Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཚོས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱིས་བཞེངས་ཕྱོགས་མཁྲེགས་པོ་འཛིན་དགོས།

དེ་རིང་གྷི་རི་སིའི་ Panathenaic རྩེད་རར་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཙོས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་དང་འཛམ་གླིང་ཡུ་གུར་ལྷན་ཚོགས་བཅས་ཀྱིས་དྲྭ་རྒྱ་བརྒྱུད་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གྱིས་བཞེངས་ཕྱོགས་མཁྲེགས་པོ་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད།དེ་རིང་ Athens ནང་གི་སྔ་དྲོ་ཚོུད་ ༨ ཐོག་དབུ་འཛུགས་གནང་བའི་དྲྭ་ཐོག་ཐད་གཏོང་བརྒྱུད་གསར་འགོ་ལྷན་ཚོགས་གནང་བར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ལྕམ་ Mandie Mckeown ལགས་ཀྱིས་མདོ་འཛིན་གནང་སྟེ་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ལས་འཆར་འགན་འཛིན་ལྕམ་ Zumretay Arkin ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་དྲིལ་བསྒྲགས་འགན་འཛིན་པདྨ་སྒྲོལ་མ་ལགས་རྣམ་གཉིས་བཅས་ལྷན་ཞུགས་ཐོག་ད་བར་རྒྱ་ནག་འོག་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱངས་ཏེ་ཚེ་སྲོག་ཤོར་མཁན་ཡོངས་དང་དེ་བཞིན་དཀའ་སྡུག་མྱངས་དང་མྱོང་བཞིན་པ་ཡོངས་ལ་མྱ་ངན་གུས་འདུད་ཀྱི་ངག་བཅད་གནང་ནས་ལས་རིམ་དབུ་འཛུགས་གནང་སོང་།སྐབས་དེར་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ལས་འཆར་འགན་འཛིན་ལྕམ་ Zumretay Arkin ལགས་ཀྱིས་སྤྱིར་ཨོ་ལམ་པིཀ་རྩེད་འགྲན་དེ་ཞི་བདེ་དང་རེ་བ་མཚོན་གྱི་ཡོད་ཀྱང་རྒྱ་ནག་གི་གདུག་རྩུབ་འོག་ཡོད་པའི་ཡུ་གུར་མང་ཚོགས་ལ་མཚོན་ན་གོ་ལ་སྤྱི་ཡོངས་ཀྱིས་རྒྱ་ནག་གི་དྲག་གནོན་ཚད་མེད་ལ་ངན་པ་ལག་སྦྲེལ་བྱས་པ་ཞིག་མཚོན་གྱི་ཡོད་ཅེས་སྐྱོན་བརྗོད་གནང་བ་དང་འབྲེལ་ཏེ་དེ་་རིང་ Athens ནང་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་དང་བསྟུན་འདས་པའི་ཚོུད་ ༤༨ ནང་ཁོང་གི་ཕྱག་རོགས་ཁག་ཅིག་གིས་རྒྱ་ནག་ལ་ངོ་རྒོལ་གནང་རྐྱེན་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་། གལ་ཏེ་དེ་འབྲེལ་ངོ་རྒོལ་ལས་འགུལ་ཞིག་ཤར་ཏུར་ཀིས་ཐན་དང་བོད། ཧོངཀོང་། དེ་བཞིན་རྒྱ་ནག་བཅས་ཀྱི་ནང་སྤེལ་ཡོད་ཚེ་ཁོང་རྣམས་ད་ཆ་གསོན་པོར་གནས་མེད་སྐོར་གསུངས་ཏེ་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་དེ་འགྲོ་བ་མིར་དོན་མེད་མནར་གཅོད་ཚད་ལས་འདས་པ་གཏོང་མཁན་ཐ་ཤལ་རྒྱལ་ཁབ་རྒྱ་ནག་ནང་དུ་འཚོགས་རྒྱུའི་འོས་ཆོས་ཚང་མེད་པར་ནན་བརྗོད་གནང་སོང་། ཁོང་གིས་ད་དུང་པེ་ཅིང་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་དེ་དངོས་སུ་དབུ་འཛུགས་གནང་བར་ཟླ་བ་བཞི་ཙམ་ལས་མེད་པའི་ཁྲོད་འདིར་ G7 ཞེས་པའི་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ ༧ གྱི་དབུ་ཁྲིད་རྣམ་པ་མཉམ་རུབ་ཀྱིས་གོ་སྐབས་འདི་ཆེ་བཞེས་ཐོག་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཐག་གཅོད་དེར་མི་འདོད་པའི་ཞེངས་ཕྱོགས་མཁྲེགས་པོ་འཛིན་ནས་དགུན་དུས་ཀྱི་ཨོ་ལམ་པིཀ་རྩེད་འགྲན་དེ་རྒྱ་ནག་ནང་འཚོག་རྒྱུར་བཀག་སྡོམ་དང་དངོས་ཡོད་ཀྱི་ཐབས་ལམ་འཚོལ་རྒྱུར་ཁས་ལེན་ཞུ་དགོས་པའི་འབོད་སྐུལ་གནང་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་དྲིལ་བསྒྲགས་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་གིས་ད་བར་བོད་མིའི་རང་དབང་ལ་དམ་དྲག་དང་དགོན་པ་གཏོར་བཤིག ལྷག་དོན་བོད་སློབ་ཁག་གི་སློབ་མ་རྣམས་ལ་རྒྱ་ཡིག་དང་རྒྱ་སྐད་གཙོས་སློབ་ཁོངས་གཞན་དུ་སློབ་འཇུག་བྱས་ཏེ་གཙོ་བོ་ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་བཞག་སྟེ་མེས་རྒྱལ་འཕེལ་རྒྱས་དང་རིག་རྩལ་ལྡན་པ་ཞིག་ཏུ་བཟོས་ནས་གྲོང་གསེབ་གོང་འཕེལ་དང་། ཀྲུང་ཧཱ་མི་རིགས་ཆེན་མོའི་གཞིས་ཁྱིམ་སྲ་བརྟན་གྱི་འདུ་ཤེས་ཡོད་མཁན་ཟེར་བ་ཞིག་ཏུ་བསྒྱུར་རྒྱུའི་འབད་བརྩོན་གྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་པ་རྩ་གཏོར་གཏོང་བཞིན་པར་མ་ཟད། བོད་ནང་གི་བོད་མི་ཡོངས་རྫོགས་ཐོག་འགྲོ་བསྐྱོད་བཀག་སྡོམ་བྱས་ཏེ་འདས་ལོའི་ནང་བོད་མི་ལྔ་མ་གཏོགས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཐུབ་མེད་པའི་གནས་སྟངས་སོགས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁག་ཆེད་བཏོན་གནང་སྟེ། ༢༠༢༢ ལོའི་དགུན་ཁའི་ཨོ་ལམ་པིཀ་རྩེད་འགྲན་ཚོགས་ཡུལ་གྱི་མགྲོན་བདག་རྒྱ་ནག་ལ་གནང་བའི་ཐག་གཅོད་དེ་ཕྱིར་འཐེན་གནང་སྟེ་རྒྱལ་ཁབ་གཞན་ནང་གོ་སྒྲིག་གནང་ཕྱིར་འགྲོ་བ་མིིའི་ཐོབ་ཐང་དོན་གཉེར་བ་ཚང་མས་ནུས་པ་མཉམ་སྤུངས་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་དགོན་འདུན་བཏོན་ཡོད།རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐེངས་ ༢༤ དེ་རིང་མིན་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༢ ཚེས་ ༤ ནས་ ༢༠ བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ཏུ་འཚོགས་རྒྱུ་ཡིན་པ་རེད།

ཁ་སང་ Athens ནས་བོད་དོན་ལས་འགུལ་བ་དྲུག་འཛིན་བཟུང་བྱས་པའི་ཁྲོད་བཞི་གློད་བཀྲོལ།

ཁ་སང་གྷི་རི་སིའི་རྒྱལ་ས་ Athens ནང་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་པའི་མཛད་སྒོ་སྐབས་བོད་མི་དང་བོད་དོན་ལས་འགུལ་བ་ཁྱོན་བདུན་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལས་འགུལ་བ་བསྟན་འཛིན་གནས་ཚང་ལགས་དང་ཚེ་རིང་མགོན་པ་ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་པདྨ་སྒྲོན་མ་ལགས། བསྟན་འཛིན་གཡང་འཛོམས་ལགས་བཅས་ཁོང་བཞི་པོ་ཁ་སང་དཔལ་འབར་གྱི་མཛད་སྒོ་རྗེས་སུ་ཉིན་རྒྱབ་ཚོུད་ ༢།༣༠ ཐོག་གློད་བཀྲོལ་བཏང་འདུག་ཀྱང། ཨོ་ལམ་སྤིཀ་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་པའི་མཛད་སྒོར་ཚོགས་ཡུལ་སྡིངས་ཆའི་ཉེ་མགྲམ་དུ་ལས་འགུལ་སྤེལ་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་དང་། བོད་རང་དབང་ཚོགས་པའི་ལས་འགུལ་བ་ Jason Leith བོད་དོན་ལས་འགུལ་བ་ Fern McDougal བཅས་ཁོང་གསུམ་པོ་ཁ་སང་ཉེན་རྟོག་པས་གློད་བཀྲོལ་མ་བཏང་བར་མུ་མཐུད་བཀག་ཉར་བྱས་འདུགའཛིན་བཟུང་བྱས་པའི་ཁོངས་སུ་ཡོད་པ་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ལས་འགུལ་འགན་འཛིན་བསྟན་འཛིན་གནས་ཚང་ལགས་ཀྱིས་གྷི་རི་སི་རྒྱལ་ཁབ་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ཞིག་དང་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པ་དེ་ལྟར་ཡང།  ད་ལན་གྷི་རི་སིའི་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བཀག་ཉར་གྱི་སྔ་རྗེས་བྱ་རིམ་ལ་གཞིགས་ན་བསམ་ཡུལ་ལས་འདས་པ་ཞིག་དང་། གྷི་རི་སི་གཞུང་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་གསལ་པོ་རེད་འདུག་ཅེས་གསུངས་ཡོད། དེ་བཞིན་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་བར་ཁ་སང་ Greece རྒྱལ་ས་ Athens ནང་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་པའི་མཛད་སྒོ་ཚོགས་ཡུལ་གྱི་ OLMPIA ས་ཚིགས་སུ་གྷི་རི་སི་སྒྲིག་ཆས་སྤྲས་པའི་ཉེན་རྟོག་པ་དང་སྒྲིག་ཆས་མ་སྤྲས་པའི་གྷི་རི་སི་རྒྱལ་ཡོངས་བདེ་འཇགས་མི་སྣ། རྒྱ་ནག་གཞུང་གིས་བདེ་འཇགས་མི་སྣ་ཕོན་ཆེན་འགྲེམས་འཇོགས་བྱས་ཡོད་པ་བཅས་ཁོར་ཡུག་ཁྱོན་ཡོངས་སུ་སྲུང་བྱ་ཧ་ཅང་དམ་པོ་ཡོད་པར་འགྲེལ་བརྗོད་གནང་ཡོད། རྩ་བའི་གྷི་རི་སིའི་རྒྱལ་ས་ Athen ནང་དུ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་རམ་སྒྲོན་མེ་རྩིས་ལེན་གྱི་མཛད་སྒོ་ཁ་སང་བར་ཁྱོན་བོད་མི་དང་ལས་འགུལ་བ་དགུ་འཛིན་བྱས་པའི་ཁྲོད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བོུ་ཚེ་ལྷ་ཛོ་སངས་ལགས་དང་ཧོང་ཀོང་བ་ Joey Siu གཉིས་ཉིན་མཚན་གཅིག་རིང་འཛིན་བཟུང་བཀག་ཉར་གྱིས་ཁ་སང་སྔ་དྲོར་གློད་བཀྲོལ་བཏང་ཡོད་པ་དང་།ཁ་སང་བར་འཛིན་བཟུང་བྱས་པའི་ལས་འགུལ་བ་དགུའི་ཁྲོད་ནས་གཉིས་མ་གཏོགས་གཞན་རྣམས་གློད་བཀྲོལ་བཏང་ཡོད་པ་རེད།

Athens ནང་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་སྒྲོན་སྐབས་བོད་མི་གཙོས་ལས་འགུལ་བ་སྐོར་ཞིག་འཛིན་བཟུང་།

དེ་རིང་ Greece རྒྱལ་ས་ Athens ནང་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་པ་དང་སང་ཉིན་དཔལ་འབར་དེ་བཞིན་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་གོ་སྒྲིག་བྱེད་མཁན་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་དང་བསྟུན། ཁ་སང་ཚེས་ ༡༧ ཉིན་ལས་རིམ་གོ་སྒྲིག་བྱ་ཡུལ་གྱི་ས་ཚིགས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་ལྷ་ཛོ་སངས་དང་ཧོང་ཀོང་བའི་གཞོན་སྐྱེས་གཅིག་བཅས་ཀྱིས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་བར་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད་དེ་རིང་སླར་ཡང་བོད་མི་བཞི་འཛིན་བཟུང་བྱས་འདུགདེ་རིང་ཉིན་རྒྱབ་ཚོུད་ ༢. ༤༠ ཡོལ་ཙམ་ལ་ཨོ་ལམ་པིཀ་ཐོག་མ་འགོ་བཙུགས་གནང་ཡུལ་ Greece  རྒྱལ་ས་ Athens ནང་རྟེན་གཞི་བྱས་པའི་གནའ་བོའི་ OLMPIA ས་ཚིགས་སུ་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Bach ལགས་གཙོ་བཞུགས་ཐོག་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་རྒྱུའི་མཛད་སྒོ་ཚོགས་པ་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་དྲིལ་བསྒྲགས་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས་གཙོས་པའི་མཛད་སྒོ་ཚོགས་ཡུལ་གྱི་ཕྱི་ཕྱོགས་སུ་སྡོད་བཞིན་པའི་སྐབས་སུ་ས་གནས་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་འདུགདེའི་བར་ན་ Free Tibet ཚོགས་པས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ཨོ་ལམ་སྤིག་རྩེད་འགྲན་གྱི་དཔལ་འབར་ལ་མེ་ལྕེ་སྒྲོན་བཞིན་པའི་སྐབས་ཚོགས་པའི་ལས་འགུལ་བ་འཆི་མེད་ལྷ་མོ་དང་། Jason Leith དེ་བཞིན་ Fern McDougal བཅས་ལས་འགུལ་བ་གསུམ་གྱིས་སྡིངས་ཆའི་ཉེ་འགྲམ་གྱི་ས་ཚིགས་ཤིག་ནས་གློ་བུར་དུ་འཕྲེད་དར་འཕྱར་ནས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་རྩེད་འགྲན་ལ་ངོ་རྒོལ་གྱི་སྐད་འབོད་གནང་སྐབས་འཛིན་བཟུང་བྱས་འདུགལས་འགུལ་བ་དེ་དག་གིས་ FreeTibet ཚོགས་པར་སྤེལ་བའི་བསྒྲག་གཏམ་ཐོག་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་། ནང་སོག ཧོང་ཀོང དེ་བཞིན་ཤིན་ཅང་བཅས་ཀྱི་ཡ་ང་བའི་གནད་དོན་ལུང་འདྲེན་དང་འབྲེལ། རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སྲིད་གཞུང་སོ་སོས་པེ་ཅིང་གི་ཨོ་ལམ་པིཀ་རྩེད་འགྲན་ནང་ཞུགས་རྒྱུ་མེད་པ་མ་ཟད། སྦྱིན་བདག་རྣམ་པ་དང་ལས་རིམ་དྲིལ་བསྒྲགས་གནང་མཁན་གྱི་གསར་ལམ་ཁག་ནས་རྩེད་འགྲན་དེར་རྒྱབ་སྐྱོར་གྱི་མཐུན་འགྱུར་གནང་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུགརྩ་བའི་ཁ་སང་རེས་གཟའ་ཉི་མའི་ཉིན་ Greece རྒྱལ་ས་ Athen ནང་གི་ Acropolis ས་གནས་སུ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་རམ་སྒྲོན་མེ་རྩིས་ལེན་གྱི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུའང་རང་ལོ་ ༡༨ སོན་པའི་བོད་པའི་བོུ་ཚེ་ལྷ་ཛོ་སངས་ལགས་དང་རང་ལོ་ ༢༢ སོན་པ་ཧོང་ཀོང་བ་ Joey Siu གཉིས་ཀྱིས་དེ་འབྲེལ་ཁང་པའི་གྱང་རྩིག་ཐོག་ཏུ་འཛེགས་ནས་བོད་ཀྱི་རྒྱལ་དར་འཕྱར་བ་དང་བོད་རང་བཙན་དང་ཧོང་ཀོང་སྒེར་ལངས་རྒྱལ་གྱུར་ཅིག རང་དབང་མེད་ན་རྩེད་འགྲན་མེད་ཟེར་བ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་སོགས་འཕྱར་ནས་ངོ་རྒོལ་སྐད་འབོད་གནང་མ་ཐག་ས་གནས་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་གིས་འཕྲེད་དར་རྣམས་བཙན་འཕྲོག་བྱས་འདུགགྷི་རི་སི་ཡུལ་གྱི་ས་གནས་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚེ་ལྷ་ཛོ་སངས་ལགས་ཀྱིས་ཚོགས་པ་དེའི་དྲ་རྒྱའི་ཐོག་གསུངས་པར་ད་ཆ་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མང་ཚོགས་ཀུན་ནས་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་དེ་མི་རིགས་ཀྱི་ངོ་བོ་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་ཐབས་བྱེད་མཁན་ཐ་ཤལ་རྒྱལ་ཁབ་རྒྱ་ནག་ལྟ་བུའི་ནང་འཚོགས་བཅུག་ཡོད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་གནང་ཚེ་དེས་རྒྱ་ནག་གི་མི་རིགས་སྡེབ་གསོད་ཀྱི་སྲིད་དབང་ལམ་ལུགས་ལ་མོས་མཐུན་བྱས་པ་མཚོན་སྐོར་ནན་བརྗོད་གནང་བ་མ་ཟད། ཧོང་ཀོང་བ་ Siu ལགས་ཀྱིས་ད་རེས་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་ལྷན་ཚོགས་ཀྱི་ཐག་གཅོད་འདིས་འཛམ་གླིང་ཀུན་ལ་མི་རིགས་རྩ་མེད་ཀྱི་ངལ་བ་འཕྲད་བཞིན་པའི་བོད་མི་དང་ཤིན་ཅང་། ཡུ་གུར་ཁ་ཆེ་མི་རིགས་དང་ཧོང་ཀོང་མི་རིགས་དག་ལ་ལོང་བ་ལྟར་བཞུགས་པའི་བརྡ་ལན་ལོག་པ་སྤྲོད་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུགཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་དགུན་དུས་ཀྱི་ཨོ་ལམ་པིཀ་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་དང་འཛམ་གླིང་ཡུ་གུར་ལྷན་ཚོགས་བཅས་ལྔས་གོ་སྒྲིག་འོག་དེ་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གནང་འཆར་ཡོད་པ་དང་ཆབས་ཅིག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སང་ཉིན་བར་དུ་ངོ་རྒོལ་གྱི་ལས་འགུལ་ཁག་ཅིག་སྤེལ་རྒྱུ་རེད་འདུག

ཇར་འཁོད་བོད་མིས་ས་གནས་ཀྱི་རྒྱང་རྒྱུག་ཆེན་མོར་མཉམ་ཞུགས་ཀྱིས་བོད་དོན་དྲིལ་བསྒྲགས།

ཇར་མི་ནིར་འཁོད་བོད་མིའི་རྒྱང་རྒྱུག་རུ་ཁག་གིས་ཁུལ་དེའི་ནང་གི་ཡོངས་གྲགས་ཆེ་བའི་ Germany post Marathon Bonn ཞེས་པའི་རྒྱང་རྒྱུག་ཆེན་མོར་མཉམ་ཞུགས་ཀྱིས་ས་གནས་ཡུལ་མིར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་དྲིལ་བསྒྲགས་གནང་བ་གཙོས་བོད་མིའི་ངོ་བོ་མཚོན་པ་གནང་ཡོད། སྤྱིར་ལོ་ལྟར་ཇར་མི་ནི་རྒྱལ་ས་རྙིང་པ་ Bonn ནང་འཚོགས་བཞིན་པའི་Germany post Marathon Bonn ཞེས་པ་རྒྱང་རྒྱུག་ཆེན་མོ་དེ་ནི། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་རྒྱང་རྒྱུག་བ་ ༡༤༠༠༠ ལྷག་ནས་མཉམ་ཞུགས་གནང་བ་དང། གཟིགས་མོ་བ་འབུམ་གཉིས་ལྷག་འདུ་འཛོམས་གནས་ཆེས་ཡོངས་གྲགས་ཅན་གྱི་རྒྱང་རྒྱུག་ཆེན་མོ་ཞིག་ཡིན་ཅིང། རྒྱང་རྒྱུག་ཆེན་མོ་དེ་ལོ་ལྟར་གྲོང་ཁྱེར་ Bonn ནང་ཕྱི་ཟླ་ ༤ ནང་ཚོགས་ཀྱི་ཡོད་ཀྱང། འདི་ལོར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་རྐྱེན་ཕྱི་ཟླ་ ༡༠ ནང་ཚོགས་ཡོད་པ་རེད། མང་ཚོགས་འདུ་འཛོམས་ཆེ་བའི་རྒྱང་རྒྱུག་ཆེན་མོ་འདིའི་ཁྲོད་ཇར་མ་ནིར་གནས་འཁོད་བོད་མི་ཚོར་བོད་ནང་གི་བོད་མིའི་དངོས་ཡོད་གནས་སྟངས་ཁག་དྲིལ་བསྒྲགས་གནང་རྒྱུའི་སྡིངས་ཆ་དང་གོ་སྐབས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་།  ས་གནས་བོད་མིའི་རུ་ཁག་ཚོས་བོད་དོན་ཆེད་རྒྱང་རྒྱུག་ཆེན་མོར་མཉམ་ཞུགས་ཀྱིས་བོད་དོན་དྲིལ་བསྒྲགས་ལས་འགུལ་ཞིག་སྤེལ་ཀྱི་ཡོད་པ་ལྟར། འདི་ལོ་ཡང་བོད་མིའི་རྒྱང་རྒྱུག་རུ་ཁག་གི་སྟོད་གོས་སྟེང་ལ་བོད་ཀྱི་རྒྱལ་དར་དང་བོད་དོན་སྐྱོབ་དགོས་པ་སོགས་ཀྱི་འབོད་ཚིག་གི་སྦྱར་ཤོག་བཏགས་ཏེ་རྒྱང་རྒྱུག་ཆེན་མོར་མཉམ་ཞུགས་གནང་སྟེ་མི་རིགས་འདྲ་མིན་གྱི་རྒྱང་རྒྱུག་རུ་ཁག་དང་གཟིགས་མོ་བ་ཚོར་བོད་ནང་གི་བོད་མིའི་ཡ་ང་བའི་དངོས་ཡོད་གནས་སྟངས་དྲིལ་བསྒྲགས་གནང་འདུག དེ་བཞིན་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་མོ་སྟེ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༤ འཁོར་བའི་ཉིན་མོ་ཞིག་ཡིན་སྟབས། ཇར་འཁོད་བོད་རིགས་ཚོགས་པའི་ཁྱབ་ཁོངས་ North Rhine-Westphalia བོད་རིགས་ཚོགས་ཆུང་ནས་རྒྱང་རྒྱུག་གོ་སྒྲིག་ཞུ་ཡུལ་གྱི་སྤྱི་གླིང་དུ་གཟིགས་མོ་བ་ཚོར་བོད་ཀྱི་གཞས་སྣ་ཁག་གཟིགས་འབུལ་གནང་བ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོར་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་སྲུང་བརྩི་ཞུས་ཡོད། སྤྱིར་ཇར་འཁོད་བོད་རིགས་ཚོགས་པའི་ངོས་ནས་ Germany post Marathon Bonn ཞེས་པ་རྒྱང་རྒྱུག་ཆེན་མོ་ནང་མཉམ་ཞུགས་གནང་བ་དེ་ནི། ཐེངས་དྲུག་པ་ཆགས་ཀྱི་འདུག་ཅིང་། ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱང་རྒྱུག་ལམ་ནས་ས་གནས་ཀྱི་ཡུལ་མིར་བོད་ནང་གི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་དང་། རྒྱལ་སྤྱིའི་མང་ཚོགས་ནས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད། བོད་མིའི་ངོ་བོ་དང་རིག་གཞུང་ངོ་སྤྲོད། དེ་བཞིན་ས་གནས་སུ་ཁ་འཐོར་དུ་གནས་པའི་བོད་མི་ཕན་ཚུན་དབར་ངོ་ཤེས་དང་མཐུན་ལམ་གོང་འཕེལ་ཆེད་ཡིན་པ་རེད།

ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་དང་འབྲེལ་བའི་གནད་དོན་གླེང་འཆར།

ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་Charles Michel ལགས་ཀྱིས་དེ་རིང་ཞལ་པར་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་དོན་སོགས་ཀྱི་གནད་དོན་ཁག་གཅིག་གི་སྐོར་ནས་གླེང་མོལ་བྱེད་རྒྱུ་རེད་འདུགགཞི་རྩའི་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་ད་ལྟའི་འབྲེལ་ལམ་དེ་དངངས་འཚབ་རང་བཞིན་གྱི་ངང་གནས་ཡོད་པ་མ་ཟད། རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་གཙོ་བྱས་པའི་རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས། ཡུ་རོབ་རྒྱལ་ཁབ་ཁག་གཅིག་གིས་སྒྲིག་འཛུགས་དེའི་ངོས་ནས་རྒྱ་ནག་དང་འབྲེལ་ལམ་མཁྲེགས་འཛིན་བྱེད་དགོས་བའི་སྐུལ་མ་རིམ་པར་བཏང་ཡོད་པ་རེད། མཚན་གསལ་བོ་མ་གནང་བའི་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་མི་སྣ་ཞིག་གིས Politico གསར་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་Charles Michel ལགས་ཀྱིས་ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་བཀའ་མོལ་གནང་བའི་སྐབས་སུ་རྒྱ་ནག་གིས་ཤིན་ཅང་ནང་གི་མང་ཚོགས་ལ་ངལ་རྩོལ་བསྒྱུར་བཀོལ་བྱས་པའི་གནད་དོན་དང་འབྲེལ་ནས་ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཀྱི་དཔོན་རིགས་ཁག་རྒྱལ་ཁོངས་སོ་སོར་འགྲོ་སྐྱོད་བཀག་སྡོམ་བྱས་པའི་གནད་དོན་དེར་བསྐྱར་དུ་བསམ་གཞིགས་བྱེད་དགོས་བའི་སྐུལ་མ་གནང་རྒྱུ་ཡིན་པ་དང་། ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་གཞན་ཞིག་གིས་ཐེངས་འདིར་ཁ་པར་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་གླེང་མོལ་དེ་ཡིས་ཡུ་རོབ་རྒྱལ་ཁབ་ཀྱིས་འཐབ་བྱུས་ལྡན་པའི་རང་སྐྱོང་གི་གནས་བབ་ཐོག་ནས་རྒྱ་ནག་དང་ལྷན་དུ་སྲིད་བྱུས་གསར་བ་ཞིག་ཆེད་བཟོ་བྱེད་དགོས་གལ་ཡིན་པ་གསལ་སྟོན་གནང་གི་ཡོད་སྐོར་གསུངས་འདུག་ཀྱང་། སྐུ་ཞབས་Michelལགས་ཀྱི་མགྲིན་ཚབ་པས་དེར་འབྲེལ་གྱི་གནད་དོན་ཐད་ནས་གསར་ལམ་ཁག་གི་བཅར་འདྲི་དང་ལེན་བྱས་མེད་པ་རེད་འདུག ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་ཁྲོད་ཀྱི་རྒྱ་ནག་གི་ལས་དོན་དང་འབྲེལ་བའི་འགོ་ཁྲིད་དང་རྒྱ་ནག་གི་སྲིད་དོན་ཉེས་ཆད་ཕོག་སའི་ཁོངས་སུ་ཡོད་པ་། སྐུ་ཞབས་Reinhard Bütikofer ལགས་ཀྱིས་ཐེངས་འདིར་རྒྱལ་ཁོངས་གཉིས་ཀྱི་དབུ་འཁྲིད་དབར་གྱི་ཞལ་པར་གྱི་གླེང་མོལ་དེ་ནི་ཁ་ཕྱོགས་ལེགས་པོ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས། ད་ཆ་རྒྱ་ནག་གིས་བསླབ་བྱ་གསར་བ་ཞིག་ཤེས་རྟོགས་བྱུང་བར་འགོ་ཚུགས་པ་ཞིག་ཡིན་པར་བརྗོད་དེ། རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་མངའ་ཁོངས་ཀྱི་རྒྱལ་ཁབ་བྱེ་བྲག་པའི་འགོ་ཁྲིད་རྐྱང་པར་སྐད་ཆ་བཤད་པ་ཙམ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་འཕེལ་རྒྱས་འབྱུང་ཐབས་མེད་པར་བསྒྲགས་འདུགགཞི་རྩའི་ཉེ་བའི་ལོ་ཤས་ཁྲོད་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཁྲོད་དུའང། ཚོང་འབྲེལ་དང་འཕྲུལ་ལས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། དེ་བཞིན་ཏོག་དབྱིབས་ཀྱི་འབྱུང་ཁུངས་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་དཀའ་ངལ་རིམ་པ་འཕྲད་པ་དང་། ཟླ་བ་འདིའི་ཟླ་འགོར་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ Jake Sullivan ལགས་དང་རྒྱ་ནག་ཕྱི་འབྲེལ་ལས་ཁང་གི་འགན་འཛིན yang Jiechiགཉིས་དངོས་སུ་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གཙོས་རྒྱ་ནག་གི་བོད་དང་ཐེ་ཝན། ཧོང་ཀོང་། ཤིན་ཅང་བཅས་ཀྱི་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་ཐོག་ལ་གོ་བསྡུར་གནང་བ་མ་ཟད། ལྷག་པར་འདི་ལོའི་ལོ་མཇུག་ཏུ་ཨ་རིའི་སྲིད་འཛིན་བྷ་ཊན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དབར་དྲ་ཐོག་བརྒྱུད་མཇལ་མོལ་གནང་རྒྱུའི་ཐད་གོ་བསྡུར་གནང་ཡོད་པ་དང་། ཕྱོགས་གཉིས་ཀྱི་དཔོན་རིགས་ཀྱི་མཇལ་མོལ་ཁྲོད་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དང་ཐེ་ཝན་གཙོས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ཉེན་ཁ་རིགས་འབྱུང་བའི་གནད་དོན་ལ་གོ་བསྡུར་གནང་རྒྱུ་ཡིན་པར་བསྒྲགས་ཡོད་པ་རེད།

རྒྱ་ནག་ནང་ཡོད་པའི་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ LinkedIn ཞེས་པ་དེ་སྒོ་རྒྱག་རྒྱུ་རེད་འདུག

ཨ་རིས་བཟོ་བསྐྲུན་བྱས་ཤིང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ LinkedIn ཞེས་པ་དེ་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་དྲ་རྒྱའི་ཁྲིམས་སྒྲིག་གི་འགོག་རྐྱེན་དང་། བདེ་འཇགས་ཀྱི་གནད་དོན་སོགས་ལ་གཞིགས་ཏེ་རྒྱ་ནག་ནང་གླེང་སྟེགས་དེ་སྒོ་རྒྱག་རྒྱུ་རེད་འདུགདེ་རིང་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ LinkedIn ཞེས་པ་བདེ་འཇགས་ཀྱི་གནད་དོན། ལྷག་པར་དུ་གླེང་སྟེགས་དེ་བེད་སྤྱོད་བྱེད་མཁན་གྱི་མང་ཚོགས་རྣམས་ཀྱི་སྒེར་གྱི་གནད་དོན་སྲུང་སྐྱོབ་གནང་རྒྱུ་སོགས་ལ་དམིགས་ཏེ་རྒྱ་ནག་གི་ཁྲོམ་རའི་ནང་ནས་ཕྱིར་འཐེན་གནང་དགོས་བྱུང་ཡོད་སྐོར་སོགས་བཀོད་འདུག་ལ། LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ཀྱི་འགན་འཛིན་གཞོན་པ་ Mohak Shroff ལགས་ནས། གླེང་སྟེགས་འདི་རྒྱ་ནག་ནང་ལ་ཚད་དང་ལྡན་པ་ཞིག་བེད་སྤྱོད་ཐུབ་རྒྱུར་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་དྲ་རྒྱ་དང་འབྲེལ་བའི་ཁྲིམས་སྒྲིག་ནང་གི་ཆ་རྐྱེན་ཁག་དང་། སྤྱི་ཡོངས་ཀྱི་དྲ་རྒྱ་དང་འབྲེལ་བའི་ཁྲོམས་རའི་ཁོར་ཡུག་གི་གནས་བབ་སོགས་ཀྱི་ཐད་ནས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ལོ་འདིའི་ལོ་མཇུག་ཏུ་གླེང་སྟེགས་འདི་རྒྱ་ནག་ནང་སྒོ་རྒྱག་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག རྒྱ་ནག་ནང་གི་ཚོང་པ་དང་ལས་ཀ་འཚོལ་མཁན་ཚོ་ལ་དམིགས་ཏེ་ InJobs ཞེས་པའི་མཉེན་ཆས་ཤིག་གསར་སྐྲུན་གནང་འཆར་ཡོད་པ་གསུངས་འདུག རྩ་བའི་ LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་འདི་ཐོག་མར་ཕྱི་ལོ་ ༢༠༠༣ གི་ལོ་ལ་ཨ་མི་རི་ཀའི་དྲ་རྒྱའི་ཆེད་ལས་པ་ Reid Hoffman ལགས་ཀྱིས་གསར་སྐྲུན་གནང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་ནང་གི་ཆེད་ལས་མི་སྣ་དང་མང་ཚོགས་མི་ཉུང་བ་ཞིག་ནས་རང་ཉིད་ཀྱི་ངོ་སྤྲོད་སྤེལ་ས་དང་ལས་ཀའི་གོ་སྐབས་འཚོལ་སའི་གླེང་སྟེགས་ཆེ་གྲས་ཤིག་ཏུ་གྱུར་ཏེ་ལོ་ངོ་བཅུ་ལྷག་སོང་བའི་མཚམས་སུ་ Microsoft ཚོང་ལས་ཁང་ནས་གླེང་སྟེགས་དེའི་བདག་དབང་ཨ་སྒོར་ཐེར་འབུལ་ ༢༦ སྤྲད་དེ་ཉོས་ཡོད་པ་དང་། གླེང་སྟེགས་འདི་བཞིན་རྒྱ་ནག་གི་ཁྲོམ་རའི་ནང་ལ་ཐོག་མར་ ༢༠༡༤ ལོར་འཛུལ་ཞུགས་བྱས་ཏེ་ད་ཆ་ལོ་ངོ་ ༧ ཙམ་ལས་འགྲོ་གི་མེད་པ་མ་ཟད། གླེངས་སྟེགས་འདི་ནི་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་གཅིག་པོ་དེ་ཡང་ཆགས་ཀྱི་ཡོད་པ་རེད།གླེང་སྟེགས་འདི་ཐོག་མར་རྒྱ་ནག་གི་ཁྲོམ་རའི་ནང་འཛུལ་སྐབས་རྒྱ་ནག་གཞུང་གིས་བཏོན་པའི་དོན་ཚན་ཁག་ཅིག་གི་ཐོག་ལ་ཁས་ལན་བྱས་ཡོད་པ་དང་། གླེང་སྟགས་ཀྱི་འབྲེལ་ཡོད་རྣམས་ནས་ཕྱོགས་གཉིས་དབར་གན་ཡིག་འཇོག་སྐབས་ཕྱི་གསལ་གང་གསལ་བྱེད་རྒྱུའི་དོན་ཚན་དེ་བློས་གཏོང་གནང་མེད་ཅེས་འགྲེལ་བརྗོད་གནང་བཞིན་ཡོད་ཀྱང་། ཉེ་བའི་དུས་སུ་ LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ཐོག་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་སྟངས་སྐོར་གནས་ཚུལ་སྤེལ་མཁན་གསར་འགོད་པ་ Greg Bruno ལགས་གཙོས་པའི་གཞན་ཁག་ཅིག་གི་དྲ་བྱང་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་སྐབས། རྒྱལ་སྤྱིའི་གསར་འགོད་པ་ཙམ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rick Scott ལགས་སོགས་ནས་ LinkedIn སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་ངོས་ནས་རྒྱ་གཞུང་གི་དགོས་འདུན་སྒྲུབ་བཞིན་འདུག་ཅེས་སྐྱོན་བརྗོད་ནནས་པོ་བྱས་པའི་གནང་སྟངས་ཡང་བྱུང་ཡོད། དཔྱད་ཞིབ་པ་རྣམས་ནས་ད་རེས་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟེགས་གཅིག་པོ་དེ་ཡང་སྒོ་བརྒྱབ་པ་དེ་ཕྱོགས་ནས་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་སྟངས་འཛིན་དང་དམ་དྲགས་བྱེད་བཞིན་པའི་དབང་གིས་རྒྱ་ནག་ནང་ཚོང་ལས་ཡག་པོ་ཡོང་གི་མེད་པ་དང་། ཕྱོགས་གཞན་ཞིག་ནས་གླེང་སྟགས་སྟེགས་འདིས་རྒྱ་ནག་ལ་བསྟུན་མཁས་བྱེད་རྒྱུ་མང་དྲག་པའི་དབང་གིས་ཨ་རིའི་གཞུང་ནས་ནས་ཀྱང་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་སྲིད་པ་རེད་ཅེས་གསུངས་བཞིན་འདུག གཞི་རྩའི་དུས་རྒྱུན་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་མིང་བྱང་འོག་རྒྱ་ནག་ནང་ཡོད་པའི་ཕྱིའི་ཚོང་ལས་སྡེ་ཚན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་དོན་ལ་དམ་དྲགས་སྣ་ཚོགས་ཤིག་བྱེད་བཞིན་ཡོད་སྟབས། འདས་པའི་ལོ་དུས་ནང་ལ་ཨ་རིའི་སྤྱི་ཚོགས་དྲ་རྒྱའི་གླེང་སྟགས་ Twitter དང་ངོ་དེབ་ཀྱང་རྒྱ་ནག་བེད་སྤྱོད་མི་ཐུབ་པར་བཟོས་པ་མ་ཟད། Google ཚོང་ལས་སྡེ་ཚན་ཀྱང་འདི་ལོ་རྒྱ་ནག་གི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད།  

རྒྱ་གར་ངོས་ནས་རྒྱ་ནག་ལ་གྲོས་མོལ་ཙམ་མིན་པར་བོད་དོན་སྐོར་འདྲི་རྩད་བྱེད་དགོས་བར་གསུངས་འདུག

ཉེ་ཆར་རེ་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བོད་གཉིས་ཀྱི་ས་མཚམས་ས་ཁུལ་ Moldo ཞེས་པ་དེར་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་འགོ་ཁྲིད་དབར་རྒྱལ་ཁབ་ཕྱོགས་གཉིས་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་ཁག་སེལ་ཐབས་དང་འབྲེལ་བའི་གྲོས་མོལ་ཐེངས་ ༡༣ པ་དེ་གནང་ཡོད་ཀྱང་། མཐའ་མཚམས་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་ཐབས་ཀྱི་ཐབས་ལམ་ཞིག་གི་ཐོག་ལ་འབབ་ཐུབ་མེད་པ་རེད།གནད་དོན་དེ་དང་འབྲེལ་བདེ་འཇགས་དང་ཐབས་བྱུས་ཐོག་དཔྱད་ཞིབ་གནང་མཁན་རྒྱ་གར་གྱི་རྐང་དམག་སྡེ་ཚན་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ S B Asthana ལགས་ནས་ FirstPost གསར་ཁང་གི་དྲ་གནས་ཐོག་དཔྱད་གཏམ་ཞིག་འདོན་སྤེལ་གནང་སྟེ། ད་རེས་རྒྱ་དཀར་ནག་གཉིས་དབར་གྱི་གྲོས་མོལ་ཐེངས་ ༡༣ པ་དེར་གྲུབ་འབྲས་ཤིག་ཐོན་ཐུབ་མེད་པ་དེ་ལ་ཧང་སང་དགོས་དོན་གང་ཡང་མེད་པ་དང་། དེ་ཡང་གྲོས་མོལ་དེ་འགོ་འཛུགས་མ་བྱས་པའི་གོང་ཙམ་དུ་རྒྱ་ནག་ཕྱོགས་ནས་རྒྱ་གར་གྱི་ Uttarakhand དང་ཨ་རུ་ན་ཅན་མངའ་སྡེའི་ས་ཁུལ་ཁག་ཅིག་ཏུ་བཙན་འཛུལ་བྱས་པའི་བྱ་སྤྱོད་དང་། དེ་བཞིན་འཕགས་བོད་གཉིས་ཀྱི་ས་མཚམས་ཁག་ཏུ་གྲོང་སྡེ་གསར་རྒྱག་བྱེད་བཞིན་པའི་གནས་སྟངས་ཁག་ལ་ལྟ་སྐབས་རྒྱ་ནག་ཕྱོགས་ནས་མཐའ་མཚམས་ཀྱི་གནད་དོན་དེ་ཞི་འགྲིག་ཡོང་རྒྱུར་འདོད་པ་རྩ་བ་ནས་མེད་པ་གསལ་པོ་རེད་ཅེས་བཀོད་འདུགམ་ཟད་ཁོང་ནས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་ནག་རྒྱལ་ཁབ་དེ་ཨེ་ཤ་ཡའི་ནང་གི་དབང་ལྡན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་དེ་ཡིན་པ་དེ་ལྟར་ཡང་། རྒྱ་ནག་གཞུང་ལ་སེམས་འཚབ་ཅིག་ཡོད་པ་ནི་རྒྱ་གར་ཕྱོགས་ནས་རྒྱ་ནག་ལ་སྒུར་མིན་དང་། ལྷག་པར་དུ་ལ་དྭགས་ཀྱི་ཤར་ངོས་སུ་ཡོད་པའི་རྒྱ་གར་གྱི་ས་གནས་དེ་དག་རྒྱ་ནག་གི་དམིགས་ཡུལ་སྒྲུབ་རྒྱུའི་ཐབས་བྱུས་དང་འབྲེལ་བའི་ས་ཚིགས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས་ས་ཁུལ་དེ་དག་གི་བདག་དབང་ཐོག་མུ་མཐུད་རྩོད་བཞིན་ཡོད་པ་སོགས་འགྲེལ་བརྗོད་བྱས་འདུགལྷག་པར་དུ་ཁོང་གི་དཔྱད་གཏམ་དེའི་ནང་ལ་རྒྱ་གར་གཞུང་གི་ངོས་ནས་དོ་སྣང་བྱེད་པའི་དོན་ཚན་ཁག་ཅིག་གསལ་འདོན་གནང་པའི་ནང་ལ། རྒྱ་གར་གཞུང་ནས་རྒྱལ་ཁབ་ཀྱི་ཐབས་བྱུས་ཁག་ཡོངས་གྲགས་བྱེད་ཀྱི་མེད་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་རྒྱ་གར་གཞུང་ནས་རྒྱ་ནག་ལ་གདོང་ལེན་བྱེད་སྐབས་རྒྱ་ནག་གཞུང་ལ་ཕོག་ཐུགས་རིགས་རྩ་བ་ནས་མི་གཏོང་རྒྱུ་དེ་ནི་འཐབ་ཇུས་ཀྱི་རྨང་གཞི་གཙོ་བོ་དེ་ཟིན་ཡོད་པ་གསལ་པོ་ཡིན་སྟབས། འཐབ་ཇུས་ཀྱི་རྨང་གཞིའི་དེའི་འོག་ནས་ད་བར་རྒྱ་གར་ལ་ཁེ་ཕན་གང་ཡང་བྱུང་མེད་པ་མ་ཟད། རྒྱ་ནག་ཕྱོགས་ནས་ཀྱང་དེར་ཆ་འཇོགས་རྩབ་ནས་བྱས་མེད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག་རྒྱ་གར་ངོས་ནས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་གྲོས་མོལ་གྱི་འཐབ་བྱུས་ཙམ་མིན་པར། བོད་དང་ཧོང་ཀོང་། དེ་བཞིན་ཤིན་ཅང་བཅས་ཀྱི་བདག་དབང་གི་གནད་དོན་ཐོག་འདྲི་རྩད་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག མ་ཟད་ཁོང་ནས་ད་བར་རྒྱ་གར་ཕྱོགས་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་གནད་དོན་དངོས་སུ་གླེང་སློང་མ་བྱས་ཀྱང་རྒྱ་ནག་ཕྱོགས་ནས་Kashmir གི་གནད་དོན་བེད་སྤྱོད་བྱས་ཏེ་རྒྱ་གར་འདི་བཞིན་རྒྱལ་ཚོགས་ཀྱི་བདེ་འཇགས་ཚོགས་མིའི་ཁོངས་སུ་ཚུད་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོས་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་གར་གཞུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཐབས་བྱུས་ཀྱི་གནད་དོན་ཐོག་ལ་བསམ་བློ་གསར་པ་ཞིག་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཡང་རྣམ་འགྱུར་ཙམ་མིན་པར། དགོས་ངེས་བྱུང་ན་རྒྱ་གཞུང་གི་འཐབ་བྱུས་དང་འབྲེལ་བའི་ས་ཚིགས་ཁག་ལ་བཙན་འཛུལ་བྱེད་དགོས་པ་ཡང་གསུངས་འདུགདེ་བཞིན་རྒྱ་ནག་གི་བྱེད་བབ་ལ་གཞིགས་ན་རྒྱ་ནག་རང་ཉིད་ཀྱི་དམིགས་ཡུལ་མ་འགྲུབ་ཀྱི་བར་དུ་མཐའ་མཚམས་ཀྱི་གནད་དོན་ཞི་འགྲིག་ཡོང་རྒྱུར་གྲ་སྒྲིག་མེད་སྟབས། རྒྱ་གར་ངོས་ནས་ཀྱང་དེ་མཚུངས་ཀྱིས་རང་ས་སྲུང་སྐྱོབ་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་བརྒྱུད་མཐའ་མཚམས་ཁག་ཏུ་ཡོད་པའི་ཡུལ་མི་ཚོར་འཚོ་བའི་རོགས་རམ་གང་ཐུབ་གནང་དགོས་པ་དང་། དམག་དོན་དང་འབྲེལ་བའི་དམག་སྡེ་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་མཚོ་ཐོག་ཏུ་དམག་དང་འབྲེལ་བའི་ལས་དོན་སྤེལ་བཞིན་པ་ཁག་ལ་གདོང་ལེན་གྱི་ལས་གཞི། དེ་བཞིན་མང་གཙོའི་རྒྱལ་ཁབ་གཙོས་པའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་ཟུང་འབྲེལ་ཐོག་རྒྱ་ནག་ལ་གདོང་ལེན་བྱེད་རྒྱུའི་འཐབ་བྱུས་གཏན་འབེབས་ཀྱི་ལས་དོན་རྣམས་སྔ་ས་ནས་གྲ་སྒྲིག་བྱེད་དགོས་པ་སོགས་གསུངས་འདུག གཞི་རྩའི་ལོ་གཅིག་ཙམ་གྱི་གོང་ལ་ལ་དྭགས་སྤང་གོང་མཚོའི་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མདག་མིའི་དབར་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་གདོང་ཐུག་རིམ་པ་བྱུང་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱི་དམག་མིའི་འགོ་ཁྲིད་དབར་གྲོས་མོལ་ཐེངས་ ༡༢ ཙམ་གནང་པའི་རྗེས་སུ་སྤང་གོང་དང་ Gogra ཁུལ་གྱི་གནད་དོན་སེལ་ཐུབ་ཙམ་བྱུང་ཡོད་ཀྱང་། Depsang དང་བདེན་མཆོག་གཙོས་པའི་ཨ་རུ་ན་ཅལ་མངལ་ཁུལ་གྱི་རྩོད་རྙོག་ཁག་ད་ལྟ་ཡང་ཞི་འགྲིག་ཡོང་མེད་པ་རེད། ཐེངས་འདིའི་གྲོས་མོལ་ ༡༣ མཇུག་སྒྲིལ་མཚམས་སུ་རྒྱ་ནག་གི་དམག་ཁུལ་གྱི་མགྲིན་ཚབ་པ་ཞིག་ནས་རྒྱ་གར་ཕྱོགས་ནས་དངོས་ཡོད་གནས་སྟངས་དང་མི་འཚམས་པའི་རེ་བ་ཁག་ཅིག་མུ་མཐུད་བཏོན་ཏེ་གྲོས་མོལ་ལམ་ལྷོང་ལྡན་པ་ཞིག་འགྲོ་བཅུག་མ་སོང་ཞེས་བཤད་འདུག་ཀྱང་། རྒྱ་གར་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས། རྒྱ་གར་ཕྱོགས་ནས་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཡང་དག་ཁག་ཅིག་བཏོན་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དེར་ངོས་ལེན་མ་བྱས་པ་མ་ཟད། དཀའ་རྙོག་དེ་དག་སེལ་ཐབས་ཀྱི་ཐབས་དང་འབྲེལ་བའི་བསམ་འཆར་ཞིག་ཀྱང་སྟོན་རྒྱུ་མི་འདུག་ཅེས་གསུངས་ཡོད། གཞི་རྩའི་རྒྱ་ནག་གཞུང་ནས་བོད་དང་ས་འབྲེལ་ཡོད་པའི་རྒྱ་གར་གྱི་ས་ཁུལ་འདྲ་མིན་ཐོག་བཙན་འཛུལ་བྱས་ཏེ་ས་ཁུག་དེ་དག་གི་བདག་དབང་རྒྱ་ནག་གཞུང་ལ་ཡོད་སྐོར་བཤད་བཞིན་ཡོད་པ་མ་ཟད། ཉེ་ཆར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ Venkaiah Naidu མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་ཁུལ་དུ་ཕེབས་སྐབས་རྒྱ་ནག་གཞུང་ནས་རྒྱ་གར་གྱི་འགོ་ཁྲིད་ས་ཁུལ་དེར་བསྐྱོད་པ་དེ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་སྐོར་སོགས་བཤད་དེ་དགག་པ་རྒྱབ་ཡོད་པ་དང་། སྐབས་དེར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ཨ་རུ་ན་ཅལ་མངའ་སྡེའི་བདག་དབང་རྒྱ་གར་ལ་ཡོད་པ་མ་ཟད། མངའ་སྡེ་དེ་རྒྱ་གར་དང་ཁ་བྲལ་ཐབས་མེད་པ་ཞིག་རེད་ཅེས་རྒྱ་གཞུང་ལ་ལན་འདེབས་བྱས་པའི་གནས་སྟངས་ཡང་བྱུང་ཡོད།

རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པར་མངོན་གསལ།

བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་བོད་མཐོ་སྒང་གྱི་ཁོར་ཡུག་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་རྒྱ་ཆེན་པོ་སྤེལ་གྱི་ཡོད་ཚུལ་འོག་བོད་མིའི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་བཏང་བར་མ་ཟད་བོད་མིའི་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་གནས་མེད་པ་བཟོས་ཏེ་འབྲོག་པ་རྣམས་ལ་བཙན་དབང་གིས་གནས་གཞི་སྤོ་དགོས་པའི་ལས་གཞི་རྒྱ་ཆེན་པོ་ཞིག་ལོ་མང་ནས་སྤེལ་མུས་ཁྲོད་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྣོད་བཅུས་སྙོམས་པའི་བོད་མཐོ་སྒང་གི་འབྲོག་མི་རྣམས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པའི་ཁར་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པར་མངོན་གསལ་གནང་འདུགརླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་སུ་སྙན་ཐོའི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གིས་ད་ལྟ་རྒྱ་ནག་གི་ཀུན་མན་གྲོང་ཁྱེར་དུ་འཚོགས་གཞིན་པའི་ Convention on Biodiversity འམ་རྒྱལ་སྤྱིའི་སྣ་མང་སྐྱེ་དངོས་ཀྱི་ཚོགས་འདུ་དང་། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ནས་ཕྱི་ཟླ་ ༡༡ ཚེས་ ༡༢ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐེངས་ ༢༦ པ་དེ་དབྱིན་ཡུལ་ Glasgow རུ་ཚོགས་གཏན་འཁེལ་ཡོད་པ་བཅས་ཀྱི་ཚོགས་ཆེན་གཉིས་ལ་དམིགས་ནས་ཆེད་བཏོན་གནང་བ་ཞིག་དང་། རྒྱ་ནག་གཞུང་གིས་སོ་སོའི་དཔལ་འབྱོར་ཁེ་ཕན་ལ་བལྟས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གནོད་འཚེ་ཚབས་ཆེན་བཟོ་མཁན་གྱི་བཟོ་གྲྭ་རྒྱུ་ཆེན་ཚོར་བཟོ་ཁྲལ་སྤར་བ་སོགས་ཐད་ཀར་ཚོད་འཛིན་ནན་པོ་བྱ་རྒྱུ་ལས་ལྡོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་མངོན་གསལ་ཆེད་དུ་བོད་སྤྱོད་ཀྱི་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་དུ་བོད་མི་ཚོའི་དགོངས་ཚུལ་གསུང་ས་མེད་པ་དང་དེར་ངོས་འཛིན་མེད་པ། ལོ་ངོ་སྟོང་ཕྲག་མང་པོའི་རིང་སྣོད་བཅུས་སྙོམས་པའི་བོད་མཐོ་སྒང་གི་འབྲོག་མི་རྣམས་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་པའི་ཁར་རྒྱ་ནག་གི་ཁོར་ཡུག་གུན་གསབ་སྲིད་བྱུས་འོག་བོད་ཀྱི་སྲོལ་རྒྱུན་འབྲོག་པའི་ཕུགས་མདུན་ལ་གནོད་ཚབས་ཆེས་ཆེར་བཟོ་བཞིན་པའི་གནས་སྟངས་ཁག་མངོན་གསལ་གནང་ཡོད་པར་གསུངས་ཡོད།དེ་བཞིན་ད་རེས་ཀྱི་སྙན་ཐོ་བརྒྱུད་ནས་རྒྱ་ནག་གཞུང་ལ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་ནང་དུ་ས་གནས་ཀྱི་བོད་མི་རྣམས་ཚུད་དགོས་པ་དང་ཁོང་རྣམས་ནས་ཆ་ཤས་བཞེས་དབང་སྤྲོད་དགོས། འབྲོག་མི་གྲོང་སྡེ་ཅན་དུ་བསྒྱུར་བ་རྣམས་ལ་གུན་གསབ་ཚད་ལྡན་སྤྲོད་དགོས། དེ་བཞིན་བོད་ནང་དུ་ཁོར་ཡུག་ཐོག་མི་རིགས་དབྱེ་འབྱེད་མེད་པར་ཚུལ་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་བཅུག་དགོས་པའི་དགོས་འདུན་ཆེད་བཏོན་གནང་ཡོད་པར་མ་ཟད། ད་ལྟ་འཚོགས་བཞིན་པ་དང་རིང་མིན་འཚོགས་ལ་ཉེ་བའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་གཉིས་པོའི་ཐོག་རྒྱ་ནག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ངན་པ་སྤྲོད་བཞིན་ཡོད་པ་དང་། དེས་ན་བོད་ཀྱི་ཁོར་ཡུག་དང་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་སྐོར་ལ་གླེང་སློང་གང་ཐུབ་གནང་དགོས་པའི་རེ་སྐུལ་ཞུ་མུས་ཡིན་པ་གསུངས་ཡོད།

༸གོང་ས་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་འཚམས་འཕྲིན་སྩལ་བ།

ཁ་སང་ནོར་ཝེ་ཁུལ་གྱི་ནོ་སྦེལ་ལྷན་ཚོགས་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་དུ་། ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་ Dmitry Murato ལགས་གཉིས་སུ་ནོ་སྦེལ་ཞི་བདེའི་གཟེགས་རྟགས་འབུལ་རྒྱུ་གསལ་བསྒྲགས་གནང་ཡོད་པ་དང་བསྟུན་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་གཟེགས་རྟགས་བཞེས་མཁན་རྣམ་གཉིས་ལ་དགའ་བསུའི་འཚམས་འཕྲིན་ཞིག་སྩལ་འདུགམཚམས་འཕྲིན་དེའི་ནང་། མགོན་པོ་གང་གིས་ནོ་སྦེལ་ལྷན་ཚོགས་ཀྱིས་ཐེངས་འདིར་ཧྥི་ལི་པེན་དང་ཨུ་རུ་སུའི་ཁུལ་གྱི་གསར་འགོད་པ་གཉིས་ཀྱིས་རྒྱལ་ཁོངས་སོ་སོའི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་དཀའ་སྤྱད་གནང་བར་བརྟེན་ནས་འདི་ལོའི་ནོ་སྦེལ་ཞི་བདེ་གཟེགས་རྟགས་དེ་ཕུལ་བར་ཐུགས་མཉེས་བོ་བྱུང་ཡོད་པར་བཀའ་སྩལ་བ་དང་འབྲེལ་ནས། ལྷན་ཚོགས་ཀྱིས་ཐེངས་འདིར་གསར་འགོད་པ་གཉིས་ལ་ཞི་བདེ་གཟེགས་རྟགས་ཕུལ་བ་དེ་ནི་ས་ཕྱོགས་གང་སར་གནས་བའི་གསར་འགོད་པ་རྣམས་ཀྱིས་ཉེན་ཁའི་ཁྲོད་དུ་དཀའ་ངལ་འདྲ་མིན་ལ་གདོང་ལེན་གནང་བཞིན་པའི་ཚབ་མཚོན་ལྟ་བུ་ཞིག་ཆགས་ཡོད་སྐོར་བཀའ་སྩལ་འདུགགཞན་ཡང་མགོན་པོ་གང་གིས་གསར་འགོད་པ་རྣམས་ཀྱིས་འགྲོ་བ་མིའི་རིན་ཐང་གི་གཙོ་བྱས་པའི་སྤྱི་ཚོགས་དང་ཆོས་ལུགས་མཐུན་ལམ་ཐོག་ལ་འགན་འཁུར་ཆེན་པོ་ཡོད་པར་བཀའ་འབྲེལ་གྱིས། གསར་འགོད་པ་རྣམས་ཀྱིས་མང་ཚོགས་ཁྲོད་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ཡོངས་ཐབས་དང་སྤྱི་མཐུན་གྱི་བདེ་རྩའི་འགན་འཁྲིའི་ཐད་སློབ་སྦྱོང་སྤྲོད་རྒྱུར་ཞབས་འདེགས་ཞུ་ཐུབ་པ་དང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འཆམ་མཐུན་དང་མཛའ་བརྩེ་གོང་མཐོར་གཏོང་རྒྱུར་གལ་གནད་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ཁྲོད་གོ་མཚོན་ཉུང་འཕྲི་དང་འཛམ་གླིང་ཞི་བདེར་སྐྲུན་རྒྱུར་ཕན་རླབས་ཡོད་པ་ཞིག་ཡིན་པའི་བཀའ་སློབ་ལམ་སྟོན་མཛད་འདུག དེ་བཞིན་མགོན་པ་གང་ཉིད་ཉིད་མཆོག་གིས་ཧྥི་ལི་པེན་གྱི་གསར་འགོད་པ་ Maria Ressa དང་ཨུ་རུ་སུའི་གསར་འགོད་པ་Dmitry Murato ལགས་གཉིས་ཀྱི་གསར་འགོད་ལས་རིགས་ཁྲོད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་མཛད་པ་དང་འབྲེལ་ནས། ཐེངས་འདིའི་ཞི་བདེ་གཟེགས་རྟགས་དེ་ཡིས་གསར་འགོད་ལས་རིགས་ཁྲོད་ཕྱག་ལས་གནང་མཁན་ཡོངས་ཀྱིས་འཛམ་གླིང་འདིར་ཞི་བདེ་ཡོང་རྒྱུའི་གཞི་རྟེན་དུ་གྱུར་བའི་དྲང་བདེན་དང་མང་གཙོ་ལ་སྲུང་སྐྱོབ་གནང་རྒྱུར་ཤུགས་སྣོན་གང་ལེགས་ཐེབས་རྒྱུར་སྐུལ་མ་མཛད་འདུག

Latest news