Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་ནག་ཏུ་ལོ་ལྟར་མི་སྟོང་ཕྲག་མང་པོ་གསང་བའི་བཀག་སྐྱིལ་འོག་གར་སོང་ཆ་མེད་འགྱུར་བཞིན་པ་མངོན་གསལ།

རྒྱ་ནག་ནང་དུ་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་བརྟན་བརླིང་། དེ་བཞིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་སོགས་ཀྱི་བསྙད་འདོགས་འདྲ་མིན་འོག་མི་མང་གང་བྱུང་འཛིན་བཟུང་དང་འབྲེལ། དམིགས་བསལ་གྱི་བཀག་སྐྱིལ་ས་ཚིགས  Residential Surveillance at a Designated location འམ་ RSDL ཞེས་པའི་འོག་ལོ་ལྟར་མི་ ༤༠༠༠ ནས་ ༥༠༠༠ བར་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་མངོན་གསལ་གནང་འདུགདེའང་སི་པཱན་(Spain)དུ་རྟེན་གཞི་བྱས་པའི་ Safeguard Defenders ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་གི་གོང་རིམ་ཁྲིམས་ཁང་ལས་ཐོབ་པའི་ཡིག་ཆ་ཁག་དང་། གསང་བའི་བཀའ་སྐྱིལ་ཁང་དེ་དག་ནས་སྡུག་རྩུབ་མྱང་མྱོང་མཁན་གྱི་བཙོན་ཟུར་དང་ཁྲིམས་རྩོད་པ་ཁག་གཅིག་ལ་འདྲི་ཞིབ་བྱས་པའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གིས་ཉེས་དོན་ཁྲིམས་གཞི་ལ་བསྐྱར་བཅོས་བྱས་པ་ནས་བཟུང་། རྒྱ་ནག་གི་ཉེན་རྟོག་པས་དོགས་ཡོད་སུ་ཡིན་ཡང་གང་བྱུང་འཛིན་བཟུང་གིས་ཟླ་བ་དྲུག་གི་བར་དུ་བཀག་སྐྱིལ་བྱས་ཏེ། འཛིན་བཟུང་བྱས་པ་རྣམས་ཀྱི་གནས་ཚུལ་གང་ཡང་ཕྱི་ལ་བསྒྲགས་མི་དགོས་བར་བཟོས་པ་ལྟར། ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་ད་ལྟའི་བར་དུ་རྒྱ་ནག་གི་ཉེན་རྟོག་པས་མི་ ༢༧༢༠༨ ནས ༥༦༩༦༣ ལྷག་དམིགས་བསལ་གྱི་བཀག་སྐྱིལ་ས་ཚིགས་དེར་བཅུག་ནས་མནར་གཅོད་བཏང་ཡོད་པ་ཡོངས་གྲགས་གནང་འདུགསྙན་ཐོའི་ནང་སྔར་ལོ་རྒྱ་ནག་གིས་ཁྲིམས་རྩོད་སོགས་ཀྱི་ཁེ་དབང་གང་ཡང་མེད་པར་ཉིན་གཅིག་སྟོང་ལྷག་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་བའི་ཁ་ན་ཊའི་མི་ཟེར་Michael Spavorདང་MichaelKovrig ལགས་ཀྱང་RSDL ཞེས་པའི་གསང་བའི་བཀག་སྐྱིལ་འོག་བཞག་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་དམིགས་བསལ་གྱི་བཀག་སྐྱིལ་ཁང་དེ་དག་ཏུ་མང་ཚོགས་ལ་མི་སྤྱོད་ལས་འདས་བའི་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་ཡོངས་གྲགས་གནང་སྟེ། གསང་བའི་བཀག་སྐྱིལ་ཁང་དེ་དག་སྒོ་རྒྱག་དགོས་བའི་ཞུ་སྐུལ་གནང་འདུག མ་ཟད་ད་ལྟ་བར་དུ་རྒྱ་ནག་གི་གསང་བའི་བཀག་སྐྱིལ་ཁང་དེར་བཅུག་པའི་ཁྲོད་ནས་ཡོངས་གྲགས་ཡིན་པའི་མི་སྣ་གཞན་ཁག་ཅིག་མིང་འདོན་གནང་བའི་ནང་དུ། རྒྱ་ནག་གི་སྒྱུ་རྩལ་བ་ Ai Wei Wei དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ Wang Yu དང་ Wang Quanzhang སོགས་ཚུད་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་མི་སེར་ཡིན་པ་སི་ཝི་ཊན་གྱི་ཁྲིམས་རྩོད་པ་Peter Dahlin ལགས་དང་ཁ་ཎ་ཊའི་ཡི་ཤུའི་ཆོས་སྤེལ་མཁན་Kevin དང་ Julia Garrett སོགས་ཀྱང་ཚུད་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། Safeguard defenders ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་Michael Caster ཞུ་བའི་ཁྲིམས་རྩོད་པས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་ནག་གི་གསང་བའི་བཀག་སྐྱིལ་ས་ཚིགས་དེར་ལོ་རེར་མི་ ༤༠༠༠ ནས་༥༠༠༠ ལྷག་འཛིན་བཟུང་གིས་བཀག་ཉར་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོར་གཅིག་པོར་མི་ ༡༠༠༠༠ ནས་ ༡༥༠༠༠ ལྷག་བཀག་སྐྱིལ་བྱས་པར་ཡོངས་གྲགས་གནང་འདུགChina Human Rights Defenders ཞེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སྲུང་སྐྱོབ་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་William Nee ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གི་ནང་དུ་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་མ་གཏོགས་པའི་དམིགས་བསལ་གྱི་གསང་བའི་བཀག་སྐྱིལ་ཁང་དེ་དག་ལོ་ངོ་བཅུ་ལྷག་གི་སྔོན་ནས་ལག་བསྟར་བྱེད་བཞིན་པ་ཞིག་ཡིན་པ་མ་ཟད། ཁྲིམས་འགལ་གྱི་བཀག་སྐྱིལ་ལས་དོན་དེ་བཞིན་ད་སྐབས་ཁྱབ་ཆེན་པོའི་ཐོག་ནས་ལག་བསྟར་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་དེ་སྔོན་སྒྱུ་རྩལ་བ་Ai Wei Wei ལགས་བཀག་སྐྱིལ་བྱེད་སྐབས། ཆབ་སྲིད་ཀྱི་ལྟ་བ་དང་འབྲེལ་བའི་དོན་དངོས་ཀྱི་རྒྱུ་མཚན་ཡོངས་གྲགས་མ་བྱས་བར་ཁོང་གི་ཚོང་ལས་དང་ཁྲལ་འབབ་དང་འབྲེལ་བའི་གནས་ཚུལ་ལ་ཁ་གཡར་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་གི་ནང་དུ་དམིགས་བསལ་གྱི་བཀག་སྐྱིལ་ས་ཚིགས་དེ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་བཞིན་པ་དེ་ནི་ཞེད་སྣང་སྐྱེ་གཞི་ཞིག་ཆགས་ཡོད་པར་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་ཆེས་མཐོ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་དུ། ཕྱི་ལོ་ ༢༠༡༨ ལོ་ནས་རྒྱ་ནག་གིས་ liuzhi ཞེས་པའི་བཀག་སྐྱིལ་ས་ཚིགས་གཞན་ཞིག་ངོ་སྤྲོད་བྱས་ཡོད་པ་དང་། བཀག་སྐྱིལ་ས་ཚིགས་དེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་དམར་ཤོག་ཚོགས་མི་རྣམས་ཀྱི་དམངས་དོན་དང་འབྲེལ་བའི་གནད་དོན་བརྒྱུད་ནས་བཀག་སྐྱིལ་བྱེད་ཀྱི་ཡོད་པའི་ཁྲོད།  ལོ་རེར་མ་མཐའ་ཡང་མི་ ༡༠༠༠༠ ནས་༢༠༠༠༠ ལྷག་བཀག་སྐྱིལ་གྱིས་མནར་གཅོད་གཏོང་གི་ཡོད་པར་འཁོད་འདུག Al Jazeera གསར་ཁང་གིས་རྒྱ་ནག་གིས་བཀག་སྐྱིལ་ཁང་ནས་ཐར་བ་རྣམས་ཀྱིས་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་པ་ལྟར་ན། བཀག་སྐྱིལ་ས་ཚིགས་དེར་མང་ཚོགས་ལ་མི་སྤྱོད་ལས་འདས་བའི་མནར་གཅོད་གཏོང་བཞིན་པའི་ཁྲོད་དུ། མི་སྒེར་ལ་ཁྲིམས་རྩོད་ཀྱི་ཐོབ་ཐང་གང་ཡང་སྤྲོད་ཀྱི་མེད་པ་མ་ཟད། གཉིད་གཅོག་ཏུ་འཇུག་པ་དང་། ཁེར་རྐྱང་གིས་བཀག་སྐྱིལ་བྱེད་པ། དེ་བཞིན་གཅར་རྡུང་གིས་ལྕགས་ཁྲབ་ལ་བསྡམས་ནས་ཡུན་རིང་འཇོག་བཞིན་པ་སོགས་ཀྱི་མནར་གཅོད་གཏོང་གི་ཡོད་པ་ར་སྤྲོད་བྱུང་འདུག གསར་ཁང་གིས་གོང་གི་གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་གི་གཞུང་ཚབ་ཁང་ལ་འབྲེལ་གཏུགས་བྱས་ཏེ་གནད་དོན་དེའི་ཐད་འདྲི་རྩད་བྱས་ཀྱང་། གཞུང་ཚབ་ཁང་གིས་དེར་འབྲེལ་གྱི་གནད་དོན་ལ་བརྡ་ལན་གང་ཡང་སྤྲད་མི་འདུག

འཇར་མན་ནིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཨོ་རྩལ་ལ་ཞུགས་རྒྱུ་མིན་པར་བསྒྲགས་འདུག

རྒྱ་ནག་གིས་བོད་དང་ཤིན་ཅང་།དེ་བཞིན་ནང་སོག་སོགས་ཀྱི་གཙོ་བྱས་པའི་རྒྱ་ནག་གི་དབང་བསྒྱུར་ས་ཁུལ་གྱི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆོས་རིག་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་འབྲེལ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་འོས་བབ་མེད་པའི་ཐད་ནས་གླེང་སློང་ཤུགས་ཆེར་གནང་བཞིན་པའི་སྐབས་འདིར། འཇར་མན་གྱི་ཕྱི་སྲིད་བློན་ཆེན་ལྩམ AnnalenaBaerbock ལགས་ཀྱིས་ཁོང་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་མིན་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། ཡུ་རོབ་ཁྱོན་དུ་བཙན་དབང་གི་ངལ་རྩོལ་འོག་བཟོ་སྐྲུན་བྱེད་བཅུག་པའི་དངོས་ཟོག་བཀག་སྡོམ་དགོས་པར་བསྒྲགས་འདུགདེ་ཡང་ཁོང་ལ་འཇར་མན་ཁུལ་གྱི་dpaགསར་ཁང་གིས་བཅར་འདྲི་ཞུས་པའི་ནང་དུ། ཁོང་མོ་སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་མིན་པར་བསྒྲགས་པ་དང་ལྷན་དུ། དུས་རྒྱུན་ནས་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་སྲོལ་མེད་པ་ཞིག་ཡིན་པར་མངོན་གསལ་གྱིས། ཐེངས་འདིར་ཁོང་ཡང་རྒྱ་ནག་ཏུ་བསྡུ་འཆར་གྱི་ཨོ་རྩལ་ལ་ཞུགས་རྒྱུ་མིན་པའི་ཐག་གཅོད་དེ་ནི་ཁོང་མི་སྒེར་གྱི་ཐག་གཅོད་ཡིན་པ་ལས་གཞུང་འབྲེལ་གྱི་ལངས་ཕྱོགས་མིན་པར་བསྒྲགས་འདུག ཁོང་གིས་ད་དུང་། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གིས་ཡུ་གུར་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱས་ཏེ་ཐོན་སྐྱེད་བྱས་པའི་དངོས་ཟོག་གི་རིགས་ཆ་ཚང་བཀག་སྡོམ་བྱེད་རྒྱུའི་གླེང་གཞི་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པར་བསྒྲགས་པ་མ་ཟད། གནད་དོན་དེ་ནི་ཁོང་གི་དུས་རྒྱུན་ནས་བསམ་བློ་འཁོར་བསྡད་པ་ཞིག་ཡིན་པར་མངོན་གསལ་གྱིས། ཁོང་དུས་རྒྱུན་ནས་རྩེད་རིགས་ལ་དགའ་མོས་ཆེན་པོ་བྱེད་མཁན་ཞིག་ཡིན་ཡང་། སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་མིན་པར་ཐག་གཅོད་གཙང་མ་བྱས་ཡོད་པར་ཡོངས་གྲགས་གནང་འདུགགཞི་རྩའི་ཟླ་བ་འདིའི་ཟླ་སྟོད་དུ། ཕྱི་སྲིད་བློན་ཆེན་མཆོག་གིས་སྣེ་ཁྲིད་པའི་ལྗང་ཁུ་ཚོགས་པས་ཁུལ་དེའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་དང་མཉམ་འབྲེལ་གྱིས་འཇར་མན་གྱི་གཞུང་འཛིན་ཚོགས་པ་དང་། ཚོགས་པ་དེའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གནད་དོན་ལ་ཐུག་དུས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ལངས་ཕྱོགས་སྲ་བརྟན་བཟོས་ཡོད་པ་དེ་ལྟར་ཡང་། ད་ལྟའི་ཆར་རྒྱ་ནག་དང་ལྷན་ཚོང་འབྲེལ་གོང་འཕེལ་འདོད་མཁན་འཇར་མ་ནིའི་སྲིད་བློན་ངོས་ནས་ཕྱི་སྲིད་བློན་ཆེན་མཆོག་གི་ལངས་ཕྱོགས་དེར་རྒྱབ་སྐྱོར་ཅི་ཙམ་བྱེད་མིན་གསལ་པོ་མེད་པ་རེད།སྤྱིར་ཨ་རིའི་ངོས་ནས་བདུན་ཕྲག་སྔོན་མའི་ནང་དུ་རྒྱ་ནག་གིས་ཤིན་ཅང་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱས་པའི་ཐོན་སྐྱེད་རིགས་ནང་འདྲེན་བྱེད་རྒྱུར་བཀག་སྡོམ་གྱི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་པ་དང་། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་ཀྱང་ཡུ་རོབ་མངའ་ཁུལ་དུ་ངལ་རྩོལ་བསྒྱུར་བཀོལ་གྱི་དངོས་ཟོག་ཁག་བཀག་སྡོམ་བྱ་འདོད་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་ལྟར་ད་ལྟའི་ཆར་བཀག་སྡོམས་ཀྱི་བྱ་རིམ་སྐོར་ལ་གྲོས་བསྡུར་གནང་མུས་ཡིན་པར་གསུང་ཡོད། རྩ་བའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཐོབ་ཐང་གི་ཚོགས་སྐྱིད་༡༨༠ ལྷག་གིས་འདས་བའི་ལོ་གཅིག་གི་ནང་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ཏེ་རྒྱ་ནག་གིས་དུས་རྒྱུན་ནས་བོད་མི་དང་ཡུ་གུར་མི་རིགས་ཀྱི་གཙོ་བྱས་པའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐབ་ཐང་ལ་རྩིས་མེད་རྡོག་རོལ་བྱེད་བཞིན་པའི་གནད་དོན་དྲིལ་བསྒྲགས་ཤུགས་ཆེར་གནང་སྟེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་མ་ཕྱིན་བར་དུ་རྒྱ་ནག་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་འོས་བབ་མེད་པའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་དང་། ད་ལྟའི་ཆར། ཨ་རི་དང་དབྱིན་ཡུལ། དེ་བཞིན་ཨོ་གླིང་དང་ཁ་ན་ཊ། གཞན་ཡང་ནེའུ་ཛི་ལནཊི་སོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་ལ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཡོངས་གྲགས་གནང་ཟིན་པ་ལྟར། བོད་ཀྱི་གཞོན་ནུ་ཚོགས་པའི་ངོས་ནས་རྒྱ་གར་རྒྱལ་ཡོངས་ལ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་མུས་ཀྱིས་རྒྱ་གར་གཞུང་གིས་ཀྱང་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་གནང་རྒྱུ་མེད་པའི་ཞུ་སྐུལ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ་རེད།  

རྒྱ་ནག་ནང་གི་དྲ་རྒྱའི་ཐོག་ཕྱི་ཕྱོགས་ཀྱི་ཚོགས་སྒེར་ནས་ཆོས་སྤེལ་མི་ཆོག་པའི་ཁྲིམས་གསར་པ་གཏན་འབེབས།

རྒྱ་ནག་གཞུང་གི་ངོས་ནས་ཕྱི་ཕྱོགས་ལ་ཡོད་མཁན་མི་སྣ་སྒེར་དང་ཚོགས་པ་སུ་འདྲ་ཞིག་གིས་རྒྱ་ནག་ནང་ལོག་གི་དྲ་རྒྱའི་ཐོག་ཆོས་སྤེལ་མི་ཆོག་པའི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་ཏེ། རིང་མིན་ ༢༠༢༢ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡ ནས་ལག་བསྟར་བྱེད་འགོ་འཛུགས་རྒྱུ་རེད་འདུག རྒྱ་ནག་ཉམས་ཞིབ་པ་དང་ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་ཀྱི་གསུངས་པར་གཞིགས་ན། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཞེས་པའི་སྲིད་བྱུས་ཀྱི་ཆ་ཤས་ཆགས་ཀྱི་ཡོད་པ་དང་ཁྲིམས་སྒྲིག་གསར་པ་དེའི་འོག་བོད་མིའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བཅས་ཕྱོགས་ཡོངས་ནས་རྩ་གཏོར་གཏོང་ཉེན་ཡོད་པའི་སྲིད་བྱུས་ཉེན་ཚབས་ཅན་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་། དེ་ཡང་ཟླ་བ་འདིའི་ཚེས་ ༢༡ ཉིན་ Global Times ཞེས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱ་ནག་གི་ཆོས་ལུགས་ལས་དོན་ལྷན་ཁང་དང་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ལས་ཁུངས། བཟོ་ལས་ཆ་འཕྲིན་འཕྲུལ་རིགས་ལྷན་ཁང་། སྤྱི་བདེ་ལྷན་ཁང་། དེ་བཞིན་རྒྱལ་ཁབ་བདེ་འཇགས་ལྷན་ཁང་བཅས་ལས་ཁུངས་ལྔ་ཡིས་མཉམ་རུབ་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་ཕྱི་ཕྱོགས་ལ་ཡོད་པའི་ཆོས་བརྒྱུད་འདྲ་མིན་གྱི་བླ་མ་བླ་ཆེན་དང་ཚོགས་པ་སོགས་སུ་འདྲ་ཞིག་གིས་རྒྱ་ནག་ནང་ལོག་གི་དྲ་རྒྱའི་ཐོག་ཆོས་སྤེལ་མི་ཆོག་པ་དང་། རྒྱ་ནག་ནང་དུ་ཡོད་པའི་ཆོས་སྡེ་འདྲ་མིན་རྣམས་ནས་དྲ་རྒྱའི་ཐོག་ཆོས་ཕྱོགས་དང་འབྲེལ་བའི་གནས་ཚུལ་དང་རྒྱང་བསྲིང་གང་བྱེད་དགོས་ཡོད་པ་ཡིན་ཡང་སྡེ་ཁག་སོ་སོའི་ཞིང་ཆེན་རིམ་པའི་ལས་ཁུངས་ནས་ཆོག་མཆན་ཞུས་པའི་ཐོག་ནས་བྱེད་དགོས་པ་དང་། ཆོག་མཆན་ཐོབ་པའི་ཆོས་ཕྱོགས་ཀྱི་སྡེ་ཁག་རྣམས་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་འབྲུ་དོན་དང་མཐུན་པའི་ཆོས་སྤེལ་དགོས་པ་དང་། ཆོས་སྤེལ་བའི་ཁྲོད་རྒྱལ་ཁབ་ལ་དགའ་ཞེན་དང་ཆོས་ལུགས་དང་འབྲེལ་བའི་ཁྲིམས་སོགས་ལ་བརྩི་བཀུར་ཞུ་རྒྱུའི་བློ་གོང་འཕེལ་གཏོང་དགོས་པ་འཁོད་འདུག རྒྱ་གཞུང་གི་ལག་བསྟར་བྱེད་ལ་རན་པའི་ཁྲིམས་སྒྲིག་གསར་པ་དེའི་ནང་དུ། གཞུང་གི་ཆོག་མཆན་ཡོད་པའི་ཆོས་ལུགས་སྡེ་ཁག་ཚོས་མ་གཏོགས་དྲ་ཐོག་ཆོས་སྤེལ་བ་དང་བརྒྱུད་སྐུལ་བྱེད་མི་ཆོག་པ་མ་ཟད། ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་ཐད་གཏོང་བྱེད་པ་དང་། དྲ་ཐོག་ནས་ཕབ་ལེན་བྱེད་པ་སོགས་མི་ཆོག་པ། མ་ཟད་དྲ་རྒྱའི་ཐོག་ཆོས་ཀྱི་མིང་ཐོག་ནས་ཞལ་འདེབས་དང་དངུལ་བསྡུ་རུབ་སོགས་གང་ཡང་བྱེད་མི་ཆོག་པ་སོགས་འཁོད་པ་མ་ཟད། དྲ་ལམ་ཐོག་ཆོས་ལུགས་ཁྱབ་སྤེལ་ཁྲོད་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་དང་། ལོ་ཆུང་ཚོར་ཆོས་ལ་བློ་ཁ་སྒྱུར་དགོས་པའི་ངན་སྐུལ་སོགས་ཆོག་གི་མེད་སྐོར་དང་འབྲེལ། རྒྱལ་ནང་གི་ཆོས་ཕྱོགས་ཀྱི་ཚོགས་སྒེར་སུ་འདྲ་ཞིག་གིས་ཕྱི་རྒྱལ་གྱི་ཚོགས་སྒེར་ཁག་དང་ལག་འབྲེལ་གྱིས་ཆོས་ལུགས་ཁྱབ་སྤེལ་བརྒྱུད་རྒྱལ་ཁབ་དང་དྲ་རྒྱའི་བདེ་འཇགས་ཐད་ཉེན་ཚབ་བཟོས་པ་ཡིན་ན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ངོས་ནས་དེ་དོན་ལག་ལེན་བསྟར་རྒྱུ་ཡིན་པ་སོགས་འཁོད་འདུག དེ་དོན་འདི་གའི་གསར་འགོད་པས་ཐེ་ཝན་སྐུ་ཚབ་དོན་གཅོད་དང་རྒྱ་ནག་ཉམས་ཞིབ་པ་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྒྱ་གཞུང་གིས་བྱ་འགུལ་གསར་པ་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་ལོ་ ༢༠༡༧ ལོར་གཏན་འབེབས་བྱས་པའི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་འོག་ནས་སྤེལ་བཞིན་ཡོད་པ་དང་། སྲིད་བྱུས་དེའི་འོག་རྒྱ་ནག་ནང་ལོག་གི་ཆོས་ཕྱོགས་ཀྱི་ལས་དོན་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་གི་སྟངས་འཛིན་རང་གི་འོག་ལ་འགྲོ་ཐུབ་པར་དམིགས་ཡོད་པ་ཞིག་ཡིན་པར་གསུངས་སོང་། ཁོང་གིས་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལྟ་བུར་ཆ་མཚོན་པ་ཡིན་ན། ༸གོང་ས་མཆོག་གཙོ་བོར་གྱུར་བའི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཁག་མང་ཆེ་བ་བཙན་བྱོལ་ནང་དུ་ཡོད་སྟབས། བོད་ནང་གི་བོད་མི་རྣམས་ནས་སོ་སོའི་བླ་མའི་གསུང་ཀྱི་བདུད་རྩི་མ་ཐོབ་པ་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་གཅིག་སྒྲིལ་གྱི་རྩ་བ་བཅས་ཕྱོགས་ཡོངས་ནས་རྩ་མེད་གཏོང་རྒྱུར་དམིགས་པའི་སྲིད་བྱུས་ཉེན་ཚབས་ཅན་ཞིག་ཡིན་པ་གསུངས་སོང་། རྩ་བའི་ཉེ་ཆར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་ཆོས་རིགས་ལས་དོན་དང་འབྲེལ་བའི་རྒྱལ་ཡོངས་ཚོགས་ཆེན་ཚོགས་པའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་དང་སྤྱི་ཚོགས་བསྐྲུན་རྒྱུའི་ལས་དོན་རྒྱ་ཆེར་སྤེལ་དགོས་པར་ནན་བརྗོད་བྱས་པ་དང་། དེའི་ཁྲོད་བོད་བརྒྱུད་ནང་བསྟན་དང་ཡི་ཤུ། དེ་བཞིན་ཁ་ཆེ་སོགས་རྒྱ་ནག་ནང་གི་ཆོས་རིག་ལས་དོན་གང་ཅིའི་ཐོག་དྲ་རྒྱའི་ལྟ་སྲུང་སོགས་ཤུགས་ཆེ་རུ་གཏོང་དགོས་པར་བརྗོད་འདུག

༸གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་བསྐོ་བཞག་གནང་པའི་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ལ་འཚམས་འདྲི་དང་སྦྲགས། གང་མགྱོགས་དངོས་སུ་མཇལ་འཕྲད་ཐུབ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༢༣ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་སྩལ་བ་བརྒྱུད་ལྕམ་སྐུ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་བྱུང་བར་འཚམས་འདྲི་དང་སྦྲགས། ལས་ཡུན་གྱི་རིང་ལ་བོད་ནང་གི་བོད་མིའི་གནས་སྟངས་བཟང་དུ་གཏོང་རྒྱུའི་ཐོག་ལ་དོན་སྙིང་ལྡན་པའི་ཕྱག་ལས་གནང་ཐུབ་རྒྱུའི་ཐུགས་རེ་ཆེན་པོ་ཡོད་ཅེས་བཀའ་སྩལ་འདུག་པ་མ་ཟད། ཨ་རི་སྲིད་གཞུང་གིས་ད་བར་འགྱུར་བ་མེད་པར་བོད་དོན་ལ་རྒྱབ་སྐྱོར་བརྟན་པོ་གནང་བཞིན་པ་དེ་དག་ནི་བོད་མིའི་འཚེ་མེད་ཞི་བའི་རང་དབང་འཐབ་རྩོད་ཀྱི་བློ་སྤོབས་རྒྱུན་གནས་ཐུབ་པའི་གཞི་རྩ་གལ་ཆེན་ཞིག་ཆགས་ཡོད་ཅེས་བཀའ་སྩལ་འདུག མ་ཟད་མགོན་པོ་གང་ཉིད་མཆོག་ནས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མི་མང་གིས་འོས་འདེམས་གནང་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་ཀྱང་། བོད་མིའི་ངོ་བོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དགོངས་པ་ཆེ་བཞེས་མཛད་བཞིན་པ་བཀའ་འབྲེལ་དང་སྦྲགས། ད་རེས་ལྕམ་ Uzra Zeya ལགས་ཀྱིས་ལས་གནས་འདི་བཞེས་ཏེ་བོད་དོན་སྐོར་གསུངས་བཤད་ཐོག་མ་དེ་གནང་པའི་ནང་ལ་བོད་མིའི་ངོ་བོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ད་ཆ་རྒྱལ་སྤྱིའི་ཐོག་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། བྱམས་བརྩེ་དང་འབྲེལ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་འཛམ་གླིང་འདིའི་ཐོག་ལ་བཟང་ཕྱོགས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་ཡོད་པར་ངོས་འཛིན་དང་ཆ་འཇོགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། སྔ་ཕྱི་ཙམ་མ་གཏོགས་བོད་དོན་བདེན་མཐའ་སེལ་ངེས་ཡིན་པའི་ཐུགས་རེ་དེ་ད་ལྟ་ཡང་བརྟན་པོར་གནས་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག ལྕམ་ Uzra Zeya ལགས་དང་བོད་མིས་འོས་འདེམས་གནང་པའི་འགོ་ཁྲིད་ཚོའི་དབར་ལ་འབྲེལ་བ་དམ་ཟབ་ཡོད་མུས་ཐོག མགོན་པོ་གང་ཉིད་མཆོག་དང་ལྕམ་སྐུ་མཆོག་གང་མགྱོགས་དངོས་སུ་མཇལ་འཕྲད་ཀྱིས་དགོངས་ཚུལ་བརྗེ་རེས་ཀྱི་མཚོན་པའི་གནད་དོན་ཁག་གི་ཐོག་ལ་གྲོས་བསྡུར་གནང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སྩལ་འདུག གཞན་ཡང་འཚམས་འདྲི་དེའི་ནང་ལ་༸གོང་ས་མཆོག་ནས་ལྕམ་ Uzra Zeya ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཙམ་མ་ཟད། ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐུགས་འགན་བཞེས་མུས་ཐོག་ཉེ་ཆར་ཨ་རིས་སྣེ་ཁྲིད་གནང་སྟེ་རྒྱལ་སྤྱིའི་མང་གཙོའི་གནད་དོན་དང་འབྲེལ་བའི་ཚོགས་འདུ་ཆེ་གྲས་ཤིག་འཚོགས་ཐུབ་པར་འགའ་བསུ་དང་སྦྲགས། མགོན་པོ་གང་ཉིད་མཆོག་ནས་དུས་རྒྱུན་དུ་ཨ་རི་དེ་བཞིན་རྒྱལ་སྤྱིའི་ཐོག་མང་གཙོའི་གཞི་རྩའི་ལྟ་གྲུབ་དང་། རང་དབང་གོང་སྤེལ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་སྣེ་ཁྲིད་གནང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་བཀའ་ནན་མཛད་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་པ་གསུངས་འདུག གཞི་རྩའི་ལྕམ་ Uzra Zeya ལགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་ཏེ་ཉིན་གཅིག་ལས་མ་སོང་བའི་མཚམས་ཏེ། ཁ་སང་ཕྱི་ཚེས་ ༢༢ ཉིན་དྲ་ཐོག་བརྒྱུད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་སྒྲུབ་ལགས་དང་། གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རྣམ་པ་བཅས་དང་མཇལ་འཕྲད་གནང་ཡོད་པ་དང་། ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་ལྕམ་ Uzra Zeya ལགས་ལ་འཚམས་འདྲི་དང་། ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་ལ་ཐུགས་རེ་ཆེན་པོ་གནང་བཞིན་པ་སོགས་སྙན་གསེང་ཞུས་འདུག་པ་མ་ཟད། ལྕམ་ Zeya ལགས་ཀྱིས་སྐབས་དེར་བོད་ཀྱི་གཙོས་པའི་ཕྱོགས་གཉིས་ཀྱི་ལས་དོན་ཐོག་ནུས་པ་མཉམ་སྤུང་གནང་རྒྱུའི་ཞལ་བཞེས་གནང་བ་དང་། ལྷག་པར་དུ་ཟླ་བ་རྗེས་མའི་ནང་ལ་ཁོང་རྒྱ་གར་དུ་ཕེབས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་འདུན་པ་ཡོད་པ་གསུངས་འདུག

རྒྱ་གཞུང་གིས་འཁོན་ལན་ཚུལ་དུ་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་བཞིར་སྲིད་དོན་གྱི་ཉེས་ཆད་བཅད་པ།

ཉེ་ལམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་གནད་དོན་དང་འབྲེལ་རྒྱ་ནག་གཙོས་འབར་མ་དང་བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་ཁག་ཅིག་གི་འཕྲུལ་ལས་མཉེན་ཆས་དང་དམག་དོན་ཚོང་ལས་ཁང་དེ་བཞིན་མི་སྣ་ཁག་ཅིག་ལ་སྲིད་དོན་གྱི་ཉེས་ཆད་འགེལ་ཏེ་ཨ་རིའི་ནང་འགྲུལ་བཞུད་མི་ཆོག་པ་དང་ཨ་རིའི་ནང་གི་རྒྱུ་དངོས་ཁག་བེད་སྤྱོད་གཏང་མི་ཆོག་པ་གསལ་བསྒྲགས་སྤེལ་ཡོད་པ་ལྟར། ཁས་ས་རྒྱ་ནག་གིས་དེར་འཁོན་ལན་ཚུལ་དུ་ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་བཞིར་སྲིད་དོན་གྱི་ཉེས་འཆད་འགེལ་འདུགདེ་ཡང་ཁས་ས་ Reuters གསར་ཁང་གཙོས་བརྒྱུད་ལམ་གཞན་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན། ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་མི་སྣ་བཞི་པོ་དེར་རྒྱ་ནག་སྐམ་ས་ཆེན་པོ་ནང་འགྲུལ་བཞུད་བྱེད་རྒྱུར་བཀག་སྡོམ་དང་། རྒྱ་ནག་གཙོས་ཧོང་ཀོང་དང་Macao ནང་གི་རྒྱུ་དངོས་རྣམས་བེད་སྤྱོད་བྱེད་རྒྱུར་བཀག་སྡོམ། དེ་བཞིན་རྒྱ་ནག་གི་ཚོགས་སྡེ་ཁག་དང་རྒྱ་རིགས་མི་སེར་ཡིན་པ་རྣམས་ཁོང་ཚོ་དང་ལྷན་འབྲེལ་བ་བྱེད་ཆོག་གི་མེད་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ Zhao Lijian གྱིས་བཤད་འདུག རྒྱ་ནག་གིས་སྲིད་དོན་ཉེས་ཆད་འགེལ་བའི་མི་སྣ་བཞི་པོ་ཁོངས་སུ་ཡོད་པ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Nadine Maenza ལགས་ཀྱིས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཚབས་ཆེ་དང་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བའི་ཐད་ཐུགས་ཚབ་དང་སྦྲགས་སྐྱོན་འཛུགས་ཤུགས་ཆེ་བྱེད་བཞིན་པའི་ཁྲོད་འདིར་རྒྱ་ནག་ཕྱོགས་ནས་དེར་འཁོན་ལན་ཚུལ་དུ་གཞི་རྩ་མེད་པ་དང་སྲིད་དོན་གྱི་ཉེས་ཆད་འཕར་མ་འགེལ་བར་ཧང་སངས་མ་སོང་ཞེས་གསུངས་འདུག ད་ལན་རྒྱ་ནག་གིས་སྲིད་དོན་ཉེས་ཆད་འགེལ་བའི་མི་སྣ་ཁོངས་གཞན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Nury Turkel ལགས་དང་སྤྱི་ཁྱབ་Anurima Bhargava ལགས་དེ་བཞིན་ James W. Carr. ལགས་བཅས་བཞི་པོའི་མཚན་ཐེར་འདོན་བྱས་འདུག རྩ་བའི་ཨ་རིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་ད་ལན་ཙམ་མ་ཟད་དེ་སྔའང་རྒྱ་ནག་གི་ཆབ་སྲིད་མི་སྣ་སོགས་ལ་སྲིད་དོན་གྱི་ཉེས་ཆད་འགེལ་བ་བྱུང་ཡོད་ལ། རྒྱ་ནག་ངོས་ནས་ཀྱང་དེ་སྔོན་ཨ་རིའི་ཚོགས་སྒེར་ཁག་ཅིག་ལ་འཁོན་ལན་ཚུལ་དུ་སྲིད་དོན་ཉེས་ཆད་འགེལ་བ་མ་ཟད་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ Gayle Manchin ལགས་གཙོས་སྤྱི་ཁྱབ་གཞན་གཉིས་ལ་ཉེས་ཆད་འགེལ་བ་བྱུང་ཡོད།  

སུད་སི་གྲོས་ཚོགས་སུ་བོད་ཀྱི་སྐད་ཡིག་ཐོག་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་སྐོར་གླེང་བ།

སུད་སིའི་ནང་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སུ་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་དང་བོད་མིའི་ཆོས་དད་རང་དབང་གི་གནད་དོན་སོགས་ཀྱི་སྐོར་གླེང་སློང་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་སུད་སི་ནང་དུ་ཟླ་ ༡༡ ཚེས་ ༡༧ ནས་འགོ་འཛུགས་ཀྱིས་ཟླ་ ༡༢ ཚེས་ ༡༧ རེས་གཟའ་པ་སངས་བར་ཡུལ་དེའི་གྲོས་ཚོགས་ཀྱི་དགུན་དུས་ཚོགས་དུས་འཚོགས་བཞིན་པ་ལྟར་དེའི་ཐོག་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Nicolas Walder ལགས་ཀྱིས་དེང་སྐབས་རྒྱ་གཞུང་གིས་རྒྱ་སྐད་སློབ་ཁྲིད་གོང་འཕེལ་གྱི་སྲིད་བྱུས་འོག་བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་གིས་དེ་སྔ་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་ནས་རྒྱ་ཡིག་སློབ་ཁྲིད་བྱེད་དུ་འཇུག་བཞིན་པའི་སྐོར་ཐུགས་འཚབ་དང་སྦྲགས་ཏེ། སུད་སི་གཞུང་ལ་ད་ལྟའི་བོད་མིའི་ཆོས་རིག་དང་འགྲོ་བ་མིའི་ཐོབ་ཐང་། ལྷག་པར་དུ་བོད་མིས་རང་དབང་གི་སྒོ་ནས་ཆོས་ལུགས་ཁག་གི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་བཅས་ཀྱི་སྐོར་ལ་གཟིགས་ཚུལ་དང་བཞེངས་ཕྱོགས་ཇི་ཡིན་སྐོར་ལ་བཀའ་འདྲི་གནང་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་སུད་སི་གཞུང་གི་གྲོས་ཚོགས་འཐུས་མི་ Walder ལགས་ཀྱི་བཀའ་འདྲིར་ཡིག་ཐོག་ནས་ལན་འདེབས་ཀྱིས་སུད་སིའི་གཞུང་གིས་ཕྱི་ལོ་ ༢༠༢༡ ནས་ ༢༠༢༤ བར་གྱི་རྒྱ་ནག་ཐོག་འཛིན་པའི་འཐབ་བྱུས་ China Strategy 2021-2024 ནང་གསལ་ལྟར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཉམས་རྒུད་དུ་ཕྱིན་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དང་ཆོས་དད་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་གནོན་ཤུགས་འཕར་མ་སྤྲོད་བཞིན་ཡོད་པ་དང་། དེས་ན་སུད་སིའི་གཞུང་གི་ངོས་ནས་གནད་དོན་དེ་དག་སུད་སིའི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ནང་གཙོར་འཛིན་ཐུགས་སྣང་གནང་བཞིན་ཡོད་པར་གསུངས་ཡོད། སུད་སི་གཞུང་གི་ལེན་འདེབས་དེའི་ནང་ད་དུང་ཉེ་ལམ་བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་དེ་སྔ་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་ནས་རྒྱ་ཡིག་སློབ་ཁྲིད་བྱེད་དུ་འཇུག་བཞིན་པའི་སྐོར་སུད་སིའི་གཞུང་གིས་རྒྱ་ནག་གཞུང་གིས་བོད་ཡིག་ཐོག་གནོན་ཤུགས་ཤུགས་ཆེ་སྤྲོད་བཞིན་ཡོད་པས་སུད་སི་གཞུང་གི་ངོས་ནས་གནད་དོན་དེའི་སྐོར་རྒྱ་ནག་དང་ལྷན་དུ་ངེས་པར་དུ་གླེང་སློང་གནང་དགོས་པར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག དེ་བཞིན་བོད་མིའི་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་དབུ་ཀྲིད་འདམས་རྒྱུའི་ཐོབ་ཐང་གི་གནད་དོན་སྐོར་ལེན་འདེབས་ཁྲོད། སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་རང་དབང་ཐོག་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདམས་རྒྱུའི་ཐོབ་ཐང་ཆ་ཚད་ཡོད་པར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག རྩ་བའི་ཉེ་ཆར་སུད་སི་གྲོས་ཚོགས་ཀྱི་དགུན་དུས་ཚོགས་དུས་དབུ་འཛུགས་དང་འབྲེལ་འཐུས་མི་ ༢༥ ཙམ་ཡོད་པའི་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད། དེ་བཞིན་ས་གནས་བོད་རིག་ཚོགས་པའི་ཚོགས་མི་བཅས་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་ཚོགས་ཡོད་པའི་ཐོག་གོང་དུ་བརྗོད་པའི་གནད་དོན་དེ་དག་གི་སྐོར་གླེང་སློང་གློང་ཤུགས་ཆེ་གནང་བ་མ་ཟད། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་ཚོགས་ཕྱི་ཕྱོགས་སུ་རྒྱ་ནག་གི་དགུན་དུས་ཨོ་རྩེད་འགྲན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་ལས་འགུལ་ལ་ལྷན་ཞུགས་གནང་ཡོད་པ་རེད།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་གནང་དགོས་པའི་ལས་དོན་སྐོར་ཞུ་ཡིག་ཕུལ་བ།

ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་གོང་མ་དང་འོག་མའི་འཐུས་མི་ ༦༠ ལྷག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་དབུ་ཁྲིད་པའི་ཨ་རི་སྲིད་གཞུང་གིས་བོད་ཀྱི་གནད་དོན་གལ་འགངས་ཆེ་ཤོས་སུ་བརྩིས་ཏེ་ངེས་པར་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་གནང་དགོས་པའི་ལས་དོན་སྐོར་དོན་ཚན་བཅུ་ཅན་གྱི་ཞུ་ཡིག་ཞིག་ཕུལ་འདུགགཞི་རྩའི་འདི་ལོའི་ཕྱི་ཟླ་ ༧ ནང་ལ་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་དེ་སྔ་ Obama སྲིད་གཞུང་སྐབས་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེའི་ལས་རོགས་གནང་མྱོང་ཡོད་པ་ལྕམ་ Uzra Zeya ལགས་སླར་ཚན་པ་དེའི་དྲུང་ལས་སུ་བསྐོ་གཞག་གནང་ཡོད་པ་དང་རྣམ་ཀུན་ཡིན་ན་ལས་སྣེ་དེའི་ཐོག་ཕེབས་མཁན་རྣམས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་མཁན་ཡང་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་སྐུ་ཞབས་བྷ་ཌན་མཆོག་གིས་ལྕམ་ Uzra Zeya ལགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་རྒྱུའི་སྐོར་ཡོངས་གྲགས་གང་ཡང་གསུངས་མེད་ཀྱང་། ལས་དོན་གྱི་ངོ་བོའི་ཐོག་ནས་ཨ་རིའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་རིང་མིན་ལྕམ་ Uzra Zeya ལགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་རྒྱུར་ཚོད་དཔག་གནང་བཞིན་པ་ཡོད་པ་ལྟར། ཁ་ཉིན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༦༠ ལྷག་གིས་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ལ་ཞུ་ཡིག་ཞིག་ཕུལ་ནས་ཨ་རིའི་གྲོས་ཚོགས་གོང་གཉིས་ཀས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པ་དང་ཨ་རི་སྲིད་གཞུང་གིས་ཀྱང་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་དུ་བོད་མིའི་རང་དབང་དང་ཆེ་མཐོང་སྲུང་སྐྱོབ་སོགས་ཀྱི་ཐོག་ཞུ་གཏུག་དང་གླེང་སློང་གནང་རྒྱུ་དེ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་གཞི་རྩའི་རྩ་འཛིན་ཞིག་རེད་ཅེས་གསུངས་འདུགལྷག་པར་དུ་མ་འོངས་པར་ལྕམ་ Uzra Zeya ལགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་སྐབས་སུ་དང་ཐོག་དེར་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་ཨ་རིའི་ཕོ་བྲང་དཀར་པོར་མཇལ་འཕྲད་མཛད་ཐུབ་པ་ཞིག་གནང་དགོས་པ་དང་། གལ་སྲིད་༸གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་མཛད་རྒྱུར་སྐུ་ངལ་རིགས་ཡོད་ཚེ། སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་ཆེད་མངགས་རྒྱ་གར་དུ་ཕེབས་ཏེ་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་གནང་སྟེ་ཕྱོགས་གཉིས་ཀྱི་གནད་དོན་དང་ལྷག་པར་དུ་འཛམ་གླིང་སྤྱིར་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་དགོས་པ་མ་ཟད། གལ་སྲིད་སྲིད་འཛིན་མཆོག་དུས་ཁོམ་མ་འབྱུང་ཚེ་སྲིད་འཛིན་གཞོན་པ་དང་ཡང་ན་སྲིད་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་ཆེས་མཐོའི་དམིགས་བསལ་སྐུ་ཚབ་ཞིག་ཆེད་མངགས་༸གོང་ས་མཆོག་དང་མཇལ་འཕྲད་སླད་ཆེད་གཏོང་གནང་དགོས་པ་གསུངས་འདུག བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་སྐུ་ཞབས་བྷ་ཌན་མཆོག་གི་སྲིད་གཞུང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་འབྲེལ་བ་དམ་ཟབ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་དང་བོད་མིའི་འཚོ་ཐབས་ཐོག་མུ་མཐུད་རྒྱབ་སྐྱོར་གནང་དགོས་པ་མ་ཟད་བལ་ཡུལ་ནང་དུ་དཀའ་ངལ་འཕྲད་བཞིན་པའི་བོད་མི་སྐྱབས་བཅོལ་བའི་གནད་དོན་ཐད་ལའང་དགོངས་བཞེས་གནང་དགོས་ཞེས་གསུངས་ཡོད། དེ་བཞིན་ཞུ་ཡིག་ནང་ལ་སྐུ་ཞབས་བྷ་ཌན་མཆོག་གི་སྲིད་གཞུང་གི་ངོས་ནས་ཉེ་ལམ་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་གནང་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་གསལ་ལྟར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་དབང་མེད་པར་ནན་བརྗོད་གནང་སྟེ་རྒྱ་ནག་གཞུང་ནས་བོད་མིའི་ཆོས་ཕྱོགས་ཀྱི་གནང་སྒོ་དང་། བོད་ཀྱི་བདག་དབང་རྒྱ་ནག་རང་ཉིད་ལ་ཡོད་སྐོར་བརྗོད་བཞིན་པར་གདོང་ལེན་ནན་པོ་གནང་དགོས་པ། ཨ་རི་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙོན་ཁང་དང་བཀག་སྐྱིལ་ཁང་ཁག་ཏུ་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་མགྲིན་ཚབ་པ་གནང་དགོས་པ། དེ་བཞིན་ The  Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་བོད་ནང་ལ་འགྲོ་སྐྱོད་དང་བོད་ནང་གི་གནས་ཚུལ་རྒྱུས་ལོན་གནང་སྟེ་སྙན་ཐོ་ཁག་གྲོས་ཚོགས་སུ་ངེས་པར་དུ་འགོད་འབུལ་ཞུ་དགོས་པར་གསུངས་འདུགདོན་ཚན་བཅུ་ཅན་གྱི་ཞུ་ཡིག་ནང་དུ་ཨ་རི་སྲིད་གཞུང་ནས་མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་གནང་སྟེ་བོད་རྒྱ་འབྲེལ་མོལ་གྱི་གནས་བབས་དེ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་དགོས་པ་དང་དེ་ཡང་རྒྱ་ནག་ཕྱོགས་ནས་འདས་པའི་འབྲེལ་མོལ་གྱི་བརྒྱུད་རིམ་སྐབས་སུ་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་དགོས་ཞེས་པའི་ཆ་རྐྱེན་ཞིག་བཞག་ཡོད་པ་དེ་ནི་དོན་དམ་པའི་འབྲེལ་མོལ་ཡོང་བར་འགོག་རྐྱེན་གཙོ་བོ་ཞིག་ཆགས་ཡོད་སྟབས། ཨ་རི་སྲིད་གཞུང་ནས་གཞུང་འབྲེལ་གྱི་ཡིག་ཆ་ཁག་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་ཚིག་བརྗོད་དེ་ཕྱིར་འཐེན་གནང་སྟེ་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་ལོ་རྒྱུས་ཀྱི་དྲང་བདེན་དང་། གཞི་རྩའི་རང་དབང་བསྐྱར་གསོ་ཐོག་མདུན་སྐྱོད་གནང་དགོས་པར་གསུངས་འདུག ཆབས་ཅིག་ཏུ་རྒྱ་ནག་གཞུང་ནས་ད་ཆ་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བཟུང་ཐོག་སློབ་ཁྲིད་བྱས་ཏེ་བོད་ཀྱི་ཆོས་རིག་དང་སྐད་ཡིག་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་དུས་སྐབས་འདིར་ཨ་རིའི་ངོས་ནས་བོད་མིའི་རིག་གནས་སྲུང་སྐྱོབ་སོགས་ཀྱི་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པ་སོགས་གསུངས་ཡོད།གཞི་རྩའི་ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ལས་ལྕམ་ Uzra Zeya ལགས་ཀྱི་མཚན་ཐོག་ཏུ་ཕུལ་བའི་བོད་དོན་ཞུ་ཡིག་དེ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་ Patrick Leahy ལགས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་ ༣༨ དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ Chris Smith ལགས་གཉིས་ཀྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་ ༢༧ བཅས་ནས་རྒྱབ་སྐྱོར་གནང་སྟེ་ཞུ་ཡིག་ཕུལ་བ་ཞིག་རེད།

ཀོ་ལོམ་བྷི་ཡར་བོད་ཀྱི་རིག་གཞུང་གཟའ་འཁོར་ཆེས་ཐོག་མ་གོ་སྒྲིག

ཨ་རིའི་ཀོ་ལོམ་བྷི་ཡའི་རྒྱལ་ས་བྷོ་གྷོ་ཊ་ Bogota ཁུལ་དུ་ Yamantaka Buddhist Center (FPMT) ཆོས་ཚོགས་ཀྱི་གོ་སྒྲིག་འོག་ཟླ་ ༡༢ ཚེས་ ༡༠ ནས་ ༡༧ བར་ Tibet Culture Week ཞེས་བོད་ཀྱི་རིག་གཞུང་གཟའ་འཁོར་གྱི་ལས་རིམ་ཞིག་དྲ་རྒྱ་བརྒྱུད་འཚོགས་བཞིན་འདུགTibet Culture Week དེ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༢ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་བོད་མིའི་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཨན་ཇ་ཚང་ལགས་ཀྱིས་བཟོ་སྐྲུན་ཞུས་པའི་ Little Tibet ཞེས་པ་གློག་བརྙན་ཞིག་གཟིགས་འབུལ་ཞུས་པ་དང་འབྲེལ་དབུ་འཛུགས་གནང་འདུག དེ་རྗེས་ཕྱི་ཚེས་ ༡༡ ནས་གནངས་ཕྱི་ཚེས་ ༡༧ བར་འཛུལ་ཞུགས་པ་རྣམས་ལ་བོད་ཀྱི་སྐད་ཡིག་ཐད་ཟབ་ཁྲིད་དང་བོད་ཟས་མོག་མོག་བཟོ་སྟངས་སྐོར། དེ་བཞིན་ཕ་མ་དང་བུ་ཕྲུག་བར་འབྲེལ་བ་བཟང་པོ་ཉར་ཕྱོགས། སྒོམ་སྒྲུབ་སོགས་བོད་པའི་རིག་གཞུང་ཐོག་ངོ་སྤྲོད་དང་གོ་བསྡུར་གྱི་ལས་རིམ་ཁག་ཅིག་བང་སྒྲིག་འདུགགཏམ་བཤད་གནང་མཁན་ཁོངས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་༸གོང་ས་མཆོག་གི་༸སྐུའི་སིཔེ་ནིཤ་གསུང་སྒྱུར་བ་བཙུན་མ་བསྟན་འཛིན་སྒྲོལ་དཀར་ལགས། དེ་བཞིན་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་ཨན་ཇ་ཚང་དང་ Yamantaka Buddhist Center ཆོས་ཚོགས་ཀྱི་དགེ་རྒན་དགེ་བཤེས་བློ་བཟང་ཀུན་མཁྱེན་ལགས་གཙོས་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་རྣམས་གདན་ཞུ་གནང་འདུག གསར་འགོད་པས་ཆོས་ཚོགས་ཀྱི་དགེ་རྒན་དང་ཁུལ་དེར་གནས་སྡོད་གནང་མཁན་བོད་མི་གཅིག་པོ་དགེ་བཤེས་བློ་བཟང་ཀུན་མཁྱེན་ལགས་སུ་བཀའ་འདྲི་ཞུས་པར་བོད་ཀྱི་རིག་གཞུང་གཟའ་འཁོར་དེ་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་བོད་ཀྱི་རིག་གཞུང་གལ་ཆེར་ངོས་འཛིན་ཞུས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་ FPMT འམ་ FOUNDATION FOR THE PRESERVATION OF THE MAHAYANA TRADITION  ཞེས་ཆོས་ཚོགས་དེ་ཕྱི་ལོ་ ༡༩༧༥ ལོར་བླ་མ་ཐུབ་བསྟན་ཡེ་ཤེས་མཆོག་དང་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་ཆེད་འཛུགས་གནང་བ་ཞིག་དང་། Yamantaka Buddhist Center དེ་ FPMT ཡི་ཆོས་ཚོགས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་ནང་ནས་གཅིག་ཆགས་ཀྱི་ཡོད་པ་རེད།  ཆོས་ཚོགས་དེར་སྒོམ་སྒྲུབ་དང་ནང་པའི་ལྟ་གྲུབ། བོད་བརྒྱུད་ནང་བསྟན་སོགས་སློབ་ཁྲིད་གནང་གི་ཡོད་པ་རེད།

རྒྱ་ནག་ལོ་གསུམ་རིང་བསྟུད་མར་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཁོངས་སུ་ཐེར་འདོན།

Committee to protect journalist འམ་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོར་འདི་ལོ་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ཁྱོན་ ༢༩༣ ཙམ་ཞིག་གསར་འགོད་ཀྱི་ལས་རིགས་དང་འབྲེལ་བཙོན་འཇུག་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ་ཏེ་རྒྱ་ནག་དེ་བསྐྱར་དུ་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཆགས་ཡོད་པར་ཐེར་འདོན་གནང་འདུག ཉེ་ལམ་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་རྩོམ་སྒྲིག་འགན་འཛིན་ལྕམ་སྐུ་ Arlene Getz ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་སྙན་ཐོར་འདི་ལོ་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ ༢༩༣ ཙམ་ཞིག་འཛིན་བཟུང་བཙོན་འཇུག་བྱས་པ་དང་དེ་བཞིན་ཉུང་མཐར་གསར་འགོད་པ་ ༢༤ ཙམ་ཞིག་དམར་གསོད་བཏང་བ། གསར་འགོད་པ་ ༡༨ ཙམ་གནས་སྟངས་ཁ་གསལ་མེད་པའི་ཐོག་རྐྱེན་འདས་སུ་གྱུར་ཡོད་པ་མངོན་གསལ་གནང་འདུག དེའི་ཁྲོད་འདི་ལོར་རྒྱ་ནག་གཞུང་གིས་གསར་འགོད་པ་ ༥༠ འཛིན་བཟུང་བཙོན་འཇུག་གིས་རྒྱ་ནག་དེ་ལོ་གསུམ་རིང་བསྟུད་མར་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པར་མངོན་གསལ་གནང་འདུག་པ་མ་ཟད། གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་ལྔ་པོ་ཁོངས་སུ་འབར་མ་དང་ཨི་ཇིཔཊ། ཝིཏི་ནམ། དེ་བཞིན་སྦེ་ལ་ར་ས་བཅས་ཡིན་པ་རེད། སྙན་ཐོ་ནང་རྒྱ་ནག་གིས་གསར་འགོད་པར་སྙིང་རྗེ་མེད་པར་བཙོན་འཇུག་བྱས་པ་ནི་གནད་དོན་གསར་པ་ཞིག་མིན་ནའང་ད་ལན་ཧོང་ཀོང་ནང་གསར་འགོད་པ་འཛིན་བཟུང་བྱས་པའི་གནད་དོན་བྱུང་བ་ནི་ཐོག་མ་ཆགས་པ་མ་ཟད་དོན་རྐྱེན་དེའང་རྒྱ་ནག་གིས་འདས་ལོར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ལག་བསྟར་བྱས་པའི་གྲུབ་འབྲས་ཞིག་ཀྱང་ཡིན་པར་གསུངས་འདུག ལྷག་པར་དུ་ཧོང་ཀོང་ནང་ Apple Daily གསར་ཁང་ཆེད་འཛུགས་གནང་མཁན་སྐུ་ཞབས་ Jimmy Lai ལགས་གཙོས་གསར་འགོད་པ་བདུན་འཛིན་བཟུང་བཙོན་འཇུག་བྱས་པ་ལུང་འདྲེན་གནང་བ་དང་སྦྲགས། ཁག་ཅིག་མི་ཚེ་གང་པོར་བཙོན་ནང་ལྷག་སྲིད་ཀྱི་རེད་ཅེས་གསུངས་འདུག་ལ། ཕྱོགས་མཚུངས་རྒྱ་ནག་སྐམ་ས་ཆེན་པོར་དེ་སྔ་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཡ་ལན་སྤྲད་ཕྱོགས་དང་འབྲེལ་གནས་ཚུལ་འགོད་པར་འཛིན་བཟུང་བཙོན་འཇུག་བྱས་པའི་སྐོར་དང་། རང་དབང་ཅན་གྱི་གསར་ཁང་དང་འབྲེལ་བ་ཡོད་མཁན་ཚོར་རྒྱ་གཞུང་ནས་དམིགས་འབེན་བཟུང་གི་ཡོད་པ་སོགས་ཐེར་འདོན་གནང་ཡོད།ལྕམ་སྐུ་ Arlene Getz ལགས་ཀྱིས་གསར་འགོད་པ་ ༢༩༣ ཙམ་འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི་ད་བར་རྒྱལ་སྤྱིའི་ཁྲོད་གསར་འགོད་པ་ ༢༥༠ ལྷག་བསྟུད་མར་འཛིན་བཟུང་བྱས་པའི་ལོ་དྲུག་པ་དེ་ཆགས་ཀྱི་ཡོད་པ་དང་ལྷག་པར་གནད་དོན་དེ་དག་གིས་གཞུང་གོ་ངོས་ནས་རང་དབང་ཅན་གྱི་གསར་འགོད་ལ་བཟོད་མ་ཐུབ་པའི་རྣམ་པ་ཆེས་ཆེར་ཡོད་པ་གསལ་སྐོར་གསུངས་འདུག ཕྱོགས་མཚུངས་ཉེ་ལམ་ Reporters without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ The Great Leap Backwards of Journalism in China ཞེས་རྒྱ་ནག་ནང་གསར་འགོད་དང་གནས་ཚུལ་མཁོ་སྒྲབ་ཀྱི་རང་དབང་ལ་དྲག་གནོན་སོགས་བྱས་པའི་ཤོག་གྲངས་ ༤༢ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་། དེའི་ནང་ད་ལྟའི་ཆར་ཉུང་མཐར་གསར་འགོད་པ་ ༡༢༧ ཙམ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་ལྷག་པར་རྒྱ་གཞུང་གིས་གསར་འགོད་པ་ནི་སྲིད་གཞུང་གི་དྲིལ་བསྒྲགས་སྤེལ་མཁན་གྱི་ལག་ཆ་ལྟ་བུར་ངོས་འཛིན་གྱི་ཡོད་སྐོར་ཆེས་གསལ་གནང་འདུག  སྙན་ཐོ་ནང་རྒྱ་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་ལ་ཁ་གཡར་ཏེ་ཡུ་གུར་གསར་འགོད་པ་ཉུང་མཐར་ ༧༡ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་དེའི་ཁོངས་སུ་གསར་འགོད་པ་ཕྱེད་ཀ་ལྷག་རྒྱ་ནག་ནང་བཀག་ཉར་བྱས་ཡོད་པ་མངོན་གསལ་གནང་འདུག  ཆབས་ཅིག་ཏུ་རྒྱ་གཞུང་གིས་བོད་དང་ཐེ་ཝན། ལྐོག་ཟ་རུལ་སུངས་བཅས་ཀྱི་གནད་དོན་སྐོར་གནས་ཚུལ་སྤེལ་བར་དམ་དྲག་བྱེད་བཞིན་པར་དེང་སྐབས་རང་བྱུང་གོད་ཆག་དང་། #MeToo movement ཞེས་ཆགས་སྲེད་བརྙས་བཅོས་འགོག་ཐབས་ཀྱི་ལས་འགུལ་སྐོར། དེ་བཞིན་ཏོག་དབྱིབས་གཉན་རིམས་ལ་སྲིད་གཞུང་ནས་ཡ་ལན་བྱེད་ཕྱོགས་སྐོར་སོགས་གནད་དོན་མང་དག་ཅིག་གི་ཐོག་ལའང་གནས་ཚུལ་འགོད་པ་དང་ཕྱི་ཕྱོགས་ལ་བཤད་མཁན་ཚོར་བཀག་སྡོམ་དང་དམ་དྲག་བྱེད་ཀྱི་ཡོད་པར་མངོན་གསལ་གནང་འདུག ལྷག་པར་རྒྱ་ནག་སྲིད་གཞུང་གིས་ཏོག་དབྱིབས་གཉན་རིམས་ལ་ཡ་ལན་སྤྲད་ཕྱོགས་དང་འབྲེལ་ཕྱི་ལོ་ ༢༠༢༠ ལོར་གསར་འགོད་པ་དང་དྲ་རྒྱའི་ཐོག་དེ་འབྲེལ་བཀའ་མོལ་གནང་མཁན་མི་བཅུ་འཛིན་བཟུང་བྱས་པའི་སྐོར་དང་དེའི་ཁྲོད་རང་དབང་ཅན་གྱི་བརྙན་པར་གསར་འགོད་པ་ Zhang Zhan དང་ Fang Bin གཉིས་ད་དུང་ཡང་འཛིན་བཟུང་བཀག་ཉར་འོག་ཡོད་པར་ཐེར་འདོན་གནང་འདུག རྒྱ་ནག་གཞུང་གིས་སྙན་ཐོར་གསར་འགོད་པའི་ངོ་སྤྲོད་ལག་འཁྱེར་བསྐྱར་བཟོ་སླད་གསར་འགོད་པ་རྣམས་ཞི་ཅིན་ཕིང་གི་ལྟ་གྲུབ་སོགས་ཀྱི་ཐད་ཆུ་ཚོད་ ༩༠ འི་ལོ་འཁོར་སྦྱོང་བརྡར་བརྒྱུད་འགྲོ་དགོས་པ་དང་ལྷག་པར་ Study Xi, Strengthen the Country ཞེས་ཞི་ཅིན་ཕིང་གི་ལྟ་གྲུབ་དང་འབྲེལ་མཉེན་ཆས་ངེས་པར་དུ་ཕབ་ལེན་གནང་དགོས་པ་དང་མཉེན་ཆས་དེའི་བརྒྱུད་རྒྱ་གཞུང་གིས་སྒེར་གྱི་གནས་ཚུལ་རྣམས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ཕྱོགས་ཀྱི་གསར་འགོད་པ་ཚོར་གསང་མྱུལ་དང་མཐོང་མཆན་མ་སྤྲད་པའི་འཇིགས་སྐུལ་བྱས་ཏེ་ཕྱི་ལོ་ ༢༠༢༠ ལོར་གསར་འགོད་པ་ ༡༨ རྒྱ་ནག་བཞག་ནས་འགྲོ་དགོས་པ་བྱུང་སྐོར་སོགས་གསལ་འདོན་གྱིས་རྒྱ་ནག་ནི་འདི་ལོའི་གསར་འགོད་རང་དབང་ཐད་རྒྱལ་ཁབ་ ༡༨༠ མིང་འདོན་གནང་བའི་ཁོངས་སུ་ཆེས་སྡུག་ཤོས་གཤམ་འོག་ནས་རྩིས་པའི་ཨང་རིམ་བཞི་པ་སྟེ་ ༡༧༧ གྲས་སུ་བཞག་འདུག རྩ་བའི་རྒྱ་ནག་ལྟ་བུ་ལོ་ལྟར་ཆེས་རང་དབང་མེད་པ་དང་གསར་འགོད་པར་དམ་དྲག་ཆེ་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་བྱས་དང་བྱེད་བཞིན་ཡོད་པ་ནི་ཡོངས་གྲགས་ཤིག་ཆགས་ཡོད། ལྷག་པར་དུ་ཉེ་ལམ་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་  Foreign Correspondents’ Club of China ཞེས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་འཚོགས་ལ་ཉེ་བའི་དགུན་དུས་ཨོ་རྩལ་རྩེད་འགྲན་སྐོར་གནས་ཚུལ་སྤེལ་བར་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ལ་འགོག་རྐྱེན་སྣ་ཚོགས་བཟོས་པ་དང་། རྩེད་འགྲན་དང་འབྲེལ་བའི་བྱེད་སྒོ་ཁག་ཕྱི་གསལ་ནང་གསལ་བཟོ་ཡི་མེད་པ་མ་ཟད་ཕྱིའི་བརྒྱུད་ལམ་ཁག་ནས་རྩེད་འགྲན་སྐོར་གནས་ཚུལ་སྤེལ་ཆོག་དང་མི་ཆོག་སྐོར་ད་བར་གསལ་པོ་བཟོ་མེད་པ་སོགས་ལ་སྐྱོན་བརྗོད་གནང་ཡོད། ཉེ་ལམ་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་པེ་ཅིང་གི་དགུན་དུས་ཨོ་རྩལ་དང་འབྲེལ་གནས་ཚུལ་སྤེལ་མཁན་གྱི་གསར་ཁང་དང་གསར་འགོད་པ་ཚོས་རྒྱ་གཞུང་གི་གསང་མྱུལ་དང་ལྟ་སྲུང་ལས་རང་ཉིད་སྐྱོབ་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

Latest news