛིན་ལམ་སྟོན་ཁག་གི་ཆ་རྐྱེན་བཏོན་མེད་པར་མངོན་གསལ་གནང་འདུག གཞི་རྩའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་བ་སོགས་ཀྱི་མཚོན་པའི་རྒྱལ་སྤྱིའི་ཐོབ་ཐང་ཚོགས་པ་བརྒྱ་ལྷག་གིས་ཨོ་རྩལ་ལྷན་ཚོགས་ལ་ཞུ་སྐུལ་གྱིས་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཆ་རྐྱེན་ཚང་མེད་སྟབས་རྩེད་འགྲན་དེ་ཕྱིར་བསྡུའམ་རྒྱལ་ཁོངས་གཞན་ཞིག་ཏུ་འཚོགས་དགོས་བའི་ཞུ་སྐུལ་རིམ་པ་བྱས་དང་བྱེད་མུས་ཡིན་པ་རེད།

  རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གིས་ཁོར་ཡུག་ལ་གནོད་སྐྱོན་གཏོང་རྒྱུའི་ཉེན་བརྡ།

རྒྱལ་སྤྱིའི IFFRAS ཞེས་པའི་ཐོབ་ཐང་དང་བདེ་འཇགས་གླེང་སྟེགས་ཁང་གིས་ཉེ་ཆར་གསར་དུ་བཏོན་པའི་སྙན་ཐོའི་ནང་དུ། རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གིས་ཁོར་ཡུག་ལ་གནོན་སྐྱོན་ཚབས་ཆེན་གཏོང་གི་ཡོད་པར་བསྒྲགས་འདུགགླེང་སྟེགས་ཁང་གིས་བཏོན་པའི་སྙན་ཐོའི་ནང་དུ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཡིས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་ཆེ་བའི་ཉེན་ཁ་ཞིག་ཆགས་ཡོད་པ་མ་ཟད། རང་བྱུང་ཁོར་ཡུག་ཉམས་ཉེས་ལ་ཚད་བརྒལ་རང་བཞིན་གྱི་གནོད་སྐྱོན་ཐེབས་ཀྱི་ཡོད་ལུགས་དང་འབྲེལ། རྒྱ་ནག་གིས་ཀར་བོན་འཚོ་རླུང་མེར་སྲེག་ཆེས་ཆེར་གཏོང་བཞིན་པ་དེ་ཡིས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་ཉམས་ཉེས་ལ་སྔར་ལྷག་གནོད་སྐྱོན་ཐེབས་རྒྱུ་ཡིན་པར་མངོན་གསལ་གནང་འདུག དེ་བཞིན་རྒྱ་ནག་གིས་ད་དུང་རྡོ་སོལ་མང་དུ་སྲེག་བཞིན་པ་དེ་ཡིས་རྒྱལ་སྤྱིའི་ཐོག་གི་དུག་རླངས་སྐྱེད་ཚད་ཀྱི་བརྒྱ་ཆ ༤༦ ལྷག་ཟིན་ཡོད་པ་དང་། གཞན་ཡང་གློག་ཤུགས་འདོན་ཚད་ཀྱིས་དྲོད་ཁང་གི་དུག་རླངས་བརྒྱ་ཆ ༧༢ ལྷག་རྒྱ་བསྐྱེད་བྱེད་བཞིན་ཡོད་པ་དང་སྦྲགས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཡིས་རྒྱལ་སྤྱིའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག མ་ཟད་རྒྱ་ནག་གི་ནང་དུ་ཁོར་ཡུག་བདག་གཅེས་དང་འབྲེལ་བའི་རྩ་འཛིན་གྱི་སྒྲོམ་གཞི་དག་ལག་བསྟར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་འཆར་ཅན་གྱི་ལས་གཞི་ཡོད་ཚད་ fossil fuels ཞེས་པའི་རང་བྱུང་གི་ཐོན་རྫས་སྤྱོད་ཀྱི་ཡོད་པར་མངོན་གསལ་གྱིས། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་དེ་ནི་ཁོར་ཡུག་དང་འོས་འཚམས་ཡིན་ཞིང་ལྗང་མདོག་གི་ལས་གཞི་ཞིག་ཡིན་པར་བསྒྲགས་བཞིན་ཡོད་པར་བརྗོད་བཞིན་ཡོད་ནའང། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་བཟོ་གཞིའི་གནད་དོན་ཞིག་ཡིན་པར་བསྒྲགས་འདུག འབྱུང་འགྱུར་གྱི་ཁྲོད་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་དེ་ཡིས་རྒྱལ་སྤྱིའི་གླིང་ཕྲན་ལྔ་ཡི་ཁོར་ཡུག་ལ་ཉམས་ཉེས་ཚད་ལས་བརྒལ་བ་གཏོང་རྒྱུ་ཡིན་པར་འགྲེལ་བརྗོད་ཀྱིས། རྒྱལ་སྤྱིའི་འབྲེལ་ཡོད་ཀྱི་སློབ་སྟོན་ལྟེ་གནས་ཁང་གི་ཆེད་མཁས་བས་བརྗོད་པ་ལྟར་ན། རྒྱ་ནག་གི་ནུས་ཤུགས་སྐྱེ་འཕེལ་གྱི་འཛུགས་སྐྲུན་ལས་གཞིའི་བརྒྱ་ཆ་ ༩༠ ལྷག་རང་བྱུང་གི་ཐོན་རྫས་སྤྱད་ནས་དུག་རླངས་ཀར་བོན་ carbon  ཕྱིར་འདོན་བྱེད་ཀྱི་ཡོད་པར་བསྒྲགས་ཏེ། WRI ཞེས་པའི་རྒྱལ་སྤྱིའི་ཐོན་ཁུངས་ལྟེ་གནས་ཁང་གིས་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཡོད་ཚད་བསྐྱར་སྤེལ་བྱེད་ཐབས་བྲལ་བའི་རང་བྱུང་གི་ཐོན་རྫས་ལ་གཞི་བཞག་པ་ཤ་སྟག་ཡིན་ལུགས་མངོན་གསལ་གྱིས། བྱེད་བབས་དེ་ཡིས་དུག་རླངས་ཉུང་འཕྲུའི་ཐབས་ལམ་བརྟེན་གྱི་མེད་པར་བརྗོད་པ་ལུང་འདྲེན་གནང་ཡོད་པ་མ་ཟད།  རྒྱ་ནག་གི་ནང་དུ་ནུས་ཤུགས་སྐྱེ་འཕེལ་གྱི་དངུལ་བུན་བརྒྱ་ཆ་ ༦༡ ལྷག་རང་བྱུང་ཁོར་ཡུག་གི་ཐོན་སྐྱེད་ལ་གཞི་བྱས་པའི་རྒྱ་ནག་གི་ Development Bank ཞེས་པའི་འཕེལ་རྒྱས་དངུལ་ཁང་གིས་མཁོ་འདོན་བྱེད་བཞིན་ཡོད་པར་བསྒྲགས་འདུགགཞི་རྩའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ནི་ཕྱི་ལོ་ ༢༠༡༣ ལོའི་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཐོག་མར་བཀོད་འདོམས་བྱས་ཏེ་གཏན་ལ་ཕབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་རྒྱུད་གཅིག་ལམ་གཅིག་གི་མཉམ་འབྲེལ་གླེང་སྟེགས་ཐོག་རྒྱལ་ཁབ་ཁག་ ༡༣༠ ཙམ་གྱི་སྐུ་ཚབ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་སོགས་ཀྱི་གཙོའི་རྒྱལ་སྤྱིའི་ཚོགས་པ་ཁག་ ༧༠ ཙམ་གྱི་མགོ་ཁྲིད་ཚོར་ཆེད་བཅར་གྱིས་ལས་གཞི་དེ་ཡིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱེད་ངེས་ཡིན་པར་བརྗོད་ཡོད་ནའང་། འདས་བའི་ལོ་འགའི་རིང་རྒྱ་ནག་གི་ལས་གཞི་དེའི་ཁྲོད་ནས་ས་གནས་ཀྱི་ཡུལ་མི་མང་པོ་གནས་སྤོར་བྱེད་དགོས་བ་དང་། དེ་བཞིན་རྒྱ་ནག་གི་རྒྱལ་ཁབ་གཞན་ལ་དངུལ་བུན་གཡར་བ་སྤྲོད་མ་ཐུབ་པའི་རྒྱལ་ཁོངས་སུ་བཙན་གྱིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར་བྱས་པ་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་གླེང་གཞི་ཆེན་པོ་བྱུང་ཡོད་ལྟར། ད་ཆ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་དེ་ཡིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་བཞིན་ཡོད་པའི་ཐད་ནས་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རེད།

Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་མང་གཙོའི་ལམ་སྲོལ་ལ་ཆེ་བསྟོད་གནང་བ།  

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་བྱང་ནུབ་ཏུ་ཆགས་པའི་ Waltham Forest གྲོང་སྡེ་ལས་ཁང་གིས་གཞུང་འབྲེལ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་ཆེ་བསྟོད་གནང་སྟེ་གྲོང་སྡེ་ལས་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༡ པ་སྲུང་བརྩི་ཞུས་འདུགདབྱིན་ཡུལ་གྱི་ Waltham Forest གྲོང་སྡེ་ལས་ཁང་གི་མདུན་དུ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་གནང་བའི་ལས་རིམ་དེ་ནི་ཕྱི་ལོ་ ༢༠༡༨ ལོར་ Waltham Forest ས་གནས་སུ་གནས་སྡོད་བོད་མི་དང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཀྱིས་ས་གནས་ཀྱི་གྲོང་སྡེ་ལས་ཁང་ལ་ཡིག་ངག་གཉིས་ཐོག་ནས་བོད་མིའི་མང་གཙོའི་དུས་ཆེན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྐྱོང་ཡོང་བའི་ཞུ་སྐུལ་ཞུས་པར་ངོས་བཞེས་གནང་ནས་ལོ་དེའི་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ ཐོག་Waltham Forest གྲོང་སྡེ་ལས་ཁང་གི་མདུན་ངོས་སུ་དེ་བྱུང་གི་རང་བཞིན་ལྡན་པའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཆེས་ཐོག་མ་དེ་གནང་ཡོད་པ་རེད།ལས་རིམ་དེ་གཙོ་བོ་ Waltham Forest གྲོང་སྡེ་ལས་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པའི་བཙན་འབྱོལ་བོད་མིའི་མང་གཙོའི་ལམ་སྲོལ་ལ་འདས་པའི་མི་ལོ་ ༦༠ ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཆེ་བསྟོད་གནང་ཕྱིར་ཡིན་པ་རེད།དུས་དེ་ནས་བཟུང་སྟེ་ད་བར་ Waltham Forest ནས་གྲོང་སྡེ་ལས་ཁང་གི་མདུན་ངོས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་ས་གནས་བོད་མི་ཚོས་བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར་ཁ་སང་ཟླ་ ༩ ཚེས་ ༢ ཉིན་ Waltham Forest གྲོང་སྡེ་ལས་ཁང་གི་མདུན་དུ་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Elizabeth Baptise མཆོག་དབུ་བཞུགས་ཐོག་གྲོང་སྡེ་ལས་ཁང་གི་འཐུས་མི། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམ་ཕར་སི་ལགས། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་ཐོག་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༡ པ་སྲུང་བརྩི་ཞུས་ཡོད།སྐབས་དེེར་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Elizabeth Baptise མཆོག་དང་ལས་རིམ་གཙོ་སྐྱོང་གནང་མཁན་གྲོང་སྡེ་ལས་ཁང་གི་འཐུས་མི་སྐུ་ཞབས་ Kastriot Berberi ལགས་གཉིས་ཀྱིས་འདས་པའི་ལོ་ངོ་ ༦༠ ནང་ས་གནས་དེར་ཡོད་པའི་བོད་མི་ཚོས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། བོད་མིའི་མང་གཙོའི་ལམ་སྲོལ་བཟང་པོ་བརྒྱུད་ནས་དབྱིན་ཡུལ་སྤྱི་དང་སྒོས Waltham Forest ས་གནས་ཀྱི་མང་ཚོགས་ལ་ལེགས་སྐྱེས་གང་ལེགས་ཕུལ་ཡོད་པར་ཆེ་བསྟོད་གནང་བ་མ་ཟད་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད།དབྱིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཕརསི་ལགས་ཀྱིས་ Waltham Forest གྲོང་སྡེ་སྤྱི་ཁྱབ་པ་མཆོག་གིས་གཙོས་པའི་འབྲེལ་ཡོད་རྣམས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ནང་དུ་བཞུགས་པའི་བོད་མི་ཚོ་རྒྱ་ནག་གཞུང་གིས་ཆེས་གདུག་རྩུབ་ཅན་གྱི་བཙན་གནོན་འོག་བོད་མི་ཚོར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་མེད་སྟབས། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་རིམ་དང་རྣམ་པ་ཚོས་ངེད་ཅག་ལ་རྒྱབ་སྐྱོར་དེ་ལྟར་གནང་བ་དེས་རྒྱ་གཞུང་གི་བཙན་གནོན་འོག་ཡོད་པའི་གཞིས་བཞུགས་བོད་མི་ཚོའི་སེམས་ནང་བདེ་སྐྱིད་ཅིག་དང་རེ་བའི་བརྡ་ལན་ཞིག་གནང་ཡོད་ཅེས་གསུངས་འདུག

འདས་པའི་ལོ་གསུམ་ནང་བོད་མི་བཞི་བཅུ་ཙམ་གར་སོང་ཆ་མེད་དུ་སྒྱུར་ཡོད་པར་བསྒྲགས་འདུག

ཁ་སང་བཙན་དབང་འོག་ནས་གར་སོང་ཆ་མེད་དུ་བཏང་བའི་ཉིན་མོ་ཐེངས་ ༢༨ པའི་དུས་དྲན་དང་བསྟུན་ནས། བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདས་པའི་ལོ་གསུམ་ནང་རྒྱ་ནག་གཞུང་གིས་བོད་མི་ ༤༠ ལྷག་བཙན་དབང་འོག་གར་སོང་ཆ་མེད་དུ་བཏང་ཡོད་པའི་གནས་ཚུལ་སྤེལ་འདུགལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གིས་དུས་རྒྱུན་ནས་བོད་མི་རྣམས་ཉེས་མིང་སྣ་ཚོགས་ཀྱི་འོག་ནས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་མིང་ལ་བཀྲ་ཤིས་ཟེར་ཞིང་ལོ་ན་སུམ་ཅུར་སོན་པའི་བོད་མི་ཞིག་ལ་རྒྱ་གཞུང་སྤྱི་བདེ་མི་སྣས་བཀག་བསྐྱིལ་ཁང་དུ་མནར་གཅོད་ཚད་མེད་བཏང་བས་མ་བཟོད་པར་རང་སྲོག་བཅད་ཡོད་པ་དང་། དེ་བཞིན་མིང་ལ་དངོས་གྲུབ་ཕུན་ཚོགས་ཟེར་བའི་བགྲེས་པོ་ཞིག་ལ་ལོ་ངོ་བརྒྱད་ཀྱི་ཁྲིམས་ཐག་བཅད་དེ་བཀལ་སྐྱིལ་ཁང་ནས་ནད་གཅོང་དུ་སྒྱུར་བ། གཞན་ཡང་དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཞེས་པ་ཞིག་ལ་བཙན་དབང་གིས་བཀག་སྐྱིལ་ཁང་ནས་སྨན་བཅོས་བྱ་དགོས་བར་བསྙལ་ནས་སྨན་ཁང་དུ་བཙན་ཁྲིད་བྱེད་པ་དེར་དགོས་མེད་ཀྱི་སྨན་བཅོས་བྱ་སྲིད་པ་སོགས། རྒྱ་ནག་གིས་མནར་གཅོད་གཏོང་བཞིན་པའི་བོད་མི་ཁག་ཅིག་གི་གནད་དོན་གསལ་འདོན་གྱིས། ད་ལྟའི་བར་གནས་ཚུལ་ཤེས་རྟོགས་བྱུང་དང་མ་བྱུང་ཅི་རིགས་ཀྱི་བོད་མི་བགྲང་ལས་འདས་པ་ཞིག་གིས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྱད་པའམ། ཡང་ན། ཁྲིམས་མཐུན་གྱི་ལས་འགུལ་སྤེལ་བ་ཙམ་གྱིས་ཁོང་ཚོར་ཁྲིམས་ཀྱི་སྲུང་སྐྱོབ་གང་ཡང་མེད་པར་མངོན་གསལ་དང་གསང་བ་ཅི་རིགས་ཀྱི་སྒོ་ནས་འཇུ་བཟུང་བཀག་ཉར་གྱིས་མནར་གཅོད་སྣ་ཚོགས་མྱོང་དགོས་ཐུག་གི་ཡོད་པ་རེད་ཅེས་མངོན་གསལ་གནང་འདུགགསར་འགོད་པས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་སུ་ཐེངས་འདིའི་ལྟེ་གནས་ཁང་གི་བསྒྲགས་གཏམ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། མནར་གཅོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཁྲིམས་ཡིག་ནང་ཡོངས་གྲགས་ཀྱིས་བཀག་འགོག་བྱས་ཡོད་པ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བརྟན་བརླིང་ལ་ཁ་གཡར་བོད་མི་རྣམས་བཙན་དབང་གིས་གར་སོང་ཆ་མེད་དུ་གཏོང་བའི་རིགས་མཚམས་འཇོག་བྱ་དགོས་སྐོར་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཉེས་དོན་ཁྲིམས་ཡིག་དོན་ཚན་ ༧༣ དང་ ༨༣ གཉིས་ཕྱིར་འཐེན་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པར་བསྐྱར་བཅོས་བྱ་དགོས་སྐོར་འགྲེལ་བརྗོད་གནང་བྱུང་།གཞན་ཡང་ཁོང་གིས་རྒྱ་ནག་གིས་དུས་རྒྱུན་ནས་ཆབ་སྲིད་དང་འབྲེལ་ནས་བོད་མི་རྣམས་འཇུ་བཟུང་བྱེད་སྐབས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་དང་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་གནོད་པའི་ནག་ཉེས་བསྙད་འདོགས་ཀྱིས་གནས་ཚུལ་འཚོལ་ཞིབ་བྱེད་ཐབས་བྲལ་བའི་ཁྱབ་ཆེ་བའི་ཐ་སྙད་རིགས་བེད་སྤྱོད་གཏོང་གི་ཡོད་སྐོར་གསུང་བ་དང་འབྲེལ། ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བའི་འདས་བའི་ལོ་གསུམ་རིང་གར་སོང་ཆ་མེད་དུ་བསྒྱུར་བའི་བོད་མི་ ༤༠ ལྷག་ཀྱང་བསྙད་འདོགས་དེ་དག་གི་འོག་ནས་གར་སོང་ཆ་མེད་དུ་སྒྱུར་བ་ཞིག་ཡིན་སྐོར་གསུངས་སོང་།སྤྱིར་ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འཕྲུལ་སྒྲ་བརྒྱུད་ནས་བཙན་དབང་གིས་གར་སོང་ཆ་མེད་དུ་སྒྱུར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། འགྲོ་བ་མི་ཡོངས་རྫོགས་ས་ཕྱོགས་གང་དུ་གནས་མིན་དང་མི་སུ་ཡིན་མིན། དེ་བཞིན་དད་མོས་ཅི་ཡིན་སོགས་ལ་ལྟོས་བ་མེད་པར་ཐོབ་ཐང་དང་ཆེ་མཐོང་གཅིག་པ་ཡིན་པར་བསྒྲགས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ཁ་སང་གི་རྒྱལ་སྤྱིའི་བཙན་དབང་གིས་གར་སོང་ཆ་མེད་དུ་སྒྱུར་བའི་ཉིན་མོ་དང་བསྟུན་ནས། རྒྱལ་སྤྱིའི་ཆབ་སྲིད་བཙོན་པ་ཆུང་ཤོས་སམ། བོད་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གླེང་སློང་གིས། རྒྱ་ནག་གིས་ཆུང་སྲིད་མཆོག་གང་དུ་བཀག་སྐྱིལ་བྱས་ཡོད་མེད་གསལ་བོ་བཟོ་དགོས་བ་དང་། དེ་བཞིན་གང་ཉིད་མཆོག་ལ་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུག་པ་དང་། གཞན་ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཀྱིས་ཀྱང་རྒྱ་ནག་གིས་བོད་ཀྱི་པཎ་ཆེན་ཆུང་སྲིད་མཆོག་བཙན་ཁྲིད་བྱས་པ་ཡོད་པར་འགྲེལ་བརྗོད་ཀྱིས་རྒྱ་ནག་གིས་གང་ཉིད་གང་དུ་བཀག་ཉར་བྱས་ཡོད་པར་མངོན་གསལ་བྱེད་དགོས་བའི་སྐུལ་མ་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་གི་ཉིན་མོ་དང་སྟུན་ནས་འདོན་སྤེལ་གནང་བའི་སྒྲགས་གཏམ་ནང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་ནས་ངོ་སྤྲོད་གནང་བ་ཞིག་ལུང་འདྲེན་གནང་ཡོད་པ་དང་། དེའི་ནང་དུ། བོད་ནང་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་མེད། བོད་མི་ཚོར་དུད་འགྲོ་སེམས་ཅན་གྱི་འདུ་ཤེས་འཛིན་གྱི་ཡོད། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་མི་རྣམས་འགྲོ་བ་མི་ཞིག་ཡིན་པའི་ངོས་འཛིན་བྱ་ཐབས་ཤེས་ཀྱི་མེད། རྒྱ་ནག་གཞུང་གིས་ང་ཚོར་དུད་འགྲོའི་འདུ་ཤེས་ལས་འཛིན་གྱི་མེད་པས་དུད་འགྲོ་སེམས་ཅན་ལྟར་མནར་གཅོད་གཏོང་རྒྱུ་ཡིན་པ་བོད་མི་ཚོས་ཤེས་ཀྱི་ཡོད་པ་རེད། ང་རང་སྒེར་གྱི་ངོས་ནས་ཀླ་ཀློའི་སྤྱོད་པ་རྩིང་པོ་འདི་ལ་སྙིང་སྟོབས་ཞུམ་ནས་མགོ་སྒུར་མ་མྱོང་། རྒྱུ་མཚན་ནི་མནར་གཅོད་ཀྱི་སྦྱོར་བ་འདིས་ངའི་པུས་མོ་ས་ལ་འཛུགས་སུ་འཇུག་པ་ཤེས་ཀྱི་ཡོད། འོན་ཀྱང་མནར་གཅོད་ཀྱི་ན་ཟུག་ལ་གདོང་ལེན་གྱིས་ཕྱིར་རྐང་པ་གཉིས་ཀྱི་སྒང་ལ་ལངས་རྒྱུའི་སེམས་ཀྱི་དམ་བཅའ་དེ་ནམ་ཡང་འགྱུར་མ་མྱོང་། དེ་ང་གཅིག་བུ་མ་རེད། བོད་མི་ཚང་མར་དཀའ་སྡུག་གི་གདོང་ནས་ལངས་ཐུབ་པའི་སྙིང་སྟོབས་འདི་ཡོད་པ་རེད། ང་ཚོས་དུས་རྒྱུན་རྒྱ་ནག་གི་དབང་འཛིན་པ་ཚོས་ང་ཚོར་དུད་འགྲོའི་འདུ་ཤེས་འཛིན་གྱི་ཡོད་པ་ཤེས་ཀྱི་ཡོད་ལ། ང་ཚོས་དུས་རྒྱུན་མཚན་ཉིད་ཚང་བའི་འགྲོ་བ་མི་ཞིག་ལྟར་རང་ཉིད་རྐང་པ་གཉིས་ཀྱི་སྒང་ལ་ཡང་བསྐྱར་ལངས་ཏེ་རང་ཉིད་འགྲོ་བ་མི་ཞིག་བྱེད་པའི་སེམས་ཐག་བཅད་ཡོད། ཅེས་འགྲེལ་བརྗོད་གནང་འདུག

དྭང་ཞབས་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་དབུ་འབྱེད།

དེ་རིང་སྔ་དྲོ་ཕྱག་ཚོད་དགུ་བའི་ཐོག   བཞུགས་སྒར་སྐོར་ལམ་གྱི་ལྷ་རྒྱལ་རིའི་ཁུལ་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྔར་ལོའི་དེ་རིང་གི་ཉིན་མོར། འཕགས་བོད་ས་མཚམས་ནས་རྒྱ་ནག་གི་མཐའ་དམག་ལ་ཕར་རྒོལ་གྱིས་རང་སྲོག་བློས་གཏོང་གནང་མཁན་གྱི་བོད་ཀྱི་དྭང་ཞབས་པ་ཉི་མ་བསྟན་འཛིན་ལགས་ཀྱི་རྗེས་དྲན་རྡོ་རིང་ཞིག་དབུ་འབྱེད་གནང་སོང་། གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བདུན་ཕྲག་སྔོན་མའི་ནང་དུ་ལ་དྭགས་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་བསྐྱངས་ཏེ་ཁ་ས་རང་བཞུགས་སྒར་དུ་འབྱོར་མ་ཐག་ཡིན་པ་དང་། སྲིད་སྐྱོང་མཆོག་གིས་ཐེངས་འདིར་ལ་དྭགས་ནང་མཛད་རིམ་སྣ་མང་ཞིང་བསྐྱངས་པའི་ཁྲོད་དྭངས་ཞབས་པ་ཉི་མ་བསྟན་འཛིན་ལགས་དམ་པ་དེ་ཉིད་ཀྱི་ནང་མི་དང་མཇལ་འཕྲད་གནང་བ་མ་ཟད། ལ་དགས་ས་གནས་འཐུས་ཚོགས་ཀྱིས་མང་ཚོགས་ལས་ཞལ་འདེབས་བསྡུས་ཏེ་དྭང་ཞབས་དམ་པ་དེ་ཉིད་ལ་རྗེས་དྲན་གྱི་འདྲ་སྐུ་ཞིག་བཞེངས་ཡོད་པ་དེའང་དབུ་འབྱེད་གནང་ཡོད་པ་རེད།དེ་རིང་སྲིད་སྐྱོང་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ལྷ་རྒྱལ་རིར་དམ་པ་དེ་ཉིད་རྗེས་དྲན་གྱི་རྡོ་རིང་དབུ་འབྱེད་གནང་སྐབས་གསར་འགོད་པ་རྣམས་ལ་དེ་རིང་གི་དུས་ཚིགས་དང་བསྟུན། ཉི་མ་བསྟན་འཛིན་ལགས་གཅིག་པོ་མིན་པར། གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་སྔོན་ཆད་ཕྱི་ལོ་ ༡༩༧༡ ལོར་བྷང་ལ་ཊི་ཞི་ (Bangladesh) བཅིངས་གྲོལ་གྱི་སྐབས་སུ་ཡང་བོད་དམག་གིས་ཚེ་སྲོག་བློས་གཏོང་གནང་ཡོད་པ་དང་། དེ་བཞིན་གྷར་ཀེལ་ (Kargil) གྱི་དམག་འཁྲུག་སྐབས་སུ་ཡང་བོད་དམག་གིས་རང་སྲོག་བློས་གཏོང་གནང་ཡོད་པ་དྲན་གསོ་དང་འབྲེལ། དེ་རིང་དཔའ་བོ་ཁོང་གི་མཚན་ཐོག་ནས་རང་སྲོག་བློས་གཏོང་གནང་མཁན་གྱི་བོད་དམག་རྣམས་ལ་རྗེས་དྲན་ཞུ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་། གཞན་ཡང་སྲིད་སྐྱོང་མཆོག་གིས། སྔོན་ཆད་རྒྱ་གར་ནང་དུ་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་ཡོངས་གྲགས་གནང་གི་མེད་ནའང་། ད་ཆ་རྒྱ་གར་གྱི་ནང་དུ་སྤྱི་ཚོགས་དྲ་ལམ་ཁག་ལ་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་དེ་ཡོངས་གྲགས་ཆགས་ཚར་བ་ཞིག་ཡིན་སྐོར་དང་འབྲེལ་ནས། བོད་མིའི་སྒྲིག་འཛུགས་ཀྱིས་དྭང་ཞབས་དང་འབྲེལ་བའི་དམིགས་བསལ་གྱི་སྲིད་བྱུས་དེ་འདྲ་གང་ཡང་གོ་བསྡུར་གནང་མེད་ནའང་། ཐེངས་འདིའི་རྗེས་དྲན་རྡོ་རིང་དེ་བརྒྱུད་ནས་བོད་མི་རྣམས་ཀྱིས་ཀྱང་རྒྱ་གར་གྱི་བདེ་སྲུང་གི་གནས་བབ་དང་འབྲེལ་ནས་རང་སྲོག་བློས་གཏོང་གིས་རྒྱ་གར་གྱི་མཐའ་སྲུང་ལ་མཉམ་ཞུགས་དང་གདུང་སེམས་མཉམ་སྐྱེལ་ཡོད་པ་དེ་ཕྱིར་མངོན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་གར་གྱི་མཐའ་སྲུང་གི་ནང་དུ་བོད་མི་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་ཀྱང་བོད་ཀྱི་མཐའ་མཚམས་སུ་ཆེད་དུ་བོད་མི་རྣམས་ལ་དམག་སྦྱོང་སྤྲད་ནས་མཐའ་སྲུང་དུ་གཏོང་གི་ཡོད་པ་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་བོད་དམག་གི་བར་ལ་དམར་འཛིང་གི་གནས་བབ་ཡོང་གི་ཡོད་པའི་གནས་བབ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་གནས་བབ་དེའི་ཐོག་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན་པར་བཀའ་གནང་བ་དང་སྦྲགས། གཞི་རྩའི་རྒྱ་ནག་གིས་རྒྱ་གར་གྱི་མཐའ་སྲུང་གི་ནང་དུ་བོད་དམག་ཡོད་པ་ཤེས་དུས་ཆེད་དུ་བོད་དམག་མཐའ་སྲུང་དུ་གཏོང་གི་ཡོད་པར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གིས་བོད་མི་རྣམས་ལ་ཡིད་ཆེས་རྩ་བ་ཉིད་ནས་མེད་སྐོར་འགྲེལ་བརྗོད་གནང་སོང་། རྒྱ་གར་གྱི་དཔོན་རིགས་ནང་དུ་བོད་པའི་གསང་བའི་དམག་སྒར་གྱི་གནད་དོན་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། གསར་ཁང་ཁག་གིས་ཀྱང་བོད་མི་བཙན་བྱོལ་བ་རྣམས་ཀྱི་འདས་མ་ད་གསུམ་ལ་གླེང་སློང་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད་འདུགགཞི་རྩའི་སྔར་ལོའི་ནང་ལ་དྭགས་སུ་ཆགས་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་དམག་དབར་གདོང་ཐུག་རིམ་པ་བྱུང་བའི་ཁྲོད། ཟླ་བ་ ༨ པའི་ཚེས་ ༣༠ ཉིན་བོད་པའི་དྭང་ཞབས་དམག་མིས་ས་མཚམས་སུ་ས་ཁམས་མྱུལ་ཞིབ་གནང་སྐབས་དེ་སྔ་ས་འོག་ཏུ་བཞག་པའི་འབར་རྫས་ཤིག་གས་འཐོར་བྱུང་ནས་དྭང་སློབ་རུ་ཤོག་ཨང་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གི་ཕྱག་རོག་བསྟན་འཛིན་བློ་ལྡན་ལགས་སུ་རྨས་སྐྱོན་ཚབ་ཆེ་ཕོག་ཡོད་པ་རེད། དྭངས་ཞབས་པ་འདས་པོ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གྱི་ཉིན་མོར་རྒྱ་གར་གཞུང་འཛིན་ཚོགས་པ་ BJP རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav ལགས་ཀྱིས་གཙོས་པའི་ལ་དྭགས་གླེའི་ཉེན་རྟོག་རུ་དཔོན། གྲོས་ཚོགས་འཐུས་མི་དང་ལ་དྭགས་ཁུལ་གྱི་གནད་ཡོད་དཔོན་རིགས་ཆེད་ཕེབས་ཀྱིས་དམ་པ་དེ་ཉིད་ལ་ཆེ་བསྟོད་ཀྱི་རྣམ་པ་མངོན་གསལ་གནང་བ་མ་ཟད། རྒྱ་གར་གྱི་དཔོན་རིགས་ནང་དུ་བོད་པའི་གསང་བའི་དམག་སྒར་གྱི་གནད་དོན་དེར་དོ་སྣང་བྱེད་མཁན་ཇེ་མང་དང་། རྒྱ་གར་གྱི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཐོག་དེ་སྔ་གསང་རྒྱ་དམ་པོར་བྱས་ཡོད་པའི་བོད་ཀྱི་དྭང་ཞབས་དམག་མིའི་སྐོར་ལ་གླེང་སློང་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད།

སུད་སི་ཛུ་རིག་གྲོང་ཁྱེར་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་རྔམ་སྟོན་ལས་འགུལ་སྤེལ།

སུད་སི་ནང་གནས་སྡོད་བོད་མི་ཚོས་ད་བར་བོད་ཕྱི་ནང་གཉིས་ཀྱིས་བོད་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་བློས་བཏང་ལ་མྱ་ངན་གུས་བཏུད་ཀྱི་རྗེས་དྲན་ཞུས་ཏེ་ཛུ་རིག་གྲོང་ཁྱེར་ནང་དུ་གདུང་ཤུགས་ཀྱིས་བོད་དོན་རྐང་འཁོར་སྐྱོད་དང་ཞི་བའི་སྐད་འབོད་ཀྱི་རྔམ་སྟོན་ལས་འགུལ་སྤེལ་ཡོད་པ་རེད། ད་ལན་བོད་དོན་གདུང་ཤུགས་གཅིག་སྒྲིལ་གྱིས་རྐར་འཁོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དེ་ནི་འདི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་གནང་སྟེ་ཕྱི་ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པ་ཉིན་ཛུ་རིག་གྲེང་ཁྱེར་གྱི་ Werdmühleplatz  ནས་དབུ་འཛུགས་ཀྱིས་ཛུ་རིག་གྲོང་ཁྱེར་གྱི་སྙན་གྲགས་ཆེ་བའི་ Bahnhofstrasse གཞུང་ལམ་བརྒྱུད་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་བར་གནང་ཡོད་པ་དང། སྐབས་དེར་ལས་འགུལ་བ་རྣམས་ཀྱིས་ད་བར་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་བློས་བཏང་ལ་ཆེ་བསྟོད་དང་རྗེས་དྲན་མཚོན་ཕྱིར་བོད་མི་རྐང་འཁོར་བ་རྒན་གཞོན་དར་གསུམ་བཅས་ ༡༦༠ ལྷག་གིས་སྟོད་གོས་དཀར་པོའི་མདུན་ངོས་སུ་རྒྱལ་གཅེས་པ་རྣམ་པའི་སྐུ་པར་དང་རྒྱབ་ངོས་སུ་ཁོང་རྣམ་པའི་ལོ་རྒྱུས་ཆེད་བཀོད་གནང་ཐོག་བོད་ལ་རང་དབང་དགོས། བོད་མིར་དྲང་བདེན་དགོས། བོད་དེ་བོད་མིའི་རེད། ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་ནག་དམར་པོའི་གཞུང་ཞེས་སོགས་ཀྱི་སྐད་འབོད་རྔམ་སྟོན་གནང་ཡོད་པ་རེད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་བོད་མིའི་རྐང་འཁོར་སྐྱོད་ཀྱི་ལས་འགུལ་དེར་ས་གནས་མང་ཚོགས་ཁྲོད་ནས་དོ་སྣང་གི་རྣམ་པ་ཆེས་ཆེར་མངོན་གསལ་གནང་མཁན་མང་དག་ཅིག་བྱུང་ཡོད་པར་འགྲེལ་བརྗོད་གནང་ཡོད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ངོས་ནས་ལོ་རྗེས་མར་རྒྱ་ནག་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དམིགས་ཏེ་ས་གནས་སུ་བོད་ནང་གི་དངོས་ཡོད་གནས་སྟངས་ཀྱི་གོ་རྟོགས་སྤེལ་ཕྱིར་ཟླ་རེར་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་རྒྱུའི་ལས་འཆར་ཞིག་ཟླ་བ་སྔོན་མ་ནས་དབུ་འཛུགས་གནང་བ་ལྟར་ད་ལན་གྱི་རྐར་འཁོར་སྐྱོད་ཀྱི་ལས་འགུལ་དེ་ལས་འཆར་དེའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་རེད།ཐེངས་འདིའི་རྐང་འཁོར་སྐྱོད་ཀྱི་ལས་འགུལ་ནང་ཁྱབ་ཁོངས་ཀྱི་ཚོགས་ཆུང་ཁག་གིས་གཙོས་པའི་ས་གནས་བེུད་དང་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ནས་མཉམ་ཞུགས་གནང་ཡོད། དེ་བཞིན་བོད་མི་རྐང་འཁོར་བ་ཚོས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་སྐད་འབོད་ཀྱི་ལས་འགུལ་སྤེལ་གྲུབ་མཚམས་སུ་སྙན་གྲགས་ཆེ་བའི་ཛུ་རིག་གྲོང་ཁྱེར་གྱི་ Bahnhofstrasse གཞུང་ལམ་བརྒྱུད་ Werdmühleplatz ལ་བསྐྱར་་ཕེབས་གནང་སྟེ། རྐང་འཁོར་བ་རྣམས་འདུ་འཛོམས་ཀྱིས་བོད་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་ཡོངས་ལ་བསྔོ་སྨོན་གསུང་འདོན་གནང་བ་དང་། ལས་འགུལ་ཁྲོད་ས་གནས་མང་ཚོགས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སོགས་དང་འབྲེལ་བའི་གོ་རྟོགས་སྤེལ་སླད་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གཙོས་ས་གནས་སུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་མཉམ་རུབ་ཀྱིས་ཉིན་དེའི་ལས་འགུལ་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་རེད།

ཨོ་གླིང་གིས་ངལ་རྩོལ་སྒྱུར་བཀོལ་གྱི་དངོས་ཟོག་བཀག་སྡོམ་གྱི་ཁྲིམས་འཆར་གཏན་འབེབས།

དེ་རིང་ཨོ་གླིང་གི་གྲོས་ཚོགས་གོང་མའི་ནང་དུ། ངལ་རྩོལ་སྒྱུར་བཀོལ་བྱས་བའི་དངོས་ཟོག་ཐོན་སྐྱེད་རིགས་གང་ཡང་ཨོ་གླིང་གི་རྒྱལ་ཁབ་ཏུ་གཏོང་རྒྱུ་མིན་པར་བཀག་སྡོམ་བྱེད་རྒྱུའི་གྲོས་འཆར་ཞིག་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་ཐོག་རྒྱལ་ཁབ་ཀྱི་མིང་གསལ་སྟོན་བྱས་མེད་ཀྱང་། དེ་ནི་གཙོ་བོ་རྒྱ་ནག་གིས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ཚོར་འཛིན་པའི་སྲིད་བྱུས་ལ་དམིགས་བཀར་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུགཐེངས་འདིའི་གྲོས་འཆར་དེ་ནི་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rex Patrick ལགས་ཀྱིས་དེ་རིང་གྲོས་ཚོགས་གོང་མའི་དབུས་སུ་ཆེད་འདོན་གནང་བ་ཞིག་ཡིན་པ་དང་།  ཨོ་གླིང་སྲིད་གཞུང་གིས་ཁྲིམས་འཆར་དེ་དངོས་སུ་ལག་བསྟར་བྱེད་རྒྱུར་གྲོས་ཆོད་དེ་གྲོས་ཚོགས་འོག་མའི་ནང་དུའང་གཏན་འབེབས་ཐུབ་པ་དགོས་ཀྱི་ཡོད་པ་རེད། རྩ་བའི་སྐུ་ཞབས་ Patrick ལགས་ཀྱིས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་ཡུ་གུར་བ་ ས་ཡ་བརྒལ་བར་བཙན་དབང་གིས་ངལ་རྩོལ་སྒྱུར་བཀོལ་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་གྲོས་ཆོད་དེ་ཆེད་འདོན་གནང་ཡོད་ཀྱང་། གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་དེའི་ནང་དུ་ས་ཁོངས་དང་རྒྱལ་ཁོངས་སོགས་དམིགས་སུ་བཀར་ནས་འགྲེལ་བརྗོད་བྱ་མི་དགོས་བའི་གྲོས་མཐུན་བྱུང་བ་ལྟར། དེ་རིང་གྲོས་ཚོགས་སུ་གྲོས་ཆོད་དེ་དངོས་སུ་ཆེད་འདོན་གནང་སྐབས། དེའི་ནང་དུ་རྒྱ་ནག་དམིགས་བསལ་མིང་བཏོན་བྱས་མེད་ཀྱང་། གྲོས་ཚོགས་ཀྱི་བགྲོ་གླེང་སྐབས་སུ་རྒྱ་ནག་གི་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་དང་འབྲེལ་ནས་སྐྱོན་བརྗོད་གནང་མཁན་ཤུགས་ཆེར་བྱུང་འདུག སྐུ་ཞབས་ Patrick ལགས་ཀྱིས་གྲོས་ཚོགས་གོང་མའི་ནང་ད་རེས་གྲོས་ཆོད་དེ་དངོས་སུ་གཏན་འབེབས་ཐུབ་པ་དེ་ནི་རྒྱལ་སྤྱིའི་འབད་བརྩོན་གྱི་ཐོག་ནས་དེང་རབས་ཀྱི་བྲན་གཡོག་ལམ་ལུགས་ལ་གདོང་ལེན་བྱེད་རྒྱུའི་གོམ་སྟབས་གལ་ཆེན་ཞིག་ཡིན་པར་ཡོངས་གྲགས་ཀྱིས། གྲོས་ཚོགས་འོག་མས་ཀྱང་ཐེངས་འདིའི་གྲོས་འཆར་དེར་རྒྱབ་སྐྱོར་གནང་རྒྱུའི་འགན་འཁྲི་ཡོད་པ་དང་། ཨོ་གླིང་གྲོས་ཚོགས་ཀྱི་ངོས་ནས་ཤུགས་སྣོན་གྱིས་གྲོས་འཆར་དེ་ལག་བསྟར་ཡོང་བར་འབད་བརྩོན་གནང་སྟེ། ཡུལ་དེའི་སྲིད་གཞུང་གིས་གནད་དོན་དེར་བསྐྱར་ཞིབ་བྱེད་རྒྱུའི་གོ་སྐབས་སྤྲོད་ཐབས་མེད་པའི་ཞུ་སྐུལ་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས Abetz ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་སྤྱོད་ཀྱི་དྲག་རྩུབ་ལ་སྐྱོན་བརྗོད་དང་འབྲེལ། ཐེངས་འདིའི་གྲོས་འཆར་དེ་ཁ་གསལ་བོ་བཟོ་མ་ཐུབ་ཚེ། སྲིད་གཞུང་དང་བཟོ་ལས་ཁང་རྣམས་ཀྱིས་གྲོས་འཆར་དེའི་དམིགས་འདུན་དེ་ཐོན་སྐྱེད་དངོས་ཟོག་ཁག་གང་ནས་བརྒྱུད་སྤྲོད་བྱེད་བཞིན་པ་ཤེས་ཐབས་བྲལ་བའི་དགོངས་འཆར་གནང་ཡོད་པ་དང་། སྐབས་དེར་ཨོ་གླིང་གི་ངལ་རྩོལ་ཚོགས་པ་དང་ལྗང་ཁུ་ཚོགས་པ་སོགས་ཀྱིས་ཀྱང་ངལ་རྩོལ་སྒྱུར་བཀོལ་གྱི་གྲོས་འཆར་དེར་རྒྱབ་སྐྱོར་གྱིས། བྲན་གཡོག་ནི་འདས་ཟིན་པའི་གནད་དོན་ཞིག་མིན་པར་བསྒྲགས་འདུགདེ་བཞིན་ཐེངས་འདིའི་གྲོས་ཚོགས་གོང་མའི་གྲོས་འཆར་དང་འབྲེལ་ནས། ཨོ་གླིང་གི་ངལ་རྩོལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་  Michele O’Neil ལགས་ཀྱིས་ཀྱང་ཚོགས་པ་ཆེ་ཁག་གཞན་ལ་ཞུ་སྐུལ་གྱིས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གྲོས་འཆར་དེར་རྒྱབ་སྐྱོར་བྱེད་དགོས་བའི་སྐུལ་མ་གནང་བ་མ་ཟད། བཙན་དབང་གི་ངལ་རྩོལ་ཐོན་སྐྱེད་བཀག་སྡོམས་ཀྱི་གྲོས་འཆར་དེར་རྒྱབ་འགལ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་པར་མངོན་གསལ་གནང་འདུགདེ་བཞིན་ཨོ་གླིང་དུ་རྟེན་གཞི་བྱས་པའི་ཡུ་གུར་བུད་མེད་ཚོགས་པའི་ཚོགས་གཙོ་ Ramila Chanisheff ལགས་ཀྱིས་རྒྱ་ནག་གི་བཟོ་ལས་ཁང་དང་ངལ་རྩོལ་ས་ཚུགས་སུ་ཡུ་གུར་མང་པོ་བཀག་སྐྱིལ་བྱས་ཡོད་པའི་གནད་དོན་དེར་འཕྲལ་དུ་ཐག་གཅོད་ཅིག་ལེན་དགོས་བའི་ཞུ་སྐུལ་གནང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་ཁིམས་རྩོད་པ་རྒན་པ། ལྕམ་Freya Dinshaw ལགས་ཀྱིས་ཀྱང་ཚོང་ལས་གང་ཞིག་ཡིན་ཡང་བྲན་གཡོག་ལས་ཁེ་བཟང་ལེན་ཐབས་མེད་པར་བསྒྲགས་འདུགགཞི་རྩའི་འདི་ལོའི་ཟླ་བ་ ༤ ནང་དུ། ཨོ་སི་ཊི་ལི་ཡའི་གཞུང་ངོས་ནས་ཡུལ་དེའི་མངའ་སྡེ་ Victoria ཡིས་དེ་སྔོན་རྒྱ་ནག་དང་ལྷན་དུ་བཞག་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་མཐུན་གཉིས་ཕྱིར་འཐེན་གནང་ཡོད་པ་དང་། ཟླ་བ་ ༦ པའི་ནང་དུ། ནི་ཛ་ལན་ཌིའི་སྲིད་བློན་ལྕམ་ Jacinda Ardern ལགས་དང་། ཨོ་གླིང་གི་སྲིད་བློན་ Scott Morrison ལགས་གཉིས་དངོས་སུ་མཇལ་འཕྲད་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཕྱིར་མངོན་པ་དང་འབྲེལ་ནས་ཕྱོགས་གཉིས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཆིག་སྒྲིལ་གྱི་བཞེངས་ཕྱོགས་གསལ་སྟོན་གནང་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་དང་ཨོ་གླིང་གཉིས་ཀྱི་འབྲེལ་ལམ་སྔར་ལས་རྣོ་ངར་ཅན་དུ་འགྱུར་བཞིན་པ་རེད་འདུག

འཕགས་བོད་ས་མཚམས་ཁུལ་གྱི་རྫོང་ཁག་ཉེར་གཅིག་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པར་བཤད་འདུག

ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་མཛད་སྒོ་དང་འབྲེལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡི་གཏམ་བཤད་ནང་དོན་བཀོད་པར་གཞིགས་ན་ཁོ་པས་ས་མཚམས་ས་ཁུལ་སྲུང་སྐྱོབ་ཀྱི་གལ་གནད་སྐོར་དང་འབྲེལ་ཏེ་རྒྱ་གར་དང་འབྲེལ་བའི་བོད་ཀྱི་ས་མཚམས་ཁུལ་གྱི་རྫོང་ཁག་ཉེར་གཅིག་རྒྱ་གཞུང་གི་ཐད་ཀར་སྟངས་འཛིན་དང་རོགས་རམ་འོག་ཡོད་པ་དང་། ས་ཁུལ་དེ་དག་ནང་དུ་འདས་པའི་ལོ་ངོ་ ༡༠ ནང་དུ་མི་འབོར་བརྒྱ་ཆ་ ༡༠ ལྷག་འཕར་ཡོད་པར་བརྗོད་འདུགརྒྱ་ནག་གི་གཞུང་འབྲེལ་གྲངས་ཐོར་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བོད་མི་ས་ཡ་གསུམ་དང་ཕྱེད་ཀ་ལྷག་ཙམ་ཡོད་པ་དང་དེའང་འདས་པའི་ལོ་ངོ་བཅུ་དང་བསྡུར་ཚེ་བརྒྱ་ཆ་ཉེར་གཉིས་ཙམ་གྱི་མི་འབོར་འཕེལ་རྒྱས་ཕྱིན་ཡོད་པ་བཀོད་འདུག ཚེས་ ༡༩ ཉིན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་ནག་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གིས་གཏམ་བཤད་སྤེལ་བར་བོད་ནང་དུ་རྒྱ་ཡིག་ཚད་ལྡན་འབྲི་ཀློག་ཐུབ་རྒྱུ་དང་། བོད་གཙོས་གྲངས་ཉུང་མི་རིགས་ཚང་མའི་ངོས་ནས་སོ་སོའི་ཆོས་དང་རིག་གཞུང་ལས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་དང་ལྟ་གྲུབ་ལ་དོ་སྣང་དང་ཁྱབ་སྤེལ་ཆེ་བ་བྱེད་དགོས་གལ་ཡིན་པ། ལྷག་པར་དུ་བོད་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་པའི་ཆོས་དང་སྤྱི་ཚོགས་སྐྲུན་རྒྱུར་དམིགས་བསལ་འབད་བརྩོན་བྱེད་དགོས་པ། བོད་ཁ་བྲལ་གཏོང་ཐབས་བྱེད་མཁན་ཕྱི་ནང་གི་སྟོབས་ཤུགས་རྣམས་ཕམ་ངེས་ཡིན་པ་སོགས་བརྗོད་ཡོད་པ་རེད། གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་རྒྱ་ནག་ཉམས་ཞིབ་པ་ཟླ་བ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་གཞུང་གི་མཛད་སྒོ་དེའི་ཐོག་ནས་ཡོངས་གྲགས་བཤད་པ་མ་གཏོགས་བོད་ཀྱི་ས་མཚམས་ས་ཁུལ་ཁག་གི་སྟངས་འཛིན་དེ་སྔོན་མ་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་སྐབས་ནས་བཟུང་སྟེ་དུས་ད་ལྟ་བར་རྒྱ་ནག་དམར་ཤོག་གཞུང་རང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་གཞུང་འཛིན་ལ་ས་མཚམས་སྲུང་སྐྱོབ་ཀྱི་གནད་དོན་ཐད་དབང་ཚད་གང་ཡང་མེད་སྐོར་གསུངས་ཡོད། བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་དབར་འབྲེལ་ལམ་བཀག་སྡོམ་གཙོས་སྲིད་བྱུས་དེ་ལག་བསྟར་བྱེད་བཞིན་ཡོད་པ། དེ་བཞིན་ད་ལྟ་ཡོངས་གྲགས་ཐོག་བཤད་པ་དེ་རྒྱ་གར་ལ་བརྡ་ལན་ཞིག་ཀྱང་ཡིན་སྲིད་པ་དང་། ཕྱོགས་གཞན་ཞིག་ནས་ལོ་ཤས་གོང་ནས་རྒྱ་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་གྲོང་རྡལ་གསར་རྒྱག་གི་ལས་གཞི་རྒྱ་སྐྱེད་གཏོང་མུས་ཀྱི་གནད་དོན་དེ་དག་རྒྱ་ནག་རང་གི་ལག་རྗེས་ཡིན་པ་ཆེད་དུ་བཏོན་ཐབས་ཡིན་སྲིད་པར་གསུངས་ཡོད།

རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྫུན་མ་ཐོན་ཡོད་པར་བསྒྲགས་འདུག 

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་གར་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་གི་ནང་དུ་ covishield ཞེས་པའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྫུན་མ་ཡོད་པ་ངོས་འཛིན་ཐུབ་ཡོད་པར་འགྲེལ་བརྗོད་ཀྱིས་འབྲེལ་ཡོད་གཞུང་གིས་གནད་དོན་དེར་ཞིབ་ཚགས་ཀྱིས་ཞིབ་འཇུག་བྱས་ཏེ་འགོག་ཁབ་རྫུན་མའི་རིགས་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་སྤེལ་བྱེད་རྒྱུར་དོ་དམ་ཞིབ་བཤེར་བྱེད་དགོས་པར་ཞུ་སྐུལ་དང་། འགོག་ཁབ་རྫུན་མ་དེ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཉེན་ཁ་ཞིག་ཆགས་ཡོད་པར་གསུངས་འདུགཁ་སང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན།  འདི་ལོའི་ཟླ་བ་ ༧ ནས་ཟླ་བ་ ༨ པའི་དུས་ཡུན་ཁྲོད་རྒྱ་གར་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ཏུ་རྒྱ་གར་ནས་བཟོ་སྐྲུན་བྱས་པའི་སྔོན་འགོག་སྨན་ཁབ་ covishield རྫུན་མ་དེ་ཐོན་ཡོད་པ་མ་ཟད། སྔོན་འགོག་སྨན་ཁབ་བཟོ་མཁན་ Serum Institute of India ཞེས་པའི་ངོས་ནས་ཀྱང་སྔོན་འགོག་སྨན་ཁབ་རྫུན་མ་ཐོན་ཡོད་པ་མངོན་གསལ་བྱས་འདུག་པ་དང་། ད་ལྟ་རྒྱ་གར་དབུས་གཞུང་གིས་གནད་དོན་དེའི་ཐོག་གཞུང་འབྲེལ་ཐོག་ནས་གང་ཡང་ལན་འདེབས་བྱས་མེད་ཀྱང་གཞུང་འབྲེལ་གྱི་འཕྲོད་བསྟེན་ལས་ཁང་ནས་འགོག་སྨན་རྫུན་མ་ཐོན་པའི་གནད་དོན་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་པར་གསལ་འདུགདེ་བཞིན་རྒྱ་གར་ནང་དུ་འགོག་ཁབ་བཟོ་སྐྲུན་བྱེད་པའི་ Serum Institute of India ཞེས་པའི་འགན་འཛིན་ Poonawalla ལགས་ཀྱིས་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་བ་ལྟར་ན།  སྔོན་འགོག་སྨན་ཁབ་ཐེངས་གཉིས་པ་དེ་བརྒྱབ་ནས་ཟླ་བ་དྲུག་གི་རྗེས་ལ། ལུས་ཟུངས་ཞན་པོ་ཡོད་མཁན་རྣམས་ཀྱིས་ངེས་བར་དུ་ལུས་ཟུངས་གསོ་བཅུད་ཀྱི་སྨན་ཁབ་གསུམ་པ་ booster ཞེས་པ་དེ་རྒྱག་དགོས་བར་འགྲེལ་བརྗོད་ཀྱིས། ཁོང་དང་ཁོང་གི་ལས་རོགས་བརྒྱད་སྟོང་ཙམ་གྱིས་སྔོན་ཁབ་གསུམ་པ་དེ་སྐྱོན་ཟིན་ཡོད་པ་དང་། མང་ཚོགས་ཀྱིས་ཀྱང་སྔོན་ཁབ་དེ་ངེས་བར་དུ་རྒྱག་རྒྱུར་སྐུལ་མ་གནང་འདུགགཞི་རྩའི་ལུས་ཟུངས་གསོ་བཅུད་ཀྱི་འགོག་ཁབ་གསུམ་པ་དེ་ནི་ཐོག་མར་ཨ་རིའི་གཞུང་གིས་ངོས་ལེན་གྱིས་ལུས་ཟུངས་ཞན་པའི་མི་མང་ལ་མཁོ་སྤྲོད་གནང་ཡོད་པ་དང་། ད་ཆ་ཨ་རིའི་འཕྲོད་བསྟེན་ཆེད་ལས་བ་རྣམས་ཀྱིས་ཨ་རིའི་གཞུང་གིས་འགོག་ཁབ་གསུམ་པ་དེ་ཨ་རིའི་མང་ཚོགས་ཡོངས་ལ་བརྒྱབ་ཆོག་པའི་ཆོག་མཆན་ཐོབ་རྒྱུར་ཧུར་བརྩོན་གནང་བཞིན་པ་རེད་འདུག འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་སུ་འགོག་ཁབ་གསུམ་པའི་གལ་གནད་དང་བོད་མིའི་སྒྲིག་འཛུགས་ཀྱིས་འགོག་ཁབ་གསུམ་པ་དེའི་སྐོར་ལ་གྲ་སྒྲིག་ཡོད་མེད་ཀྱི་བཀའ་འདྲི་ཞུས་པར་ཁོང་གིས་གཞི་བརྩའི་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་འགོག་ཁབ་དེའི་སྐོར་ལ་ཆེད་ལས་མི་སྣས་རྒྱུས་ལོན་བྱེད་བཞིན་པ་ཡིན་ནའང་། རྒྱ་གར་དབུས་གཞུང་གིས་གནད་དོན་དེ་དང་འབྲེལ་ནས་ལམ་སྟོན་གང་ཡང་གནང་མེད་དུས་གནས་སྐབས་སུ་གྲ་སྒྲིག་དམིགས་བསལ་དེ་འདྲ་མེད་པར་ངོ་སྤྲོད་གནང་སོང་། གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་ རྒྱ་གར་ནང་དུ་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་ཏེ་དགུང་ལོ་ ༡༨ ཡན་གྱི་བོད་རིགས་བརྒྱ་ཆ་ ༩༡།༣༣ ལ་སྔོན་ཁབ་བརྒྱབས་ཟིན་པ་དང་བལ་ཡུལ་ནང་བོད་རིགས་བརྒྱ་ཆ་ ༤༥།༣༨ ལ་སྔོན་ཁབ་བརྒྱབ་ཡོད་པ་རེད། རྒྱ་གར་དབུས་གཞུང་གིས་འགོག་ཁབ་རྒྱག་སྐབས Aadhaar  card ཞེས་པ་བརྒྱུད་ནས་དེབ་སྐྱེལ་བྱེད་དགོས་སྟབས་བོད་མི་ཁག་ཅིག་ལ་རྒྱ་གར་གྱི་ངོས་འཛིན་ལག་འཁྱེར་དེ་མེད་དུས་འགོག་ཁབ་སྐྱོན་པའི་ཕྱག་འཁྱེར་རག་གི་མེད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འགོག་ཁབ་རྒྱག་བཞིན་པ་རེད་འདུག  གོང་གི་གནད་དོན་དེ་དང་འབྲེལ་ནས་བྱམས་པ་ཕུན་ཚོགས་ལགས་ཀྱིས་བོད་མི་ཁག་ཅིག་ལ་འགོག་ཁབ་སྐྱོན་པར་གཞུང་འབྲེལ་གྱིས་རོགས་འདེགས་གནང་བཞིན་ཡོད་ནའང་། རྩ་བའི་འགོག་ཁབ་སྐྱོན་རྒྱུའི་ཡིག་ཆའི་གྲུབ་ཆ་ཚང་མེད་དུས་འགོག་ཁབ་སྐྱོན་ཟིན་པའི་ཕྱག་འཁྱེར་དེ་རག་ཁག་པོ་ཆགས་ཡོད་པར་གསུངས་སོང་། ཁ་སང་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གསལ་བསྒྲགས་ཤིག་བསྐྱངས་བའི་ནང་དུ་དེང་སྐབས་བསྐྱར་དུ་ཧི་མ་ཅལ་ནང་དུ་རིམས་ནད་ཕོག་མཁན་གྱི་ནད་པའི་གྲངས་འབོར་ཇེ་མཐོར་འགྲོ་བཞིན་པ་དང་བསྟུན་ནས། མངའ་སྡེ་ནང་ཕྱི་ནས་ཕེབས་མཁན་རྣམས་ཀྱིས་ངེས་བར་དུ་དྲ་ཐོག་གི་ E-Pass ཞེས་པའི་འགྲིམ་འགྲུལ་གྱི་ཆོག་མཆན་མ་ཞུས་བར་དུ་མངའ་སྡེ་ནང་དུ་གཏོང་རྒྱུ་མིན་པར་བསྒྲགས་ཡོད་ནའང་། ཕྱི་ལོག་ནས་ཧི་མ་ཅལ་མངའ་གཞུང་དུ་སྨན་བཅོས་དང་འབྲེལ་ནས་ཡོང་མཁན་དང་། བཟོ་གྲྭའི་ལས་མི་དང་མངའ་སྡེ་གཞུང་གི་འབྲེལ་ཡོད་ཀྱི་གཞུང་ཞབས་པ་སོགས་ཀྱིས་དྲ་ཐོག་གི་ཆོག་མཆན་ཞུ་མི་དགོས་བར་མངའ་གཞུང་དུ་ཕེབས་ཆོག་པར་འཁོད་འདུག

Latest news