Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བརྒྱུད་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བར་མངོན་གསལ།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ལས་འགུལ་བ་ཚོར་མུ་མཐུད་སུན་གཙེར་དང་འཛིན་བཟུང་བཀག་སྐྱིལ་གྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད་ལྷག་པར་ཧོང་ཀོང་ལྟ་བུའི་ནང་ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་པ་ནས་བཟུང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཕྱིན་ཡོད་པའི་སྙན་ཐོ་འདོན་སྤེལ་གནང་འདུག ཁ་སང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འདས་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་དང་འབྲེལ། ཤིན་ཅང་ནང་དུའང་ཁ་ཆེ་ཚོར་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་མུ་མཐུད་དམ་དྲག་བཀག་ཉར་བྱེད་མུས་ཀྱི་གནད་དོན་དང་དེ་བཞིན་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ཁ་བྲལ་ངན་སྐུལ་བྱས་པའི་ནག་ཉེས་འོག་ལོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་ཐེར་འདོན་གནང་འདུག ལྷག་པར་ཧོང་ཀོང་དང་འབྲེལ་རྒྱ་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཟེར་བའི་ཁྲིམས་གཞི་ལག་བསྟར་བྱས་པ་དེས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་དེ་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་སྔར་ལྷག་དང་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་རང་དབང་སོགས་ལ་དོ་ཕོག་ཚབས་ཆེན་བཏང་ཡོད་པ་གསུངས་འདུག  དེ་བཞིན་ཁྲིམས་གཞི་དེ་ལག་བསྟར་བྱས་པ་ནས་བཟུང་ཞི་རྒོལ་གོ་སྒྲིག་གནང་མཁན་གྱི་ཚོགས་པ་གཙོས་སྤྱི་དམངས་ཀྱི་ཚོགས་པ་ ༦༡ སྒོ་བརྒྱབ་པའི་གནས་སྟངས་བྱུང་བ་དང་། ཁྲིམས་གཞི་དེའི་འོག་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དང་མང་གཙོ་དོན་གཉེར་བ་ ༥༥ འཛིན་བཟུང་བྱས་པའི་སྐོར་གནས་ཚུལ་མངོན་གསལ་གནང་འདུག ཁྲིམས་གཞི་དེ་ལག་བསྟར་བྱས་ཏེ་ཕྱི་ལོ་ ༢༠༢༡ ལོ་མཇུག་བར་མི་གྲངས་ ༡༦༡ འཛིན་བཟུང་བྱས་པ་དང་།  དེའི་ཁོངས་མི་གྲངས་ ༨༢ ལ་ཁྲིམས་ཐོག་ནས་ཉེས་འཛུགས་བྱས་པ་དང་མི་གྲངས་ ༦༠ བཀག་སྐྱིལ་བྱས་ཡོད་པ་ཐེར་འདོན་གནང་འདུག ལྷག་པར་དུ་སྙན་ཐོ་ནང་ཞི་རྒོལ་གནང་མཁན་ཚོ་གང་བྱུང་དུ་འཛིན་བཟུང་དང་ཉེས་འཛུགས། དེ་བཞིན་ཁྲིམས་ཐག་ལྕི་མོ་གཅོད་ཀྱི་ཡོད་པ་མངོན་གསལ་དང་ཕྱི་ལོ་ ༢༠༢༡ ལོར་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་རྗེས་དྲན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ལས་འགུལ་བ་ ༢༤ ལ་བཀའ་འཁྲོལ་མེད་པར་འདུ་འཛོམས་གནང་བའི་ནག་ཉེས་འོག་ཟླ་བ་ ༡༦ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་ The Civil Human Rights Front གཙོས་པའི་ཚོགས་པ་ཁག་ཅིག་ཕྱི་ཕྱོགས་དང་འབྲེལ་བ་གནང་ཡོད་པའི་ནག་ཉེས་བཙུགས་པ་མངོན་གསལ་གནང་འདུག སྙན་ཐོར་ཧོང་ཀོང་སྲིད་གཞུང་ནས་གསར་འགྱུར་བརྒྱུད་ལམ་དང་དྲ་ཐོག དེ་བཞིན་སློབ་གྲྭ་དང་གཙུག་ལག་སློབ་ཁང་རྣམས་ལ་སྨྲ་བརྗོད་རང་དབང་ཐད་སྟངས་འཛིན་ནན་པོ་གནང་དགོས་པའི་སྐོར་དང་འབྲེལ།  Apple Daily  གསར་ཁང་སྒོ་བརྒྱབ་པ་དང་གསར་ཁང་གི་བདག་པོ་ Jimmy Lai དང་ལྷན་ཕྱག་རོགས་བདུན་བཅས་སྲིད་དོན་གྱི་ཉེས་ཆད་བཀེལ་བའི་སྐོར་དང་འབྲེལ་གནས་ཚུལ་སྤེལ་རྐྱེན་འཛིན་བཟུང་བྱས་པའི་སྐོར་དང་གཞན་ཡང་ Stand News  འགན་འཛིན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་པ་འཛིན་བཟུང་བྱས་པའི་གནད་དོན་ཁག་ཅིག་བཀོད་འདུག གཞི་རྩའི་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞེས་པའི་འོག་རྒྱལ་ཁབ་མགོ་རྟིང་སློག་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་འཚབ་བཟོས་པའི་ཉེས་མིང་འོག་ཧོང་ཀོང་གཞུང་གིས་ལས་འགུལ་བ་དང་གཞུང་དང་ལྟ་ཕྱོགས་མི་མཐུན་མཁན་རྣམས་གང་བྱུང་དུ་འཛིན་བཟུང་བྱས་པ་མ་ཟད་ཁྲིམས་གཞི་དེའི་རྐྱེན་གྱིས་ཧོང་ཀོང་ནང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཡན་ལག་ལས་ཁུངས་དེ་འདས་ལོར་སྒོ་བརྒྱབ་དགོས་པའི་གནས་སྟངས་བྱུང་ཡོད་པ་རེད།

བྱང་ཨ་རི་ཁུལ་གྱི་གློག་བརྙན་ཁང་ ༨༠༠ ནང་༸གོང་ས་མཆོག་གི་མཛད་འཕྲིན་གློག་བརྙན་གསར་པ་གཟིགས་འབུལ་ཞུ་འཆར།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་༸སྐུའི་མཛད་འཕྲིན་དང་ལྷག་པར་དུ་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་བཟུང་བྱས་པར་བརྟེན་༸གོང་ས་མཆོག་རྒྱ་གར་དུ་ཉེན་གཡོལ་ལ་ཆིབས་བསྒྱུར་མཛད་པ་དང་འབྲེལ་བའི་ Never Forget Tibet: The Dalai Lama’s Untold Story ཞེས་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་དེ་གནངས་ཕྱི་ཚེས་ ༣༡ ཉིན་མོ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་ལ་ཉེན་གཡོལ་དུ་ཆིབས་སྒྱུར་མཛད་པའི་དེ་བྱུང་གི་རང་བཞིན་ལྡན་པའི་དུས་ཚིགས་དང་བསྟུན། དེ་ཉིན་ཨ་རི་དང་ཁེ་ན་ཌ་བཅས་བྱང་ཨ་རི་ཁུལ་གྱི་གློག་བརྙན་ཁང་ ༨༠༠ ནང་དུ་དུས་གཅིག་ལ་གཟིགས་འབུལ་གྱི་དབུ་བྱེད་གནང་འཆར་འདུགཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ Compassionate Films གློག་བརྙན་བཟོ་སྐྲུན་ཁང་གི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་དུ་ཆིབས་བསྒྱུར་མཛད་པ་དང་འབྲེལ་བའི་ད་བར་གསན་གཟིགས་གནང་མྱོང་མེད་པའི་པའི་གནད་དོན་ཁག་ཅིག་ཡོད་པའི་གློག་བརྙན་དེ་ཕྱི་ཟླ་ ༣ ཚེས་ ༣༡ སྟེ་༸གོང་ས་མཆོག་ཐོག་མར་རྒྱ་གར་ནང་དུ་༸ཞབས་སོར་བདེ་བར་འཁོད་ནས་མི་ལོ་ ༦༣ སོང་བའི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་རྒྱལ་སྤྱིའི་ཁྲོད་གཟིགས་འབུལ་དང་འབྲེལ་བྱང་ཨ་རི་ཁུལ་གྱི་གློག་བརྙན་ཁང་ ༨༠༠ ནང་དུས་གཅིག་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པར་ཡོངས་གྲགས་གནང་འདུག གནངས་ཚེས་ ༣༡ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༦ ཐོག་སྐུ་ཞབས་ Jean Paul Mertinez ལགས་ཀྱིས་བཟོ་སྐྲུན་འཁྲབ་ཁྲིད་དང་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ Hugh Bonneville ལགས་ཀྱིས་སྤྱི་ཤོག་འགྲེལ་བཤད་གནང་བའི་བོད་ནམ་ཡང་མ་བརྗེད་ཅེས་པའི་གློག་བརྙན་གཟིགས་འབུལ་གནང་རྒྱུའི་ཐོག་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུ་འབྱེད་གསུང་བཤད་དང་། བོད་ཀྱི་ནང་དོན་རིག་པའི་ཆེད་མཁས་བ་དང་ཡིག་སྒྱུར་བ་སྐུ་ཞབས་ Robert A.F. Thurman ལགས། དེ་བཞིན་ ༸གོང་ས་མཆོག་གི་གྲོགས་པོ་རྩོམ་པ་པོ་གྲགས་ཅན་ Deepak Chopra ལགས་བཅས་མཉམ་ཞུགས་གནང་གི་ཡོད་པ་དང་། འཛམ་གླིང་ཞི་བདེའི་ཆེད་དུ་བོད་ལུགས་དང་ཕྱི་ལུགས་ཀྱི་སྨོན་ལམ་གསུང་འདོན་གནང་རྒྱུ་སོགས་ཀྱི་ལས་རིམ་ཁག་ཅིག་ཡོད་པ་རེད། གནངས་ཉིན་གྱི་མཛད་སྒོ་དང་བསྟུན་ All the One དང་ From Chaos to Calm ཞེས་པའི་གློག་བརྙན་གསར་པ་དེ་གཉིས་གཟིགས་འབུལ་ཞུ་གཏན་ཁེལ་འདུག གློག་བརྙན་བཟོ་སྐྲུན་པ་  Jean Paul Mertinez ལགས་ཀྱིས་གློག་བརྙན་གཟིགས་འབུལ་གྱི་གསལ་བསྒྲགས་གནང་བ་དང་འབྲེལ་ཏེ། གློག་བརྙན་འདི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་ནང་མི་སྐུ་འཁོར་ལྷན་རྒྱས། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་གྲོགས་པོ་ཚོའི་ལྷན་དུ་བཀའ་མོལ་དང་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་ཞིག་ཚོར་བཞིན་ཡོད་པ་དང་། གློག་བརྙན་ནང་བོད་ཀྱི་ལོ་རྒྱུས་དང་པར་རིགས། རི་མོ། རོལ་དབྱངས། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་བསམ་བློ་འཁྱེར་ཕྱོགས་བཅས་ཀྱི་ཐོག་གཏིང་ཟབ་རང་བཞིན་གནད་དོན་བཀོད་ཡོད་པ་ལྟར། གོ་ལའི་མ་འོངས་གནས་བབ་དང་སྤྱི་ཚོགས་འཆམ་མཐུན་བཅས་ལ་ཐུགས་ཁུར་བཞེས་མཁན་ཚོར་གློག་བརྙན་འདིའི་ཐོག་ནས་སེམས་འགུལ་སྔར་ལྷག་འཕེལ་ངེས་ཡིན་པ་དང་། ད་ལན་གློག་བརྙན་གཟིགས་འབུལ་དབུ་འབྱེད་ཀྱི་གསལ་བསྒྲགས་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུགརྩ་བའི་གློག་བརྙན་དེ་བཞིན་རྩོམ་པ་པོ་ Rani Singh ལགས་ཀྱིས་བརྩམས་པའི་ ༼༸གོང་ས་མཆོག་དང་དཔོན་རིགས་ཤིག༽ ཅེས་པའི་དཔེ་དེབ་ལ་གཞིར་བཞག་ཡོད་པ་དང་། གློག་བརྙན་ནང་རྒྱ་གར་གྱི་རོལ་དབྱངས་མཁས་པ་ Shri Ravi Shankar ལགས་ཀྱི་སྲས་མོ་ Sitar རོལ་མོ་བ་གྲགས་ཅན་ Anoushka Shankar ལགས་ཀྱི་རོལ་དབྱངས་བརྩམས་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་ལྕམ་སྐུ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་དེང་སྐབས་འཛམ་གླིང་ཁྲོད་སྟོབས་ཆེ་བའི་རྒྱལ་ཁབ་ཅིག་གིས་ཁྱིམ་མཚེས་རྒྱལ་ཁབ་ཆུང་བར་བཙན་འཛུལ་བྱས་དང་བྱེད་བཞིན་པའི་ཛ་དྲག་དང་ཡིད་སྐྱོ་བའི་གནས་ཚུལ་མངོན་རྒྱུ་ཡོད་པའི་དུས་སྐབས་འདིར་༸གོང་ས་མཆོག་དང་ལྷན་དུ་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ ལྷག་ཕྱིན་པའི་རྗེས་སུའང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ནས་རང་གི་ཆོས་དང་རིག་གཞུང། ཞི་བའི་འཐབ་རྩོད་ལ་ཆོད་སེམས་བརྟན་པོ་ཡོད་སྐོར་དང་འབྲེལ། ད་རེས་༸གོང་ས་མཆོག་བཙོན་བྱོལ་དུ་ཆིབས་བསྒྱུར་མཛད་པ་དང་།  Har Mander Singh ལགས་དང་ལྷན་དུ་མཛའ་གྲོགས་ཀྱི་འབྲེལ་བ་སོགས་ དང་འབྲེལ་བའི་གློག་བརྙན་བོད་ནམ་ཡང་མ་བརྗེད་ཅེས་པས་གཟིགས་མོ་རྣམས་ལ་བོད་དེ་ནམ་ཡང་བརྗེད་རྒྱུ་མེད་པ་མ་ཟད། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པའི་རེ་བ་བསྐྱར་གསོ་བཅས་ཀྱི་གློག་བརྙན་གྱི་མིང་བྱང་ལྟར་བཟོ་རྒྱུ་ཡིན་པར་གསུངས་འདུག  

ཨོ་གླིང་གི་སྲིད་བློན་གྱིས་རྒྱ་ནག་གི་གཞུང་ཚབ་པའི་ཐུག་འཕྲད་ངོས་ལེན་མ་བྱས་པ།

ཨོ་གླིང་གི་སྲིད་བློན་ Scott Morrison ལགས་ཀྱིས་རྒྱ་ནག་དང་ཨོ་གླིང་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་ལ་ཡར་རྒྱས་མ་ཕྱིན་བར་དུ་ཁོང་ནས་ཨོ་གླིང་གི་གྲོང་ཁྱེར་Canberra ཁུལ་དུ་བཅའ་བཞུགས་རྒྱ་ནག་གི་གཞུང་ཚབ་པ་གསར་བ་ Xiao Qian ལགས་སུ་ཐུག་འཕྲད་བྱེད་རྒྱུ་དེ་འོས་འཚམས་ཤིག་མིན་པར་བརྗོད་འདུགགཞི་རྩའི་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་བྱུང་སྐབས།  ཨོ་གླིང་སྲིད་གཞུང་གིས་རྒྱ་ནག་ནང་གི་ཏོག་དབྱིབས་རིམས་ནད་ཀྱི་འགོ་ཁུངས་ལ་ཞིབ་འཇུག་བྱེད་དགོས་བའི་རྩོད་སྒྲུབ་བྱས་པ་དང་འབྲེལ་ནས།  རྒྱ་ནག་གིས་ཨོ་གླིང་གི་ཚོང་ལས་རིགས་གཅིག་ལ་བཀག་སྡོམ་བྱས་པ་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ཕན་ཚུན་གྱི་མཐོ་རིམ་དཔོན་རིགས་བར་དུ་ཐུག་འཕྲད་དང་གྲོས་མོལ་གང་ཡང་བྱུང་མེད་པ་རེད། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གྱི་གནས་བབ་དང་འབྲེལ་ནས་ད་རེས་ཨོ་གླིང་གི་བརྒྱུད་ལམ་ཁག་ནས་ཡུལ་དེའི་སྲིད་བློན་མཆོག་ལ་རྒྱ་ནག་གི་གཞུང་ཚབ་པ་གསར་པར་ཐུག་འཆར་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།   རྒྱ་ནག་གི་ནང་དུ་ཡོད་པའི་ཨོ་གླིང་གི་གཞུང་ཚབ་པ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་མེད་དུས།   ཁོང་ཡང་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱེད་ཐབས་མེད་པ་ཞིག་ཡིན་པར་བརྗོད་འདུག གཞན་ཡང་ཁོང་གིས། དུས་རྒྱུན་ནས་གཞུང་ཚབ་པ་རྣམས་འབྲེལ་ཡོད་སྲིད་གཞུང་གི་འགོ་ཁྲིད་ལ་ཐུག་འཕྲད་བྱེད་སྲོལ་མེད་པ་ཞིག་ཡིན་པར་འགྲེལ་བརྗོད་བརྗོད་བྱས་པ་མ་ཟད།   རྒྱ་ནག་གིས་དེང་སྐབས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བློན་ཆེན་རང་བཞིན་གྱི་གྲོས་མོལ་བཀག་སྡོམ་བྱས་ཡོད་སྟབས།   རྒྱ་ནག་གིས་དེ་ལྟ་བུའི་བཀག་སྡོམ་དེ་ཕྱིར་བསྡུ་མ་བྱས་བར་དུ་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱེད་རྒྱུ་དེ་འོས་འཚམས་ཤིག་མིན་པར་གསུངས་འདུག སྤྱིར་རྒྱ་ནག་གིས་ཉེ་སྔོན་ Pacific མངའ་ཁུལ་གྱི་རྒྱལ་ཁབ་ Solomon དང་འབྲེལ་བ་བཙུགས་ནས། ཁུལ་དེའི་བདེ་འཇགས་ལ་ཉེན་སྲུང་བྱ་རྒྱུར་ཐག་གཅོད་བྱས་པ་བརྒྱུད་ནས།   ཨོ་གླིང་དང་ཨ་རི་སོགས་ཀྱི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་གནད་དོན་དེར་སེམས་འཚབ་བྱེད་ཤུགས་ཆེ་རུ་གྱུར་ཡོད་པ་རེད།གཞི་རྩའི་རྒྱ་ནག་གི་གཞུང་ཚབ་པ་ Xiao Qian ཟེར་བ་དེ་ཟླ་བ་དང་པོ་ནས་ལས་ཁུར་ཞུས་ཏེ་ཨོ་གླིང་སྲིད་གཞུང་ལ་འབྲེལ་ལམ་འཛུགས་རྒྱུར་ཐབས་ཤེས་སྣ་མང་བྱེད་བཞིན་ཡོད་ཀྱང་།  ཨོ་གླིང་གི་སྲིད་བློན་Scott Morrison ལགས་ཀྱིས་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱས་མེད་པ་དང་།  གནད་དོན་དེར་དཔྱད་བརྗོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། ཨོ་གླིང་སྲིད་གཞུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་ནི་སྲིད་བློན་ Scott Morrison ལགས་ཀྱི་འོས་བསྡུ་དང་འབྲེལ་བའི་འཐབ་བྱུས་ཤིག་ཡིན་པ་དང་། ཁོང་གིས་ད་དུང་མི་མཐུད་དེ་རྒྱ་ནག་གིས་ཨོ་གླིང་ཁུལ་དུ་ཤུགས་རྐྱེན་ཐེབས་རྒྱུར་འགོག་རྒོལ་བྱེད་བཞིན་པའི་རྣམ་འགྱུར་སྟོན་བཞིན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག ཨོ་གླིང་དུ་རྟེན་གཞི་བྱས་པའི་རྒྱ་རིགས་ཚོགས་པའི་ཚོགས་གཙོ།  Chen Hong ཟེར་བས་སྲིད་བློན་ Scott Morrison ཡིས་རྒྱ་ནག་གི་གཞུང་ཚབ་པར་མཇལ་འཕྲད་མ་བྱས་པ་དེ་ནི་གཞུང་ཚབ་པར་བརྩི་བཀུར་མ་བྱས་པ་ཁོ་ན་ཞིག་མིན་པར། རྒྱ་ནག་སྤྱི་ཡོངས་ལ་གུས་བརྩི་མ་བྱས་པའི་གནད་དོན་ཞིག་ཡིན་པར་བརྗོད་འདུག

རྒྱ་གཞུང་གིས་ཁམས་བྲག་མགོར་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་ཐོག་འདྲི་རྩད། 

སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nicolas Walder ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་སྤྱི་དང་སྒོས་ཁམས་བྲག་མགོ་ནང་དྲག་གནོན་དང་། བོད་མི་མང་ཚོགས་ཀྱི་ཆོས་དད་རང་རང་དབང་ལ་རྡོག་རོལ་བཏང་བའི་ཛ་དྲག་གནས་སྟངས་ཐེར་འདོན་གནང་སྟེ། སུད་སི་གཞུང་གིས་སུད་སི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གྲོལ་མོལ་གཞིར་བཟུང་གོང་གསལ་གནད་དོན་ཐོག་སུད་སི་གཞུང་ནས་དོ་སྣང་དང་འགན་ཁུར་གང་བཞེས་ཡོད་དམ་ཞེས་འདྲི་རྩད་གནང་འདུག སུད་སི་གྲོས་ཚོགས་ཀྱི་དྲ་ཚིག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nicolas Walder ལགས་ཀྱིས་ཉེ་ཆར་སུད་སི་དཔྱིད་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་ནས་སུད་སི་གཞུང་ལ་རྒྱ་གཞུང་ནས་བོད་སྤྱི་དང་སྒོས་ཁམས་བྲག་མགོར་སྤེལ་བའི་དྲག་གནོན་ཅན་གྱི་སྲིད་བྱུས་གནས་སྟངས་སྐོར་ཡིག་ཐོག་ནས་འདྲི་རྩད་གནང་འདུག སྐབས་དེར་ཁོང་གིས་ཉེ་ཆར་རྒྱ་གཞུང་ནས་བོད་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་རིག་གཞུང་དང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་དམ་དྲག་དང་རྩ་མེད་བཟོ་རྒྱུའི་བྱ་སྤྱོད་ཀྱི་ལས་དོན་སྔར་ལྷག་ཤུགས་ཆེ་རུ་བཏང་ཡོད་པ་དང། ལྷག་པར་དུ་བོད་ཁམས་བྲག་མགོའི་སྐུ་བརྙན་ཆེན་པོ་གཉིས་དང་མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་ཡོད་པ་ཚང་མ་གཏོར་བཤིག་བཏང་བ་དང། རླུང་རྟ་དར་ལྕོག་མེར་སྲེག། དེ་བཞིན་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་སློབ་གྲྭ་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་དང། ས་གནས་སུ་དམ་དྲག་དང་མང་ཚོགས་ཐོག་དྲག་གནོན་དང་འབྲེལ་ཡོད་མི་སྣ་འཛིན་བཟུང་བྱས་པ་སོགས་བྲག་མགོ་ནང་གི་ཛ་དྲག་གནས་སྟངས་མངོན་གསལ་གནང་བ་དང་སྦྲགས། སུད་སི་དབུས་གཞུང་གི་ངོས་ནས་གོང་གསལ་གནད་དོན་ཐད་ཐུགས་སྣང་དང་དཔྱད་ཞིབ་དང། དེ་བཞིན་ས་གནས་མང་ཚོགས་ཀྱི་ཆོས་དད་རང་སྲུང་སྐྱོབ་སླད་གང་གནང་ཡོད་མེད་སོགས་ཀྱི་འདྲི་རྩད་གནང་ཡོད། ཁོང་གིས་ཁམས་བྲག་མགོ་ནང་གི་གནད་དོན་དང་འབྲེལ་ནས་སུད་སི་གཞུང་ལ་ཡིག་ཐོག་ནས་འདྲི་རྩད་བཞི་གནང་ཡོད་པའི་ནང་། སུད་སི་གཞུང་གིས་གོང་གསལ་གནད་དོན་ཐོག་དཔྱད་ཞིབ་གནང་མེད་པ་དང། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བློ་ཡོད་མེད། སུད་སི་གཞུང་གིས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་དོན་དངོས་དང་མཐུན་པའི་ཕྱག་ལས་གང་གནང་ཡོད་མེད། དེ་བཞིན་སུད་སི་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་རང་དབང་ཐོག་ནས་ངོས་འཛིན་ཞུ་ཐུབ་རྒྱུར་ཤུགས་སྣོན་གང་དང་གང་གནང་ཡོད་མེད་བཅས་ཀྱི་གནད་དོན་དང་འབྲེལ་ཏེ་འདྲི་རྩད་གནང་བ་ཞིག་ཆགས་ཀྱི་འདུག སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nicolas Walder ལགས་ཀྱིས་སུད་སི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་དྲུང་ཆེ་གནང་གི་ཡོད་པ་དང། ཁོང་ནས་ཉེ་སྔོན་སུད་སི་གྲོས་ཚོགས་སུ་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་སུད་སི་གཞུང་འབྲེལ་སྐུ་ཚབ་མི་སྣ་མཉམ་ཞུགས་གནང་རྒྱུར་ངོ་རྒོལ་གནང་བ་མ་ཟད། ལོ་སྔོན་མར་སུད་སི་གྲོས་ཚོགས་སུ་ད་བར་སུད་སི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུའི་ཐོག་གྲོས་མོལ་གང་དང་གང་བྱུང་ཡོད་མེད། ལག་བསྟར་དང་གྲུབ་འབྲས། དེ་བཞིན་མ་འོངས་ཀྱི་གྲོས་མོལ་ཚོགས་འདུའི་འཆར་གཞི་གང་དག་ཡོད་པ་སོགས་ཀྱི་སྙན་ཐོ་ཞིབ་རྒྱས་ཤིག་གྲོས་ཚོགས་སུ་ངེས་པར་དུ་འགོད་འབུལ་ཞུ་དགོས་པའི་གྲོས་འཆར་གནང་བར་གྲོས་ཚོགས་སུ་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ Kashmir སྐོར་འགྲེལ་བརྗོད་བྱེད་ཕྱོགས་ལ་རྒྱ་གར་གྱིས་སྐྱོན་བརྗོད།

ཉེ་ཆར་པཀི་སི་ཐན་གྱི་རྒྱལ་ས་ Islamabad ནང་དུ་ཚོགས་པའི་ Organization of Islamic Cooperation ཞེས་ཁ་ཆེའི་མཐུན་སྒྲིལ་ཚོགས་པའི་ཚོགས་འདུའི་ཐོག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཀྱིས་མཉམ་ཞུགས་བྱས་ཏེ་རྩོད་རྙོག་ཆེ་བའི་ Kashmir གྱི་གནད་དོན་དང་འབྲེལ། ཁོང་གིས་ད་རེས་སླར་ཡང་ཁ་ཆེའི་གྲོགས་པོ་མང་པོའི་རེ་འབོད་ཐོས་ཡོད་པ་དང་། རྒྱ་ནག་ནས་ཀྱང་དེ་ལྟར་འདོད་ཀྱི་ཡོད་པ་བརྗོད་ཡོད་པ་ལྟར། དེ་རིང་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ནས་ཝང་ཡིས་ཀྱིས་གཏམ་བཤད་དེར་སྐྱོན་བརྗོད་ཤུགས་ཆེར་བྱས་འདུགརྩ་བའི་དེ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་རྒྱ་གར་ནང་དུ་གཞུང་འབྲེལ་འཚམས་གཟིགས་ལ་འབྱོར་གྱི་ཡོད་པ་དང་།  དེའང་དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་དཀར་ནག་གཉིས་ཀྱི་དབར་ Galwan འཕགས་བོད་ས་མཚམས་ས་ཁུལ་དུ་གདོང་ཐུག་གི་གནད་དོན་བྱུང་སྟེ། རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་རྗེས་སུ། རྒྱ་ནག་གི་ཕྱོགས་ནས་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་རྒྱ་གར་ནང་དུ་བསྐྱོད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་འགྲིན་ཚབ་པ་ Arindam Bagchi ལགས་ཀྱིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ཀྱིས་ཁ་ཆེའི་མཐུན་སྒྲིལ་ཚོགས་པའི་དབུ་འབྱེད་མཛད་སྒོའི་ཐོག་དགོས་མེད་ཀྱི་གཏམ་བཤད་དེ་ལྟར་བྱས་པར་མཐའ་གཅིག་ཏུ་དགག་པ་ཡོད་པ་དང་། རྒྱ་གར་དབུས་གཞུང་གི་ཐད་དཀར་སྟངས་འཛིན་འོག་ཡོད་པའི་ Jammu & Kashmir ས་ཁུལ་དང་འབྲེལ་བའི་གནད་དོན་རྣམས་རྒྱ་གར་གྱི་ནང་སྲིད་གནད་དོན་ཡིན་སྐོར་གསུངས་བ་དང་འབྲེལ། རྒྱ་ནག་གཙོས་པའི་རྒྱལ་ཁབ་གཞན་རྣམས་ལ་དེའི་སྐོར་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་ལ། རྒྱ་གར་གྱི་ངོས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་ཀྱི་མེད་པ་དེའང་ཚང་མས་ཤེས་དགོས་ཀྱི་རེད་བཅས་དྲན་སྐུལ་གནང་འདུག དབྱེ་ཞིབ་པ་རྣམས་ཀྱིས་གསུངས་བར་གཞིགས་ན། དུས་རྒྱུན་རྒྱ་གར་གཞུང་གིས་རྐྱོན་བརྗོད་བསྒྲགས་གཏམ་ནང་དུ་ཕྱི་སྲིད་བློན་ཆེན་གྱི་མིང་དངོས་སུ་བེད་སྤྱོད་གཏོང་རྒྱུའི་ལམ་སྲོལ་མེད་པ་དེ་ལྟར་ཡང་། ད་རེས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་འགྲིན་ཚབ་པས་རྒྱ་ནག་གི་བློན་ཆེན་དངོས་སུ་མིང་འབོད་བྱས་པ་དེ་ལས། རྒྱ་གར་གཞུང་གི་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་རུ་འགྲོ་བཞིན་པའི་རྣམ་པ་མངོན་རྒྱུ་ཡོད་པ་མ་ཟད། རྒྱ་གར་ངོས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་མེད་པར་འགྲེལ་བརྗོད་བྱས་པ་དེ་ཡང་། དུས་རྒྱུན་གྱི་གནང་སྟངས་དང་མི་འདྲ་བ་ཆགས་ཀྱི་ཡོད་པ་རེད་འདུག ལྷག་པར་རྒྱ་གར་གྱི་ངོས་ནས་དུས་རྒྱུན་དུ་ཐེ་ཝན་དང་བོད། ཧོང་ཀོང་། དེ་བཞིན་ཤིན་ཅང་ནང་གི་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་དང་དྲག་གནོན་བཅས་རྒྱ་ནག་ལ་ཚོར་རྣོ་བའི་གནད་དོན་ཁག་གི་ཐོག་ལ་གླེང་སློང་གང་ཡང་བྱེད་ཀྱི་མེད་སྟབས། ད་རེས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུང་ཕྱོགས་དེ་རྒྱ་ནག་ལ་བརྡ་ལན་ནན་པོ་ཞིག་ཆགས་ཀྱི་ཡོད་པར་གསུངས་མཁན་འདུག རྩ་བའི་ཕྱི་ལོ་ ༢༠༢༠ ལོའི་རྒྱ་དཀར་ནག་དབར་གྱི་གདོང་ཐུག་རྗེས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཤར་ངོས་ཀྱི་ས་ཁུལ་ནས་ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱེད་རྒྱུའི་ཐད་ད་བར་གྲོས་མོལ་རིམ་པའི་ཐོག་གྲོས་མཐུན་བྱུང་མ་ཐུབ་པའི་མཚམས་འདིར། རྒྱ་ནག་ཕྱོགས་ནས་ས་མཚམས་ཀྱི་གནད་དོན་རྐྱེན་པས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དོ་ཕོག་གཏོང་རྒྱུ་མེད་པར་བརྗོད་བཞིན་ཡོད་ཀྱང་། རྒྱ་གར་གཞུང་ཕྱོགས་ནས་རྩོད་རྙོག་ཡོད་སའི་ས་ཁུལ་ནས་རྒྱ་ནག་གི་དམག་མི་ཡོངས་སུ་ཕྱིར་འཐེན་མ་བྱས་བར་དུ་འབྲེལ་ལམ་ཡར་རྒྱས་འགྲོ་ཐབས་མེད་སྐོར་བརྗོད་བཞིན་ཡོད་པ་རེད། དེ་དོན་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་ཉེ་ཆར་ཚོགས་འདུ་ཞིག་གི་ཐོག་ལ་ཡང་དེ་མཚུངས་ཀྱི་གཏམ་བཤད་གནང་ཡོད་པ་རེད་འདུག ཕྱོགས་གཉིས་དབར་གདོང་ཐུག་འགོ་བཙུགས་ནས་ད་ཆ་ལོ་གཉིས་ཙམ་ཕྱིན་པའི་རྗེས་སུ། ཉེ་ཆར་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་ཐད་གོམ་པ་དང་པོ་སྤོས་པ་བརྒྱུད། རིང་མིན་རྒྱ་ནག་ནང་དུ་ཚོགས་གཏན་ཁེལ་བའི་ BRICS ཞེས་པའི་རྒྱ་གར་དང་རྒྱ་ནག ཨུ་རུ་སུ་དང་ Brazil དེ་བཞིན་ལྷོ་ Africa བཅས་རྒྱལ་ཁབ་ ༥ ཡི་ལྷན་ཚོགས་དང་། RIC ཞེས་རྒྱ་གར་དང་རྒྱ་ནག    དེ་བཞིན་ཨུ་རུ་སུ་བཅས་གསུམ་གྱི་འགོ་འཁྲིད་རིམ་པའི་ལྷན་ཚོགས་གྲ་སྒྲིག་བྱེད་བཞིན་པའི་ཁྲོད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་དེ་རིང་རྒྱ་གར་ནང་དུ་འབྱོར་གཏན་འཁེལ་ཡོད་པ་ཞིག་རེད་ལ། རྒྱ་གར་གྱི་སྲིད་བློན་མཆོག་ཀྱང་ BRICS ཚོགས་འདུའི་སླད་རྒྱ་ནག་ཏུ་ཕེབས་རྒྱུའི་ཚོད་དཔག་གནང་བཞིན་ཡོད་པ་རེད། དེ་རིང་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་འགྲེལ་བརྗོད་བྱས་པ་ཞིག་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པ་ལྟར་ན། དེ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་དུ་འབྱོར་རྗེས་སང་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ S. Jaishankar མཆོག་དང་། རྒྱལ་སྲུང་སློབ་སྟོན་པ་ Ajit Doval གཉིས་ཀྱི་ལྷན་དུ་མཇལ་འཕྲད་གནང་གཏན་ཁེལ་ཡོད་པ་གསལ་སྟོན་གནང་ཡོད་ཀྱང་། སྲིད་བློན་ Modi མཆོག་དང་ལྷན་དུ་འཇལ་འཕྲད་གནང་རྒྱུ་ཡིན་མིན་ད་བར་ཐག་གཅོད་མེད་པ་གསུངས་འདུག ཐེངས་འདིའི་མཇལ་འཕྲད་ཐོག་བློན་ཆེན་རྣམས་པའི་ངོས་ནས་གཙོ་བོ་རྒྱ་ནག་དཀར་གཉིས་དབར་གྱི་ས་མཚམས་ཀྱི་རྩོད་རྙོག་སྐོར་དང་གཞན་ Ukraine གྱི་གནད་དོན་སྐོར་ལ་གླེང་སློང་བྱེད་རྒྱུ་ཡིན་པ་འཁོད་འདུག  

ཕྱི་ལོ་༢༠༡༢ ལོའི་བུད་མེད་འདུར་རྒྱུགས་ཁྲོད་ཆོས་དབྱིངས་སྐྱིད་ལགས་ཨང་དང་པོར་གོང་སྤར།

ཁ་ཉིན་AIU ཞེས་པའི་རྒྱལ་སྤྱིའི་རྩེད་འགྲན་མཉམ་འབྲེལ་ཚོགས་པས་གསལ་བསྒྲགས་ཤིག་གནང་བའི་ནང་དུ། དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་དུ་ཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྟེང་སྤྱི་ལེ་༢༠ ལྷག་གི་རིང་ཚད་ལྡན་པའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་གྱི་ཨུ་རུ་སུ་རྩེད་འགྲན་པ། Elena Lashmanova ཞེས་པས་སྐབས་དེར་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བྱས་ཡོད་པ་ར་སྤྲོད་བྱུང་སྟབས། སྐབས་དེའི་འགྲན་བསྡུར་ཁྲོད་ཞུགས་མཁན་བོད་རིགས་བུད་མེད་ཆོས་དབྱིངས་སྐྱིད་ལགས་ད་ཆ་འདུར་རྒྱུགས་དེའི་ཁྲོད་ཨང་དང་པོ་ཐོབ་མཁན་དེ་ཆགས་འདུག འབྲེལ་ཡོད་ཚན་པའི་ཞིབ་འཇུག་རིམ་པ་བྱས་པ་བརྒྱུད་ནས།   Elena Lashmanova ལགས་ཕྱི་ལོ་ ༢༠༡༢་དང་༢༠༡༤ ལོའི་རྩེད་འགྲན་ཁྲོད་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བྱས་པ་ངོས་ལེན་བྱས་ཡོད་སྟབས་སྐབས་དེའི་རྩེད་འགྲན་ཁྲོད་བྱ་དགའ་བླངས་བ་ཚང་མ་ཕྱིར་བསྡུ་བྱས་ཡོད་པར་གསལ་བསྒྲགས་བསྐྱངས་ཡོད་པར་བརྟེན།    བོད་རིགས་ཤིག་ཐེངས་དང་པོར་ཨོ་རྩལ་འགྲན་བསྡུར་ལ་ཞུགས་པའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་མི་ལོ་བཅུ་ཡི་རྗེས་སུ་སྐབས་དེའི་འདུར་རྒྱུགས་ཁྲོད་ཨང་དང་པོའི་གསེར་གྱི་རྟགས་མ་བཞེས་མཁན་དུ་གྱུར་ཡོད་འདུགཁ་སང་རྒྱལ་སྤྱིའི་རྩེད་འགྲན་མཉམ་འབྲེལ་ཚོགས་པས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་པ་དང་ལྷན་དུ།  ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོང་གི་སྒེར་གཉེར་གྱི་ཝེ་པོ་སྤྱི་ཚོགས་དྲ་ལམ་དུ། ལོ་ངོ་བཅུ་ཡི་རྗེས་སུ་གཞི་ནས་ཁོང་ཉིད་ལ་གསེར་གྱི་རྟགས་མར་རིམ་འཕར་ཁ་གསབ་བྱུང་བར་སྨྲ་མི་ཤེས་བའི་དགའ་སྐྱོ་འདྲིས་མ་ཞིག་བྱུང་ཡོད་པར་འགྲེལ་བརྗོད་ཀྱིས། དེ་ནི་ཕྱོགས་གཅིག་ནས་ཡུན་རིང་གི་རྗེས་སུ་ཁོང་ལ་སྐབས་དེར་ཨང་དང་པོ་ཐོབ་པར་ཤེས་རྟོགས་བྱུང་བ་དང་། ཕྱོགས་གཞན་ནས་སྐབས་དུས་ཡུལ་དངོས་ནས་ཨང་དང་པོ་ཐོབ་པའི་གཟི་བརྗིད་དེ་དངོས་སུ་མྱོང་ཐུབ་མེད་པ་དེ་ཡིན་པར་ཕྱིར་བསྒྲགས་གནང་སྟེ།  མང་ཚོགས་ཀྱིས་ཁོང་ལ་ལོ་མང་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུགསྤྱིར་ཕྱི་ལོ་ ༢༠༡༢ ལོར་ཆོས་དབྱིངས་སྐྱིད་ལགས་བུད་མེད་ཀྱི་འདུར་རྒྱུགས་ཁྲོད་ཨང་གསུམ་པ་ཐོབ་ཡོད་ཀྱང་། སྐབས་དེར་ཨང་གཉིས་བ་ཐོབ་པའི་ཨུ་རུ་སུའི་བུད་མེད་རྩེད་འགྲན་པ Kaniskina ལགས་ཕྱི་ལོ ༢༠༡༥ ལོར་གཟུགས་པོར་སྟོབས་ཤུགས་འབྱིན་པའི་རྫས་འགྱུར་བེད་སྤྱོད་བཏང་ཡོད་པ་ར་སྤྲོད་བྱུང་རྗེས། གཟེངས་རྟགས་ཕྱིར་བསྡུ་གནང་ཡོད་པ་ལྟར། ད་ཆ། སྐབས་དེར་ཨང་དང་པོ་ཐོབ་མཁན་ཀྱི་ཨུ་རུ་སུའི་རྩེད་འགྲན་པ Elena Lashmanova ལགས་ཀྱིས་ཀྱང་སྨན་རྫས་སྤྱད་ཡོད་པ་ངོས་ལེན་བྱས་ཡོད་སྟབས། བོད་རིགས་བུད་མེད་ཆོས་དབྱིངས་སྐྱིད་ལགས་ཨང་དང་པོ་དང་། དེ་བཞིན་རྒྱ་ནག་གི་རྩེད་འགྲན་པ་ཨང་བཞི་དང་ལྔ་བ་ཐོབ་མཁན་གཉིས་ཨང་གཉིས་བ་དང་གསུམ་པ་ཆགས་ཡོད་པ་རེད། རྩ་བའི་བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ནི་ཕྱི་ལོ་ ༡༩༩༠ ལོར་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན། མཚོ་བྱང་ཁུལ་འདབ་བཞི་རྫོང་། ཝ་མགྱོགས་ཡུལ་ཚོ་ཞེས་པའི་འབྲོག་ཁྱིམ་དཀྱིས་མ་ཞིག་ནས་སྐྱེས་ཤིང་། ཆུང་དུས་ནས་རྫ་ལུང་རི་གསུམ་དུ་ཕྱུག་ཟོག་འཚོ་སྐྱོང་བྱས་ནས་འཚར་ལོངས་བྱུང་ཞིང་། བར་སྐབས་སུ་ས་གནས་ཀྱི་ཡུལ་ཚོ་རུ་སློབ་ཆུང་བར་དུ་སློབ་སྦྱོང་གནང་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་ཆེད་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་མགོ་འཛུགས་གནང་སྟེ་བོད་རིགས་ཤིག་ཐོག་དང་པོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སུ་ཐེངས་དང་པོར་འཛུགས་ཞུགས་ཀྱིས་ཨང་དང་པོའི་གསེར་གྱི་རྟགས་པ་བཞེས་མཁན་དང་པོ་དེ་ཆགས་ཡོད་པ་ལྟར། ཁོང་མོ་ཕྱི་ལོ་ ༢༠༡༢ ནས་སྔ་རྗེས་སུ་ཨོ་རྩལ་འགྲན་ཚོགས་ལ་ཐེངས་འགར་ཞུགས་མྱོང་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༩ ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ནས་བོད་དང་ཤར་ཏུར་སི་ཐན་ནང་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ རྡོག་རོལ་ཆེས་ཆེར་གཏོང་བཞིན་པ་ཐེར་འདོན་གནང་སྟེ་སེམས་འཚབ་གནང་བ་མ་ཟད་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུས་དགོས་ཞེས་བརྗོད་འདུག ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐོག་ལྷན་ཚོགས་ནས་ཐུགས་སྣང་དགོས་པའི་ཚོགས་དུས་ཐོག་དབྱིན་ཡུལ་དང་འཇར་མི་ནི། སུད་སི། ཌན་མག ནི་ཐར་ལན་ཌི། སུད་ཌན། དེ་བཞིན་ཕ་རན་སི་བཅས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མེད་པ་དང། རྒྱ་ནག་གཞུང་ནས་བོད་གཙོས་པའི་མངའ་འོག་གི་གྲངས་ཉུང་མི་རིགས་ཁག་གི་སྤྱི་དམངས་རང་དབང་ཐོག་སྔར་ལས་དམ་དྲག་ཚོད་འཛིན་ཆེ་བ་དང་། འཆར་གཞི་དང་ལྡན་པའི་ངང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། དེ་བཞིན་ཁུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་གསར་འགོད་པ་སོགས་ཀྱི་སྨྲ་བརྗོད་རང་དབང་རྩོད་ལེན་གནང་མཁན་ཁག་ལ་དམིགས་བསལ་གྱིས་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པ་སོགས་ཐེར་འདོན་གནང་བ་དང་ཆབས་ཅིག་ཏུ་ད་ལྟའི་ཆར་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་དང་ཤར་ཏུར་སི་ཐན། ཧོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྷན་ཚོགས་ཀྱི་ངོས་ནས་ཐུགས་སྣང་གནང་དགོས་པའི་གཞེན་སྐུལ་ཞུས་ཡོད།དབྱིན་ཡུལ་སྐུ་ཚབ་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་ནང་དུ་གཏན་སློབ་ཟུར་འཛུགས་ཀྱིས་བོད་མིའི་ངོ་བོ་དང་འབྲེལ་བའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་པ་རྩ་མེད་བཟོ་རྒྱུའི་ལས་གཞི་སྤེལ་བཞིན་པ་མངོན་གསལ་གནང་བ་དང་འབྲེལ། ད་ལྟའི་ཆར་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་ཐོག་སྔར་བཞིན་དོ་ཁུར་གནང་ཡུལ་རང་སོར་གནས་ཡོད་པ་དང། ལྷན་ཚོགས་ཐོག་ཨ་རི་དང་ཡོ་རོབ་མཐུན་ཚོགས། ཨོ་སི་ཀྲོ་ལི་ཡ། ནོར་ཝེ། ཕྷིན་ལེནཊ་བཅས་ནས་བོད་ཅེས་མིང་དངོས་སུ་མངོན་གསལ་མ་གནང་ཡང་། རྒྱལ་ཁབ་དེ་དག་ནས་རྒྱ་ནག་གཞུང་གིས་ཡུ་གུར་མཚོན་པའི་གྲངས་ཉུང་མི་རིགས་གཞན་ཁག་གི་ཐོག་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ཐེར་འདོན་གྱིས་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་དང་སྦྲགས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་ཤར་ཏུ་ཀི་སིཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོ་འཕྲལ་མར་འདོན་སྤེལ་བྱེད་དགོས་པ་དང། དེ་བཞིན་རིང་མིན་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་སྐབས་ཐེ་གཏོགས་གང་ཡང་མེད་པར་གནང་གལ་ཡིན་པར་གསུངས་ཡོད། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་འབྲེལ་ཏེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་གླེང་སློང་གནང་བ་དང་ཆབས་ཅིག རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་བློ་འཚབ་ཡོད་ཅེས་གསུངས་པ་མ་ཟད། དེ་བཞིན་རྒྱ་གཞུང་གི་ངོས་ནས་འཛིན་བཟུང་བཀག་ཉར་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང། གསར་འགོད་པ། ཁྲིམས་རྩོད་པ་རྣམས་གློད་བཀྲོལ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་དགོས་ཞེས་ཚོགས་དུས་སྐབས་ཚོགས་མི་རྒྱལ་ཁབ་ ༦༤ ནས་སྐར་མ་གཉིས་ཀྱི་གཏམ་བཤད་ལས་རིམ་གྲུབ་རྗེས་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཁག་གིས་མུ་མཐུད་ནས་གཏམ་བཤད་སྤེལ་སྐབས་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ Melanie Blondelle  ལགས་ཀྱིས་ Helsinki Foundation གཞུང་འབྲེལ་མིན་པའི་མཚན་ཐོག་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་ནང་གི་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོ་མཚོན་པའི་ཆོས་སྡེ་དང་ཤེས་རིག་ལྟེ་གནས་ཁག་ལ་ཆེད་དམིགས་ཀྱིས་རིམ་པས་རྩ་གཏོར་གཏོང་བཞིན་ཡོད་པ་དང། དེ་འབྲེལ་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་མཁན་ཁག་འཛིན་བཟུང་བཀག་ཉར་བྱས་པ། བོད་ཕྲུག་ཚོ་བོད་པའི་ཆོས་རིག་དང་སྐད་ཡིག ཁོར་ཡུག་བཅས་ནས་ཐག་རིང་དུ་གཏོང་ཕྱིར་ས་གནས་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭ་གསར་འཛུགས་ཀྱི་ལས་གཞི་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་དང། དེ་བཞིན་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རིན་ཆེན་ཚུལ་ཁྲིམས་ལགས་སོགས་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན་བོད་མི་ཚོ་གང་བྱུང་དུ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་བཞིན་ཡོད་པ་སོགས་མངོན་གསལ་གྱི་སྙན་སེང་ཞུས་ཡོད། ལྷག་པར་དུ་ཁོང་གིས་ལྷན་ཚོགས་དེའི་ཐོག་ནས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པར་ནན་སྐུལ་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད་ད་བར་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བྱ་སྤྱོད་ཁག་གི་འགན་ཁུར་དགོས་པ་ཞིག་བཟོ་དགོས་པའི་རེ་འདུན་ཡང་ཞུས་འདུགཁ་སང་ད་དུང་ཡང་སུད་སི་དོན་ཁང་གི་འབྲེལ་ཡོད་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱལ་ཁབ་གཞན་གྱི་དབང་བསྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་དུ་རྒྱལ་སྤྱིའི་ཚོགས་པ་ Society  for Threaten People ཞེས་པའི་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་མཚན་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྙན་སེང་ཞུས་ཡོད་པ་དང་། སྐབས་དེར་ཁོང་ནས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་ ༤༩ པ་མ་འཚོགས་པའི་ཉིན་གསུམ་གྱི་སྔ་རོལ་དུ་བོད་ཀྱི་རྒྱལ་ས་ལྷ་སར་རང་ལོ་ ༢༥ སོན་པའི་བོད་པའི་གཞས་པ་གྲགས་ཅམ་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་གཙོས་ད་བར་བོད་ནང་བོད་མི་ ༡༥༦ གིས་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་སྙན་སེང་ཞུས་པ་མ་ཟད། དེ་བཞིན་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་ཐོག་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པ་དང། ལྷག་པར་དུ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མིའི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས། ཨ་ཉག་སེང་སྒྲ་ལགས། དེ་བཞིན་རྡོ་རྗེ་བཀྲིས་ལགས་བཅས་ཀྱིས་གནད་དོན་ཐོག་ལྷན་ཚོགས་ནས་ཞིབ་འཇུག་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་ཁོང་གིས་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་རིང་མིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འཚམས་གཟིགས་དེ་འཐུས་ཚང་ཞིག་ཡོང་བར་བོད་ནང་ཕེབས་དགོས་པ་དང། ལྷན་ཚོགས་ཀྱི་ངོས་ནས་གཙོ་འཛིན་མཆོག་གིས་འཚམས་གཟིགས་དེའི་སྐབས་བོད་ནང་འགོག་རྐྱེན་མེད་པར་ཆེད་ཕེབས་ཡོང་བར་ཤུགས་གནོན་སྤྲོད་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་མ་ཟད། རྒྱ་གཞུང་ནས་བོད་ནང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་བརྒྱུད་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་ཀྱི་བྱ་སྤྱོད་སྤེལ་ཁག་འཕྲལ་མར་མཚམས་འཇོག་དགོས་པར་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་སྐྱོང་བའི་འབོད་སྐུལ་ཞུས་ཡོད།

ཨ་རི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཀལ་བ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཌན་སྲིད་གཞུང་གི་ངོས་ནས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་དང་ཆོས་དད་འདྲ་མིན་གཉེར་མཁན་ཐོག་རྒྱ་ནག་ནང་ལོག་ཙམ་མ་ཚད་པར་ཨ་རིས་གཙོས་པའི་རྒྱ་ནག་ཕྱི་ཕྱོགས་ཀྱི་ས་ཁུལ་ཁག་ཏུའང་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཀལ་འདུགཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བར་ཨ་རི་གཞུང་གི་ངོས་ནས་རྒྱ་ནག་ནང་དང་ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་དང་ཆོས་དད་འདྲ་མིན་གཉེར་མཁན་རྣམས་ཀྱི་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཁག་ཨ་རི་ནང་འགྲུལ་སྐྱོད་བཀག་སྡོམ་གྱི་སྲིད་དོན་ཉེས་ཆད་འགེལ་རྒྱུ་ཡིན་པར་གསུངས་ཡོད། ཁོང་གིས་ད་དུང་ཨ་རི་གཞུང་གི་ངོས་ནས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གིས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་དང་ཆོས་དད་འདྲ་མིན་གཉེར་མཁན། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཞུ་མཁན། དཀའ་སྡུག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དེ་དག་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་མི་སེར་བཅས་ཀྱི་ཐོག་འཇིགས་སྐུལ་དང་ལྐོག་ཟུང་། སུན་གཙེར་སོགས་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པར་མཐའ་གཅིག་ཏུ་དགག་པ་ཡོད་སྐོར་གསུངས་པ་དང་འབྲེལ། ཨ་རིའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དམ་བཅའ་བརྟན་པོ་འཛིན་བཞིན་པ་ལྟར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་བར་གཞུང་འབྲེལ་དང་དཔལ་འབྱོར་གྱི་ཐབས་བྱུས་གང་ཡོད་སྤྱོད་ངེས་ཡིན་སྐོར་གསུངས་ཡོད།བསྒྲགས་གཏམ་ནང་རྒྱ་ནག་གི་དཔོན་རིགས་སུ་དང་སུ་ལ་ཉེས་ཆད་བཀལ་ཡོད་པ་མངོན་གསལ་གནང་མེད་ཀྱང་རྒྱ་ནག་རྒྱལ་ནང་དང་ཕྱི་ཕྱོགས་སུ་ཡོད་པའི་གྲངས་ཉུང་མི་རིགས་དང་ཆོས་དད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། གསར་འགོད་པ། རྒྱ་ནག་ནང་དུ་ཞི་བའི་ལས་འགུལ་སྤེལ་མཁན་ཐོག་དྲག་གནོན་བྱས་པའམ། དྲག་གནོན་གྱི་ཆ་ཤས་སུ་ཡོད་པའི་རྒྱ་ནག་གི་དཔོན་རིགས་དེ་དག་ཨ་རིར་འགྲུལ་སྐྱོད་བྱ་རྒྱུར་མཐོང་མཆན་བཀག་སྡོམ་གནང་རྒྱུ་ཡིན་པ་བཀོད་འདུག ཨ་རི་གཞུང་གིས་རྒྱ་ནག་ནང་དུ་ཡུ་གུར་མང་ཚོགས་ཐོག་དྲག་གནོན་བྱས་པ་མ་ཟད་ཨ་རིར་བཅའ་སྡོད་ཡུ་གུར་བ་རྣམས་ཀྱི་ནང་མི་རྒྱ་ནག་ཏུ་ཡོད་པ་ཚོ་རྒྱ་ནག་ནས་ཕྱིར་ཐོན་ཆོག་པའི་ཆོག་མཆན་གནང་གལ་ཡིན་སྐོར་དང་འབྲེལ། ཨ་རིའི་ངོས་ནས་ཉེན་ཁར་མ་བལྟོས་པར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་གནང་མཁན་རྣམས་ལ་རྒྱབ་སྐྱོར་ཡོད་པར་ནན་བརྗོད་གནང་སྟེ། རྒྱ་ནག་གཞུང་གི་ཤིན་ཅང་ནང་དུ་འགྲོ་བ་མིའི་རིགས་ལ་རྒོལ་རྡུང་གཏོང་བཞིན་པ་དང་། བོད་ནང་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པ། ཧོང་ཀོང་མང་ཚོགས་ཀྱི་གཞི་རྩའི་རང་དབང་རྡོག་རོལ་གཏོང་མུས་སོགས་རྒྱ་ནག་རྒྱལ་ནང་དང་ཕྱི་ཕྱོགས་སུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བ་རྣམས་མཚམས་འཇོག་དགོས་པ་སོགས་གསུངས་འདུག ཐེངས་འདིའི་བསྒྲགས་གཏམ་བརྒྱུད་ཨ་རི་གཞི་རྩའི་ཨ་རིའི་ Joe Biden གཞུང་གིས་སྔ་ལོའི་ཕྱི་ཟླ་ ༣ པ་དང་ ༧ པ། དེ་བཞིན་ཕྱི་ཟླ་ ༡༡ བཅས་ཀྱི་ནང་དུ་རྒྱ་ནག་གི་དཔོན་རིགས་དང་བཟོ་ཚོང་ཁང་ཁག་ཅིག་ལ་སྲིད་དོན་ཉེས་ཆད་རིམ་པ་བཅད་པ་མ་ཟད་རྒྱ་ནག་གི་མཉེན་ཆས་ཁག་ཅིག་བཀག་སྡོམ་གྱིས་རྒྱ་ནག་ལ་གདོང་ལེན་རིམ་པ་གནང་ཡོད་པའི་ཁྲོད་རྒྱ་ནག་ནས་ཀྱང་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་གཞུང་འབྲེལ་མི་སྣ་ཁག་ཅིག་ལ་རྒྱ་ནག་ཏུ་ཕེབས་མི་ཆོག་པའི་སྲིད་དོན་ཉེས་ཆད་བསྐལ་ཡོད་པ་རེད། བསྒྲགས་གཏམ་ནང་ད་ལྟ་ཨུ་རུ་སུ་དང་ཡུཀ་རེན་གཉིས་དབར་དམག་འཁྲུག་ཁྲོད་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པའི་ཁྲོད་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་གྲོས་མོལ་གནང་གྲུབ་མཚམས་སུ་སྤེལ་བ་ཞིག་ཆགས་ཀྱི་ཡོད་དང་། སྤྱིར་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ནང་ཙམ་མ་ཚད་པར་ཕྱི་ཕྱོགས་སུའང་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས་ལ་དྲག་གནོན་བྱས་པའི་གནད་དོན་མང་དག་ཅིག་མངོན་གསལ་གནང་བ་དང་ཆབས་ཅིག བདུན་ཕྲག་སྔོན་མར་ཨ་རིའི་ཁྲིམས་གཞི་ལྷན་ཁང་ནས་རྒྱ་ནག་གཞུང་གིས་བཀོད་སྒྲིག་འོག་ཨ་རི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་ལས་འགུལ་བ་ཁག་ཅིག་ལ་དབང་ཡོད་བཏང་བ་དང་སུན་གཙེར་བཟོས་པའི་མི་ལྔར་ཉེས་ཆད་བཀལ་བའི་གནད་དོན་བྱུང་ཡོད་པ་རེད།

ཨ་རིའི་མི་སེར་བོད་ནང་འགྲུལ་བསྐྱོད་བྱ་རྒྱུར་འཆར་གཞི་ལྡན་པའི་སྒོ་ནས་འགོག་རྐྱེན་བཟོ་བཞིན་པའི་སྙན་ཐོ་བཏོན་འདུག

ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་བྱས་པའི་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དགོངས་དོན་བཞིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་བོད་ནང་འགྲུལ་བསྐྱོད་དང་ལོ་འཁོར་གྱི་སྙན་ཐོ་འདོན་ཐེངས་བཞི་བ་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་ནང་། རྒྱ་ནག་གཞུང་གིས་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་ནང་བསྐྱོད་རྒྱུར་འཆར་གཞི་ལྡན་པའི་སྒོ་ནས་བཀག་འགོག་དོ་ནན་བྱས་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༦ ཉིན་འགོད་འབུལ་ཞུས་པའི་སྙན་ཐོ་དེའི་ནང་། རྒྱ་གཞུང་གིས་འདས་པའི་ཕྱི་ལོ་ ༢༠༢༡ ལོ་དེའི་ནང་བོད་ཁམས་སྤྱི་དང་སྒོས་སུ། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཁུལ་དུ་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་རྒྱུར་མུ་མཐུད་བཀག་སྡོམ་ནན་པོ་བྱས་ཡོད་པར་མངོན་གསལ་གནང་འདུག་པ་དང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་ལས་དོན་འགན་འཛིན་སྐུ་ཞབས་ Franz Matzner ལགས་ཀྱིས་ཐེངས་འདིའི་སྙན་ཐོ་འདི་ཡིས་རྒྱ་ནག་གིས་བོད་ནང་དུ་འཇིགས་དངངས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དོན་དངོས་ལ་སྦ་གསང་བྱེད་བཞིན་པ་མངོན་གསལ་གནང་གི་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། ལར་ནས་དངོས་ཡོད་ཀྱི་གནས་ཚུལ་ཅི་འདྲ་ཞིག་ཡིན་རུང་ཨུ་ཚུགས་རང་བཞིན་གྱི་ངོ་བོའི་ཆ་ནས་འབད་ཐབས་མེད་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་འབྲེལ་རྒྱ་ནག་དམར་གཞུང་གིས་བོད་མི་མང་ལ་རྩུབ་སྤྱོད་དང་བཙན་གནོན་བྱེད་བཞིན་པའི་གནས་བབ་དེ་སྦ་གསང་བྱེད་དུ་འཇུག་རྒྱུ་མེད་པ་ཞིག་བཟོ་དགོས་པའི་ཞུ་སྐུལ་གནང་འདུགསྐུ་ཞབས་ Franz Matzner ལགས་ཀྱིས་ད་དུང་། ཨ་རིའི་ངོས་ནས་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་རྒྱ་ནག་གིས་བོད་ཁུལ་དུ་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་ཆེད་དུ་བཟོས་བ་ཞིག་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གིས་ད་དུང་མུ་མཐུད་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་དེ་ཕྱི་ལ་སྟོན་འདོད་མེད་ཚེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་སྙན་ཐོ་རྗེས་མའི་ནང་དུ་དེར་འབྲེལ་གྱི་སྲིད་བྱུས་ལག་བསྟར་གྱི་དཔོན་རིགས་ཁག་མིང་འདོན་བྱེད་རྒྱུར་དགོངས་བཞེས་གནང་དགོས་པའི་སྐུལ་མ་གནང་འདུག རྩ་བའི་སྙན་ཐོ་དེའི་ནང་དུ་གནས་ཚུལ་མང་དག་ཅིག་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། གཙོ་བོ་རྒྱ་གཞུང་གིས་བོད་ནང་འགྲུལ་བསྐྱོད་ཐད་སྔར་ལོའི་ནང་དམིགས་བསལ་གྱིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་གྱི་མི་སྣ་བོད་ཁུལ་དུ་འགྲོ་སྐྱོད་ལ་བཀག་སྡོམ་བྱས་པ་དང་། དེ་བཞིན་རྒྱ་ནག་གི་ནང་དུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཀྱི་མི་སྣ་བཞི་ཡིས་བོད་རང་སྐྱོང་ལྗོངས་སུ་ཕེབས་རྒྱུའི་ཆོག་མཆན་ཞུས་ཀྱང་རྒྱ་ནག་གིས་རྩིས་མེད་བཏང་ཡོད་པ། གཞན་ཡང་བོད་རང་སྐྱོང་ལྗོངས་ཙམ་མིན་པར་བོད་ཁམས་དཀར་མཛེས་ཁུལ་གྱི་གཙོས་བའི་ས་ཕྱོགས་གཞན་དུ་ཡང་ཕྱི་རྒྱལ་བ་རྣམས་བོད་ཁུལ་གྱི་ས་གནས་ཀྱི་ཆོས་ལུགས་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་རྣམས་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། ཉིན་མཚན་དུས་དྲུག་ཏུ་སྐོར་སྲུང་བའི་ལྟ་རྟོག་ནན་པོ་བྱས་ཏེ་ཕྱི་རྒྱལ་བ་རྣམས་ཀྱི་འགྲོ་འདུག་རང་དབང་ལ་བཀག་རྒྱ་བཟོས་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་འདུགསྙན་ཐོའི་ནང་ད་དུང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཁྲིན་ཏོའུ་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་སྒོ་བརྒྱབ་པ་ལ་བརྟེན་ནས། ཨ་རིའི་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ངོས་ནས་དེའི་རྗེས་བོད་ཁུལ་སྤྱིའི་གནས་བབ་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཀྱང་། ཐད་ཀར་བོད་ཁུལ་དང་ས་ཐག་རིང་བར་བརྟེན་ནས། ཁྲིན་ཏོའུ་ཡན་ལག་ལས་ཁུངས་ལྟར་རྟོག་ཞིབ་གནང་རྒྱུ་ཁག་པོ་ཆགས་ཡོད་པར་འཁོད་ཡོད་པ་མ་ཟད། རྒྱ་ནག་གིས་དམིགས་བསལ་གྱིས་བོད་མི་ཨ་རིའི་མི་སེར་ཡོད་མཁན་རྣམས་ལའང་དམ་དྲག་དང་ཞིབ་བཤེར་ཤུགས་དྲག་བྱེད་བཞིན་པ་ཡང་། འབྲེལ་ཡོད་ཀྱིས་དངོས་སུ་ཡར་ཞུ་བྱས་ཡོད་པ་གསལ་འདོན་གནང་འདུག

Latest news