Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དབར་དྲྭ་ལམ་བརྒྱུད་གདོང་ཐུག་གི་ཚོགས་འདུ་ཐེངས་དང་པོ། 

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་དྲྭ་ལམ་བརྒྱུད་གདོང་དང་གདོང་ཐུག་པའི་ཚོགས་འདུ་ཐེངས་དང་པོ་དེ་བསྐོང་ཚོགས་བྱས་ཡོད་པ་དང་། ཚོགས་འདུ་ཐོག་སྲིད་འཛིན་བྷ་ཌན་མཆོག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་གནད་དོན་གླེང་སློང་གནང་འདུག་ར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ནས་འགྲན་བསྡུར་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་གནད་དོན་དེ་རྙོག་གླེང་གི་ངོ་བོར་མི་གྱུར་བར་འབད་གལ་ཡིན་པར་གསུངས་འདུགབརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཁ་སང་གི་ཚོགས་འདུ་ཐོག་སྲིད་འཛིན་གཉིས་ཀྱི་དབར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་དང་གནམ་གཤིས་འགྱུར་ལྡོག རྒྱལ་ཁབ་བདེ་འཇགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད་པ་དང་དེ་བཞིན་སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་བཞེས་གནང་ཡོད་ཀྱང་། རྒྱ་གཞུང་གིས་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཡུལ་དེའི་རྒྱས་སྲུང་དང་ཞི་བདེར་རྡོག་རོལ་བཏང་བའི་བྱེད་བབ་ལ་ངོ་རྒོལ་དང་ཨ་རིའི་ངོས་ནས་ཐེ་ཝན་ལ་འཛིན་པའི་བཞེངས་ཕྱོགས་དེ་བརྟན་པོ་ཡིན་ལུགས་གསུངས་འདུག་ལ། ལྷག་པར་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་སྐོར་བཀོད་པ་ལས་ཞིབ་ཕྲ་མངོན་གསལ་གང་ཡང་གནང་མི་འདུག  སྲིད་འཛིན་བྷ་ཌན་མཆོག་གིས་རྒྱ་ནག་གཞུང་གི་དྲང་བདེན་མེད་པའི་ཚོང་འབྲེལ་གྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གི་བཟོ་ལས་ཁང་དུ་ངལ་རྩོལ་ལ་ཞོལ་བཞིན་པའི་ཨ་རི་བ་རྣམས་ངེས་པར་དུ་སྲུང་སྐྱོབ་གནང་དགོས་པ་དང་གནམ་གཤིས་འགྱུར་ལྡོག་གྱི་གནད་དོན་དང་འབྲེལ་ཨ་རྒྱ་གཉིས་ཀྱི་འགན་འཁྲི་ཅི་ཞིག་ཡོད་མེད་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་པ་རེད།སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིའི་ངོས་ནས་རྒྱ་ནག་གི་བཟོ་ཚོང་ཁང་དང་འབྲེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཐེད་བྱུས་གནང་མཚམས་འཇོག་དགོས་པར་མ་ཟད་ཨ་རིས་ཐེ་ཝན་གྱི་གནད་དོན་ལ་ཐེ་་བྱུས་གནང་བ་ནི་མེའི་ནང་རྩེད་མོ་རྩེད་པ་ལྟ་བུ་ལས་མཐར་མེའི་ནང་དུ་རང་ཉིད་འཆི་ངེས་ལས་གང་ཡང་མེད་པར་བཤད་པ་དང་ཆབས་ཅིག་ཏུ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏང་སླད་མཉམ་རུབ་ཀྱི་སྒོ་ནས་ཕྱག་ལས་གནང་གལ་ཡིན་པར་བརྗོད་འདུགསྲིད་འཛིན་གཉིས་ཀྱི་ཚོགས་འདུ་དང་འབྲེལ་ནས་ BBC གསར་ཁང་གི་རྒྱ་ནག་ཁུལ་གྱི་གསར་འགོད་པ་ Stephen McDonell ལགས་ཀྱིས་ཚོགས་འདུ་དེ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་དེ་བར་སྐབས་ཤིག་ལ་ཇེ་ཞན་ཇེ་སྡུག་དུ་འགྲོ་ཡོད་པའི་རྣམ་པ་ཞིག་ཡིན་པ་དང་ད་ཐེངས་སྲིད་འཛིན་གཉིས་ཀྱིས་ཚོགས་འདུ་སྐྱོང་སྟངས་ཀྱི་གནས་བབ་དང་བཀའ་བསྡུར་གནང་སའི་གནད་དོན་ལ་གཞིགས་ཚེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་དང་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་དམག་གི་གླེང་གཞི་སོགས་མ་ཡོང་བའི་སྔོན་ཚུད་ནས་གྲོས་མོལ་གྱི་ལམ་ནས་མཉམ་རུབ་གནང་ཐབས་སོགས་དགའ་སྤོབས་གནང་འོས་ཡིན་པར་བརྗོད་འདུགགཞི་རྩའི་སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རི་སྲིད་འཛིན་གྱི་ལས་འཁུར་ཞུས་པ་ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཉམ་དུ་ཐེངས་གཉིས་ཙམ་བཀའ་མོལ་བྱུང་བའི་ཁྲོད་ཐེངས་དང་པོ་དེ་ཕྱི་ཟླ་ ༢ ནང་ཆུ་ཚོད་གཉིས་ཙམ་གྱི་རིང་ཡིག་འབྲེལ་གནང་ཡོད་པ་དང་། ཕྱི་ཟླ་ ༩ ནང་ཁ་པར་བརྒྱུད་སྐར་མ་དགུ་བཅུ་ཙམ་གྱི་རིང་བཀའ་མོལ་གནང་ཡོད་པ་རེད། ཁ་སང་གི་མཇལ་མོལ་དེ་ནི་སྲིད་འཛིན་གཉིས་ཀྱི་དབར་ལ་དྲྭ་ལམ་བརྒྱུད་གདོང་དང་གདོང་ཐུག་པའི་མཇལ་མོལ་དང་པོ་དེ་ཆགས་ཀྱི་ཡོད་སྟབས། རེས་གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཕོ་བྲང་དཀར་པོའི་མདུན་ཐང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་ཡུ་གུར་བ་དང་ཧོང་ཀོང་བ་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གཞི་རྩའི་འགྲོ་བ་མིའ་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་མཚམས་འཇོག་བྱ་སླད་སྲིད་འཛིན་བྷ་ཌན་མཆོག་གིས་ཚོགས་འདུ་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པ་དང་། ཅི་སྟེ་ཞི་ཅིན་ཕིང་དང་རྒྱ་ནག་གཞུང་ནས་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་ཐོག་གཞུང་འབྲེལ་གྱི་མགྲོན་འབོད་གནང་ཚེ་ངོས་བཞེས་གནང་རྒྱུ་མེད་པ་མ་ཟད། རྒྱལ་ཚབ་ཀྱི་མི་སྣའང་ཆེད་གཏོང་གནང་རྒྱུ་མེད་པ་སོགས་ཀྱི་དགོས་མདུན་དོན་ཚན་དྲུག་ཆེད་འདོན་གནང་ཡོད་པ་ལྟར། ཤེས་རྟོགས་བྱུང་བར་གཞིགས་ན་སྲིད་འཛིན་གཉིས་ཀྱི་དབར་ལ་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་སྐོར་གྱི་གནད་དོན་རིགས་བྱུང་མེད་པ་རེད།

ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དབར་མཇལ་མོལ་གནང་འཆར་དང་བོད་མིའི་ཞུ་སྐུལ།

ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་གྱི་ཕྱི་དྲོར་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་དྲྭ་ལམ་བརྒྱུད་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དང་བསྟུན་ཁ་སང་རེས་གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཕོ་བྲང་དཀར་པོའི་མདུན་ཐང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་འོག་བོད་རིགས་དང་ཡུ་གུར་བ། ཧོང་ཀོང་བ་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གཞི་རྩའི་འགྲོ་བ་མིའ་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་རྣམས་མཚམས་འཇོག་བྱ་སླད་སྲིད་འཛིན་བྷ་ཌན་མཆོག་གིས་ཚོགས་འདུའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པ་སོགས་དགོས་མདུན་དོན་ཚན་དྲུག་ཆེད་འདོན་གནང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག་པར་མ་ཟད། ལས་འགུལ་བ་ཁག་ཅིག་ཕོ་བྲང་དཀར་པོའི་མདུན་ཐང་དུ་རེས་གཟའ་ཉི་མའི་ཉིན་དགུང་ནས་རེས་གཟའ་ཟླ་བའི་ཆུ་ཚོད་ ༥༠ རིང་མུ་མཐུད་ཞུ་གཏུག་གནང་གི་ཡོད་པ་རེད། ཁ་སང་གི་ལས་འགུལ་ཐོག་བོད་རིགས་དང་ཧོང་ཀོང་བ། དེ་བཞིན་ཡུ་གུར་བ་སོགས་ཀྱིས་རང་ཉིད་ཀྱི་ཕྱག་ལ་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་དང་འཛིན་བྷ་ཌན་མཆོག་གིས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་གནང་དགོས་པ་སོགས་བཀོད་པའི་སྦྱར་ཡིག་བསྣམས་འདུག དགོས་འདུན་དོན་ཚན་དྲུག་པོའི་ནང་དུ་ཅི་སྟེ་ཞི་ཅིན་ཕིང་དང་རྒྱ་ནག་གཞུང་ནས་ ༢༠༢༢ ལོའི་ཨོ་རྩེད་འགྲན་བསྡུར་ཐོག་གཞུང་འབྲེལ་གྱི་མགྲོན་འབོད་གནང་ཚེ་ངོས་བཞེས་གནང་རྒྱུ་མེད་པ་དང་། རྒྱལ་ཚབ་ཀྱི་མི་སྣའང་ཆེད་གཏོང་གནང་རྒྱུ་མེད་པ། བོད་ནང་གི་འབྲོག་པ་དང་མང་ཚོགས་ཀྱི་ངོས་ནས་ཆོག་མཆན་མ་ཐོབ་བར་རྒྱ་གཞུང་ནས་ཡར་རྒྱས་འཛུགངས་སྐྲུན་ཞེས་པར་ཁ་གཡར་བའི་བྱ་སྤྱོད་རིགས་སྤེལ་མཚམས་འཇོག་དགོས་པ། དེ་བཞིན་བོད་དང་ཧོང་ཀོང་། ཤིན་ཅང་སོགས་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་འཕྲོད་བསྟེན་ཀྱི་གནས་བབ་ཕྱི་གསལ་བྱེད་དགོས་པ་སོགས་དགོས་འདུན་དོན་ཚན་དྲུག་ཆེད་འདོན་གནང་ཡོད།ཨ་རི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག JenPsaki ལགས་ཀྱིས་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་མོལ་ཁྲོད་འགྲན་བསྡུར་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་འགན་འཁྲི་དང་མཉམ་རུབ་ཀྱི་གནང་སྒོ་ཅི་ཞིག་ཡོད་མིན་སོགས་ཀྱི་སྐོར་ལ་བགྲོ་བསྡུར་གནང་རྒྱུ་དང་། སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རིའི་གཞུང་གི་བཞེངས་ཕྱོགས་གཙོས་གལ་གནད་ཅན་གྱི་གནད་དོན་རིམ་པ་འཇོག་སྟངས་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་རྒྱུ་དང་། ལྷག་པར་དུ་སྲིད་འཛིན་བྷ་ཌན་མཆོག་གི་གཞུང་འཛིན་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་དང་ཤིན་ཅང་། ཐེ་ཝན་སོགས་ཀྱི་གནད་དོན་ཐད་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད་ཅེས་གསུངས་འདུགགཞི་རྩའི་སྲིད་འཛིན་བྷ་ཌན་མཆོག་གིས་ཨ་རི་སྲིད་འཛིན་གྱི་ལས་འཁུར་ཞུས་པ་ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཉམ་དུ་ཐེངས་གཉིས་ཙམ་བཀའ་མོལ་བྱུང་བའི་ཁྲོད་ཐེངས་དང་པོ་དེ་ཕྱི་ཟླ་ ༢ ནང་ཆུ་ཚོད་གཉིས་ཙམ་གྱི་རིང་ཡིག་འབྲེལ་གནང་ཡོད་པ་དང་། ཕྱི་ཟླ་ ༩ ནང་ཁ་པར་བརྒྱུད་སྐར་མ་དགུ་བཅུ་ཙམ་གྱི་རིང་བཀའ་མོལ་གནང་ཡོད་པ་རེད། ཐེངས་འདིའི་མཇལ་མོལ་དེ་ནི་སྲིད་འཛིན་གཉིས་ཀྱི་དབར་ལ་དྲྭ་ལམ་བརྒྱུད་ནས་ངོ་ཐུག་གི་ཐོག་ནས་མཇལ་མོལ་གནང་གི་ཡོད་པ་རེད།

རྒྱ་གཞུང་གི་གནོན་ཤུགས་ལ་ལྟོས་མེད་ཨི་ཊ་ལིར་རྒྱ་རིགས་ལས་འགུལ་བའི་སྒྱུར་རྩལ་འགྲེམས་སྟོན་དབུ་འབྱེད།

རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་ལ་ལྟོས་མེད་ཨི་ཊ་ལིའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ Brescia ནང་རྒྱ་རིགས་མང་གཙོའི་ལས་འགུལ་བའི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གོ་སྒྲིག་བརྒྱུད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མངོན་གསལ་གནང་འདུགརྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ཆེན་ Badiucao ལགས་ཀྱིས་ཟླ་བ་འདིའི་ཚེས་ ༡༣ ཉིན་ཨི་ཊ་ལིའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ Brescia ནང་རྟེན་གཞི་བྱས་པའི་ Santa Giulia འགྲེམས་སྟོན་ཁང་དུ་ China is (not) near ཞེས་པའི་བརྗོད་གཞིའི་འོག་རྒྱ་ནག་ནང་གི་ཆབ་སྲིད་དྲག་གནོན་དང་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་དམ་དྲག་བྱེད་བཞིན་པ་བཅས་མངོན་གསལ་གྱིས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་ཆེས་ཐོག་མ་དེ་གོ་སྒྲིག་གནང་འདུག ཐེངས་འདིའི་འགྲེམས་སྟོན་ནང་སྒྱུ་རྩལ་བ་རང་ཉིད་ཀྱི་ཁྲག་གིས་བྲིས་པའི་ཚོུད་འདྲ་མིན་གྱི་རི་མོ་ ༦༤ ཙམ་འགྲེམས་སྟོན་གནང་བ་བརྒྱུད་དེ་སྔ་གནམ་བདེ་སྒོ་མོ་ཆེའི་དྲུག་བཞི་དོན་རྐྱེན་སྐབས་ཆ་ཤས་བཞེས་མཁན་རྒྱ་རིགས་དམག་མི་ཚོར་ཚོུད་རེ་སྤྲད་ཡོད་པའི་ལོ་རྒྱུས་ཀྱི་རྣམ་པ་མཚོན་ཐབས་བྱས་པ་དང་དེ་བཞིན་རྒྱ་གཞུང་གིས་མང་ཚོགས་ལ་མནར་གཅོད་གཏང་རྒྱུར་ཆེད་སྤྱོད་བྱས་པའི་རྐུབ་སྟེགས་ཀྱི་རྣམ་པ་གསར་བཟོ་བྱས་ནས་འགྲེམས་སྟོན་དབུ་འབྱེད་ཀྱི་ཉིན་ཤས་རིང་ལ་སྒྱུ་རྩལ་བ་ཁོང་གིས་མནར་གཅོད་ཀྱི་རྐུབ་སྟེགས་ཐོག་དངོས་སུ་བཞུགས་ཏེ་ཁོང་ལ་དེ་སྔ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་བཏང་འབྱོར་བྱུང་བའི་ཝུ་ཧན་ནང་ཏོག་དབྱིབས་གཉན་རིམས་ཐོག་མ་ཁྱབ་གདལ་བྱུང་བའི་རྗེས་ཀྱི་ལས་དོན་སྤེལ་ཕྱོགས་སྐོར་འཁོད་པའི་ཉིན་ཐོ་ཞིག་སྒྲོག་སྦྱང་གནང་རྒྱུ་རེད་འདུགལྷག་པར་དུ་འགྲེམས་སྟོན་དེའི་ནང་རྒྱ་ནག་ལ་ཁོང་ཁྲོ་སློང་གཞི་གཙོ་བོ་གཅིག་ནི་སྒྱུ་རྩལ་བ་རང་ཉིད་ཀྱི་ཟུང་ཁྲག་གིས་བྲིས་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་སྐུ་ Carrie Lam གཉིས་ཀྱི་འདྲེས་མའི་འདྲ་པར་ཞིག་གཤམ་སྟོན་བརྒྱུད་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་ཉམས་རྒུད་ཕྱིན་པ་གསལ་བཟོ་གནང་བ་དེ་ཆགས་ཀྱི་ཡོད་པ་རེད། ད་རེས་སྐུ་ཞབས་ Badiucao ལགས་ཀྱི་འགྲེམས་སྟོན་དབུ་འབྱེད་ཀྱི་སྔ་རོལ་དུ་རྒྱ་གཞུང་གིས་འགྲེམས་སྟོན་དེ་ཕྱིར་འཐེན་དགོས་པའི་ཐད་ལ་ཨི་ཌ་ལིའི་གཞུང་འབྲེལ་ལས་བྱེད་རྣམས་ལ་དེ་འབྲེལ་འགྲེམས་སྟོན་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་དང་འབྲེལ། ཨི་ཌ་ལི་ནང་གི་རྒྱ་ནག་གཞུང་ཚབ་ཁང་ནས་ཡུལ་དེའི་ Brescia གྲོང་ཁྱེར་ལ་ཞུ་ཡིག་ཞིག་ཕུལ་སྟེ་སྒྱུ་རྩལ་བ་ཁོང་གི་ཕྱག་ལས་རྣམས་རྒྱ་གཞུང་དང་ལྟ་སྤྱོད་དང་མི་མཐུན་པར་མ་ཟད་རྫུན་གཏམ་འབའ་ཞིག་ཡིན་སྐོར་དང་དེས་ཨི་ཊ་ལི་དང་རྒྱ་ནག་གཉིས་ཀྱི་སྐྱིད་ཉམས་ཅན་གྱི་འབྲེལ་བར་ཉེན་ཁ་བཟོ་རྒྱུ་མ་ཟད་ཨི་ཊ་ལི་དང་རྒྱ་ནག་དབར་གྱི་ཚོང་གི་འབྲེལ་ལམ་ལའང་དོ་ཕོག་འགྲོ་ངེས་ཡིན་པར་མངོན་གསལ་མ་ཡིན་པའི་སྡིགས་ར་སྐུལ་ཡོད་ཀྱང་། Brescia གྲོང་ཁྱེར་ལས་བྱེད་པ་དང་འགྲེམས་སྟོན་བདག་སྲུང་བ་གཙོས་གོ་སྒྲིག་ཚོགས་ཆུང་གིས་རྒྱ་གཞུང་གི་གནོན་ཤུགས་ལ་ལྟོས་མེད་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་གྱིས་འགྲེམས་སྟོན་གྱི་འཆར་གཞི་ལྟར་གནང་ཆོག་པར་བཀའ་གནང་འདུགBrescia གྲོང་ཁྱེར་སྤྱི་ཁྱབ་པ་གཞོན་པ་ལྕམ་ Laura Castelletti ལགས་ཀྱིས་AFP གསར་ཁང་ལ་གསུངས་པར་ཁོང་གིས་ Brescia གྲོང་ཁྱེར་རམ་གྲོང་སྡེ་ལྷན་ཚོགས་ཡང་ན་ཁུལ་དེར་གནས་འཁོད་མང་ཚོགས་ཁྲོད་ལ་གོ་སྒྲིག་བྱ་རྒྱུ་གོང་ཞུས་འགྲེམས་སྟོན་ཐོག་དོགས་པ་ཕྲ་མོ་ཙམ་ཡང་མེད་ཅེས་གསུངས་པར་མ་ཟད། འགྲེམས་སྟོན་ཐེབས་རྩའི་འགན་འཛིན་གྱིས་འགྲེམས་སྟོན་དེ་གནང་བ་བརྒྱུད་རྒྱ་རིགས་བྱེ་བྲག་པ་དང་རྒྱ་ནག་གི་རྒྱུན་སྲོལ་དང་རིག་གཞུང་དར་ཁྱབ་བཅས་ལ་དགའ་མིན་གྱི་དམིགས་དོན་གང་ཡང་མེད་ཅེས་གསུངས་ཏེ་ད་རེས་ཀྱི་འགྲེམས་སྟོན་བརྒྱུད་ང་ཚོས་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་ནན་བརྗོད་གནང་ཡོད། སྒྱུ་རྩལ་བ་སྐུ་ཞབས་ Badiucao ལགས་ཀྱིས་གསར་འགོད་པ་ཁག་ལ་འགྲེལ་བརྗོད་གནང་བར་གཞིགས་ན། ཁོང་གིས་རི་མོའི་སྒྱུ་རྩལ་རྣམས་དུས་རྟག་ཏུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དམིགས་ཀྱི་ཡོད་སྟབས་ཁོང་རྒྱ་གཞུང་གི་དགྲ་བོ་ཨང་དང་པོའི་གྲས་སུ་ངོས་འཛིན་གྱི་ཡོད་པ་དང་རྒྱུ་མཚན་དེར་བརྟེན་སྐུ་ཞབས་ཁོང་གིས་དེ་ལྟ་བུའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་རྒྱུ་ནི་དངོས་ཡོད་ཀྱི་ཧུར་བརྩོན་ཅན་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ཅེས་གསུངས་འདུགགཞི་རྩའི་རང་ལོ་ ༣༥ ལ་སོན་པའི་སྒྱུ་རྩལ་བ་སྐུ་ཞབས་ Badiucao ལགས་ནི་ཨོ་སི་ཊོ་ལི་ཡར་གནས་བཞུགས་གནང་བཞིན་པ་དང་དེ་སྔ་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱི་ཕྱག་རོགས་ཟུར་པ་ཞིག་ཡིན་པ་རེད། ཁོང་གིས་དེ་སྔོན་ལོ་མང་རིང་རང་ཉིད་ཀྱི་ངོ་བོ་གསང་རྒྱ་གནང་བའི་ཐོག་ནས་རྒྱ་ནག་ལ་ཁོང་ཁྲོའི་རྣམ་པ་མཚོན་ཐབས་ཀྱི་རིས་མོ་འདྲ་མིན་བྲིས་མྱོང་ཡོད་པ་དང་། ཐེངས་འདིའི་འགྲེམས་སྟོན་དེ་ཟླ་ ༡༡ ཚེས་ ༡༣ ནས་འཆར་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ བར་གནང་གི་འདུག

རྒྱ་ནག་གིས་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གྲོས་ཆོད་ཐེངས་གསུམ་པ་གཏན་འབེབས།

ཟླ་འདིའི་ཚེས་ ༨ ཉིན་ནས་ཚེས ༡༡ བར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་པེ་ཅིན་དུ་ཚོགས་ནས་ཁ་སང་མཇུག་སྒྲིལ་ཡོད་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་ལོ་བརྒྱའི་ལོ་རྒྱུས་ལ་བསྐྱར་ཞིབ་དང་མ་འོངས་པའི་ཕུགས་འདུན་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་ཅན་གྱི་གྲོས་ཆོད་ཐེངས་གསུམ་པ་གཏན་འབེབས་ཀྱིས་ཁོ་བོ་རྒྱ་ནག་གི་སྲིད་འཛིན་རིམ་པའི་ཁྲོད་ཀྱི་མའོ་ཙེ་ཏུང་དང་ཏིན་ཞོ་ཕེན་ལྟ་བུའི་དབང་ཤུགས་དང་བྱས་རྗེས་ཆེ་བའི་འགོ་ཁྲིད་ཅིག་གི་གོ་བབ་ཡོད་པར་བཟོས་འདུགརྩ་བའི་ཐེངས་འདིའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༡༩ བའི་ནང་མོལ་ཚང་འཛོམས་གྲོས་ཚོགས་ཐེངས ༦ པའི་ཐོག  རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ ༤༠༠ ལྷག་གི་གཙོ་བྱས་པའི་། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཁག་ཅིག་གིས་ཚོགས་ཞུགས་བྱས་ཏེ། དམར་ཤོག་ཚོགས་པའི་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་བརྒྱུད། སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་གཙོ་འདོན་གྱི་འོག་ནས།  དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ཀྱིས་གཅིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱིས་ཀྲུང་ཧ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བའི་རྨི་ལམ་མངོན་འགྱུར་བྱེད་རྒྱུར་ཤུགས་སྣོན་གང་ལེགས་རྒྱག་རྒྱུ་ཡིན་པར་གྲོས་འཆམ་བྱུང་ཡོད་པ་དང་། གནད་དོན་དེ་ལས་ལོ་རྗེས་མའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་སུ་ཞི་ཕིང་ལོ་ལྔ་ཚན་གསུམ་པའི་རྒྱ་ནག་གི་སྲིད་འཛིན་དུ་འདུག་ཐུབ་རྒྱུའི་ས་བརྟན་གྱི་ལམ་ཁ་ཞིག་བཟོ་སྐྲུན་བྱས་འདུགཨ་རིའི་ནང་དུ་རྟེན་གཞི་བྱས་པའི་Bloomberg གསར་ཁང་གིས་རྒྱ་ནག་གི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་དང་འབྲེལ་ནས་དཔྱད་བརྗོད་སྤེལ་བའི་ནང་དུ། སྲིད་འཛིན་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་འགོ་ཁྲིད་འོག་གི་རིག་གནས་གསར་བརྗེ་སོགས་ཀྱི་མཚོན་པའི་ལོ་རྒྱུས་ཀྱི་རྨས་སྐྱོན་ཁག་ལ་ལྟོས་མེད་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་བྱ་བཞག་ལེགས་འགྲུབ་ལ་ཆེ་བསྟོད་དང་། སྒོས་སུ་ཁོང་གི་ལས་ཁུར་གྱི་དུས་ཡུན་ཁྲོད་འབྱོར་འབྲིང་གི་སྤྱི་ཚོགས་སྐྲུན་པར་དབུལ་ཕོངས་ལ་རོགས་སྐྱོར་བྱས་པ་སོགས་ཀྱི་གཏམ་བཤད་སྤེལ་བ་མ་ཟད། མ་འོངས་ཀྱི་ལོ་ངོ་སུམ་ཅུའི་ནང་ཚུན་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ཀྱི་སྲོག་ཤིང་དུ་འགྱུར་ངེས་ཀྱི་སྲིད་བྱུས་ཁག་ཅིག་གི་སྐོར་ལ་གླེང་མོལ་བྱས་ཡོད་པར་མངོན་གསལ་གནང་འདུགགཞི་རྩའི་ཁ་སང་གི་ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་དོན་ཁག་ཡོངས་སུ་ཕྱིར་བསྒྲགས་བྱས་མེད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་གྱི་ཀྲུང་གོའི་བོད་ལྗོངས་དྲ་བའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་འབྲེལ་བ་ཡོད་པའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་དགོངས་པ་གཏིང་ཟབ་མོ་བཞེས་པ་དང་ཚན་རིག་དང་མཐུན་པའི་བརྡར་གཅོད་གནང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་འབྲེལ་ནས། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བ་བརྒྱུད་ནས་དམར་ཤོགས་ཚོགས་པའི་རླབས་ཆེའི་སྙིང་སྟོབས་དར་སྤེལ་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བསྒྲགས་འདུགརྒྱ་གར་གྱི་ Times of India གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིའི་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་ཀྱི་དམིགས་འབེན་གཙོ་བོ་དེ་ནི་སྲིད་ཞི་ཅིན་ཕིང་སྔར་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་དང་མུ་མཐུད་དུ་ལོ་ལྔ་ཚན་གསུམ་པར་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འདུག་ཐུབ་རྒྱུར་དམིགས་པ་ཞིག་དང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཁྲོད་ཀྱི་གྲོས་ཆོད་ཐེངས་གསུམ་པ་ཞིག་འཇོག་ཐབས་ཀྱིས་མ་འོངས་བར་ཞི་ཅིན་ཕིང་གི་ལྟ་གྲུབ་གཞིར་བཞག་གིས་དམར་ཤོག་ཚོགས་པ་མདུན་སྐྱོད་བྱེད་ཐབས་ལ་དམིགས་པ་ཞིག་ཡིན་མངོན་གསལ་གནང་ཡོད་པ་དེ་ལྟར་ཡང་།  རྒྱ་ནག་གི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་འཇོག་སྐབས་སྲིད་འཛིན་ཞི་ཅིན་ཕིང་ལ་སྲིད་འཛིན་ཟུར་བ་མའོ་ཙེ་ཏུང་དང་ཏིན་ཞོ་ཕེན་གཉིས་ལྟ་བུའི་མངོན་གསལ་དོད་པའི་དཔོན་རིགས་ནང་ཁུལ་གྱི་རྒྱབ་སྐྱོར་མེད་པར་བསྒྲགས་འདུག རྩ་བའི་ཕྱི་ལོ་ ༡༩༤༥ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས  ༦ པའི་ཐོག་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་དང་པོ་དེ་བཞག་ཡོད་པ་དང་། དེ་བཞིན་ཕྱིས་སུ་ཕྱི་ལོ ༡༩༨༡ ལོའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས ༡༡ པའི་ཐོག་ལོ་རྒྱུས་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་གཉིས་བ་བཞག་ཡོད་པ་རེད།

རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་གྱི་གནས་བབ་ཐེར་འདོན་གནང་མཁན་རྒྱལ་ཚོགས་ཀྱི་ལས་གནས་ནས་ཕྱིར་འབུད།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་གཞུང་དང་ངན་པ་ལག་སྦྲེལ་བྱས་ཏེ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཁག་ཏུ་རྒྱ་ནག་གི་གནད་དོན་ཐོག་ཉན་ཞིབ་ཆེད་ཕེབས་མཁན་གྱི་ཡུ་གུར་བ་དང་བོད་མི། དེ་བཞིན་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པ་ཁག་ཐེར་འདོན་གནང་མཁན་རྒྱལ་ཚོགས་ཀྱི་ལས་བྱེད་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཡིན་པ་ལྕམ་ Emma Reilly ལགས་རྒྱལ་ཚོགས་ཀྱི་ལས་གནས་ནས་ཕྱིར་འབུད་བཏང་འདུགབརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན་ཁ་སང་རྒྱལ་ཚོགས་ནས་ལྕམ་ Emma Reilly ལགས་ལ་གསལ་བཤད་ཞིབ་ཕྲ་མེད་པར་རྒྱལ་ཚོགས་ཀྱི་ལས་གནས་ནས་ཕྱིར་འབུད་བཏང་འདུག་པ་དང་སྐབས་དེར་ཁོང་གིས་བརྒྱུད་ལམ་ཁག་ཏུ་ད་རེས་ལས་གནས་ནས་ཕྱིར་འབུད་བཏང་བ་དེ་ནི་དེ་སྔ་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་པའི་བྱེད་བབ་ཁག་ཐེར་འདོན་བྱས་པའི་དབང་གིས་ཡིན་པར་འགྲེལ་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་གནང་སྟངས་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་ནི་མིང་དོན་མཚུངས་པའི་རྒྱལ་ཚོགས་ཀྱི་དྲུང་ཆེ་ཞིག་མིན་པར་རྒྱལ་ཚོགས་ཀྱི་ལས་དོན་རྣམས་རྒྱ་ནག་གི་དབང་ཤུགས་འོག་འགྲོ་ཡི་ཡོད་པ་གསལ་པོ་ཆགས་ཡོད་ཅེས་གསུངས་ཡོད། ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་གིས་གཙོས་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ཀྱིས་གནད་འགག་ལ་ཐུག་སྐབས་རྒྱལ་ཚོགས་ཀྱི་ཆེ་མཐོང་སྲུང་སྐྱོབ་མ་གནང་བར་རྒྱ་ནག་གི་གནོན་ཤུགས་འོག་མགོ་སྒུར་བཞིན་པ་གསལ་པོ་ཆགས་ཡོད་ཅེས་གསུངས་པར་མ་ཟད་རྒྱལ་ཚོགས་ཀྱི་གནད་ཡོད་རྣམ་པའི་བྱེད་སྟངས་དེས་རྒྱ་ནག་དང་འབྲེལ་བའི་གནད་དོན་ལ་ཐུག་སྐབས་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་སྒྲིག་གཞི་ཁག་ཀྱང་བརྩི་མེད་གཏོང་བཞིན་ཡོད་པ་རེད་ཅེས་གསུངས་འདུགགཞི་རྩའི་ལྕམ་ Emma Reilly ལགས་ཀྱིས་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་པའི་གནད་དོན་ཁག་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་ཡོངས་གྲགས་གནང་ཡོད་པ་དང་སྐབས་དེར་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་ཀྱིས་གཙོས་པའི་གནད་ཡོད་ལས་བྱེད་ཁག་དང་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་སྐུ་ཚབས་རྣམས་ནས་རྒྱ་གཞུང་གི་གནོན་ཤུགས་འོག་མགོ་བོ་སྒུར་བར་མ་ཟད་རྒྱལ་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཁག་ཏུ་ཕེབས་པའི་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་ཡུ་གུར་བ་དང་བོད་མི། དེ་བཞིན་ཧོང་ཀོང་བཅས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ལ་ལྟ་སྲུང་ནན་པོ་བྱས་ཏེ་ཁོང་རྣམ་པའི་གནས་ཚུལ་རྣམས་ལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་དང་རྒྱ་ནག་གཞུང་གིས་ཀྱང་ལས་འགུལ་བ་རྣམས་ཀྱི་ནང་མི་ཉེ་འབྲེལ་འཛིན་བཟུང་བྱས་ཏེ་རྒྱལ་ཚོགས་ཀྱི་ལས་རིམ་ཐོག་མཉམ་ཞུགས་བྱ་རྒྱུར་གནོན་ཤུགས་སྤྲད་པ་སོགས་ཀྱི་བྱེད་བབ་ཁག་ཞིབ་རྒྱས་གསུངས་ཡོད། འོན་ཀྱང་སྐབས་དེར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ལྕམ་ Reilly ལགས་ཀྱིས་གསུངས་པ་དེ་བདེན་པ་མིན་སྐོར་བཤད་པ་ལས་གསལ་བཤད་ཞིབ་ཕྲ་གང་ཡང་གང་བྱས་མི་འདུག ཉེ་ཆར་ལྕམ་ Emma Reilly ལགས་ནས་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲིའི་ཐོག་རྒྱལ་ཚོགས་ཀྱི་ལས་དོན་གང་འདྲ་གནང་ཡང་རྒྱ་ནག་གི་སྐུ་ཚབ་ཀྱིས་སྔར་ས་ནས་འབྲེལ་ཡོད་རྒྱལ་ཚོགས་ཀྱི་མི་སྣའི་དྲུང་ནས་གནས་ཚུལ་རྒྱུས་ལོན་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་གི་བྱེད་སྟངས་དེ་དག་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་གཙོས་འབྲེལ་ཡོད་ཚོས་ཤེས་ཀྱི་ཡོད་ཀྱང་སྣང་དུ་གཏོང་བཞིན་པར་འགྲེལ་བརྗོད་དང་སྦྲགས་ཏེ། ད་ལྟའི་རྒྱལ་ཚོགས་ཀྱི་བྱེད་སྟངས་དེ་དག་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་ཆེད་འཛུགས་གནང་བའི་དགོས་དམིགས་དང་ཡོངས་སུ་འགལ་བའི་ཚོགས་པ་ཞིག་གྱུར་འདུག་ཅེས་གསུངས་ཡོད།རྩ་བའི་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་ཙམ་མ་ཟད་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་པ་སྒྲིག་འཛུགས་དང་ཤེས་ཡོན་གྱི་ལྟེ་གནས་སོགས་ཀྱི་ལས་དོན་ཐོག་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་རང་ཉིད་ཀྱི་ལྟ་སྤྱོད་ཁྱབ་སྤེལ་དང་། ལས་དོན་ཁག་ལ་ཚོད་འཛིན་དམ་དྲག་སོགས་ཀྱི་ཐེ་བྱུས་སྣ་ཚོགས་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཚོགས་ཀྱི་ལས་དོན་ཁྲོད་དུ་ཐེ་གཏོགས་དང་གནོན་ཤུགས་ཆེས་ཆེར་འགྲོ་བཞིན་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ད་རེས་དཔྱད་ཞིབ་པ་ཁག་ཅིག་གིས་ལྕམ་ Emma Reilly ལགས་ལས་གནས་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བྱེད་སྟངས་དེར་བློ་ཕམ་ཡོད་ཅེས་གསུང་མཁན་འདུག་ལ། ཁག་ཅིག་གིས་ཐག་གཅོད་དེར་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་དབུས་པའི་རང་དབང་ཅན་གྱི་འགོ་ཁྲིད་ཚོས་ཁ་ཁུ་སིམ་པོར་བཞུགས་པ་དེས་རྒྱལ་ཚོགས་ཀྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གི་ལག་ཏུ་ཡོད་པ་གསལ་པོ་རེད་ཅེས་གསུང་མཁན་ཡང་འདུག

རྒྱལ་སྤྱིའི་ཚོང་ལས་མཐུན་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་ལ་རྒོལ་རྡུང་།

ཁ་སང་སྦེལ་ཇམ་དུ་རྟེན་གཞི་བྱས་པའི་ ITUC ཞེས་པའི་རྒྱལ་སྤྱིའི་ཚོང་ལས་མཐུན་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ནག་གིས་འགྲོ་བ་མ་མིའི་ཐོབ་ཐང་ལ་དུས་རྒྱུན་ནས་རྡོག་རོལ་ཚ་ནན་གཏོང་གི་ཡོད་པ་མངོན་གསལ་གྱིས་སང་ལོར་རྒྱ་ནག་དུ་འཚོགས་འཆར་གྱི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་དེར་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་ཏེ། བསྒྲགས་གཏམ་གྱི་ངོ་བཤུས་ཤིག་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་ Thomas Bach ལགས་ཀྱི་མཚན་ཐོག་ཏུ་བཏང་འདུག ལྷན་ཚོགས་དེའི་བསྒྲགས་གཏམ་གྱི་ནང་དུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཡོངས་དང་། སྒོས་སུ་རྒྱ་ནག་གིི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་གདོང་ལེན་གྱི་བསྙད་འདོགས་བརྒྱུད་མི་རིགས་རྩ་གཏོར་དང་ངལ་རྩོལ་སྒྱུར་བཀོལ། གཞན་ཡང་ཆོས་ལུགས་དད་མོས་ལ་རྡོག་རོལ་སོགས་ཀྱི་མཚོན་པའི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད། རྒྱ་ནག་གི་ནང་དུ་མཚན་མཐུན་དང་མ་ནིང་གི་སྤྱི་ཚོགས་ལ་བརྙས་བཅོས། ད་དུང་། ལྷན་ཚོགས་ཀྱི་ཚོགས་མི་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སོགས་བཙོན་འཇུག་བྱེད་བཞིན་པ་སོགས་ཀྱི་གནད་དོན་མངོན་གསལ་གནང་འདུག ཚོང་ལས་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལྕམ Sharan Burrow ལགས་ཀྱིས་བསྒྲགས་གཏམ་དང་འབྲེལ་ནས་གསར་ལམ་ཁག་ལ་འགྲེལ་བརྗོད་གནང་བའི་ནང་དུ། ཚོང་ལས་ལྷན་ཚོགས་དེས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་གིས་ལས་གཞི་སྤེལ་རྒྱུར་རེ་བ་བྱེད་བཞིན་པ་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ཀྱང་རྒྱལ་ཁོངས་སོ་སོའི་ཨོ་རྩལ་འགྲན་ཞུགས་པ་རྣམས་ཀྱི་བདེ་འཇགས་ལ་རྒྱབ་སྐྱོར་གནང་རྒྱུ། གཞན་ཡང་སང་ལོའི་རྒྱ་ནག་ནང་གི་ཨོ་རྩལ་ལ་སྦྱིན་བདག་གནང་མཁན་གྱི་བཟོ་ཚོང་ཁང་། Coca-Cola, Airbnb, Visa, Toyota, Alibaba སོགས་ཀྱིས་རྒྱ་ནག་དང་འབྲེལ་བའི་ལས་དོན་དེར་བསྐྱར་ཞིབ་བྱེད་དགོས་བ་མ་ཟད། བཟོ་ཚོང་ཁང་དེ་དག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་རིན་ཐང་ལྟ་ཚུལ་ཁག་ལ་གུས་བརྩི་བྱེད་དགོས་བར་སྐུལ་མ་གནང་འདུག དྲུང་ཆེ་ལྕམ Sharan Burrow ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཚོགས་གཞོན་ John Coates ལགས་ལ་ཡང་སྐྱོན་བརྗོད་དང་འབྲེལ་ནས། སྐུ་ཞབས་ John Coates ལགས་ཀྱི་གཙོ་བྱས་པའི་རང་དབང་གི་ངང་གནས་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དེ་རྒྱལ་ཁབ་སྤྱི་ཡོངས་ལྟར་ངོས་འཛིན་བྱེད་ཐབས་མེད་པ་ཤེས་དགོས་བ་དང་། རྒྱལ་སྤྱིའི་ཁྲོམ་རའི་ནང་རྒྱ་ནག་གིས་རང་གི་ཉེས་བ་དང་འབྲེལ་བའི་ལན་འདེབས་མ་བྱས་བར་དུ་ལས་གཞི་གང་ཡང་སྤེལ་ཐབས་མེད་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་གནང་འདུག གཞི་རྩའི་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གི་ཚོགས་སྐྱིད་ཁང་མང་དག་ཅིག་གིས་རྒོལ་རྡུང་གི་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་པ་ལྟར། བདུན་ཕྲག་སྔོན་མའི་ནང་དུ་ཡང་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་Foreign Correspondents’ Club of Chinaཞེས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་དགུན་དུས་ཨོ་རྩལ་འགྲན་བསྡུར་གྱི་སྐོར་གནས་ཚུལ་སྤེལ་བར་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགོག་རྐྱེན་སྣ་ཚོགས་བཟོས་པ་དང་། རྩེད་འགྲན་དང་འབྲེལ་བའི་བྱེད་སྒོ་ཁག་ཕྱི་གསལ་ནང་གསལ་བཟོས་མེད་པར་མ་ཟད་ཕྱིའི་བརྒྱུད་ལམ་ཁག་ནས་རྩེད་འགྲན་སྐོར་གནས་ཚུལ་སྤེལ་ཆོག་མིན་ཡང་ད་བར་གསལ་བཟོ་མེད་པ་སོགས་སྐྱོན་བརྗོད་གནང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས། Ned Price ལགས་ཀྱིས་ཀྱང་ཨ་རིའི་ངོས་ནས་རྒྱ་ནག་གིས་སང་ལོའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས་གསར་འགོད་པ་རྣམས་ལ་བཀག་སྡོམ་བྱས་མི་ཆོག་པ་དང་། དེ་བཞིན་གསར་འགོད་པ་རྣམས་བདེ་འཇགས་ཀྱི་ངང་ནས་རང་དབང་ལྡན་པའི་ཐོག་གནས་ཚུལ་ཁྱབ་སྤེལ་བྱེད་དུ་འཇུག་དགོས་བར་སྐུལ་མ་གནང་ཡོད་པ་རེད།

རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཁ་གཏད་ཀྱིས་འཛུགས་སྐྲུན་ལས་འཆར་ངོ་སྤྲོད།

ཨ་རིས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ཁ་གཏད་ཀྱིས་རྒྱལ་སྤྱིའི་ཁྲོད་འཛུགས་སྐྲུན་ལས་འཆར་རྒྱ་ཆེ་བ་ལྔ་ནས་བཅུར་མ་རྩ་འཛུགས་འཆར་ཡོད་པ་ཡོངས་གྲགས་གནང་འདུགཁ་སང་ཨ་རིའི་དཔོན་བགྲེས་ཤིག་གིས་བརྒྱུད་ལམ་ཁག་ལ་ཨ་རིའི་ངོས་ནས་ཟླ་བ་དང་པོའི་ནང་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལས་གཞིའི་ཆ་ཤས་འོག་རྒྱལ་སྤྱིའི་ཁྲོད་འཛུགས་སྐྲུན་ལས་འཆར་རྒྱ་ཆེ་བ་ལྔ་ནས་བཅུར་མ་རྩ་འཛུགས་འཆར་ཡོད་པ་དང་དེ་འབྲེལ་ཨ་རིའི་རྒྱལ་ཡོངས་བདེ་སྲུང་ལས་ཁུངས་ཀྱི་སློབ་སྟོན་པ་གཞོན་པ་སྐུ་ཞབས་ Daleep Singh ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཁག་གིས་བདུན་ཕྲག་སྔོན་མར་ཨ་ཕི་རི་ཀའི་ནུབ་ཕྱོགས་ཁུལ་དུ་ཆགས་པའི་ Senegal དང་ Ghana ཁུལ་དུ་དེ་འབྲེལ་གྱི་ལས་འཆར་མི་ཉུང་བ་བཅུ་ངོ་སྤྲོད་གནང་ཡོད་སྐོར་གསུངས་འདུག ཨ་རིའི་དབུ་ཁྲིད་དེ་དག་གིས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་དབུ་འབྱེད་གནང་བའི་ Build Back Better World འམ་ B3W ཞེས་པའི་ལས་གཞི་ལས་རོགས་དངུལ་ཐོབ་ཐབས་སུ་ལས་འཆར་ཁག་འཚོལ་གྱི་ཡོད་པ་དང་དེ་སླད་གཞུང་དང་སྒེར་གཉེར་སྡེ་ཁག་གི་དབུ་ཁྲིད་ཚོ་དང་ཐུག་འཕྲད་ཀྱིས་གོ་བསྡུར་གནང་གི་ཡོད་པར་མ་ཟད་འཆར་གཞི་དེ་དག་ཕྱི་ཟླ་ ༡༢ ནང་འཚོགས་རྒྱུའི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་སྐབས་མཐའ་བསྡོམས་གནང་སྲིད་སྐོར་གསུངས་ཡོད། སྤྱིར་ཨ་རིའི་སྐུ་ཚབ་ཀྱིས་ཟླ་བ་སྔོན་མར་ Ecuador དང་ Panama དེ་བཞིན་ Colombia བཅས་སུ་དེ་འབྲེལ་འཚམས་གཟིགས་ཕེབས་ཡོད་པ་དང་དེ་བཞིན་ལོ་མཇུག་སྔོན་དུ་ཨེ་ཤ་ཡ་ཁུལ་དུ་ཕེབས་རྒྱུ་ཡིན་པ་རེད། B3W ཞེས་པའི་ལས་གཞི་དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་འཛུགས་སྐྲུན་ལས་གཞི་ཆེད་ཕྱི་ལོ་ ༢༠༣༥ བར་ཁྱོན་མ་འཛུགས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༤༠ ཙམ་ཞིག་དགོས་པ་དེ་ཉུང་འཕྲི་གནང་རྒྱུ་དང་ལྷག་པར་རྒྱ་ནག་ནས་དངུལ་བུ་ལོན་གཡར་རྒྱུའི་ལས་དོན་དང་འབྲེལ། རྒྱལ་ཁབ་དེ་དག་ལ་འཕྲད་བཞིན་པའི་དཀའ་ངལ་ལ་ཐབས་ལམ་ཞིག་བསྐྲུན་གྱི་ཡོད་པ་དང་། ཨ་རིའི་ངོས་ནས་ལས་གཞི་དེའི་འོག་ཡར་ཐོན་འགྲོ་ཅན་གྱི་རྒྱལ་ཁབ་ཚོར་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན། འཕྲུལ་ལས་རིག་པ། ཕོ་མོ་འདྲ་མཉམ་ལ་ཆེད་དམིགས་ཀྱིས་བུན་གཡར་དང་རོགས་དངུལ་སོགས་འཐུས་ཚང་གནང་གི་ཡིན་ཞེས་གསུངས་འདུག ཨ་རིའི་སྐུ་ཚབ་ཨ་ཕི་རི་ཀའི་ Senegal ནང་སྔོན་འགོག་སྨན་ཁབ་བཟོ་སྐྲུན་གནང་ས་ཆེད་འཛུགས་གནང་རྒྱུ་དང་དེ་བཞིན་བུད་མེད་ཚོང་གཉེར་བ་ཚོར་དངུལ་བུན་གཡར་གནང་རྒྱུ་སོགས་ཀྱི་ཐད་གོ་བསྡུར་གནང་འདུག ཨ་རིས་ལས་འཆར་དེ་དག་ངོ་སྤྲོད་གནང་སྐབས་ཁུལ་དེའི་ཆེས་མཐོའི་དཔོན་རིགས་ཚོས་དགའ་བསུ་གང་ལེགས་ཞུས་སོང་ཞེས་གསུངས་འདུགརྩ་བའི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ནི་ཕྱི་ལོ་ ༢༠༡༣ ལོའི་མཇུག་ཏུ་ཞི་ཅིན་ཕིང་གིས་ཐོག་མར་བཀོད་འདོམས་བྱས་ཏེ་གཏན་ལ་ཕབ་ཡོད་པ་དང་། ལས་གཞི་དེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱ་ངེས་ཡིན་པར་བརྗོད་ཡོད་ཀྱང་། འདས་པའི་ལོ་ཁ་ཤས་རིང་ལས་གཞི་དེའི་ཁྲོད་རྒྱལ་ཁབ་གཞན་ལ་དངུལ་བུ་ལོན་གཡར་བ་སྤྲོད་མ་ཐུབ་པའི་རྒྱལ་ཁོངས་སུ་བཙན་དབང་གིས་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལག་བསྟར་བྱེད་དགོས་པར་བཟོས་པ་སོགས་རྒྱལ་སྤྱིའི་ཁྲོད་གླེང་གཞི་ཆེན་པོ་བྱུང་ཡོད་པར་མ་ཟད། ད་ཆ་རྒྱལ་སྤྱིའི་ཐོག་ལས་གཞི་དེས་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཏང་དང་གཏོང་བཞིན་ཡོད་པའི་ཐད་ལ་སྐྱོན་བརྗོད་གནང་མཁན་ཇེ་མང་དུ་འགྲོ་མུས་ཡིན་པ་རེད།

ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཡོད།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་ནང་ལ་རྒྱ་གར་གྱི་གཞུང་ཚབ་པའི་ཐུགས་འགན་བཞེས་མྱོང་ཡོད་པ་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། སྐབས་དེའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་པ་དེ་རེད་ཅེས་གསུངས་འདུགདེ་ཡང་ཉེ་ཆར་ཕྱེ་ཚེས་ ༢༥ ཉིན་ལྕམ་ Nirupama Rao ལགས་ཀྱིས་ The Fractured Himalaya: India Tibet China 1949-62 ཆག་གྲུམ་ཤོར་བའི་ཧི་མ་ལ་ཡ། རྒྱ་གར། བོད་དང་རྒྱ་ནག ༡༩༤༩ ནས་ ༦༢ ཞེས་འཁོད་པའི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གསར་པ་ཞིག་འདོན་སྤེལ་གནང་ཡོད་པ་དང་། དཔེ་དེབ་དེའི་ནང་དོན་དང་འབྲེལ་བརྒྱུད་ལམ་གྱིས་བཅར་འདྲི་གནང་བའི་ལས་རིམ་ཐོག་ལྕམ་ Nirupama Rao ལགས་ནས། དཔེ་དེབ་དེ་ནི་ད་ཆ་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོ་ལ་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་རྒྱ་གར་དང་བོད། རྒྱ་ནག་བཅས་ཀྱི་རྙོག་འཛིངས་ཅན་གྱི་གནད་དོན་རྣམས་ངོ་སྤྲོད་བྱེད་རྒྱུར་དམིགས་པ་ཞིག་ཡིན་ཞེས་གསུངས་འདུགམ་ཟད་ཁོང་ནས་སྐབས་དེར་རྒྱ་གར་གྱི་སྲིད་བློན་དམ་པ་ Nehru མཆོག་གིས་རྒྱ་ནག་དང་འབྲེལ་བ་འཇོག་སྟངས་ལས་འཕྲོས་ཏེ། དུས་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གཞུང་གི་ལས་བྱེད་ Sumul Sinha ལགས་ནས། རྒྱ་ནག་བོད་ནང་དུ་འཛུལ་སོང་། ཧི་མ་ལ་ཡའི་གནས་བབ་རང་སོར་གནས་མ་སོང་ཞེས་རྒྱ་གར་གཞུང་ལ་བརྡ་ལན་བཏང་ཡོད་པ་དེ་ཡིས་ Nehru མཆོག་གིས་རྒྱ་ནག་བོད་ནང་འཛུལ་བ་དེ་ཡིས་རྒྱ་གར་ལ་ཉེན་ཚབས་དང་གདོང་ལེན་བྱེད་དགོས་པའི་གནས་སྟངས་མི་ཉུང་བ་ཞིག་འཕྲད་ངེས་ཡིན་པ་ཤེས་ཡོད་ཀྱང་། སྐབས་དེར་རྒྱ་གར་གྱིས་རྒྱ་ནག་ཐོག་བཟུང་བའི་སྲིད་བྱུས་གཙོ་བོ་དེ་རྒྱ་ནག་ལ་ཕོག་ཐུགས་མེད་པའི་འབྲེལ་བ་དམ་ཟབ་ཅིག་གི་ཐོག་ནས་རྒྱ་ནག་དང་རྒྱ་གར་གཉིས་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་གཙོ་གྲས་ཤིག་ཏུ་འགྱུར་རྒྱུའི་བསམ་བློ་དེ་ཡིན་པ་དང་། ད་ལྟའི་ཆ་ལ་སྐབས་དེའི་ཐག་གཅོད་ལ་ལྟ་སྐབས་ཐག་གཅོད་དེ་ནི་ནོར་བ་ཙམ་དུ་མ་ཟད། རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བའི་རྩིས་ལོག་ཐེབས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག འོན་ཀྱང་སྐབས་དེའི་རྒྱ་གར་གཞུང་གི་ཐག་གཅོད་དེ་དག་རྐང་རྒྱ་གར་རང་ཉིད་ཀྱི་བདེ་དོན་ཐོག་ལ་བསམ་བློ་བཏང་བ་ཞིག་ཡིན་སྟབས། ད་ལྟའི་དཀའ་རྙོག་ཚང་མ་སྲིད་བློན་དམ་པ་ Nehru མཆོག་ལ་ཁག་དཀྲི་བྱས་པ་ཙམ་གྱིས་དཀའ་ངལ་ཁག་སེལ་མི་ཐུབ་ཅེས་ཞེས་གསུངས་འདུགདེ་བཞིན་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་ཕྱི་ལོ་ ༡༩༥༠ ལོ་ལ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་རྒྱུ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་དང་། དེའི་གོང་ལ་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད་ཀྱང་། ཕྱོགས་གཞན་ཞིག་ནས་སྐབས་དེར་རྒྱལ་ཚོགས་གཙོས་པའི་ཨ་རི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་བོད་འདི་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡང་བྱས་མེད་སྟབས། རྒྱ་གར་གཙོས་པའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་ཐོག་ལ་དགག་པ་བསྐྱོན་མེད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག སྐབས་དེར་རྒྱ་གར་ངོས་ནས་བོད་ལ་དམག་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐུབ་མེད་ནའང་། བོད་མི་ཚོས་རྒྱལ་ཚོགས་ལ་ཞུ་གཏུགས་གནང་པའི་སྐབས་སུ་རྒྱ་གར་གི་ངོས་ནས་རྒྱབ་སྐྱོར་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པ་དེ་ལེན་ཐུབ་མེད་པ་རེད་ཅེས་གསུངས་འདུག གཞན་ཡང་དཔེ་དེབ་དེའི་ནང་ལ་སྐབས་དེའི་རྒྱ་གར་གྱི་འགོ་ཁྲིད་ཚོས་རྒྱ་ནག་ལ་ལྟ་སྟངས་མི་འདྲ་བ་ཇི་བྱུང་སྐོར་དང་འབྲེལ། ཕྱི་ལོ་ ༡༩༤༧ ནས་ ༡༩༥༠ བར་རྒྱ་གར་གྱི་སྲིད་བློན་གཞོན་པའི་ཐུགས་འགན་བཞེས་མཁན་སྐུ་ཞབས་དམ་པ་ Sardar་ Patel མཆོག་ནས་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་དེས་བོད་ཙམ་མ་ཟད་རྒྱ་གར་ལ་ཡང་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་རེད་ཅེས་ཡོངས་གྲགས་སུ་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་ཞིག་ཡིན་ཡང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ཕྱི་ལོ་ ༡༩༥༠ ལོར་དགོངས་པ་རྫོགས་ཏེ་རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བའི་ཐག་གཅོད་མང་དག་ཅིག་ཁོང་མེད་པའི་སྐབས་སུ་བྱེད་དགོས་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། གལ་སྲིད་སྐབས་དེའི་ཐག་གཅོད་ཀྱི་བརྒྱུད་རིམ་སྐབས་སུ་སྐུ་ཞབས་དམ་པ་ Sardar Patel ལགས་ཡོད་པ་ཡིན་ན་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་བཤད་ཚོད་ཁག་པོ་ཡིན་ཡང་། སྐབས་དེའི་སྲིད་བློན་དམ་པ་ Nehru མཆོག་གི་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་རྒྱ་ནག་ལ་ཕོག་ཐུགས་ཙམ་ཡང་མི་བྱེད་རྒྱུའི་སྲིད་བྱུས་འོག བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་བྱས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་ཆ་རྒྱ་དཀར་ནག་དབར་འཕྲད་བཞིན་པའི་ས་མཚམས་སོགས་ཀྱི་དཀའ་རྙོག་དེ་དག་ཀྱང་དེ་སྔ་བོད་ནང་ཡོད་པའི་རྒྱ་གར་གྱི་རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་ཐུབ་ཡོད་མིན་ཐད་རང་བཞིན་གྱིས་འབྲེལ་བ་ཆེན་པོ་ཞིག་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ། སྲིད་བློན་Modi མཆོག་དང་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དངོས་སུ་མཇལ་འཕྲད་སོགས་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་འགོ་འཛུགས་ཡག་པོ་ཞིག་བྱུང་ཡོད་ཀྱང་། ཉེ་ལམ་རྒྱ་ནག་ཕྱོགས་ནས་ལ་དྭགས་ Galwan ཡུལ་གཤོང་དུ་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་བ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་དཀར་ནག་གཉིས་ནས་ཆབ་སྲིད་ཀྱི་ཐབས་ལམ་ཞིག་རྒྱུད་ས་མཚམས་ཀྱི་བདག་དབང་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་ཐབས་བྱེད་དགོས་པ་དང་། ས་མཚམས་དང་འབྲེལ་བའི་དཀའ་རྙོག་དེ་སེལ་མ་ཐུབ་བར་དུ་རྒྱལ་ཁབ་ཕྱོགས་གཉིས་དབར་ལ་དོན་ཕན་ལྡན་པའི་འབྲེལ་ལམ་དང་གྲུབ་འབྲས་ཤིག་ཡོང་རྒྱུ་ཁག་པོ་རེད་ཅེས་གསུངས་འདུག གཞན་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Nirupama Rao ལགས་ཀྱི་དཔེ་དེབ་གསར་པ་ The Fractured Himalaya: India Tibet China 1949-62 ཞེས་པ་དེའི་ནང་ལ་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་དང་། ཕྱོགས་ཕན་ཚུན་དབར་བྱུང་བའི་བཙན་འཛུལ་དང་དམག་གི་དོན་རྐྱེན། དེ་བཞིན་འབྲུག་ཡུལ་སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནས་བབ་སོགས་ཀྱི་སྐོར་འཁོད་ཡོད་པ་རེད་འདུག

བོད་རིགས་ཨ་རི་བ་སྐུ་ཞབས་ Aftab Pureval ལགས་ཨ་རིའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས།

ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་ Ohio མངའ་སྡེའི་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུ་ནང་བོད་རིགས་ཨ་རི་བ་ Aftab Pureval ལགས་འོས་བསྡུའི་རྒྱལ་ཁ་ཐོབ་འདུག་པ་དང་ཨ་རི་ནང་འཚར་ལོངས་བྱུང་བའི་བོད་རིགས་ཤིག་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།ཕ་རྒྱ་གར་བ་དང་ཨ་མ་བོད་རིགས་ཡིན་པ་ཨ་རིར་འཚར་ལོངས་བྱུང་བའི་ན་གཞོན་དགུང་ལོ་ ༣༩ ལ་ཕེབས་པའི་སྐུ་ཞབས་ Aftab Karma Singh Pureval ལགས་དང་། ལོ་མང་རིང་གྲོང་སྡེའི་ལས་ཁུངས་སུ་ཕྱག་ལས་གནང་མྱོང་ཡོད་མཁན་དང་གྲོང་སྡེའི་སྤྱི་ཁྱབ་ཐེངས་གཉིས་ཙམ་གནང་མྱོང་ཡོད་པ་ལོ་ན་ ༨༢ ལ་ཕེབས་པའི་སྐུ་ཞབས་ David Mann ལགས་རྣམ་གཉིས་ཨ་རིའི་མང་གཙོ་ཚོགས་པའི་འོས་མིའི་ཐོག་ནས་ Cincinnati གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུར་མཉམ་ཞུགས་གནང་སྟེ་སྐུ་ཞབས་ Aftab Karma ལགས་ལ་འོས་གྲངས་བརྒྱ་ ༦༤ ཐོག་ནས་གྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུའི་རྒྱལ་ཁབ་ཐོབ་འདུགAftab Pureval ལགས་ཨ་རིའི་ Cincinnati གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བའི་རྒྱལ་ཁའི་གཏམ་བཤད་གནང་སར་ཁོང་གི་ཨ་མ་ལགས་དང་གཅེན་པོ་བཅས་ལྷན་བཅར་ཞུས་འདུག སྐབས་དེར་ཁོང་རང་ཉིད་ཀྱི་མི་ཚེའི་མདུན་ལམ་སླད་ཨ་མ་ལགས་ཨ་རིར་འབྱོར་བ་དང་ཨ་མའི་རེ་བ་བཞིན་དེ་རིང་རང་ཉིད་བཙན་བྱོལ་བ་ཞིག་གྲོང་སྡེའི་སྤྱི་ཁྱབ་པར་འདེམས་ཐོན་བྱུང་ཡོད་པར་ངོ་སྤྲོད་གནང་འདུག་པ་དང་། ཁ་སང་དགོང་མོར་ tweeter དྲྭ་ལམ་བརྒྱུད་ང་ཚོས་ལོ་རྒྱུས་གསར་པ་ཞིག་བསྐྲུན་པ་རེད། དེས་ན་དུས་ད་ནས་བཟུང་ལས་ལ་བརྩོན་རྒྱུ་ཡིན་ཞེས་བཀོད་འདུགཁ་སང་དགོང་མོར་ tweeter དྲྭ་ལམ་བརྒྱུད་སྐུ་ཞབས་ Aftab Pureval ལགས་ཀྱི་ཁ་གཏད་འོས་མི་སྐུ་ཞབས་ Mann ལགས་ཀྱིས་ཀྱང་ Aftab Pureval ལགས་གྲོང་སྡེའི་སྤྱི་ཁྱབ་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་འདུག་ཅིང་། སྐུ་ཞབས་ Aftab ལགས་དང་མཇལ་མོལ་གནང་ནས་མ་འོངས་པར་ལས་དོན་གང་གནང་ཐམས་ཅད་ལམ་ལྷོངས་ཡོང་བར་བཀྲིས་སྨོན་འདུན་ཞུས་འདུག་པར་མ་ཟད། སྐབས་གཉིས་ཀྱི་རིང་གྲོང་སྡེའི་སྤྱི་ཁྱབ་དང་ལོ་མང་རིང་གྲོང་སྡེའི་ལས་ཁུངས་སུ་ཞབས་ཕྱི་ཞུ་རྒྱུ། དེ་བཞིན་གྲོས་ཚོགས་འཐུས་མི་སོགས་མི་ཚེ་ཧྲིལ་པོ་སྤྱི་ཚོགས་ལ་སྨན་པའི་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བར་ Cincinnati གྲོང་སྡེའི་མིང་མང་ལ་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་བཀོད་འདུགགཞི་རྩའི་སྐུ་ཞབས་ Aftab Karma Singh Pureval ལགས་ཀྱི་ཨ་མ་ལགས་ནི་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་རྗེས་རང་ཉིད་ཀྱི་བཟའ་ཟླ་དང་ལྷན་དུ་ལོ་ངོ་ ༤༠ གོང་ཨ་རིའི་ Ohio མངའ་སྡེར་གནས་སྡོད་བྱེད་བཞིན་ཡོད་པ་དང་། Aftab Karma Singh Pureval ལགས་འདས་པའི་ལོ་དུས་ནང་ཨོ་ཧེ་ཧོ་མངའ་སྡེའི་མི་མང་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་སོགས་སུ་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་རིག་པ་ཐོག་སློབ་སྦྱོང་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་ཁོང་ Ohio མངའ་སྡེའི་སྲིད་གཞུང་གི་ཁྲིམས་ཁང་དུ་ཕྱག་ལས་གནང་མྱོང་ཡོད་པར་མ་ཟད། ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ནང་ལ་མཉམ་ཞུགས་གནང་མྱོང་ཡོད་པ་དང་། སྐབས་དེར་ཁོང་གིས་ང་ནི་བཙན་བྱོལ་བའི་བུ་ཕྲུག་ཅིག་ཡིན། ངའི་ཨ་མ་ནི་བོད་ལ་སྐྱེས་པ་དང་། རྨོ་ལགས་དང་ཨ་མ་ལགས་ནི་རང་ཉིད་ཀྱི་རྒྱལ་ཁབ་བཞག་ནས་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད་པ་དང་། ལོ་ ༡༣ སྐབས་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་མྱོང་ཡོད་པ་དང་བོད་རིགས་ཨ་རི་བ་ཞིག་དང་རྒྱ་གར་ཨ་རི་བ་ཞིག་ཡིན་པའི་སྤོབས་པ་ཡོད་ཅེས་གསུངས་ཡོད།ད་རེ་སྐུ་ Aftab Pureval ལགས་ Cincinnati ཡི་གྲོང་སྡེའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བར་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་བརྒྱུད་འཚམས་འདྲི་དང་མ་འོངས་ལས་དོན་ཁག་ལམ་ལྷོངས་ལྡན་པ། དེ་བཞིན་མ་འོངས་ལས་དོན་ཁྲོད་བོད་ཀྱི་གནད་དོན་གཙོས་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་གླེང་སློང་གནང་ཐུབ་རྒྱུ། གཞན་ཡང་བོད་མི་ཁག་ཅིག་གིས་ཁོང་ནི་མ་འོངས་པར་སྲིད་སྐྱོང་ཀྱི་འོས་ཆོས་ཚང་བ་ཞིག་ཡིན་སྐོར་སོགས་ཀྱང་གསུང་མཁན་འདུག

Latest news