Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིའི་མི་སེར་བོད་ནང་འགྲུལ་བསྐྱོད་བྱ་རྒྱུར་འཆར་གཞི་ལྡན་པའི་སྒོ་ནས་འགོག་རྐྱེན་བཟོ་བཞིན་པའི་སྙན་ཐོ་བཏོན་འདུག

ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་བྱས་པའི་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དགོངས་དོན་བཞིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་བོད་ནང་འགྲུལ་བསྐྱོད་དང་ལོ་འཁོར་གྱི་སྙན་ཐོ་འདོན་ཐེངས་བཞི་བ་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་ནང་། རྒྱ་ནག་གཞུང་གིས་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་བོད་ནང་བསྐྱོད་རྒྱུར་འཆར་གཞི་ལྡན་པའི་སྒོ་ནས་བཀག་འགོག་དོ་ནན་བྱས་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༦ ཉིན་འགོད་འབུལ་ཞུས་པའི་སྙན་ཐོ་དེའི་ནང་། རྒྱ་གཞུང་གིས་འདས་པའི་ཕྱི་ལོ་ ༢༠༢༡ ལོ་དེའི་ནང་བོད་ཁམས་སྤྱི་དང་སྒོས་སུ། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ཁུལ་དུ་ཨ་རིའི་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ་སོགས་འགྲོ་སྐྱོད་བྱེད་རྒྱུར་མུ་མཐུད་བཀག་སྡོམ་ནན་པོ་བྱས་ཡོད་པར་མངོན་གསལ་གནང་འདུག་པ་དང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞུང་འབྲེལ་ལས་དོན་འགན་འཛིན་སྐུ་ཞབས་ Franz Matzner ལགས་ཀྱིས་ཐེངས་འདིའི་སྙན་ཐོ་འདི་ཡིས་རྒྱ་ནག་གིས་བོད་ནང་དུ་འཇིགས་དངངས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དོན་དངོས་ལ་སྦ་གསང་བྱེད་བཞིན་པ་མངོན་གསལ་གནང་གི་ཡོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ། ལར་ནས་དངོས་ཡོད་ཀྱི་གནས་ཚུལ་ཅི་འདྲ་ཞིག་ཡིན་རུང་ཨུ་ཚུགས་རང་བཞིན་གྱི་ངོ་བོའི་ཆ་ནས་འབད་ཐབས་མེད་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་འབྲེལ་རྒྱ་ནག་དམར་གཞུང་གིས་བོད་མི་མང་ལ་རྩུབ་སྤྱོད་དང་བཙན་གནོན་བྱེད་བཞིན་པའི་གནས་བབ་དེ་སྦ་གསང་བྱེད་དུ་འཇུག་རྒྱུ་མེད་པ་ཞིག་བཟོ་དགོས་པའི་ཞུ་སྐུལ་གནང་འདུགསྐུ་ཞབས་ Franz Matzner ལགས་ཀྱིས་ད་དུང་། ཨ་རིའི་ངོས་ནས་བོད་ནང་དུ་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་རྒྱ་ནག་གིས་བོད་ཁུལ་དུ་འགྲོ་སྐྱོད་བཀག་སྡོམ་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་ཆེད་དུ་བཟོས་བ་ཞིག་ཡིན་པར་ལུང་འདྲེན་གྱིས། རྒྱ་ནག་གིས་ད་དུང་མུ་མཐུད་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་དེ་ཕྱི་ལ་སྟོན་འདོད་མེད་ཚེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་སྙན་ཐོ་རྗེས་མའི་ནང་དུ་དེར་འབྲེལ་གྱི་སྲིད་བྱུས་ལག་བསྟར་གྱི་དཔོན་རིགས་ཁག་མིང་འདོན་བྱེད་རྒྱུར་དགོངས་བཞེས་གནང་དགོས་པའི་སྐུལ་མ་གནང་འདུག རྩ་བའི་སྙན་ཐོ་དེའི་ནང་དུ་གནས་ཚུལ་མང་དག་ཅིག་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། གཙོ་བོ་རྒྱ་གཞུང་གིས་བོད་ནང་འགྲུལ་བསྐྱོད་ཐད་སྔར་ལོའི་ནང་དམིགས་བསལ་གྱིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་གྱི་མི་སྣ་བོད་ཁུལ་དུ་འགྲོ་སྐྱོད་ལ་བཀག་སྡོམ་བྱས་པ་དང་། དེ་བཞིན་རྒྱ་ནག་གི་ནང་དུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཀྱི་མི་སྣ་བཞི་ཡིས་བོད་རང་སྐྱོང་ལྗོངས་སུ་ཕེབས་རྒྱུའི་ཆོག་མཆན་ཞུས་ཀྱང་རྒྱ་ནག་གིས་རྩིས་མེད་བཏང་ཡོད་པ། གཞན་ཡང་བོད་རང་སྐྱོང་ལྗོངས་ཙམ་མིན་པར་བོད་ཁམས་དཀར་མཛེས་ཁུལ་གྱི་གཙོས་བའི་ས་ཕྱོགས་གཞན་དུ་ཡང་ཕྱི་རྒྱལ་བ་རྣམས་བོད་ཁུལ་གྱི་ས་གནས་ཀྱི་ཆོས་ལུགས་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་རྣམས་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། ཉིན་མཚན་དུས་དྲུག་ཏུ་སྐོར་སྲུང་བའི་ལྟ་རྟོག་ནན་པོ་བྱས་ཏེ་ཕྱི་རྒྱལ་བ་རྣམས་ཀྱི་འགྲོ་འདུག་རང་དབང་ལ་བཀག་རྒྱ་བཟོས་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་འདུགསྙན་ཐོའི་ནང་ད་དུང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཁྲིན་ཏོའུ་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་སྒོ་བརྒྱབ་པ་ལ་བརྟེན་ནས། ཨ་རིའི་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ངོས་ནས་དེའི་རྗེས་བོད་ཁུལ་སྤྱིའི་གནས་བབ་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཀྱང་། ཐད་ཀར་བོད་ཁུལ་དང་ས་ཐག་རིང་བར་བརྟེན་ནས། ཁྲིན་ཏོའུ་ཡན་ལག་ལས་ཁུངས་ལྟར་རྟོག་ཞིབ་གནང་རྒྱུ་ཁག་པོ་ཆགས་ཡོད་པར་འཁོད་ཡོད་པ་མ་ཟད། རྒྱ་ནག་གིས་དམིགས་བསལ་གྱིས་བོད་མི་ཨ་རིའི་མི་སེར་ཡོད་མཁན་རྣམས་ལའང་དམ་དྲག་དང་ཞིབ་བཤེར་ཤུགས་དྲག་བྱེད་བཞིན་པ་ཡང་། འབྲེལ་ཡོད་ཀྱིས་དངོས་སུ་ཡར་ཞུ་བྱས་ཡོད་པ་གསལ་འདོན་གནང་འདུག

དབྱིན་ཡུལ་གྱི་པར་སྐྲུན་ཁང་གཉིས་ཀྱིས་རྒྱ་ནག་ལ་བསྟུན་མཁས་ཀྱིས་དཔེ་དེབ་ཀྱི་བརྗོད་བྱར་ཚད་བཀག

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Octopus Books དང་ Quarto  པར་སྐྲུན་ཁང་གཉིས་ཀྱིས་རྒྱ་ནག་ཏུ་པར་སྐྲུན་གྱི་རིན་གོང་ཆུང་བར་གཞིགས་ནས་དཔེ་དེབ་ཁ་ཤས་ཀྱི་ནང་དུ་ཐེ་ཝན་དང་བོད་ཀྱི་མཚོན་པའི རྒྱ་ནག་གིས་ཚོར་རྣོ་བར་བརྩི་བཞིན་པའི་བརྗོད་དོན་ཁག་ཅིག་ནག་གསུབ་ཀྱིས་དཔེ་དེབ་པར་སྐྲུན་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུགདེ་ཡང་ཁ་ཉིན་ Financial Times  གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། པར་སྐྲུན་ཁང་དེ་དག་གཉིས་ཀྱིས་རྒྱ་ནག་ཏུ་པར་སྐྲུན་བྱས་པ་ཙམ་མིན་པར། ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་ཚོང་འགྲེམས་བྱེད་བཞིན་པའི་དཔེ་དེབ་ཀྱི་ཚིག་བརྗོད་ལ་ཡང་སྒྱུར་བཅོས་བྱས་ཏེ་རྒྱ་ནག་ལ་བསྟུན་མཁས་བྱེད་བཞིན་པ་ར་སྤྲོད་བྱུང་པ་དང་། པར་སྐྲུན་ཁང་དེ་གཉིས་དང་རྒྱུས་མངའ་ཡོད་པའི་མི་གཉིས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༢༠ ལོར། Octopus དཔར་སྐྲུན་ཁང་གིས་དཔེ་དེབ་གཉིས་ནང་དུ་ཐེ་ཝན་དང་འབྲེལ་བའི་བརྗོད་དོན་ནག་གསུབ་བཏང་བ་མ་ཟད། ཐེ་ཝན་དང་འབྲེལ་བའི་ས་བཅད་གཅིག་ཡོངས་སུ་ཕྱིར་བསྡུ་བྱས་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་ཕྱི་ལོ་ ༢༠༢༠ ལོར་ This Book is Anti Rascist ཞེས་མི་རིགས་དབྱེ་འབྱེད་ལ་རྒོལ་བའི་རི་མོའི་དཔེ་དེབ་གྲགས་ཅན་པར་སྐྲུན་བྱེད་མྱོང་མཁན་ Quarto  པར་སྐྲུན་ཁང་ངོས་ནས་ཀྱང་དཔེ་དེབ་གསར་པ་ཁག་ཅིག་གི་ནང་དུ། ཧོང་ཀོང་གི་གནད་དོན་དང་། རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་གྱི་སྒྱུ་རྩལ་བ་གྲགས་ཅན་ Ai Weiwei དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ནག་གསུབ་བཏང་ཡོད་པ་ར་སྤྲོད་བྱུང་བ་མ་ཟད།  ཐེ་ཝན་གྱི་མི་རིགས་དང་འབྲེལ་བའི་བརྗོད་དོན་ཁག་ཤར་ཨེ་ཤའི་མི་རིགས་ཡིན་པར་སྒྱུར་བ་དང་། གཞན་ཡང་དཔེ་དེབ་གཉིས་ཀྱི་ནང་དུ་བོད་དང་འབྲེལ་བའི་བརྗོད་བྱ་ཁག་ལ་འགྱུར་བ་བཏང་སྟེ་བོད་དེ་བཞིན་རྒྱ་ནག་གི་ས་ཁུངས་ཡིན་པར་བསྐྱར་སྒྲིག་བྱས་ཡོད་པ་ཡོངས་གྲགས་ཆགས་འདུགཧོང་ཀོང་གི་གསར་འགོད་ལས་རིགས་ཀྱི་ཆེད་མཁས་བ་ལྕམ་ Rose Luqiu ལགས་ཀྱིས་Financial Times གསར་ཤོག་ཐོག་པར་སྐྲུན་ཁང་དེ་དག་གིས་རྒྱ་ནག་གི་ནང་དུ་དཔེ་དེབ་ཀྱི་བརྗོད་བྱར་ཚད་བཀག་ཡོད་པ་ཤེས་བཞིན་དུ་ཅིའི་ཕྱིར་རྒྱ་ནག་ཏུ་པར་སྐྲུན་བྱེད་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པར་དྲི་རྩད་དང་འབྲེལ། ད་རེས་ཀྱི་གནས་ཚུལ་དེ་ནི་ཕྱི་རྒྱལ་གྱི་ཚོང་ལས་ཁང་རྣམས་ཀྱིས་ཚོང་གི་ཁེ་ཕན་ཁོ་ནར་གཞིགས་ཏེ་རྒྱ་ནག་ལ་བསྟུན་མཁས་ཀྱི་དཔེ་མཚོན་གསར་ཤོས་ཤིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། དེ་བཞིན་པར་སྐྲུན་ཁང་གཞན་ཁག་ཅིག་གིས་ཀྱང་ད་སྐབས་རྒྱ་ནག་གི་ནང་དུ་པར་སྐྲུན་གྱི་རིན་འབབ་ཧ་ཅང་དམའ་བོ་ཡིན་ནའང་ཁུལ་དེའི་ནང་པར་སྐྲུན་བྱེད་རྒྱུ་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་པར་མངོན་གསལ་གནང་འདུག དེའང་གསར་ཁང་གིས་སྔར་ལོ་ཨ་རིའི་ RR Donnelley & Sons ཞེས་པའི་དཔར་སྐྲུན་ཁང་གིས་བྲིས་པའི་ཡིག་ཆུང་ཞིག་མཐོང་བའི་ནང་དུ། ཚོང་ལས་ཁང་དེའི་རྒྱ་ནག་ནང་གི་ཡན་ལག་དཔར་སྐྲུན་ཁང་གིས་སྔར་ལོ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དེ་བཞིན་ཏོག་དབྱིབས་རིམས་ནད་རྒྱ་ནག་ནས་མཆེད་པ་སོགས་ཀྱི་གནད་དོན་འཁོད་པའི་དཔེ་དེབ་པར་སྐྲུན་བྱེད་མི་ཐུབ་པའི་གནས་ཚུལ་བཀོད་ཡོད་པ་རེད་འདུག དབྱིན་ཡུལ་གྱི་Hachette  དཔར་སྐྲུན་ཁང་གི་མིང་བརྗོད་འདོད་མེད་པའི་ལས་བྱེད་ཅིག་གིས་གསར་ཁང་ལ་གསུང་དོན་ལྟར་ན། Octopus Books དཔར་སྐྲུན་ཁང་གིས་དཔེ་དེབ་ཀྱི་བརྗོད་བྱ་བརྗེ་བསྒྱུར་བྱེད་བཞིན་པ་དེར་ཀུན་སྤྱོད་ཀྱི་ཐོག་ནས་ཁས་ལེན་བྱེད་ཀྱི་མེད་པ་དང་། ཕྱོགས་གཞན་ཞིག་ནས་དཔེ་དེབ་ཀྱི་རིན་གོང་ཡང་སྤར་འདོད་མེད་པའི་གནད་དོན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་དང་སྦྲགས། སྤྱིར་པར་སྐྲུན་ཁང་ནི་བསམ་བློ་བཟོ་ཚོང་ཁང་ལྟ་བུ་ཞིག་ཡིན་སྟབས།  བརྗོད་བྱ་ལ་ཚད་བཀག་བྱེད་རྒྱུ་དེ་ནི་གནོད་ཚབས་ཆེ་བའི་ལས་དོན་ཞིག་ཡིན་པར་བརྗོད་འདུག Quarto པར་སྐྲུན་ཁང་གི་མགྲིན་ཚབ་པ་ཞིག་གིས་པར་སྐྲུན་ཁང་གིས་པར་གཞི་མཁོ་འདོན་གྱི་སྐུལ་མ་བརྒྱུད་ནས་གནས་ཚུལ་གང་ཡང་འགྱུར་བ་གཏང་གི་མེད་པ་མ་ཟད། དཔེ་དེབ་ཀྱི་སྤྱི་ཁོག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པར་བརྗོད་ཡོད་པ་དང་སྦྲགས། པར་སྐྲུན་ཁང་གིས་མ་ཤེར་བདག་པའི་མངོན་འདོད་ལ་ཡང་ལྟ་དགོས་སྟབས་རྒྱ་ནག་གི་ནང་གི་མཁོ་འདོན་པ་དང་མཉམ་ལས་བྱེད་བཞིན་པ་ཞིག་ཡིན་པར་བརྗོད་འདུག

༸གོང་ས་མཆོག་དང་སྲིད་སྤྱི་གཉིས་ཀྱིས་ཨོ་གླིང་གི་གྲོས་ཚོགས་འཐུས་མི་ཞིག་དགོངས་པ་རྫོགས་པར་ཐུགས་གསོ་མཛད་འདུག

དེ་ཡང་ཟླ་ ༣ ཚེས་ ༡༠ ཉིན། བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་གྱི་ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Kimberley Kitching  མཆོག་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་དང་འབྲེལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ Andrew Landeryou ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་འདུགཐུགས་གསོའི་གསུང་འཕྲིན་དེའི་ནང་དུ།  མགོན་པོ་གང་ཉིད་མཆོག་གིས་ལྕམ་སྐུ་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས་འཕྲལ་ཐུགས་ཕམ་ཆེན་པོ་བྱུང་ཡོད་པ་དང་སྦྲགས། དམ་པ་དེ་ཉིད་ལ་ཐུགས་སྨོན་གསོལ་འདེབས་དང་ལྷན་དུ། དམ་པ་དེ་ཉིད་ཀྱི་སྐུ་ཟླ་གཙོ་བྱས་པའི་ཤུལ་ནང་མི་ཡོངས་ལ་ཐུགས་གསོ་མཛད་འདུག གཞན་ཡང་མགོན་པོ་གང་ཉིད་མཆོག་གིས།  Kimberley Kitching དམ་པ་དེ་ནི་ཉིད་ནི་དུས་རྒྱུན་ནས་བོད་དོན་ལ་རྒྱབ་སྐྱོར་བླ་མེད་གནང་མཁན་གྱི་བོད་མིའི་མཛའ་གྲོགས་ཤིག་ཡིན་པར་མངོན་གསལ་གྱིས། ལྕམ་སྐུ་དམ་པ་དེ་ཉིད་སྔར་ཕྱི་ལོ་ ༢༠༡༧ ལོར་ཨོ་གླིང་གི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་དུ་རྡ་སར་ཕེབས་སྐབས་མགོན་པོ་གང་ཉིད་དང་དངོས་སུ་མཇལ་འཕད་གནང་ཡོད་པ་དྲན་གསོ་གནང་འདུགགཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཀྱང་ལྕམ་སྐུ་ Kimberley Kitching ལགས་ཀྱི་དགོངས་རྫོགས་ལ་ཐུག་གསོའི་ཕྱག་ཡིག་ཅིག་ཕུལ་བའི་ནང་དུ། ལྕམ་སྐུ་ཁོང་གློ་བུར་དུ་དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོ་བྱུང་བར་མངོན་གསལ་གྱིས། ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཛད་འདུག སྲིད་སྐྱོང་མཆོག་གིས་ལྕམ་སྐུ་ཁོང་ནི་བོད་མིའི་མཛའ་གྲོགས་ཤིག་ཡིན་པ་མ་ཟད།  འཛམ་གླིང་གི་ས་ཕྱོགས་གང་སར་བཙན་འོག་ཏུ་ཡོད་པའི་མི་འབོར་ས་ཡ་ལྷག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་སྦྲགས་ཏེ། དམ་པ་དེ་ཉིད་ནི་དུས་རྒྱུན་ནས་ཨོ་གླིང་ཁུལ་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་མཐོར་འདེགས་ལ་རོགས་སྐྱོར་བླ་མེད་གནང་མཁན་ཞིག་ཡིན་པ་དང་།  རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་གསར་འཛུགས་གནང་མཁན་ཞིག་ཀྱང་ཆགས་ཡོད་པར་བསྒྲགས་ཏེ། ལྕམ་སྐུ་མཆོག་ནི་འཛམ་གླིང་གི་དབུ་ཁྲིད་ཡོངས་ཀྱིས་མིག་དཔེར་འོས་པའི་འགོ་ཁྲིད་ཅིག་ཡིན་པར་ཆེད་བསྟོད་གནང་བ་བརྒྱུད། ཁོང་སྐུ་ཚེ་མ་ཟིན་པའི་དུས་སྐབས་འདིར་བོད་མི་ཡོངས་ཀྱིས་ཁོང་གི་ནང་མི་དང་གྲོགས་པོ་གྲོགས་མོ། དེ་བཞིན་ཨོ་གླིང་གི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་འདུག གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྐུ་ཟླ་སྐུ་ཞབས་ Andrew Landeryou ལགས་ཀྱིས་གཙོས་ནང་མི་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཞུས་གནང་སྟེ། ལྕམ་སྐུ་མཆོག་སྐུ་ཚེའི་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་བོད་མི་ཚང་མར་བློ་ཕམ་བྱུང་བར་བསྒྲགས་ཏེ་ཤུལ་ལུས་ཀྱི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུགདེ་ཡང་ཐུགས་གསོའི་ཞུ་ཡིག་ནང་།  ལྕམ་སྐུ་ཁོང་ནི་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་འཐབ་རྩོད་པ་ཞིག་ཀྱང་ཡིན། དེ་བཞིན་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད་ཅིང་། བོད་དོན་དང་འབྲེལ་བའི་ལས་འགུལ་ཐོག་ཆ་ཤས་མང་པོ་བཞེས་མཁན་གྱི་བོད་ཀྱི་བློ་ཉེ་བའི་གྲོགས་པོ་ཞིག་ཡིན། ཁོང་གིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བ་དེས། ཁོང་ནི་དྲང་བདེན་ཕྱོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་གསལ་པོ་མཚོན་ཐུབ་པར་ལུང་འདྲེན་གྱིས། ལྕམ་སྐུ་མཆོག་སྐུ་གཤེགས་པ་དེས་ཨོ་གླིང་གཞུང་མང་གཉིས་ལ་གྱོང་གུད་ཆེན་པོ་ཕོག་པ་ཟད། བོད་མི་རྣམས་ལའང་དེ་ལྟར་གྱོང་གུད་ཕོག་ཡོད་ཅེས་འཁོད་འདུག མ་ཟདཨོ་གླིང་གི་སྐུ་ཚབ་དོན་གཅོད། ཀརྨ་སེང་གེ་མཆོག་གིས་ཀྱང་ལྕམ་སྐུ་མཆོག་གི་སྐུ་ཟླའི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་ཞུ་ཡིག་ཅིག་ཕུལ་བའི་ནང་། ལྕམ་སྐུ་མཆོག་གློ་བུར་དུ་སྐུ་ཚེའི་འཕེན་པ་རྫོགས་པ་ནི་བོད་མི་རྣམས་ལ་མཚོན་ན་བོད་དོན་ལ་རྒྱུན་དུ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་བློ་ཐུབ་ཀྱི་གྲོགས་པོ་ཞིག་མེད་པ་ཆགས་ཡོད་པར་མངོན་གསལ་གྱིས། དམ་པ་དེ་ཉིད་ཀྱིས་སྐུ་འཚོ་བཞུགས་ཀྱི་སྐབས་སུ།  འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་དོན་དུ་སྐུ་ངལ་འཛེམ་མེད་ཀྱིས་སྐུ་ལས་བསྐྱོན་མཁན་ཞིག་ཡིན་པར་དྲན་གསོ་གནང་སྟེ། དམ་པ་ཁོང་གིས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བོད་མི་ཡོངས་ཀྱིས་དུས་རྟག་ཏུ་དྲན་ངེས་ཡིན་ཞེས་འཁོད་འདུག གཞི་རྩའི་ལྕམ་སྐུ་ Kimberley Kitching  དམ་པ་དེ་ནི་ཉིད་ནི་སྤྱི་ལོ་ ༡༩༧༠ ལོར་ཨོ་གླིང་དུ་འཁྲུངས་ཤིང་ཕྱིས་སུ་སློབ་མཐར་ཕྱིན་རྗེས་ཁྲིམས་རྩོད་པའི་ཕྱག་ལས་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ནས་བཟུང་ངལ་རྩོལ་ཆབ་སྲིད་ཚོགས་པའི་ཚོགས་ཁོངས་ནས། གྲོང་ཁྱེར་ Victoria ཁུལ་གྱི་གྲོས་ཚོགས་འཐུས་མའི་ཐུགས་འགན་བཞེས་ཡོད་ཀྱང་། ཁ་ཉིན། ཟླ་ ༣ ཚེས་ ༡༠ ཉིན་གློ་བུར་དུ་སྙིང་ནད་ཀྱི་རྐྱེན་གྱིས་དགུང་ལོ་ ༥༢ ཐོག་འདས་གྲོངས་སུ་ཕྱིན་ཡོད་པ་ཞིག་རེད་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཁ་སང་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ Jiri Oberfalzerམཆོག་གིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བརྒྱུད། ཅེག་སྤྱི་མཐུན་རྒྱལ་ཁབ་ངོས་ནས་བོད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་གསུངས་སོང་། སྐུ་ཞབས་Jiri Oberfalzerམཆོག་གི་སྣེ་འཁྲིད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་ཁག་ཅིག་ད་རེས་ཆེད་དུ་མངགས་ནས་བཞུགས་སྒར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པའི་གཞུང་འབྲེལ་མཛད་སྒོར་སྐུ་མགྲོན་གཙོ་བོའི་ངོ་བོར་ཆེད་ཕེབས་གནང་ཡོད་པ་དང་། ཁོང་རྣམ་པས་ཁ་སང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་མ་གནང་གོང་དུ། སྔ་དྲོ་ཐོག་མར་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Amarendra Dhari Singh མཆོག་དང་ལྷན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་རེད། ཁ་སང་ཉིན་རྒྱབ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག སྐུ་ཞབས་Oberfalzer མཆོག་གིས་ཁོང་ཐེངས་འདིར་ཆེད་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚབ་བྱས་ནས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་སླད་བཞུགས་སྒར་ཁུལ་དུ་ཐེངས་དང་པོར་ཆེད་ཕེབས་གནང་ཡོད་སྐོར་གསུངས་བ་དང་འབྲེལ། ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་རྒྱལ་ཁབ་གཉིས་བར་ལ་དམིགས་བསལ་གྱི་ལོ་རྒྱུས་རང་བཞིན་གྱི་འབྲེལ་ལམ་ཟབ་མོ་ཡོད་པར་མངོན་གསལ་གྱིས། འཛམ་གླིང་དམག་ཆེན་གཉིས་བའི་རྗེས་ཀྱི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མང་གཙོའི་སྲིད་འཛིན་དམ་པ། སྐུ་ཞབས་ Václav Havel མཆོག་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་གཉིས་ཀྱི་བར་ལ་དམིགས་བསལ་གྱི་མཛའ་འབྲེལ་ཡོད་པར་བརྟེན། ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་མི་གཉིས་ཀྱི་མཛའ་འབྲེལ་རྒྱུན་སྐྱོང་བྱེད་རྒྱུ་ཡིན་པར་བསྒྲགས་སོང་། གཞན་ཡང་ཁོང་གིས། ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་རྒྱལ་ཁབ་གཉིས་ཀྱི་བར་དུ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཡོད་པ་གཅིག་མཚུངས་ཡིན་སྟབས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བཙན་གནོན་འོག་གི་དཀའ་སྡུག་དང་བོད་མི་རྣམས་ཀྱིས་རྒྱལ་ཁབ་ཤོར་བའི་ཚོར་བ་དེ་ཧ་གོ་བའི་ཐོག་ནས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བོད་དོན་བདེན་མཐའ་གསལ་རྒྱུར་རྒྱབ་སྐྱོར་མུ་མཐུད་དུ་ཞུ་རྒྱུ་ཡིན་པར་གསུངས་སོང་། སྐབས་དེར་འདི་གའི་གསར་འགོད་པས་ཁོང་ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་སྐབས་བཀའ་མོལ་ཅི་བྱུང་གི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། ༸གོང་ས་མཆོག་ནས་ཕལ་བའི་ཁྱིམ་ཚང་གི་ཕྲུ་གུ་དཀྱུས་མ་ཞིག་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་སོགས་གང་ཉིད་སྐུ་ན་ཕྲ་བའི་སྐབས་ཀྱི་མཛད་རྣམ་དང་ཕྱིས་སུ་རྒྱ་ནག་གི་བཙན་གནོན་དང་འབྲེལ་ནས་བཙན་བྱོལ་དུ་ཕེབས་པའི་སྐོར་སོགས་བཀའ་གནང་ཡོད་པ་མ་ཟད། རྒྱ་ནག་གིས་ཆབ་སྲིད་ཀྱི་སྟོབས་ཤུགས་ཐད་ནས་བོད་མི་རྣམས་དབང་སྒྱུར་བྱེད་བཞིན་ཡོད་ཀྱང་། ད་ཆ་རྒྱ་ནག་གི་ནང་དུ་ནང་ཆོས་ཁྱབ་སྤེལ་འགྲོ་བཞིན་པ་ཡིན་དུས། ནང་ཆོས་ཀྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པ་ཞིག་ཡིན་པ་དང། མིའི་རིགས་ཀྱིས་ནང་ཆོས་ལ་སློབ་གཉེར་བྱས་པ་བརྒྱུད་ནས་ཕན་ཚུན་གྱི་བར་དུ་བཏང་སྙོམ་གྱི་ལམ་ཁ་ཞིག་རྙེད་ཐུབ་པ་མ་ཟད། རང་དབང་གི་འཚོ་བ་ཡང་འཚོལ་སྒྲུབ་བྱེད་ཐུབ་པ་ཞིག་ཡིན་པར་བཀའ་གནང་སོང་ཞེས་གསུངས་སོང་། གཞན་ཡང་གསར་འགོད་པས་ཁོང་ལ་བོད་ནང་གི་བོད་མི་རྣམས་ལ་དམིགས་བསལ་གྱི་བརྡ་ལན་ག་རེ་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས་བོད་ནང་གི་དོན་དངོས་ཀྱི་གནས་སྟངས་ག་འདྲ་ཞིག་ཡིན་པར་ཤེས་རྟོགས་བྱེད་དཀའ་ན་ཡང་། བོད་མི་རྣམས་ཀྱིས་ནམ་ཡང་རེ་བ་བརླགས་རྒྱུ་མེད་པར་མངོན་གསལ་གྱིས། རེ་བ་བརླགས་སོང་བ་ཡིན་ན་ཡོད་ཚད་བརླགས་ཟིན་པ་ཞིག་ཡིན་སྟབས་བོད་མི་རྣམས་ཀྱིས་མུ་མཐུད་དུ་རེ་བ་ཆེར་སྐྱེད་གནང་རྒྱུ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་ཞུས་སོང་། གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཅེག་སྤྱི་མཐུན་རྒྱལ་ཁབ་དང་བོད་མི་གཉིས་ཀྱི་བར་ལོ་རྒྱུས་རང་བཞིན་གྱི་མཛའ་འབྲེལ་ཡོད་པ་གཞིར་བཞག་གི་ཐོག་ནས། ཅེག་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་Jiri Oberfalzerབོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ ཐོག་དངོས་སུ་གཞུང་འབྲེལ་གྱིས་ཕེབས་པར་བོད་མི་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྷག་བསམ་སྲོལ་མེད་ཀྱི་བོད་དོན་རྒྱབ་སྐྱོར་གྱིས་བོད་མི་རྣམས་ཀྱིས་བོད་དོན་འཐབ་རྩོད་མཇུག་སྐྱོང་གནང་རྒྱུར་སེམས་ཤུགས་འཕར་མ་ཞིག་སྩལ་ཡོད་པར་གསུངས་སོང་། གཞི་རྩའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཞབསJiri Oberfalzerབོད་མིའི་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༣ཐོག་ཆེད་དུ་སྐུ་མགྲོན་དུ་ཕེབས་པ་ལྟར། ཁ་སང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་ཏུ་ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཚོར་དྲག་གནོན་ཇེ་ཆེར་བཏང་དང་གཏོང་མུས་ཡིན་པ་དེ་ངེས་པར་དུ་མཚམས་འཇོག་དགོས་བའི་འབོད་སྐུལ་དང་སྦྲགས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས་རྟག་ཏུ་བོད་མིའི་རང་དབང་ཆེད་དུ་རྒྱབ་སྐྱོར་ཡོད་པའི་སྐོར་ནས་གཏམ་བཤད་གནང་ཡོད་པ་རེད།

ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༣ སྲུང་བརྩི།

ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོ་འདི་ནི་བོད་མི་ཚོ་བཙན་འབྱོལ་ལ་གྱར་ནས་མི་ལོ་ ༦༣ འཁོར་བ་དང་དེ་བཞིན་དེ་སྔ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་ནས་རྒྱ་དམར་གྱི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་གནང་སྟེ་མི་ལོ་ ༦༣ འཁོར་བའི་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་དུས་ཚིགས་གལ་ཆེ་ཞིག་ཡིན་པ་ལྟར། ཡོ་རོབ་སུད་སི་དང་དབྱིན་ཡུལ། ཕ་རན་སི། ཨི་ཊ་ལི། ཇར་མི་ནི། ནོར་ཝེ། ཨོ་སི་ཀྲི་རིཡ། ཧང་གེ་རི། སྦལ་ཇེམ། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ། ནི་ཐར་ལན་ཌི་སོགས་ཀྱི་ནང་བོད་མི་དང་བོད་དོན་སྐྱོར་བ་རྣམས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༣ པ་དེ་སྲུང་བརྩི་ཞུས་ཡོད་པ་རེད།སུད་སི་ལྟ་བུར་ཆ་མཚོན་ན་ཁ་སང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ས་གནས་ཀྱི་བོད་མིའི་གཞུང་འབྲེལ་མིན་པའི་སྐུ་ཚབ་དང་མང་ཚོགས་བཅས་ནས་སུད་སིའི་རྒྱལ་ས་སྦན་དུ་ཡོད་པའི་ Helvetia platz ཐང་ཆེན་དུ་འདུ་འཛོམས་གནང་སྟེ་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་དང། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་བཏུད་དང་རྗེས་དྲན་ཞུས་པའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད།དེ་དང་ཕྱོགས་མཚུངས་སུ་སུད་སི་རྒྱལ་ཡོངས་རིམ་པའི་རྒྱང་རྒྱུག་བྱ་དགའ་བཞེས་མྱོང་མཁན་སྐུ་ཞབས་ཌོ་མི་ནིཀ་སྐལ་བཟང་ལགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ པར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཆེད་ཁོང་ཁེར་རྐྱང་གིས་རྒྱལ་ས་སྦན་དུ་ཡོད་པའི་སུད་སི་གྲོས་ཚོགས་ཀྱི་མདུན་ནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་བར་བོད་དོན་ཆེད་་རྒྱང་རྒྱུག་གནང་ཡོད་པ་རེད། ཉིན་དེའི་དྲོའི་ཚོུད་ ༥༌༣༠ ཐོག་ཁོང་ཇི་ནི་ཝར་འབྱོར་མཚམས་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nicolas Walder མཆོག་གིས་གཙོས། སུད་བོད་མཐུན་གྲོགས་ཀྱི་ཚོགས་གཙོ་གཙོས་ཚོགས་མི་རྣམ་པ། སུད་སི་དོན་ཁང་གི་སྐུ་ཚབ་དང་དེ་བཞིན་ས་གནས་བོད་མི་བཅས་ནས་ཕེབས་བསུ་ཞུས་ཡོད།ང་རང་སུད་སི་དང་བོད་རིགས་འདྲེས་མ་ཞིག་ཡིན། རྒྱུག་ཤར་གློད་རྒྱུ་ནི་ང་རང་གི་དགའ་མོས་ཡོད་པའི་རྩེད་རིགས་ཤིག་ཡིན་ལ། ང་རང་བོད་དང་བོད་མི་ལ་དགའ་ཞེན་ཡོད། ངའི་ཨ་མ་ལགས་བོད་པ་རེད། ངས་རྒྱུན་དུ་བོད་དོན་ཆེད་དུ་ལས་ཀ་ཞིག་བྱེད་དགོས་བསམ་མྱོང་ཡོད་། ང་རང་ཆེད་ལས་དང་དགའ་མོས་ནི་རྒྱུག་ཤར་གློད་རྒྱུ་དེ་ཡིན་སྟབས། དེ་རིང་ངས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ ཉིན་མོར་སྦན་ནས་ཇི་ནི་ཝར་བར་བོད་ཀྱི་རྒྱལ་དར་སྟོད་གོས་རྒྱབ་ངོས་སུ་སྦྱར་མས་རྒྱང་རྒྱུག་གི་ལས་འགུལ་སྤེལ་བ་ཡིན། ལས་འགུལ་སྤེལ་ཡུལ་གྱི་ས་ཚིག་ནི་སུད་སི་རྒྱལ་ས་སྦན་དང་དབུས་གྲོས་ཚོགས་ཡོད་ས་དང། ཇི་ནི་ཝར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་གནས་ཡུལ་ཞིག་རེད། ངས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཆེད་རྒྱུག་ཤར་གློད་ཐུབ་པ་འདི་ནི་ངའི་གཟི་བརྗིད་ཡིན་ཞེས་གསུངས་ཡོད། སྐུ་ཞབས་ Dominik ལགས་ཀྱིས་ཁོང་ཙམ་མ་ཟད་འདས་པའི་ཉིན་ཤས་ནང་དུའང་ས་གནས་འདྲ་མི་ནས་ Run forTibet ཞེས་པའི་མིང་ཐོག་ནས་གང་ཟག་སྒེར་པ་ལྔ་བཅུ་ལྷག་གིས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་བསྐྱེད་ཆེད་རྒྱང་རྒྱུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ཅེས་སོགས་གསུངས་ཡོད།དེ་བཞིན་ད་ལྟའི་ཆར་སྐྱབས་བཅོལ་བོད་མི་གནས་ཡུལ་ཆེ་བའི་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ཕ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་མཉམ་རུབ་དང་དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱལ་ས་པ་རི་སིའི་ Eifel Tower ནས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། ལས་འགུལ་ཐོག་ཕ་རན་སི་གྲོས་ཚོགས་འཐུས་མི་དང་རྫོང་དཔོན་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་ཆེད་ཕེབས་ཀྱིས་བོད་དོན་དོན་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་ཡོད།ཡོ་རོབ་རྒྱལ་ཁབ་ཨོ་སི་ཀྲིཡ་ནང་ཨོ་སི་ཀྲིཡ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ཝེ་ན་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་ནས་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་མ་ཟད་གཞུང་ཚབ་ཁང་མདུན་ནས་ Stephansplatz བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་བ་དང་ཆབས་ཅིག བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གསལ་བའི་ཁྲོམ་གཞུང་གཏམ་བརྗོད་འཁྲབ་ནས་སྲུང་བརྩི་ཞུས་ཡོད།དབྱིན་ཡུལ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ལོན་ཌོན་ནང་རྔམ་སྟོན་ཁྲོམ་སྐོར་དང་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ཅིང། སྐབས་དེའི་ལས་འགུལ་ཐོག་དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་དང། Chirs Law ལགས། དེ་བཞིན་ Mc Carthy ལགས་བཅས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་སྤེལ་ཡོད་འདུག ལྷག་པར་དུ་ཉིན་དེའི་སྔ་དྲོར་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གྱི་ལྷོ་ཤར་ཁུལ་དུ་ཆགས་པའི་ Royal Borough གྲོང་སྡེ་ལས་ཁུངས་མདུན་དུ་ས་གནས་རྫོང་དཔོན་མཆོག་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་ཡོད་པ་རེད།ཨི་ཀྲ་ལི་བོད་རིགས་ཚོགས་པ་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་གྲོང་ཁྱེར་Milano ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་དང་ད་བར་བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་སྐུ་པར་ཡོད་པའི་ཕྲེད་དར་སོགས་བསྣམས་ཏེ་སྐད་འབོད་ཀྱི་ལས་འགུལ་སྤེལ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ སྲུང་བརྩི་ཞུས་འདུག དེ་བཞིན་སྔ་དྲོར་ཊོ་རན་ཊོ་གྲོང་སྡེ་ལྷན་ཁང་མདུན་དུ་ Turin གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་དང་གྲོང་སྡེ་ལྷན་ཁང་གི་ཚོགས་གཙོ་གཙོས་ཨི་ཀྲ་ལི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་བཅས་ཟུང་འབྲེལ་གྱིས་གྲོང་སྡེ་ལྷན་ཁང་མདུན་དུ་བོད་ཀྱི་རྒྱལ་དར་བཤམ་སྟོན་གྱིས་བོད་མི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད།གཞན་ཡང་ཉིན་དེར་ཡོ་རོབ་རྒྱལ་ཁབ་ནོར་ཝེ་དང་ཇར་མི་ནི། ནི་ཐར་ལན་ཌི། སྦེལ་ཇམ། ལི་ཐོན་ནིཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཧང་གའི་རི། དེ་བཞིན་སྦེལ་ཇམ་སོགས་ཀྱི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ སྲུང་བརྩི་ཞུས་འདུག་པ་མ་ཟད། ལྷག་པར་དུ་ཉིན་དེར་ཡོ་རོབ་རྒྱལ་ཁབ་མང་པོས་གྲོང་ཁྱེར་ལས་ཁུངས་དང་གྲོང་སྡེ་ལྷན་ཁང། དེ་བཞིན་ས་ཚིགས་གནད་ཆེ་ཁག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་གཤམ་སྟོན་གནང་ཡོད། དེ་བཞིན་གནས་ཡུལ་སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཐུས་མི་སོགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐོག་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་ཡང་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་།

ཟླ་བ་སྔོན་མའི་ཕྱི་ཚེས་ ༢༨ ནས་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐེངས་ ༤༩ པ་འཚོགས་བཞིན་ཡོད་པ་དང། ལྷན་ཚོགས་དེ་ནད་ཡེམས་རྐྱེན་གྱིས་དྲ་ལམ་ཐོག་ནས་བསྐོང་ཚོགས་གནང་ཡོད་པ་རེད། སྐབས་དེར་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་ནས་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ད་བར་ཁུ་སིམ་པོར་བཞུགས་པར་བློ་ཕམ་ཡོད་ཅེས་ཞུས་པ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་ཅན་གྱི་འགྲོ་བ་མིའི་ཐང་གི་གནས་བབ་གང་འདྲ་ཡོད་པ་སོགས་སྙན་སེང་ཞུས་ཏེ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་མི་སྣ་བཀག་འགོག་མེད་པར་བོད་ནང་རྟོག་ཞིབ་སླད་ཆེད་གཏོང་དགོས་པའི་རེ་འདུན་བསྐྱར་ནན་ཞུས་འདུགརྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དང་འབྲེལ་བའི་བགྲོ་གླེང་ལས་རིམ་ཀྱི་ཚོགས་དུས་ཐོག་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vincent ལགས་ཀྱིས་གཞུང་འབྲེལ་མིན་པའི་སྐུ་ཚབ་ཀྱི་མིང་ཐོག་ནས་དྲ་ཐོག་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་བོད་དོན་སྙན་སེང་ཞུས་ཡོད་པ་རེད། བོད་ནང་གི་བོད་མི་ཚོ་རྒྱ་གཞུང་གི་སྟངས་འཛིན་འོག་བོད་མིའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང། དེ་བཞིན་ཆོས་དད་རང་དབང་བཅས་ཀྱི་གནས་བབ་སྔར་བཞིན་དམ་དྲག་ངང་གནས་མུས་ཡིན་པ་དང་ལྷག་པར་དུ་བོད་ཀྱི་ཆབ་སྲིད་བཙོན་པ་འགོ་ཤེས་རབ་རྒྱ་མཚོ་ལགས་དང་རིན་ཆེན་ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱིས་མཚོན་པའི་བོད་ནང་བོད་མིའི་ཁྲོད་སྤྱི་ཚོགས་ཀྱི་བདེ་དོན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་གླེང་མཁན་ཚོའི་ཐོག་རྒྱ་ནག་གཞུང་གིས་མུ་མཐུད་ནས་དྲག་གནོན་དང་འཛིན་བཟུང་བཀག་ཉར། སྡུག་སྦྱོར་གནར་གཅོད་འོག་དམར་གསོད་གཏོང་བཞིན་ཡོད་པའི་ཆེས་ཡ་ང་བའི་གནས་སྟངས་རྣམས་སྙན་སེང་ཞུས་ཡོད།དེ་བཞིན་ཁོང་གིས་ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ད་བར་ཁུ་སིམ་པོར་བཞུགས་པར་བློ་ཕམ་ཡོད་ཅེས་ཞུས་པ་མཟད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་ཐུགས་འཁུར་མ་གནང་བར་ཁུམ་སིམ་པོར་བཞུགས་པ་དེས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཁྲོད་མངོན་གསལ་མེད་པ་དང་ཞི་འཇམ་བཟོ་བཞིན་པའི་བྱ་སྤྱོད་ལ་རམ་འདེམས་གནང་བ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་མི་སྣ་ཁག་བོད་གཙོས་གྱུར་རྒྱ་ནག་ས་ཁུལ་ཁྱོན་ཡོངས་ནང་རྟོག་ཞིབ་སླད་ཆེད་གཏོང་གནང་དགོས་པའི་རེ་སྐུལ་བསྐྱར་ནན་གནང་འདུགལྷན་ཚོགས་ཀྱི་བགྲོ་གླེང་ཐོག་སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་ལགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པའི་མིང་ཐོག་ནས་བགྲོ་གླེང་ལས་རིམ་ཐོག་མཉམ་ཞུགས་ཀྱིས་བོད་དོན་སྙན་སེང་ཞུས་ཡོད་པ་དང་། སྐབས་དེར་ཁོང་གིས་བོད་འདི་སླར་ཡང་འཛམ་གླིང་ནང་ནས་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཆེས་ཞན་ཤོས་གྲས་སུ་གནས་ཡོད་པ་དང། རྒྱ་ནག་གཞུང་གིས་བཏང་འཛིན་ནན་པོ་དང་དམ་དྲག་འོག་བོད་ནང་གི་བོད་མིའི་ཆོས་དང་སྐད་ཡིག རིག་གཞུང། བོད་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་ཏུ་འགྲོ་ཉེན་ལས་སྲུང་སྐྱོབ་བྱ་རྒྱུ་ནི་གདོང་ལེན་ཆེ་ཤོས་ཤིག་ཆགས་ཡོད་པ་དང་ལྷག་པར་དུ་ལྷན་ཚོགས་ཐོག་འདི་ལོ་བོད་མི་ཚོས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་གནང་སྟེ་མི་ལོ་ ༦༣ འཁོར་བའི་དུས་དྲན་ཆགས་ཀྱི་ཡོད་པ་སོགས་སྙན་སེང་ཞུས་འདུག དེ་བཞིན་ཁོང་གིས་ལྷན་ཚོགས་བརྒྱུད་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོའི་ཐོག་དྲག་གནོན་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་དུ་དང་དོན་སྙིང་ལྡན་པའི་གྲོས་མོལ་བྱ་རྒྱུར་གཞེན་སྐུལ་གནང་སྐྱོང་ཡོང་བའི་རེ་འདུན་བསྐྱར་ནན་ཞུས་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་རྒྱ་ནག་དང་མངའ་འོག་ས་ཁུལ་དུ་ཕེབས་རྒྱུ།  

ཕྱི་ཟླ་ ༢ ཚེས་ ༢༨ ནས་དབུ་འཛུགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཐེངས་ ༤༩ འཚོགས་བཞིན་ཡོད་པ་དང། ཁ་སང་ཕྱི་ཚེས་ ༧ ཉིན་ལྷན་ཚོགས་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་སྙན་སྒྲོན་གནང་ཡོད་ཅིང། སྐབས་དེར་ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ཏེ་རྒྱ་གཞུང་གིས་ཁུལ་དེའི་མང་ཚོགས་ནས་རྒྱལ་ཁབ་དང་ས་གནས་རིམ་པའི་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགལ་བའི་སྲིད་བྱུས་འཛིན་ཕྱོགས་ཐད་སྐྱོན་བརྗོད་གནང་མཁན་གང་ཟག་སྒེར་པ་སོགས་ལ་ཉེས་མིང་འདྲ་མིན་འོག་བཙོན་འཇུག་གིས་ཁྲིམས་ཆད་བཏང་བ་དང་བཟང་བཙོན་ལ་བཞག་པ་མ་ཟད། དེ་དག་གི་འགྲུལ་བཞུད་རང་དབང་ལ་དམ་དྲག་བྱེད་བཞིན་པ་བཅས་མངོན་གསལ་གནང་སྟེ་རྒྱ་གཞུང་ནས་མུ་མཐུད་དེ་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ལ་བརྩི་མེད་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཡོད་ཅེས་གསུངས་པ་དང་ཆབས་ཅིག ཁོང་གིས་སྣེ་ཁྲིད་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཤིན་ཅང་གིས་གཙོས་པའི་རྒྱ་ནག་དང་མངའ་འོག་ས་ཁུལ་དུ་ཕེབས་གཏན་ཁེལ་ཡོད་པར་གསལ་བསྒྲགས་གནང་ཡོད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་ ༢༠༠ ཙམ་གྱིས་ཁ་སང་གཙོ་འཛིན་མཆོག་ལ་རེ་སྐུལ་གྱི་ཞུ་སྙན་ཞིག་ཕུལ་བ་དང་འབྲེལ། ད་ལན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ཤིན་ཅང་དུ་ཕྱོགས་ཕེབས་གནང་རྒྱུ་གསལ་བསྒྲགས་གནང་ཡོད་ཀྱང། གཙོ་འཛིན་མཆོག་ནས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྙན་ཐོ་འདོན་སྤེལ་གནང་རྒྱུ་ཞལ་བཞེས་གནང་བ་དེ་ད་བར་འདོན་སྤེལ་གནང་མ་ཐུབ་པར་སྐྱོན་བརྗོད་དང་སྦྲགས། རྒྱལ་ཚོགས་ནས་སྙན་ཐོ་དེ་འགོར་འགྱངས་མེད་པར་འདོན་སྤེལ་གམང་དགོས་པའི་རེ་སྐུལ་བསྐྱར་ནན་ཞུས་འདུག སྤྱིར་ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་ལྕམ་སྐུ་ Bachelet མཆོག་ཨོ་རྩལ་འགྲན་ཚོགས་རྗེས་སུ་ཤིན་ཅང་དུ་ཕེབས་ཆོག་པའི་ཆོག་མཆན་ཕུལ་ཡོད་སྐོར་གནས་ཚུལ་ཞིག་ཐོན་ཡོད་པ་དང་ཆོག་མཆན་དེ་དང་མཉམ་དུ་ཆ་རྐྱེན་ཞིག་ཆེད་བཏོན་བྱས་པ་ནི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་ཤིན་ཅང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འཆར་ཡོད་པ་དེ་ཨོ་རྩལ་འགྲན་ཚོགས་ཀྱི་སྔོན་ལ་འདོན་སྤེལ་གནང་རྒྱུ་མེད་པའི་ཞུ་སྐུལ་ཞུས་ཡོད་པ་རེད། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་དཔྱད་ཞིབ་པ་ཁག་གིས་རྒྱ་ནག་གཞུང་གི་ངོས་ནས་ལྕམ་སྐུ་ Bachelet མཆོག་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཟིན་པའི་རྗེས་སུ་ཤིན་ཅང་དུ་ཕེབས་གནང་རྒྱུ་དེ་ནི་གཙོ་བོ་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩལ་ལ་ཕྱི་ཕྱོགས་ནས་བར་ཆད་མི་ཡོང་བ་དང་རྒྱ་ནག་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པར་དམིགས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད། གཞི་རྩའི་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ནས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་རྒྱ་ནག་དང་ཤར་ཏུར་སི་ཐན་ནང་རྟོག་ཞིབ་ཆེད་ཕེབས་རྒྱུར་རེ་འདུན་གནང་ཡོད་ཀྱང་། ད་བར་ཕྱོགས་གཉིས་དབར་གནད་དོན་ཁག་ཅིག་གི་ཐོག་གྲོས་འཆམ་མ་བྱུང་སྟབས་ཕེབས་ཐུབ་མེད་པ་རེད། ཁ་སང་ལྷན་ཚོགས་ཐོག་གཙོ་འཛིན་མཆོག་ནས་སྣེ་ཁྲིད་གནང་བའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་པར་ཡོངས་གྲགས་གནང་བ་མ་ཟད། ཕྱོགས་གཉིས་དབར་གྲོས་མཐུན་བྱུང་བ་ལྟར་ཐེངས་དེའི་ཕྱོགས་ཕེབས་དེ་འདི་ལོའི་ཕྱི་ཟླ་ ༥ པ་ནང་གནང་རྒྱུར་ཚོད་དཔག་གནང་བཞིན་ཡོད་པ་དང། གཙོ་འཛིན་མཆོག་གིས་རྒྱ་ནག་ནང་ཕྱོགས་ཕེབས་རྒྱུ་དེ་ནི་ཤིན་ཅང་གཙོས། རྒྱ་ནག་གི་མངའ་འོག་ས་ཁུལ་གཞན་ཁག་ཅིག་ཏུའང་ཕེབས་གཏན་ཁེལ་འདུག རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་མགྲིན་ཚབ་པས་ཐེངས་དེའི་ཕྱོགས་ཕེབས་ཁྲོད་གཙོ་འཛིན་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཤིམ་ཅང་གཙོ་གྱུར་ས་ཁུལ་གཞན་ཁག་ཅིག་ཏུའང་ཕེབས་རྒྱུ་ཡིན་པ་དང་མ་ཟད། ཕྱོགས་ཕེབས་དེ་ཕྱོགས་གཉིས་ཀྱི་ངོས་ནས་འདོད་མོས་ཡོད་ཐོག་གྲོས་འཆམ་བྱུང་བ་ལྟར། གཙོ་འཛིན་མཆོག་བཀག་འགོག་མེད་པའི་ཐོག་ནས་ཕྱོགས་གནང་རྒྱུ་དང་། དེ་བཞིན་ས་གནས་གཞུང་འབྲེལ་མིན་པའི་འབྲེལ་ཡོད་ཚོགས་སྒེར་ཁག་དང་ཐུག་འཕྲད་གནང་རྒྱུ་ཡིན་སྐོར་གསུངས་ཡོད།

སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ།

སུད་སི་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་དང་བསྟུན་ནས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་སུད་སུ་སྐུ་ཚབ་དོན་གཅོད། ས་གནས་བོད་མིའི་གཞུང་འབྲེལ་མིན་པའི་སྐུ་ཚབ་བཅས་ལྷན་འཛོམས་ཀྱིས་བོད་དོན་སྐོར་ཟུར་ཚོགས་ཤིག་གནང་སྲོལ་ཡོད་པ་ལྟར་ཁ་སང་ཕྱི་ཚེས་ ༧ ཉིན་འདི་ལོ་ ༢༠༢༢ ལོའི་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་ལྷན་དུ་ཟུར་ཚོགས་ཐེངས་དང་པོ་དེ་སུད་སི་རྒྱལ་ས་སྦན་དུ་དཔྱིད་དུས་གྲོགས་ཚོགས་འཚོགས་བཞིན་པ་དང་བསྟུན་དབུས་གྲོགས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཚོགས་འདུགཚོགས་འདུའི་སྐབས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་དྲུང་ཆེ་སྐུ་ཞབས་ Nicholas Walder ལགས་ཀྱིས་གཙོ་སྐྱོང་གནང་སྟེ་སུད་སི་གྲོགས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ Maya Graf ལགས་དང་གྲོས་ཚོགས་འཐུས་མི་ Fabian Molina ལགས། གྲོས་ཚོགས་འཐུས་མི་ Prisca Birrer-Heimo ལགས། གྲོས་ཚོགས་འཐུས་མི་ Barbara Gysi ལགས། གྲོས་ཚོགས་འཐུས་མི་ Isabelle Pasquier-Eichenberger ལགས། དེ་བཞིན་གྲོས་ཚོགས་འཐུས་མི་Regula Rytz ལགས་བཅས་ཀྱིས་གཙོས་པའི་སུད་སི་དོན་ཁང་གི་འབྲེལ་ཡོད་ལས་བྱེད་དང་སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་མི་མང་ཚོགས་གཙོ་དང་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་བཅས་འདུ་འཛོམས་གནང་འདུགཚོགས་ཐོག་གཙོ་བོ་ད་ལྟའི་ཆར་བོད་ནང་རྒྱ་ནག་གཞུང་གིས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བོད་མིའི་སྐད་ཡིག་དང་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནད་དོན་གཙོ་གྱུར་དང་མ་འོངས་པའི་བོད་དོན་དང་འབྲེལ་བའི་ལས་འཆར་སྤེལ་ཕྱོགས། ད་ལྟའི་ཆར་སུད་སི་ནང་ཡིག་ཆ་མེད་པའི་་སྐྱབས་བཅོལ་བོད་མིའི་གནད་དོན་སོགས་བརྗོད་གཞི་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་ཡོད་པ་རེད། རྩ་བའི་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་ལོ་ལྟར་ལོ་གཅིག་ལ་སུད་སི་དབུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་གྲོས་ཚོགས་འཐུས་མི་རྣམས་དང་བོད་མིའི་སྐུ་ཚབ་ལྷན་འཛོམས་ཐོག་ཐེངས་གཉིས་ཚོགས་ཀྱི་ཡོད་པ་རེད། ད་རེས་ཀྱི་ཚོགས་འདུ་དེ་ཕྱི་ལོ་ ༢༠༢༢ ལོའི་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་ད་ཆར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་སུད་སི་ཆབ་སྲིད་ཚོགས་པ་འདྲ་མིན་ནས་གྲོས་ཚོགས་འཐུས་མི་གྲངས་ ༣༠ ཙམ་ཡོད་པ་རེད།

ཞི་ཅིན་ཕིང་གིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་བརྗོད་མ་འདྲ་བ་ཞིག་ཡོད་ཟེར།

ཨ་རི་དང་དབྱིན་ཡུལ་སོགས་ཀྱི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་ནང་གི་གཙོ་བྱས་པའི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་མཚོན་པའི་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་བབ་ཆེས་ཞན་པར་སྐྱོན་བརྗོད་རིམ་པ་བྱས་དང་བྱེད་མུས་ཁྲོད། རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་རིའི་ནང་གི་སྔར་ལོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྙན་ཐོ་ཞིག་བཏོན་པ་མ་ཟད། ཞི་ཅིན་ཕིང་གིས་རྒྱ་ནག་ལ་གཞན་དང་མི་འདྲ་བའི་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་བརྗོད་གཞན་ཞིག་ཡོད་པར་བརྗོད་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་ཞིན་ཧ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་ནང་མ་རྣམས་ལ་གཏམ་བཤད་བྱས་པའི་སྐབས་སུ་ནུབ་ཕྱོགས་ཀྱི་ཚོགས་སྡེ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་ཀྱི་སྐྱོན་བརྗོད་ཁག་ལ་ལན་འདེབས་དང་འབྲེལ། རྒྱ་ནག་གིས་དུས་ཀྱི་འགྱུར་བ་དང་རྒྱལ་ཁབ་ཀྱི་ཆ་རྐྱེན་དང་འཚམས་པའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་སྐོར་བརྗོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ནང་དུ་རྒྱལ་ཁབ་སོ་སོའི་རིག་གཞུང་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སོགས་ཀྱི་མཚོན་པའི་ཆ་རྐྱེན་ཁག་ཅིག་དགོས་བར་བརྗོད་འདུག ཞི་ཅིན་ཕང་གིས་སྐབས་དེར་ད་དུང་རྒྱ་ནག་གི་ནང་དུ་མང་ཚོགས་དབུལ་ཕོང་ལས་གྲོལ་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མི་མང་གི་འཕྲོད་བསྟེན་གོང་འཕེལ། དེ་བཞིན་ཏོག་དབྱིབས་རིམས་ནད་ཚད་བཀག་ཐུབ་པ་སོགས་ཕྱོགས་ཡོངས་ནས་རྒྱ་ནག་ནང་གི་གནས་བབ་ཡག་ཤོས་ཤིག་ཡིན་པར་བསྒྲགས་པ་དང་། རྒྱལ་ཁབ་འདྲ་མིན་སོ་སོར་སྤྱི་ཚོགས་དང་། ཆབ་སྲིད་ཀྱི་གནས་བབ། གཞན་ཡང་ལོ་རྒྱུས་དང་རིག་གཞུང་ཐ་དད་ཡོད་པ་བཞིན། འགྲོ་བ་མི་ཐོབ་ཐང་ཞེས་པ་དེ་དེ་ལས་ལོགས་སུ་དབྱེ་ཐབས་མེད་སྐོར་བརྗོད་པ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ནས་རྒྱ་ནག་གི་ནང་ཁུལ་གྱི་གནད་དོན་ལ་ཐེ་གཏོགས་བྱེད་བཞིན་པའི་ལས་དོན་དག་ལ་རྒྱ་ནག་གིས་ཁ་གཏད་བྱེད་དགོས་སྐོར་བརྗོད་འདུག མ་ཟད་རེས་གཟའ་ཟླ་བ་སྟེ་ཁ་སང་ཚེས་༢༨ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཀྱ་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་བའི་ནང་། ཨ་རིའི་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཚད་མཐོ་ཤོས་སུ་གྱུར་ནས་མི་མང་གི་ཚེ་སྲོག་སྣང་མེད་དུ་བཏང་ཡོད་པ་མ་ཟད། མི་སྒེར་གྱི་མཚོན་ཆ་ཉར་ཆོག་པའི་གནད་དོན་ཁྲོད་མེ་མདའི་དྲག་སྤྱོད་འོག་མི་མང་ཤི་རྨས་མང་ཤོས་ཐེབས་ཡོད་པ་ཞིག་ཡིན་པར་བརྗོད་པ་དང་། གཞན་ཡང་འོས་བསྡུའི་དྲིིལ་བསྒྲགས་ཁྲོད་སྤྱི་ཚོགས་ཕྱོགས་འགལ་ཆགས་པ་སོགས་ཀྱི་གནས་བབ་ལས་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཞན་པོ་ཡིན་པར་བསྒྲགས་འདུགཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གཏམ་བཤད་དང་འབྲེལ་ནས་ལྷོ་རྒྱ་ནག་གི་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་དང་འབྲེལ་ནས་རྒྱ་ནག་ལ་གནོད་ཤུགས་ཆེས་ཆེར་སྤྲོད་བཞིན་པའི་སྐབས་འདིར། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་འགྲེལ་བརྗོད་བྱེད་སྟངས་གསར་བ་ཞིག་བརྩམས་ནས། རྒྱལ་སྤྱིའི་གླེང་སྟེགས་སམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སོགས་ཀྱི་སྟེང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་པ་ཞིག་ཡིན་པར་བསྒྲགས་འདུག མ་ཟད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ངེས་སྟོན་པ་ Sophie Richardson ལགས་ཀྱིས་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེལ་བརྗོད་ལ་ལན་འདེབས་བྱས་པའི་ཁྲོད། གཞི་རྩའི་རྒྱལ་ཁབ་གང་གི་ནང་དུ་ཡང་ཡངས་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅིག་སྐྲུན་རྒྱུ་ཁག་པོ་ཡིན་ཡང་། ཐེངས་འདིར་ཞི་ཅིན་ཕིང་གིས་འགྲེལ་བརྗོད་བྱེད་སྟངས་དེ་ནི་རྒྱ་ནག་གིས་འགྲོ་བ་མིའི་རིགས་ལ་ནག་ཉེས་གསོག་བཞིན་པའི་གནད་དོན་དེར་དོ་སྣང་ལ་ཁ་སྒྱུར་བྱེད་ཐབས་ཤིག་རེད་ཅེས་གསུངས་ཡོད་པ་མ་ཟད། རྒྱ་ནག་གིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་མང་གཙོའི་ལམ་ལུགས་དེ་རྫུན་མ་ཡིན་པར་སེམས་ཁྲལ་ཡོད་ན། རྒྱ་ནག་ནང་གི་མི་འབོར་ཐེར་འབུམ་ལྷག་གིས་འགྲན་རྩོད་རང་བཞིན་གྱི་ཐོག་ནས་འོས་ཤོག་ལྡུག་ཏུ་འཇུག་མ་ཐུབ་པ་རེད་དམ་ཞེས་ཟུར་ཟ་བྱས་ཏེ། རྒྱ་ནག་གིས་ཕྱིའི་རྒྱལ་ཁག་གི་མི་འབོར་གནས་སྤོ་དང་སྐྱབས་བཅོལ་བ་རྣམས་ལ་སེམས་ཁྲལ་ཡོད་པ་བདེན་ན། ཅིའི་ཕྱིར་ཕྱི་ཕྱོགས་ཀྱི་སྤྱི་ཚོགས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པའི་དོགས་འདྲི་གནང་འདུག གཞན་ཡང་ཞི་ཅིང་ཕང་གིས་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཁག་ལ་འདྲ་མཉམ་གྱི་ལྟ་སྐྱོང་དང་དེ་དག་གི་ཆོས་ལུགས་དད་མོས་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ་ནས། Sophie Richardson ལགས་ཀྱིས་རྒྱ་ནག་གི་འགྲེལ་བརྗོད་དེར་སྐྱོབ་བརྗོད་ཀྱིས་རྒྱ་ནག་གིས་ཅིའི་ཕྱིར་བོད་མི་དང་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོབ་ཐང་དང་ངོ་བོར་རྡོག་རོལ་གཏོང་གི་ཡོད་པ་རེད་ཅེས་ལན་འདེབས་བྱས་འདུག

Latest news