Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཐེ་ཝན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་དབུ་འཛུགས།

ཐེ་ཝན་གྱི་རྒྱལ་ས་ཐེ་པཱེ་ནང་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གཉིས་ཀྱི་གོ་སྒྲིག་གི་འོག   དེ་རིང་ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་ཀྱི་རིང་ལ་ཁུལ་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་གྱི་ལས་གཞི་ཞིག་དབུ་འཛུགས་གནང་འདུགཐེངས་འདིའི་འགྲེམས་སྟོན་གྱི་ལས་གཞིའི་ཁྲོད་དུ་བོད་ནང་དུ་བོད་དོན་གྱི་ཆེད་དུ་དཀའ་སྡུག་ཚད་མེད་མྱངས་བའི་ཆབ་སྲིད་བཙོན་ཟུར་འདས་གསོན་གཉིས་ཀྱི་གཙོ་བྱས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་དོན་ལས་འགུལ་བ་རྣམས་ཀྱི་པར་རིས་རི་མོར་བྲིས་ཏེ། ཁོང་ཅག་གི་བོད་དོན་འཐབ་རྩོད་ཁྲོད་ཕྱག་ལས་གནང་བའི་ལོ་རྒྱུས་སྙིང་བསྡུས་སོགས་འཁོད་ཡོད་པའི་ཁོངས་སུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དང་ཨ་མ་ཨ་བདེ་ལགས། དེ་བཞིན་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་སོགས་དང་། དེ་བཞིན་བྱེས་ཀྱི་བོད་དོན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་དང་བསྟན་འཛིན་བརྩོན་འགྲུས་སོགས་ཀྱི་མི་བཅུ་དྲུག་ལྷག་གི་པར་རིས་བདམས་བྲིས་གནང་འདུགའདི་གའི་གསར་འགོད་པའི་ཞལ་པར་བརྒྱུད་ནས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ་ཐེངས་འདིའི་ལས་གཞིའི་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་གཞི་རྩའི་ལས་གཞི་དེ་དེ་རིང་ནས་དབུ་འཛུགས་གནང་གི་ཡོད་ཀྱང་ཁ་སང་གཟའ་ཉི་མ་ཡིན་སྟབས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སོགས་དབུ་བཞུགས་ཀྱི་ཐོག་ནས་གསར་འགོད་བསྒྲགས་ཤིག་བསྐྱངས་ཏེ་བོད་མི་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཐབ་རྩོད་རྒྱུན་སྐྱོང་གནང་བའི་ཐད་ནས་ངོ་སྤྲོད་ཀྱི་ལས་རིམ་ཞིག་སྔོན་སོང་གིས། དེ་རིང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་པར་རིས་འགྲེམས་སྟོན་གྱི་ལས་གཞི་དེ་དངོས་སུ་འགོ་འཛུགས་གནང་ཡོད་པ་དང་། ཐེ་ཝན་ཁུལ་གྱི་གསར་ཁང་དང་རླུང་འཕྲིན་ཁང་སོགས་ཀྱིས་ཀྱང་ལས་གཞི་འདིར་དོ་སྣང་ཆེན་པོའི་ཐོག་ནས་ལས་རིམ་བཟོས་ཡོད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས་ངོ་ལོ་ཉི་ཤུ་ལྷག་ལ་ཐེ་ཝན་གྱི་ཁུལ་དུ་བོད་དོན་གྱི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་ཀྱང་། དེ་རིང་གི་པར་རིས་འགྲེམས་སྟོན་གྱི་ལས་འགུལ་དེ་ནི་གསར་གཏོད་ཀྱི་རྣམ་གྲངས་ལྟ་བུ་ཞིག་ཆགས་ཡོད་པ་མ་ཟད། མང་ཚོགས་ཀྱི་ཁྲོད་དུ་བོད་དོན་གྱི་སྐོར་ལ་ཤེས་རྟོགས་གང་འཚམས་ཡོད་ཀྱང་ལས་གཞི་དེ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་འཐབ་རྩོད་ཀྱི་གནས་བབ་དེར་ཞིབ་ཚགས་ཀྱིས་རྒྱུས་མངའ་ཟབ་མོ་བྱུང་ཡོད་རབས་བརྗོད་མཁན་མང་པོ་བྱུང་ཡོད་པར་འགྲེལ་བརྗོད་ཀྱིས། ལས་འགུལ་དེ་ཧ་ཅང་གི་ཐུགས་ཕན་སོས་བ་ཞིག་ཆགས་ཡོད་སྐོར་གསུངས་སོང་། གཞི་རྩའི་དེ་རིང་གི་པར་རིས་འགྲེམས་སྟོན་གྱི་ལས་གཞི་དེ་ནི་ཐེ་ཝན་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས་ཤིག་གིས་དངོས་སུ་ཆུ་ཚོད་དང་མ་དངུལ་ཆེད་གཏོང་གིས་བོད་དོན་འཐབ་རྩོད་པ་རེ་རེའི་པར་རིས་ལག་བྲིས་གནང་སྟེ། ཁོང་གི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་གྱི་ལོ་རྒྱུས་ཕྱོགས་བསྡུས་གནང་བ་ཞིག་ཆགས་ཡོད་པ་དང་། རི་མོ་བ་ཁོང་གིས་བོད་འཐབ་རྩོད་པ་ཙམ་མ་ཡིན་པར། བཙན་བྱོལ་ནང་གི་ན་ཆུང་བུ་མོ་ཞིག་གིས་ལག་ཏུ་སྒྲོན་མེ་ཐོགས་པའི་པར་རིས་ཤིག་ཀྱང་བྲིས་གནང་སྟེ། པར་རིས་དེ་ནི་བོད་མི་རྣམས་ཀྱི་རང་དབང་འཐབ་རྩོད་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་རྣམ་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་བོད་མིའི་ཞི་རྒོལ་དང་རྒྱལ་ཚོགས་ལ་ཞུ་གཏུག

ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༨ པ་འཚོགས་བཞིན་པ་དང་བསྟུན་དེ་རིང་ཕྱི་ཚེས་ ༢༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཇེ་ཞན་ཇི་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མངོན་གསལ་གནང་བ་དང་འབྲེལ་བོད་མི་ཚོས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞི་བའི་སྐད་འབོད་དང་རྒྱལ་ཚོགས་སུ་ཞུ་གཏུག་ལས་འགུལ་ཞིག་སྤེལ་ཡོད་པ་རེད།སྐབས་དེར་ལས་འགུལ་བ་རྣམས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལས་ཁུངས་ཀྱི་མདུན་དུ་འདུ་འཛོམས་ཀྱིས་ཞི་བའི་སྐད་འབོད་གནང་གྲུབ་མཚམས་སུ་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཡོད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཞབས་སྟེགས་ཞབས་ཆག་གི་མདུན་ཐང་བར་ཞི་བའི་རྔམ་སྟོན་གནང་བ་མ་ཟད་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་བཏུད་ཞུས་པ་དང་སྦྲགས། བོད་མི་ཚོས་བོད་ལ་རང་དབང་དགོས། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་འཕྲལ་མར་མཚམས་འཇོག་དགོས། རྒྱལ་ཚོགས་གཉིད་སད་ཤོག་སོགས་ཀྱི་ཞི་བའི་སྐད་འབོད་གནང་ཡོད།སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གཙོས་པའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་། གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ནས་མཉམ་ཞུགས་གནང་ཡོད།སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༤༨ པ་དེ་ཕྱི་ཟླ་ ༩ ཚེས་ ༢༣ ནས་ཟླ་ ༡༠ ཆེས་༨ བར་ཚོགས་ཀྱི་ཡོད་པ་དང་བསྟུན་བོད་མི་ཚོས་དེ་རིང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ལ་བོད་ནང་གི་ཆོས་དད་རང་དབང་། སྐད་ཡིག་རང་དབང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་སོགས་ཀྱི་ཆེས་ཡ་ང་བའི་གནས་བབ་མངོན་གསལ་གནང་བའི་ཞུ་སྙན་ཞིག་ཕུལ་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ལ་ཁ་གཏད་ཀྱིས་རྒྱལ་སྲུང་ཁྲིམས་འཆར་གཏན་འབེབས།

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་དབུས་སུ། National Defense Authorization Act ཞེས་པའི་ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྲུང་གི་གནད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་གནང་སྟེ། ཨ་རིའི་ངོས་ནས་དམག་སྟོབས་དང་འབྲེལ་བའི་འཕྲུལ་ལས་རིགས་ལ་སྔར་ལྷག་ཤུགས་སྣོན་གྱིས་ཕྱོགས་ཡོངས་ནས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་པར་བསྒྲགས་འདུགདེ་ཡང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།ཨ་རིའི་རྒྱལ་སྲུང་སྲིད་བྱུས་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་དེར་གྲོས་ཚོགས་འཐུས་མི་ ༣༡༦ གིས་རྒྱབ་སྐྱོར་དང་ ༡༡༣ གྱིས་དགག་གཞག་གནང་བའི་ཐོག་ནས་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། དེའི་ནང་སང་ལོའི་རྒྱལ་སྲུང་གི་མ་དངུལ་དུ་ཨ་སྒོར་དུང་ཕྱུར་ ༧༧༨ ལྷག་ཆེད་གཏོང་བྱེད་རྒྱུ་ཡིན་པར་གཏན་འབེབས་བྱུང་བ་དེ་ནི་ Biden བྷ་ཊན་སྲིད་གཞུང་གིས་མཁོ་འདོན་རེ་ཞུ་བྱས་པ་ལས་ཨ་སྒོར་དུང་ཕྱུར་ ༢༥ ལྷག་འཕར་སྣོན་བྱས་པ་ཞིག་ཆགས་ཡོད་འདུགམ་ཟད་ཐེངས་འདིའི་བསྐྱར་བཅོས་ཁྲིམས་འཆར་དེའི་ཐོག་ནས་། རྒྱ་ནག་གིས་ཡུ་གུར་མི་རིགས་རྩ་གཏོར་གཏོང་གི་ཡོད་པར་ངོས་འཛིན་དང་། ཨ་རིའི་ཨོ་རྩེད་པ་རྣམས་ལ་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་བཞིན་པའི་གནད་དོན་དེར་གསལ་འགྲེལ་བྱེད་རྒྱུ་ཡིན་པར་བསྒྲགས་འདུགཁྲིམས་འཆར་དེ་གཏན་འབེབས་བྱས་མ་ཐག་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Smith ལགས་ཀྱིས་ཐེངས་འདིའི་ཁྲིམས་འཆར་དེ་བརྒྱུད་ནས། ཨ་རིའི་ངོས་ནས་མཐུན་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཀྱི་མཐུན་ལམ་རྒྱ་བསྐྱེད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་མ་ཟད། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དོགས་གནས་ཀྱི་གནད་དོན་ལ་སྔར་ལྷག་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Rogers ལགས་ཀྱིས་ཀྱང་ཐེངས་འདིའི་ཁྲིམས་འཆར་ཐོག་ནས་སང་ལོའི་བདེ་སྲུང་གི་མ་དངུལ་གཏན་འབེབས་ལ་གཞིགས་ན། ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་དཀའ་རྙོག་ཅི་ཞིག་འཕྲད་ཀྱང་དེར་གདོང་ལེན་གནང་རྒྱུར་གྲ་སྒྲིག་བྱས་ཡོད་པ་ཞིག་ཆགས་ཡོད་སྐོར་བརྗོད་འདུག གཞན་ཡང་གྲོས་ཚོགས་འཐུས་མི་ཞུ་སྐབས་McCall ལགས་ཀྱིས་གྲོས་ཚོགས་ཀྱི་བསྐྱར་བཅོས་ཨང་ ༢༤༠ དང་འབྲེལ་ནས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་མཚོན་པའི་རྒྱལ་སྤྱིའི་རྩེད་འགྲན་རིགས་ཅི་ཞིག་ཡིན་ཡང་། རྒྱ་ནག་ལྟ་བུའི་སྲིད་དབང་གཅིག་སྡུད་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་བྱེད་མཁན་གྱི་དམར་ཤོག་སྲིད་གཞུང་གང་ཞིག་ཏུ་འཚོགས་གཏན་འཁེལ་བ་ཡིན་ན།  ཨ་རིའི་རྩེད་འགྲན་པ་རྣམས་ལ་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཉེན་ཚབས་ཀྱི་རིགས་འགྲེལ་བརྗོད་བྱེད་དགོས་བར་གསུངས་བ་མ་ཟད།  རྒྱ་ནག་གིས་སང་ལོའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་ཡོད་སྟབས། ཨ་རིའི་རྩེད་འགྲན་པ་རྣམས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་ཡོད་པའི་ཐོག་ནས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་པར་བསྒྲགས་འདུག གཞན་ཡང་ཁྲིམས་འཆར་གྱི་ནང་དུ། ཨ་རིའི་གཞུང་འབྲེལ་གྱི་མི་སྣ་སང་ལོའི་རྒྱ་ནག་ནང་གི་དགུན་དུས་ཨོ་རྩལ་ལ་འཛུལ་ཞུགས་མི་བྱེད་རྒྱུར་གསལ་ཡོད་པ་མ་ཟད། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་རི་དང་ཐེ་ཝན་གཉིས་ཀྱི་མཉམ་འབྲེལ་གྱི་གནས་བབ་ཐད་ནས་སྙན་ཐོ་འདོན་སྤེལ་བྱེད་དགོས་བ་དང་། དེ་བཞིན་ཕྱོགས་གཉིས་ཀྱི་དམག་མིའི་བདེ་འཇགས་ཀྱི་ཐད་མཉམ་རུབ་གནང་སྟེ། ཐེ་ཝན་སང་ལོའི་ Pacific Rim multinational military exercise  ཞེས་པའི་རྒྱ་མཚོའི་ཁུལ་གྱི་དམག་རྩལ་ནང་དུ་གདན་ཞུ་གནང་རྒྱུ་ཡིན་པར་འཁོད་འདུག གཞི་རྩའི་ཐེངས་འདིའི་ཁྲིམས་འཆར་དེར་ཤོག་གྲངས་ ༡༣༠༠ ལྷག་ཡོད་པའི་ཁོང་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་དང་དང་འབྲེལ་བའི་གནད་དོན་མང་པོ་ཞིག་འཁོད་ཡོད་པ་མ་ཟད། ཨ་རིའི་ནང་དུ་རྒྱལ་སྲུང་གི་བདེ་འཇགས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་ཐབས་དང་། དེ་བཞིན་གསར་གཏོད་རང་བཞིན་གྱི་འཕྲུལ་ལས་མཁོ་འདོན་དང་བརྡ་འཕྲིན་ལམ་ལུགས་ཚད་མཐོར་གཏོང་རྒྱུ།  གཞན་ཡང་རྒྱལ་སྲུང་དང་འབྲེལ་བའི་ལས་འཆར་ཁག་གི་ནང་དུ་ཉམས་ཞིབ་དང་འཕེལ་རྒྱས་ཀྱི་མ་དངུལ་སྔར་ལྷག་མཁོ་འདོན་བྱས་པ་བརྒྱུད་ནས། བདེ་འཇགས་ཚན་ཁག་གི་ལམ་ལུགས་དང་བདེ་སྲུང་གི་གནད་དོན། དེ་བཞིན་གསང་བའི་ལས་ཁུངས་སོགས་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་རེད་འདུག  

ཚོགས་པ་ཆེ་ཁག་དྲུག་གིས་སུད་སི་གཞུང་ལ་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་གནང་དགོས་པའི་ཞུ་འབོད།

ད་ཆ་འཛམ་གླིང་གང་སར་གནས་སྡོད་བོད་མི་གཙོ་བོར་གྱུར་པའི་རྒྱ་ནག་བཙན་གནོན་འོག་ཡོད་པའི་མི་རིགས་ཁག་གི་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་བྱེད་དགོས་པའི་ལས་འགུལ་སྣ་མང་སྤེལ་བཞིན་པའི་ཁྲོད་འདི་ག་སུད་སིར་ཡོད་པའི་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་འཛམ་གླིང་ཡུ་གུར་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་ ༢༠༢༢ པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་སུད་སི་གཞུང་ཕྱིར་འཐེན་གནང་དགོས་ཞེས་པའི་ཞུ་འབོད་ཀྱི་སྙན་ཞུ་ཞིག་ཁ་སང་ཉིན་རྒྱབ་རྒྱལ་ས་སྦན་དུ་རྟེན་གཞི་བྱས་པའི་སུད་སི་དབུས་གཞུང་ལ་ཕུལ་འདུག ཞུ་འབོད་ཀྱི་སྙན་ཞུ་ཐོག་སུད་སི་གྲོས་ཚོགས་འཐུས་མི་དང་ས་གནས་མང་ཚོགས་ ༧༧༨༨ ཀྱིས་རྒྱབ་སྐྱོར་ཡོད་པའི་མཚན་རྟགས་ཐོབ་འདུགསྐབས་དེར་སུད་སི་གཞུང་ལ་ཞུ་སྙན་ཕུལ་བར་ཆེད་བཅར་ཞུ་མཁན་ཁོངས་སུ་ཡོད་པ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་རྒྱུན་ལས་དང་ཚོགས་པའི་ལས་འགུལ་འགན་འཁུར་བ་བསྟན་འཛིན་བསོད་ནམས་ལགས་ཀྱིས་ རླུང་འཕྲིན་ཁང་ལ་ང་ཚོའི་ངོས་ནས་མུ་མཐུད་སུད་སི་ཆབ་སྲིད་མི་སྣ་དང། མང་ཚོགས་ཁྲོད་གནད་དོན་འདིའི་ཐོག་གོ་རྟོགས་སྤེལ་རྒྱུ་མ་ཟད་དེ་འབྲེལ་ཞི་བའི་རྔམ་སྟོན་ལས་འགུལ་སོགས་ཀྱི་བརྒྱུད་ནས་སུད་སི་གཞུང་ལ་གནོན་ཤུགས་སྤྲད་དེ་ང་ཚོའི་དགོས་འདུན་དོན་འཁྱོལ་ཡོང་བར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། ད་ལན་ཁོང་རྣམས་ནས་སུད་སི་གཞུང་ལ་ཕུལ་བའི་ཞུ་འབོད་དེའི་ནང་གཙོ་བོ་ནི། སང་ལོའི་ ༢༠༢༢ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་མི་གནང་བ་དང། སུད་སི་ཨོ་རྩལ་འགྲན་རྩོད་པ་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྔ་རོལ་དང་རྩེད་འགྲན་སྐབས་སུའང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཡོད་པའི་འགན་ལེན་གྱི་སྤྱིར་བསྒྲགས་སྤེལ་དགོས་པ་མ་ཟད། སུད་སི་གཞུང་ནས་སུད་སི་རྩེད་འགྲན་པ་ཚོར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གོ་རྟོགས་སྤེལ་དགོས་པ།རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་ནས་རྩེད་འགྲན་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དགོས་སྐོར་གླེང་སློང་གནང་དགོས་པ་དང་། རྩེད་འགྲན་གྱི་སྔ་རོལ་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་ལུགས་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་དགོས་པ་བཅས་འཁོད་ཡོད།སྐབས་དེར་ཆེད་བཅར་བའི་ཁྲོད་བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཞི་བདེའི་རང་བཞིན་ལྡན་པའི་རྩེད་འགྲན་དེ་ལྟ་བུ་དྲག་སྤྱོད་པའི་གཞུང་རྒྱ་ནག་ལྟ་བུར་གོ་སྒྲིག་ཞུ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་དང། སུད་སི་གཞུང་མང་གཉིས་ནས་སུད་སི་རྒྱལ་ཁབ་འདི་ནི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་མཁན་ཞིག་དང་མང་གཙོ། རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ང་ཚོའི་ཞུ་འབོད་ལ་རྒྱབ་སྐྱོར་མ་གནང་ཚེ་ངོ་ཚ་དགོས་པ་ཞིག་རེད་ཅེས་གསུངས་འདུགརྩ་བའི་ ༢༠༢༢ པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕྱིར་འཐེན་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ཞུ་འབོད་ལས་འགུལ་དེ་ནི། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས། སུད་སི་ས་གནས་བེུད་ལྷན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ། དེ་བཞིན་འཛམ་གླིང་ཡུ་གུར་མཐུན་ཚོགས། རྒྱལ་ཁབ་གཞན་གྱི་དབང་བསྒྱུར་འོག་ཏུ་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་དུ་རྒྱལ་སྤྱིའི་ཚོགས་པ་ Society  for Threaten people བཅས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཆེ་ཁག་དྲུག་མཉམ་འབྲེལ་གྱིས་འདི་ལོ་ཕྱི་ཟླ་དྲུག་པ་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། ཡོ་རོབ་བོད་རིགས་མཞོན་ནུ་མཐུན་ཚོགས་ཀྱིས་ཁ་སང་ངོ་དེབ་ཐོག་སུད་སི་གཞུང་ལ་མཚན་རྟགས་བསྡུ་རུབ་ཀྱི་ཞུ་འབོད་སྙན་ཞུ་དེ་ཕུལ་བ་སྦྲགས།  གལ་ཏེ་སུད་སི་གཞུང་གིས་ངོས་ནས་ང་ཚོའི་ཞུ་འབོད་དང་ལེན་མ་གནང་བར་སུད་གཞུང་གི་སྐུ་ཚབ་མི་སྣ་སང་ལོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཆེད་གཏོང་ཚེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་དང་ངན་པ་ལག་འབྲེལ་བྱས་པ་དང་གཅིག་མཚུངས་རེད་ཅེས་གསུངས་འདུགསྤྱིར་ད་ལན་ཞུ་འབོད་ཀྱི་ལས་འགུལ་ཐོག་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱབ་སྐྱོར་དང་མཚན་རྟགས་སྐྱོན་མཁན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ Fabian Molina ལགས་་དང་ Nicolas Walders ལགས་གཉིས་ཀྱིས་ཉེ་སྔོན་སུད་སི་གཞུང་ལ་རྒྱ་ནག་ནང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་དང་སྦྲགས། སང་ལོའི་ ༢༠༢༢ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་སྐུ་ཚབ་ཕྱིར་འཐེན་གནང་དགོས་པ་དང་།  སུད་སི་གཞུང་གི་ངོས་ནས་ཟླ་བ་འདིའི་ཟླ་སྟོད་དུ་སུད་སི་གཞུང་ནས་གྲོས་ཚོགས་འཐུས་མི་གཉིས་ཀྱི་ཞུ་འབོད་ལ་གསལ་བཤད་ལན་འདེབས་སུ་སུད་སི་གཞུང་གི་ངོས་ནས་ད་ལྟའི་འཆར་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་གནང་དགོས་མིན་ཐོག་གྲོས་མོལ་གནང་མུས་ཡིན་ཞེས་འགྲེལ་བརྗོད་ཀྱང་གནང་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༨ ཐོག་བོད་དོན་གླེང་སློང་དང་ཞུ་འབོད།  

ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐེངས་ ༤༨ པ་འཚོགས་བཞིན་ཡོད་ཅིང། ལྷན་ཚོགས་དེ་ནད་ཡམས་རྐྱེན་པས་དྲ་ལམ་ཐོག་བསྐོང་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་ཐོག་གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མིར་བཙན་ཁྲིད་བཀག་ཉར་དང་གར་སོང་ཆ་མེད། ས་གནས་བོད་མི་ཞིང་འབྲོག་ཚོའི་འཚོ་གནས་ལ་བསམ་ཤེས་མེད་པར་བོད་མཐོ་སྒང་གི་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པའི་གནས་སྟངས་སོགས་སྙན་སེང་ཞུས་འདུགརྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཞི་རྩར་འཛིན་དེ་ས་གནས་སུ་ཡར་རྒྱས་དང་འཛུག་སྐྲུན་ཞེས་ཚོགས་དུས་སྐབས་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Kai Mueller ལགས་་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation for human right མིང་ཐོག་ནས་བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ངེས་པར་དུ་ཐུགས་སྣང་དགོས་པའི་ས་ཁུལ་ཞིག་ཡིན་པར་ནན་བརྗོད་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྟངས་འཛིན་དང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དགོས་པའི་ཁྲིམ་སྒྲིག་ལས་འགལ་ནས་བོད་མཐོ་སྒང་དུ་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞིར་ཁ་གཡར་ཏེ་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་སྤྱི་དང་སྒོས་སུ་ས་གནས་ཀྱི་བོད་མི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་དང་རང་དབང་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་དང། དེ་བཞིན་ཡར་རྒྱས་འཛུགས་སྐྲུན་སྲིད་བྱུས་འོག་ད་བར་བོད་མི་འབྲོག་པ་ས་ཡ་གཅིག་ལྷག་འབྲོག་ས་གནས་སྤོས་སྲིད་བྱུས་ལག་བསྟར་བྱས་ཡོད་སྐོར་སྙན་སེང་ཞུས་འདུག དེ་བཞིན་ཁོང་གིས་ཚོགས་དུས་དེ་བརྒྱུད་རྒྱ་ནག་གཞུང་ནས་བོད་མཐོ་སྒང་དུ་ཡར་རྒྱས་འཛུག་སྐྲུན་སྤེལ་སྐབས་ངེས་པར་དུ་ཁོར་ཡུག་དང་མཐུན་པ། ཞིང་འབྲོག་མང་ཚོགས་ཚོའི་གཞི་རྩའི་རང་དབང་སྲུང་སྐྱོབ་ཡོད་པའི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་མ་ཟད་རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་སྡེ་ཚན་དང་ཚོགས་མི་རྒྱལ་ཁབ་ཁག་གི་ངོས་ནས་ཀྱང་ཁོར་ཡུག་གི་དམིགས་འདུན་དང་ཡར་རྒྱས་དང་འབྲེལ་ཁྲིམས་སྒྲིག་ལག་བསྟར་སྐབས་ས་གནས་མང་ཚོགས་ཚོའི་སྤྱི་མང་ཐོབ་ཐང་སྲུང་སྐྱོབ་དང་ས་གནས་མང་ཚོགས་ཚོར་གཞུང་སྒེར་སྲིད་བྱུས་བཟོ་སྒྲིག་གཏན་འབེབས་ནང་མཉམ་ཞུགས་ཀྱི་རང་དབང་སྤྲོད་རྒྱུར་གཙོ་འཛིན་དགོས་པའི་ཞུ་འབོད་ཀྱང་གནང་ཡོད། རྒྱལ་ཚོགས་ཀྱི་ཚོགས་དུས་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ society for Threatened people མིང་ཐོག་ནས་རྒྱ་གཞུང་གིས་ཡར་རྒྱས་འཛུག་སྐྲུན་གྱི་ལས་གཞི་སྤེལ་ཁག་བརྒྱུད་བོད་མཐོ་སྒང་གི་ཁོར་ཡུག་ལ་ཆེས་ཕུགས་རྒྱང་རིང་པོར་གནོད་པའི་དོ་ཕོག་བཏང་ཡོད་པར་ངོས་བཞེས་ཀྱིས་རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་དམིགས་བསལ་ཁྱད་ལས་རྟོག་ཞིབ་ཚོགས་ཆུང་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་འཚེ་ཇི་ཐེབས་ཐོག་ལྟ་ཞིབ་ནན་པོ་གནང་དགོསཔ་ལ་སོགས་པའི་འབོད་སྐུལ་ཞུས་ཡོད།སྐུ་ཞབས་ Kia Mueller ལགས་ཀྱིས་སྐབས་དེའི་ལྷན་ཚོགས་ཀྱི་བཙན་ཁྲིད་བཀག་ཉར་དང་གར་སོང་ཆ་མེད་ཀྱི་ཚོགས་དུས་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཉེས་མེད་གང་བྱུང་དུ་འཛིན་བཟུང་བཙན་ཁྲིད་དང་བཀག་ཉར། དེ་བཞིན་གར་སོང་ཆ་མེད་དུ་བཏང་བའི་བྱ་སྤྱོད་མུ་མཐུད་སྤེལ་ཡོད་པ་དང། ད་ཆ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མཁན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ལ་དྲག་གནོན་བྱེད་བཞིན་ཡོད་པའི་གནས་ཚུལ་ཁག་ཅིག་ཆེད་བཏོན་གྱིས་ཡ་ང་བའི་གནས་སྟངས་རྣམས་རྒྱལ་ཚོགས་སྙན་སེང་ཞུས་འདུག་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་བ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བོད་མི་ཆབ་སྲིད་བཙོན་པ་རིན་ཆེན་ཚུལ་ཁྲིམ་ལགས། དེ་བཞིན་སྒོ་ཤེས་རབ་རྒྱ་མཚོ་ལགས་བཅས་ཀྱི་གནས་སྟངས་རྒྱལ་ཚོགས་ལ་བསྐྱར་ནན་ཞུས་པ་དང་སྦྲགས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ངོས་ནས་རྒྱ་ནག་དང་ལྷན་འབྲེལ་བ་གནང་སྐབས་སུ་གོང་གསལ་གནད་དོན་དེ་དག་ཐོག་ཡོངས་གྲགས་དང་ཁ་གསལ་ཐོག་ནས་གླེང་སློང་གནང་བར་འབོད་སྐུལ་ཞུས་འདུག སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིཐོབ་ཐང་ལྷན་ཚོགས་ཐེངས་ ༤༨ པ་དེ་ཟླ་ ༩ ཕྱི་ཚེས་ ༡༣ ནས་ཟླ་ ༡༠ ཚེས་ ༨ བར་ཚོགས་ཀྱི་ཡོད་པ་རེད།

ཨ་རི་དང་རྒྱ་ནག་དབར་གྱི་ཁོར་ཡུག་གནད་དོན་ཁྲོད་བོད་ཀྱི་ཁོར་ཡུག་སྐོར་གླེང་སློང་ཤུགས་ཆེ་གནང་བ།

ཁ་སང་ཕྱི་ཚེས་ ༢༡ ཉིན་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་ཁོར་ཡུག་ལ་དཀའ་ངལ་བཟོ་བཞིན་པའི་གནད་དོན་དེར་ཨ་མི་རི་ཀའི་ངོས་ནས་གདོང་ལེན་གནང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་སྐབས་སུ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་གླེང་སློང་ཤུགས་ཆེ་གནང་འདུགཉན་ཞིབ་ཀྱི་ཐོག་མར་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ཨ་རི་དང་རྒྱ་ནག་གཉིས་ཀའི་ངོས་ནས་ནུས་པ་སྔར་ལྷག་འདོན་རྒྱུ་གལ་ཆེན་པོ་ཡིན་པ་སོགས་འགྲེལ་བརྗོད་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་དང་། ཆུ་མཛོད་གསར་རྒྱག་སོགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་ཙམ་མ་ཟད་བོད་ཀྱི་གཤམ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་ལའང་རང་བཞིན་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་པ་གསུངས་འདུགརྒྱ་ནག་གཞུང་ནས་དྲིལ་བསྒྲགས་ཁག་གི་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་ཁོར་སྲུང་སྐྱོབ་ལས་འགུལ་བ་རྣམས་གང་བྱུང་དུ་འཛིན་བཟུང་དང་བཙོན་འཇུག་སོགས་བྱས་ཏེ་ལས་འགུལ་བ་རྣམས་ཀྱི་གནས་སྟངས་ཆེས་ཛ་དྲག་ཅན་དུ་གྱུར་བའི་གནས་སྟངས་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་རེད་ཅེས་གསུངས་འདུག ལྷག་པར་དུ་རྒྱ་ནག་གཞུང་ནས་ Solar Project ཞེས་ཉི་མའི་འོད་ལ་བརྟེན་ནས་འཕྲུལ་ཆས་ཀྱི་རྣམ་གྲངས་འདྲ་མིན་བཟོ་བཞིན་པ་དེ་ནི་ཁོར་ཡུག་གི་གནད་དོན་ཐད་ནས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཀྱང་། བཟོ་གྲྭ་དེ་དག་ནང་ལས་ཀ་བྱེད་མཁན་མང་ཆེ་བ་ཤིན་ཅང་ཡུ་གུར་མི་སེར་རྣམས་བཙན་དབང་གིས་ངལ་རྩོལ་བྱེད་འཇུག་ག་ཁོ་ན་ཆགས་ཀྱི་ཡོད་སྟབས། ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་ཁོར་ཡུག་གི་གནད་དོན་སྐོར་གླེང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བྲལ་ཐབས་མེད་པའི་གནད་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་འདུགསྐབས་དེའི་ཉན་ཞིབ་ལས་རིམ་ཐོག་ Colorado གཙུག་ལག་སློབ་གཉེར་ཁང་གི་ས་ཁམས་རིག་པའི་སློབ་དཔོན་ Emily Yeh ལགས་ཀྱིས་ད་ཆ་བོད་ཀྱི་འཁྱག་རོམ་ཁག་གི་ཞུར་ཚད་མྱུར་པོ་ཆགས་ཏེ་རྩ་ཐང་ཁག་ལ་གནོད་སྐྱོན་དང་། ས་རུལ་རྒྱག་པ། དེ་བཞིན་ས་ཆ་སྤྱི་ཡོངས་ཀྱི་ས་བཅུད་ཉམས་པ་སོགས་ཀྱི་གནས་སྟངས་ཁག་ཅིག་འགྲེལ་བརྗོད་དང་སྦྲགས། བོད་ཀྱི་ཁོར་ཡུག་གནས་སྟངས་ལ་དཀའ་ངལ་བཟོ་མཁན་གཙོ་བོ་ཞིག་ནི་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་དང་འབྲེལ་བ་ཡོད་པ་དང་། འབྲོག་པ་གཞིས་སྤེས་ཀྱི་སྲིད་བྱུས་རྐྱེན་གྱིས་རྩ་ཐང་གི་གནས་བབ་ལ་དོ་ཕོག་དང་། རིམ་བཞིན་སྒོ་ཕྱུགས་སེམས་ཅན་གྱི་གྲངས་ཚད་ཉམས་པ། གཞིས་སྤོས་བཞིན་པའི་ས་གནས་ཀྱི་ཡུལ་མི་ཚོར་འཐུང་ཆུ་སོགས་ཀྱི་མཐུན་རྐྱེན་ཚད་ལྡན་མེད་པ། དེ་བཞིན་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད་རང་བྱུང་གཙང་པོ་རྣམས་ཁ་བསྒྱུར་བ་དང་། གློག་ཁང་བརྒྱབ་པ་དེ་དག་ནི་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་པ་ཞིག་ཡིན་པ་ལས་བོད་ཀྱི་ཁོར་ཡུག་གིས་གཙོས་པའི་གཤམ་འོག་རྒྱལ་ཁབ་ཁག་གི་ཁོར་ཡུག་བདེ་འཇགས་ལ་བསམ་བློ་བཏང་ཞིག་རེད་མ་རེད་སོགས་གསུངས་ཡོད།རྒྱ་ནག་གི་ཁོར་ཡུག་ཐོག་ཉམས་ཞིབ་གནང་མཁན་ Jennifer Turner ལགས་དང་ཤིན་ཅང་གི་གནད་དོན་དབྱེ་ཞིབ་པ་ Nyrola Elimä ལགས་སོགས་ཀྱིས་ཀྱང་རྒྱ་ནག་སྤྱིའི་ཁོར་ཡུག་གི་གནས་བབ་དང་རྒྱ་ནག་གཞུང་གིས་ཤིན་ཅང་ནང་ལག་བསྟར་བྱེད་བཞིན་སྲིད་བྱུས་ཁག་གིས་ཁོར་ཡུག་ལ་གནོད་པ་ཙམ་མ་ཟད་འགྲོ་བ་མིའི་ཐོབ་ཐང་ལའང་དོ་ཕོག་གཏོང་བཞིན་པ་སོགས་ཀྱི་གསུང་བཤད་གནང་འདུག ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་འཛིན་བཟུང་བྱས་པའི་གནད་དོན་ཐེར་འདོན་གནང་བ་མ་ཟད། གྲོས་ཚོགས་འཐུས་མི་སྐུ་ཞབས་ Tom Suozzi ལགས་ཀྱིས་ཁོར་ཡུག་གི་གནད་དོན་ནི་འཛམ་གླིང་སྤྱིའི་བདེ་འཇགས་དང་འབྲེལ་བའི་གནད་དོན་གལ་ཆེ་ཞིག་ཡིན་པ་དང་རྒྱ་ནག་གཞུང་གིས་གནམ་གཤིས་འགྱུར་ལྡོག་ཐོག་ལ་འགན་ལེན་ཚུལ་བཞིན་ཞིག་བྱེད་ཀྱི་མེད་པའི་ཁར་གནོན་ཤུགས་མུ་མཐུད་སྤྲོད་རྒྱུ་ཡིན་པར་གསུངས་འདུགགཞི་རྩའི་ད་རེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་ཁོར་ཡུག་ཐོག་དཀའ་ངལ་བཟོ་བཞིན་པའི་གནད་དོན་སྐོར་ཉན་ཞིབ་ཚོགས་པ་དེ་ནི་རིང་མིན་ཕྱི་ཟླ་ ༡༡ ནང་ལ་ Scotland རྒྱལ་ཁབ་ནང་དུ་འཚོགས་གཏན་འཁེལ་བའི་ COP26 ཞེས་པའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ཐེངས་འདིའི་ཉན་ཞིབ་ཀྱི་ལས་རིམ་དང་བསྟུན་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་ཐོག་དྲན་གནོན་བྱས་པ་མ་ཟད་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཏང་པའི་བདེན་དཔང་གི་སྙན་ཐོ་ཞིག་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ལ་ཕུལ་བ་དང་སྦྲགས། ཨ་རི་གཞུང་ནས་འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ངེས་པར་དུ་གླེང་སློང་གནང་རོགས་ཞེས་རེ་སྐུལ་གནང་ཡོད།དེ་སྔ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Trump མཆོག་གི་སྐབས་སུ་ཨ་རི་དེ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་མིའི་ཁོངས་ནས་ཕྱིར་འཐེན་གནང་ཡོད་ཀྱང་། སྐུ་ཞབས་ Joe Biden མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་མ་ཐག་སླར་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་ཏེ་ད་ཆ་ལྷན་ཚོགས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་རྒྱུའི་གྲ་སྒྲིག་གནང་མུས་ཡིན་པ་རེད།

སུད་སི་དང་རྒྱ་ནག་དབར་གྱི་ཐབས་བྱུས་དང་འབྲེལ་བོད་དོན་ཉན་ཞིབ་ཚོགས།  

སུད་སི་གཞུང་གིས་སུད་སི་དང་རྒྱ་ནག་དབར་གྱི་ཐབས་བྱུས་ཚགས་ཚུད་ལག་བསྟར་ཐུབ་རྒྱུ་དང་རྒྱ་ནག་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ནུས་པ་ཆེ་རུ་གཏོང་ཐབས་སུ་སུད་སི་གྲོས་ཚོགས་འཐུས་མིས་གཙོ་འགན་ཞེས་པའི་གླེང་བརྗོད་ཐོག་ནང་མོལ་ཉན་ཞིབ་ལས་རིམ་ཞིག་ཁ་སང་ཕྱི་ཚེས་ ༢༠ ཉིན་སུད་སི་རྒྱལ་ས་སྦན་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་བསྐོང་ཚོགས་གནང་ཡོད། སྤྱིར་སུད་སི་་གཞུང་གིས་འདི་ལོ་ཕྱི་ཟླ་༡ ནང་དུ་སུད་སི་དང་རྒྱ་ནག་དབར་གྱི་ཐབས་བྱུས་ཞེས་པ་ཞིག་ཆེས་ཐོག་མ་མང་ཚོགས་ཁྲོད་ཡོངས་གྲགས་གནང་རྗེས་ད་བར་ལ་སུད་སི་གྲོས་ཚོགས་དང་མང་ཚོགས་ནང་འབྱུང་འགྱུར་སུད་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁ་ཕྱོགས་གང་དུ་སྐྱོད་མིན་དང། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་ཐབས་བྱུས་ཁྲོད་འགྲོ་བ་མིའི་ཐོབ་ཐང་གཙོ་ཆེར་ངོས་འཛིན་གནང་མིན་ཐད་ཁ་གསལ་མེད་པའི་དོགས་གླེང་རིམ་པ་བྱུང་ཡོད་ཅིང། འདི་ལོའི་ཕྱི་ཟླ་༦ པའི་ནང་སུད་སི་གཞུང་ནས་མ་འོངས་རྒྱལ་སྤྱིའི་ཕྱི་འབྲེལ་ལས་དོན་ཁྲོད་འགྲོ་བ་མིའི་ཐོབ་གནད་དོན་གཙོ་གནད་ལ་ངོས་འཛིན་གནང་རྒྱུ་ཡིན་ཞེས་ལམ་སྟོན་བཀོད་ཁྱབ་ཞིག་སྤེལ་བ་བཅས་དང་འབྲེལ་ཏེ་མ་འོངས་སུད་སི་དང་རྒྱ་ནག་དབར་གྱི་ཐབས་བྱུས་ཚགས་ཚུད་ལག་བསྟར་ཐུབ་པའི་ཆེད་དུ་གྲོས་ཚོགས་ནང་གི་ནང་མོལ་གྱི་ཉན་ཞིབ་ལས་རིམ་དེ་བསྐོང་ཚོགས་གནང་བ་ཆགས་ཀྱི་འདུགསྐབས་དེའི་ནང་མོལ་གྱི་ཉན་ཞིབ་ལས་རིམ་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་བོད་མིའི་སྐུ་ཚབ་ཀྱི་ངོས་ནས་འདས་པའི་ལོ་ངོ་ ༦༠ ནང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་མཚོན་ཤེས་རིག་དང་ཁོར་ཡུག་རྩ་གཏོར། བོད་མིར་དྲག་གནོན། དེ་བཞིན་བོད་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་སྲིད་བྱུས་རིམ་པ་ལག་བསྟར་བྱེད་མུས་ཡིན་པ་སྙན་སེང་ཞུས་འདུག་པ་དང་། སུད་སི་གྲོས་ཚོགས་འཐུས་མིའི་ངོས་ནས་འབྱུང་འགྱུར་སུད་སི་དང་རྒྱ་ནག་དབར་གྱི་ཐབས་བྱུས་ཚགས་ཚུད་ལག་བསྟར་ཐུབ་ཕྱིར་སུད་སི་གཞུང་གིས་རྒྱ་ནག་སྤྱི་དང་དེའི་མངའ་འོག་ཏུ་ཡོད་པའི་བོད་གཙོས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་དགོས་པ་དང་སུད་སི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་གཏན་འབེབས་དགོས་པ། དེ་བཞིན་སུད་སི་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གཞུང་གིས་ལྟ་སྲུང་དང་སེམས་འཛུལ་བྱས་དང་བྱེད་བཞིན་པ་ལས་སྲུང་སྐྱོབ་འགན་ལེན་དགོས་པའི་འབོད་སྐུལ་སོགས་ཞུས་ཡོད། དེ་བཞིན་ལས་རིམ་དེའི་ཐོག་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་གདོང་ལེན་དང་རྒྱལ་སྤྱིའི་རྒྱབ་སྐྱོར་དང་རེ་བ། རྒྱ་ནག་དང་ལྷན་དུ་ཕྱི་འབྲེལ་ཁྲོད་སུད་སིར་གོ་སྐབས། མཉམ་རུབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྤེལ་ཕྱོགས་བཅས་བརྗོད་གཞི་ཐོག་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་སུད་སི་གྲོས་ཚོགས་འཐུས་མི། ཁྲིམས་རྩོད་པ། ཉམས་ཞིབ་པ། གཞུང་འབྲེལ་གྱི་ཕྱི་འབྲེལ་བདེ་འཇགས་ལས་དོན་མི་སྣ་འདུ་འཛོམས་ཀྱིས་གླེང་མོལ་གནང་ཡོད་པ་རེད། རྩ་བའི་ད་ལན་སུད་སི་གྲོས་ཚོགས་ནང་གི་ཉན་ཞིབ་ལས་རིམ་དེ་སུད་སི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གཙོ་འགན་བཞེས་པ་ཞིག་ཡིན་པ་དང་། དེའི་ཐོག་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་དང་རྒྱ་ནག་མཐུན་གྲོགས། སུད་སི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་གདུང་སེམས་མཉམ་བསྐྱེད་མཐུན་ཚོགས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བ་རེད།

༸གོང་ས་མཆོག་གིས་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འཕྲིན་མཛད་པ།

དེ་རིང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་དགུང་གྲངས་དོན་གཅིག་གི་འཁྲུངས་སྐར་དང་བསྟུན་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མཆོན་ཆེན་པོ་མཆོག་གིས་འཚམས་འཕྲིན་གྱི་ཕྱག་ཡིག་ཅིག་སྩལ་ཏེ། སྲིད་བློན་མཆོག་སྔར་བཞིན་གཟུགས་གཞི་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་འདུགདེ་ཡང་མགོན་པོ་གང་ཉིད་མཆོག་གིས། སྲིད་བློན་མོ་དྷི་མཆོག་ནི་རྒྱ་གར་གྱི་རྒྱལ་ཁབ་ཆེན་མོ་འདིར་བརྩེ་ཞེན་ཡོད་པ་ཞིག་ཡིན་པར་དགོངས་འགྲེལ་དང་ལྷན་དུ། ཏོག་དབྱིབས་གཉན་རིམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དོ་ཕོག་ཐེབས་ཡོད་ཀྱང་སྲིད་བློན་མཆོག་གིས་གདེང་སྤོབས་རྒྱ་བསྐྱེད་གནང་བཞིན་པར་རྟེན་འབྲེལ་ཞུས་པ་དང་སྦྲགས།རྒྱ་གར་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མི་འབོར་ཆེས་མང་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས།   རྒྱལ་གར་རྒྱལ་ཁབ་ཀྱི་བྱ་བཞག་ལེགས་འགྲུབ་ཀྱིས་རྒྱ་གར་ཙམ་དུ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་ཁེ་ཕན་སྒྲུབ་བཞིན་ཡོད་པར་ཆེ་བསྟོད་གནང་འདུགགཞན་ཡང་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་སྲོལ་རྒྱུན་རིང་བཞིན་ལྡན་པའི་འཚེ་མེད་ཞི་བ་དང་སྙིང་རྗེ་ལྟ་གྲུབ་དེ་ནི་དེང་གི་སྤྱི་ཚོགས་འདིར་འབྲེལ་བ་ཆེན་པོ་ཆགས་ཡོད་པ་ཙམ་དུ་མ་ཟད། ངེས་བར་དུ་དགོས་ངེས་རང་བཞིན་ཞིག་ཡིན་པར་དགོངས་བཞེས་གནང་གི་ཡོད་པར་བཀའ་སྩལ་དེ། དེ་ལྟ་བུའི་སྲོལ་རྒྱུན་གྱི་ལྟ་གྲུབ་དེ་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་དང་ཟུང་འབྲེལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོ་བ་མིའི་རིགས་ལ་ཕན་རླབས་སྐྲུན་ཐུབ་པར་ཡིད་ཅེས་གནང་གི་ཡོད་པའི་ལམ་སྟོན་མཛད་འདུག དེ་བཞིན་གང་ཉིད་མཆོག་ལ་གོ་སྐབས་ནམ་བྱུང་གི་སྐབས་སུ། རྒྱ་གར་གྱི་རྒྱལ་ཁབ་ཆེན་མོ་འདིའི་ཡང་དག་པའི་མང་གཙོ་དང་མང་གཙོའི་ལམ་ལུགས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཆོས་ལུགས་སྣ་མང་གཅིག་འདུས་ཀྱི་ཞི་བདེ་དང་བརྟན་བརླིང་ལ་བསྔགས་བརྗོད་གནང་གི་ཡོད་པར་བཀའ་སྩལ་ཏེ།  བོད་མི་མང་པོ་ཞིག་རྒྱ་གར་དུ་གནས་ཡོད་པ་དང་འབྲེལ་ནས། རྒྱ་གར་ནི་བོད་མི་རྣམས་ཀྱི་ཆོས་ལུགས་ཀྱི་སྐྱབས་བཅོལ་ས་ཁོ་ན་ཙམ་མིན་པར། འདས་བའི་ལོ་ངོ་དྲུག་ཅུ་རེ་གཉིས་ཀྱི་རིང་ལ་རྒྱ་གར་རྒྱལ་ཁབ་ནི་བོད་མི་མང་པོ་ཞིག་གི་ཁྱིམ་གཞས་ཆགས་ཡོད་པར་ལུང་འདྲེན་མཛད་དེ། གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་ད་བར་མཐུན་འགྱུར་རོགས་རམ་གནང་བར་བསྐྱར་དུ་ཐུགས་རྗེ་ཆེ་ཞུས་འདུགདེ་རིང་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་བཞུགས་སྒར་ཁུལ་གྱི་བདེ་ལེགས་སྨན་ཁང་དང་ཀུན་ཕན་དགེ་རྩ་ཚོགས་པ། དེ་བཞིན་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་ཧིན་བོད་མཛའ་འབྲེལ་ཚོགས་པ། གཞན་ཡང་རྒྱ་གར་གྱི་Rotary Club ཞེས་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་སོགས་མཉམ་འབྲེལ་གྱིས་མེག་གྷན་ཉིན་མོ་སློབ་གྲྭའི་ནང་དུ་བཞུགས་སྒར་ཁུལ་གྱི་བོད་མི་དང་ཡུལ་མི་རྣམས་ལ་རིན་མེད་ཀྱིས་རིམས་ནད་སྔོན་ཁབ་སྐྱོན་པ་དང་བརྟག་དཔྱད་སོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་།དེ་རིང་གི་ལས་འགུལ་དེའི་ཐོག  བཞུགས་སྒར་ཁུལ་གྱི་ས་གནས་ཀྱི་རྫོང་དཔོན་ལས་རོགས་Rahul Kumar དང་ཀང་ར་རྫོང་ཁོངས་ཀྱི་སྨན་པ་ཁག་ཅིག    དེ་བཞིན་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་དང་ཀུན་ཕན་དགེ་རྩ་ཚོགས་པའི་འགན་འཛིན་ཟླ་བ་ཚེ་རིང་ལགས། གཞན་ཡང་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སོགས་ཀྱི་གཙོ་བྱས་པའི་སྨན་ཁབ་སྐྱོན་མཁན་རྒྱ་གར་ཡུལ་མི་དང་བོད་མི་ལྔ་བརྒྱ་ལྷག་ཅིག་མཉམ་འཛོམས་བྱུང་འདུགསྐབས་དེར་ཀང་ར་རྫོང་ཁོངས་ཀྱིི་ས་གནས་རྫོང་དཔོན་ལས་རོགས་Rahul Kumar ལགས་ཀྱིས་བཞུགས་སྒར་ཁུལ་གྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ཅིག་གིས་དེ་རིང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་རིན་མེད་ཀྱིས་འགོག་ཁབ་སྐྱོན་རྒྱུའི་ལས་གཞི་ཞིག་སྤེལ་བར་བཀའ་དྲིན་ཆེ་ཞུས་ཏེ་འགོག་ཁབ་ཀྱིས་མ་འདང་བ་སོགས་བྱུང་ན་རྫོང་ལས་ཁུངས་ནས་མཁོ་སྤྲོད་གནང་རྒྱུ་ཡིན་པར་གསུངས་སོང་།དེ་བཞིན་སྐབས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གསར་འགོད་པ་རྣམས་ལ།  རྒྱ་གར་གཞུང་དང་མི་མང་གིས་སྲིད་བློན་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་ནས་བཞུགས་སྒར་ཁུལ་དུ་ཡང་རྒྱ་གར་ཡུལ་མི་དང་ས་གནས་བོད་མི་རྣམས་ཀྱི་བར་དུ་མཐུན་ལམ་ཡག་པོ་ཡོངས་ཆེད་དུ་དེ་རིང་གི་རིན་མེད་ཀྱི་འགོག་ཁབ་སྐྱོན་པའི་ལས་གཞི་དེ་གོ་སྒྲིག་ཞུས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་།རྩ་བའི་བདེ་ལེགས་སྨན་ཁང་གི་མཐུན་འགྱུར་རོགས་རམ་ཁྲོད་ཟླ་བ་གསུམ་པའི་ཚེས་ཉེར་ལྔ་ནས་ཁ་སང་གི་བར་དུ་རྒྱ་གར་དང་བོད་མི་༦༢༣༢ ལྷག་ལ་སྔོན་ཁབ་སྐྱོན་ཡོད་པ་དང་། དེ་དག་ལས་བོད་མི་བཞི་སྟོང་ལྷག་དང་བཞུགས་སྒར་ཁུལ་གྱི་ཡུལ་མི་དྲུག་བརྒྱ་ལྷག་ལ་འགོག་ཁབ་སྐྱོན་ཡོད་འདུག གཞི་རྩའི་ཉེ་སྔོན་མགོན་པོ་གང་ཉིད་མཆོག་གིའདི་ལོའི་སྐུའི་འཁྲུངས་སྐར་གྱི་སྐབས་སུ་ཡང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཞལ་པར་གྱི་ལམ་ནས་མགོན་པོ་གང་ཉིད་ལ་འཚམས་འདྲི་གནང་ཡོད་པ་དང་། དེ་རིང་མགོན་པོ་གང་ཉིད་མཆོག་གིས་་ཀྱང་སྲིད་བློན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་སྟེ་རྒྱ་གར་གཞུང་མང་གཉིས་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཀྱི་གནད་དོན་ལ་སེམས་འཚབ་ཀྱི་སྙན་ཐོ་འདོན་སྤེལ།

ཁ་སང་ཡུ་རོབ་གྲོས་ཚོགས་ཀྱིས་ཡུ་རོབ་དང་རྒྱ་ནག་གི་འཐབ་བྱུས་ཁྲོད་རྒྱ་ནག་གིས་བོད་ནང་དུ་ངལ་རྩོལ་བསྒྱུར་བཀོལ་བྱེད་བཞིན་པར་སེམས་འཚབ་དང་འབྲེལ་ནས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཕྱི་ལོག་གི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་རྣམས་རང་དབང་གི་སྒོ་ནས་བོད་ཁུལ་དུ་གཏོང་དགོས་བའི་སྐུལ་མ་གནང་འདུགགཞི་རྩའི་ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་དང་འབྲེལ་བའི་སྙན་ཐོ་དེ་ནི་ཡུ་རོབ་ཁུལ་གྱི་བྷེལ་ཇམ་གྱི་གྲོས་ཚོགས་འཐུས་མི་ Hilde Vautmans ལགས་ཀྱིས་རྩ་འཛིན་དྲུག་གི་སྒང་ནས་ཆེད་འདོན་གནང་བ་ཞིག་ཡིན་ཞིང་། རྩ་འཛིན་དེ་དག་གི་ནང་དུ། རྒྱ་ནག་གིས་བོད་ཁུལ་དུ་ངལ་རྩོལ་སྒྱུར་བཀོལ་ཚད་མེད་བྱེད་བཞིན་པ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་ལ་སྟངས་འཛིན་བྱེད་བཞིན་པ་སོགས་དང་འབྲེལ་ནས། རྒྱ་ནག་གིས་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་དང་རྒྱལ་སྤྱིའི་ལམ་ལུགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་མཐོང་སྤྲོད་དགོས་བའི་གནད་དོན་ཁག་ཅིག་འཁོད་ཡོད་འདུགསྙན་ཐོ་དེའི་ནང་དུ། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གིས་བོད་ནང་ཙམ་དུ་མ་ཟད། ཤིན་ཅང་མི་མང་དང་ནང་སོག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཡང་ཚབས་ཆེན་གྱི་རྡོག་རོལ་གཏོང་བཞིན་པ་མངོན་གསལ་གནང་བ་དང་འབྲེལ་ནས། རྒྱ་ནག་གིས་ངེས་བར་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་འགན་དབང་ལ་གུས་བརྩི་ཡོད་པའི་ཐོག་ནས་མི་མང་གི་ཐོབ་ཐང་ལ་ བརྩི་བཀུར་ཞུ་དགོས་བའི་འབོད་སྐུལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཀྱི་སྲིད་བྱུས་ཀྱི་འགན་འཛིན། སྐུ་ཞབས་ Vincent Metten ལགས་ཀྱིས་ཡུ་རོབ་ཀྱི་བོད་དོན་གྱི་སྙན་ཐོ་དེ་འདོན་སྤེལ་གནང་བར་དགའ་བསུ་ཞུས་པ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ནང་གི་ངལ་རྩོལ་བསྒྱུར་བཀོལ་གྱི་གནད་དོན་དང་བླ་སྤྲུལ་ངོས་འཛིན་སོགས་ཀྱི་གནད་དོན་མངོན་གསལ་དོད་པའི་གླེང་སློང་བྱས་པ་དེ་ནི་གནད་འགག་ཆེན་པོ་ཞིག་ཡིན་ཚུལ་དང་འབྲེལ་ནས། རྒྱ་ནག་གིས་བླ་སྤྲུལ་ངོས་འཛིན་ལ་ཐེ་གཏོགས་བྱེད་བཞིན་པ་དེ་ནི་གཙོ་བོ་༸གོང་ས་མཆོག་གི་ཡང་སྲིད་ལ་དམིགས་ཡོད་པ་ཞིག་ཡིན་པར་མངོན་གསལ་གནང་འདུགདེ་བཞིན་ལས་འགུལ་ཁང་གིས་ཉེ་བའི་ལོ་འགའི་རིང་ནས་བཟུང་རྒྱ་ནག་གིས་བོད་ནང་དུ་ཁྲིམས་སྒྲིག་ཁག་འདྲ་མིན་བཟོས་ཏེ་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་དེ་ཁྲིམས་མཐུན་གྱི་ཐོག་ནས་བདག་དབང་རྩོད་ཐབས་ལ་འབད་བརྩོན་དང་མི་མང་གི་གིས་རང་གི་རྩ་བའི་མ་མར་དད་གུས་བྱེད་རྒྱུའི་ཆོས་ལུགས་རང་མོས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག གཞན་ཡང་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོའི་ནང་དུ། རྒྱ་ནག་གིས་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་མི་སྣ་རྣམས་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་བྱས་པ་ཁག་ཕྱིར་འཐེན་མ་བྱས་བར་དུ་ཡུ་རོབ་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་གྱི་གན་ཡིག་ཁག་ལག་བསྟར་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་བ་མ་ཟད། རྒྱ་ནག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་རྒྱ་ནག་ཏུ་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་གྱི་གནད་དོན་དེ་ནི་ཁྲིམས་ལུགས་ཀྱི་གཞི་རྩ་གང་ཡང་མེད་པར། རྒྱ་ནག་གིས་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེར་ཡུ་རོབ་ཀྱིས་གླེང་སློང་མི་བྱེད་རྒྱུར་དམིགས་པ་ཞིག་ཡིན་པར་གསལ་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་མཐུན་གྱི་ཐོག་ནས་རྒྱ་ནག་གི་ལམ་ལུགས་སྤྱི་ཡོངས་ལ་གོ་རྟོགས་ཡོང་ཆེད་རང་དབང་ལྡན་པའི་ཚོགས་སྐྱིད་ཁག་དང་གྲོས་ཚོགས་འཐུས་མི། དེ་བཞིན་ཆེད་མཁས་བ་རྣམས་ཀྱིས་མཉམ་འཛོམས་ཀྱི་ཐོག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཡར་རྒྱས་གོང་འཕེལ་ཡོང་ཐབས་སུ་དམིགས་བསལ་གྱི་འཐབ་བྱུས་གསར་རྩོམ་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲོད་དགོས་བའི་ཞུ་སྐུལ་གནང་འདུག གཞི་རྩའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་གཞིགས་ནས། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་རྒྱ་ནག་ཏུ་བསྡུ་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་བྱེད་དགོས་བའི་གྲོས་འཆར་ཡང་བཏོན་ཡོད་པ་ལྟར། ཡུ་རོབ་གྲོས་ཚོགས་ཀྱིས་ཟླ་བ་བདུན་པའི་ནང་དུ།  རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་་དང་འབྲེལ་ནས་ཡུ་རོབ་ཁུལ་གྱི་དཔོན་རིགས་ཁག་དང་ཁུལ་དེའི་ལྟེ་གནས་འདྲ་མིན་གྱི་འཐུས་ཚབ་རྣམས་ཀྱིས་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་འབོད་རྩིས་མེད་ཀྱིས་མཉམ་ཞུགས་མི་གནང་བའི་གྲོས་འཆར་ཞིག་བཞག་ཡོད་པ་ལྟར། རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པ་རེད།

Latest news