Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

དབྱིན་ཡུལ་གྱི་ཤེས་ཡོན་སློབ་གསོའི་རང་དབང་ལ་དོ་ཕོག་གཏོང་བཞིན་པར་སྐྱོན་བརྗོད།

དབྱིན་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྙན་ཐོ་ཞིག་འདོན་སྤེལ་བའི་ནང་དུ་དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཁག་གི་ནང་དུ་རྒྱ་ནག་གི་གནོད་ཤུགས་ཆེན་པོ་ཡོད་པར་བརྟེན་གཙུག་ལག་སློབ་ཁང་གི་ཤེས་ཡོན་སློབ་གསོའི་རང་དབང་ལ་རྡོག་རོལ་ཐེབས་ཀྱི་ཡོད་པར་འགྲེལ་བརྗོད་དང་འབྲེལ། Russell གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་ཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་འོག་གཙུག་ལག་སློབ་ཁང་གི་ལས་རིམ་ཞིག་གི་སྐབས་སུ་གཏམ་བཤད་པ་ཞིག་བཀག་འགོག་བྱས་ཡོད་པ་ཐེར་འདོན་བྱས་འདུག སྙན་ཐོའི་ནང་དུ་གཙུག་ལག་སློབ་ཁང་གཞན་ཞིག་གི་ཉེ་བའི་རིགས་བདག་གཞན་ཞིག་གིས་ཀྱང་སློབ་གྲྭའི་སློབ་དཔོན་ཆེན་མོ་ཞིག་ལ་རྒྱ་ནག་གིས་གནོད་ཤུགས་སྤྲོད་བཞིན་པར་བརྟེན་རྒྱ་ནག་དང་འབྲེལ་བའི་ཆབ་སྲིད་ཀྱི་གླེང་མོལ་གང་ཡང་མ་གནང་རོགས་ཞེས་རེ་སྐུལ་བྱས་པར་སྐྱོན་བརྗོད་གནང་བ་མ་ཟད་རྒྱ་གཞུང་གི་རྒྱབ་སྐྱོར་ཡོད་པའི་རྒྱ་རིགས་སློབ་མའི་མཐུན་ཚོགས་དང་རྒྱ་རིགས་མཁས་དབང་མཐུན་ཚོགས་སོགས་ཀྱིས་དབྱིན་ཡུལ་གྱི་གཙུག་ལག་སློབ་ཁང་ཁག་གི་སློབ་མ་མང་པོར་ལྟ་སྲུང་ནན་པོ་བྱེད་བཞིན་པའང་སྐྱོན་བརྗོད་གནང་འདུག ད་དུང་དབྱིན་ཡུལ་ནང་གི་རང་དབང་སློབ་སྦྱོང་གི་ཁོར་ཡུག་བརླག་ཉེན་དེ་ནི་རྒྱ་ནག་གི་གཞུང་ཚབ་ཁང་གཅིག་པོའི་ཤུགས་རྐྱེན་ཙམ་དུ་མ་ཟད་རྒྱ་ནག་གིས་རྒྱབ་རྟེན་བྱས་པའི་སློབ་ཕྲུག་མང་པོ་དང་མཁས་དབང་གི་ཚོགས་པ་ཁག་གིས་མངོན་སུམ་གྱིས་ཐེ་བྱུས་བྱེད་ཀྱི་ཡོད་པའི་དཔང་རྟགས་ཡོད་པར་འཁོད་པ་མ་ཟད། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཁ་ཆེ་སློབ་མ་ཞིག་གིས་མོ་རང་ཆབ་སྲིད་རང་བཞིན་གྱི་ཐོག་ནས་ཧུར་པོ་ཡིན་སྟབས་རྒྱ་ནག་གིས་མོ་རང་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་ནང་དུ་ལུས་པའི་ཁོང་གི་ནང་མི་རྣམས་ལའང་སུན་གཙེར་བཟོ་ཡི་ཡོད་པ་ཡོངས་གྲགས་གནང་འདུག་མ་ཟད་སློབ་ཕྲུག་གི་ཚོགས་འདུ་ཞིག་གི་སྐབས་སུ་ཐེ་ཝན་དང་འབྲེལ་བའི་ཡིག་ཆ་རྣམས་རྒྱ་ནག་གཞུང་འབྲེལ་གྱི་ཁུང་ཙི་སློབ་གླིང་གིས་བཙན་འཕྲོག་བྱས་ཡོད་པ་མངོན་གསལ་གནང་འདུག རྩ་བའི་དབྱིན་ཡུལ་གྱི་གཙུག་ལག་སློབ་ཁང་འདྲ་མིན་གྱི་ནང་དུ་རྒྱ་རིགས་ཀྱི་སློབ་མ་ནི་རྒྱལ་སྤྱིའི་སློབ་མ་གྲངས་མང་ཤོས་དེ་ཆགས་ཀྱི་ཡོད་པ་དང་། སློབ་མ་དེ་དག་གིས་གཙུག་ལག་སློབ་ཁང་ཁག་ལ་ལོ་རེ་རེ་ཡོ་སྒོར་ཁྲི་བཞི་རེ་ཕུལ་གྱི་ཡོད་པ་མ་ཟད་དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཁག་དང་རྒྱ་ནག་གི་སྒྲིག་འཛུགས་འདྲ་མིན་དབར་དེ་མིན་གྱི་འབྲེལ་བ་གཞན་ཡང་ཡོད་པ་གསུངས་འདུག དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ངོས་ནས་སྙན་ཐོ་དེ་བརྒྱུད་ནས་སྤྱིར་ཨ་རི་དང་ཨོ་སི་ཊོ་ལི་ཡ་སོགས་སུ་རྒྱ་ནག་གི་ཤུགས་རྐྱེན་འོག་རྒྱལ་ཁབ་དེ་དག་ནང་གི་ཤེས་ཡོན་སློབ་གསོའི་རང་དབང་ལྡན་པའི་ཁོར་ཡུག་ལ་ཉེན་ཁ་འཕྲད་ཀྱི་ཡོད་པའི་གནད་དོན་ཐོག་གླེང་མོལ་ཤུགས་ཆེ་གནང་བཞིན་ཡོད་ཀྱང་། དབྱིན་ཡུལ་གཞུང་ནས་དཀའ་ངལ་དེའི་ཐོག་དེ་གའི་གཙུག་ལག་སློབ་ཁང་རྣམས་ལ་རྩ་འཛིན་ལམ་སྟོན་སོགས་གང་ཡང་མེད་པར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག   སློབ་ཁང་དེ་དག་གིས་རྒྱ་ནག་གི་གནོད་ཤུགས་འོག་ཆེད་མཁས་པའི་རྣམ་དཔྱོད་དང་ཞིབ་འཇུག་གི་རྒྱུ་ཆ་སོགས་ལ་སྟངས་འཛིན་བྱས་ནས་ཞིབ་འཇུག་གི་གྲུབ་དོན་ལ་འགྲེལ་ལོག་རྒྱག་གི་ཡོད་པ་དེ་ནི་ཉེན་འཚབ་ཆེ་བའི་གནད་དོན་ཞིག་རེད་ཅེས་སྐྱོན་བརྗོད་ཚ་ནན་བྱས་འདུག གྲོས་ཚོགས་འཐུས་མི་དེ་དག་གིས་ད་དུང་དབྱིན་ཡུལ་གྱི་ཕྱི་འབྲེལ་ལས་ཁུངས་དང་གཙུག་ལམ་སློབ་ཁང་དེ་དག་ལ་འབོད་སྐུལ་ཞུས་ཏེ་ཐབས་བྱུས་རང་བཞིན་གྱི་ཐོག་ནས་དཀའ་ངལ་དེ་སེལ་ཐབས་དགོས་པ་མ་ཟད། ཚོང་རའི་སྐུལ་སློང་གི་ཁེ་འབབ་དེས་སློབ་སྦྱོང་གི་རང་དབང་དེ་ཉམས་དམས་སུ་གཏོང་སྲིད་པར་རྒྱུས་ལོན་བྱེད་དགོས་པའི་འབོད་བརྡ་བཏང་འདུག

ནག་ཆུ་རྟར་ཆེན་གྲོང་ནས་བོད་མི་ཞིག་འཛིན་བཟུང་བཙན་ཁྲིད།

ཉེ་ལམ་ཕྱི་ཟླ་ ༡༠ ནང་དུ་བོད་ཁམས་ཤག་རོང་པོ་རྟར་ཆེན་ཡུལ་ཚོ་ནས་ཡིན་པའི་བོད་མི་ལྷ་དར་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ཁོང་འཛིན་བཟུང་བྱས་དོན་གཙོ་བོ་ནི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་ཡིན་པར་ཚོད་དཔག་གནང་བཞིན་འདུག མཚན་གསུང་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བར་རང་ལོ་ ༣༦ ཙམ་ལ་ཕེབས་པའི་ལྷ་དར་ལགས་ནི་རྒྱུན་དུ་རྒྱ་གཞུང་གི་ཆབ་སྲིད་སློབ་གསོའི་ལས་དོན་དང་བོད་མིའི་འགྲོ་སྐྱོད་ཐོག་ལ་སུན་གཙེར་བཟོས་པ་སོགས་ལ་མི་དགའ་བའི་རྣམ་འགྱུར་བསྟན་མཁན་དང་༸གོང་ས་མཆོག་གི་གསེར་གཞལ་མཇལ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་པ་མངོན་གསལ་དོད་པོ་གནང་མཁན་ཞིག་ཡིན་པ་སོགས་ལ་བརྟེན་ནས་སྲིད་གཞུང་མི་སྣས་དམིགས་བཀར་གྱིས་རྗེས་འདེད་བྱ་ཡུལ་ཞིག་དང་། ལྷག་པར་ཕྱི་ལོ་༢༠༡༣ ལོར་ཤག་རོང་པོ་དགོན་པར་རྒྱ་ནག་གཞུང་གི་དམ་དྲག་འོག་དགོན་པར་ཆོས་ལུགས་བྱེད་སྒོ་སྤེལ་མཚམས་བཞག་ནས་སྒོ་རྒྱབ་སྐབས་སྲིད་གཞུང་གི་མི་སྣ་དང་རྩོད་གཞི་བྱུང་བའི་ཡུལ་མི་མང་དག་ཅིག་དང་མཉམ་དུ་ཁོང་ཡང་བཀག་ཉར་དང་རྡུང་འདེག་བྱས་ཏེ་རྗེས་སུ་ཀློད་བཀྲོལ་བཏང་ཡོད་ཀྱང་དེ་ནས་བཟུང་ཡར་མར་འགྲོ་སྐྱོད་ལ་དཀའ་ངལ་བཟོ་བཞིན་ཡོད་པའི་ནང་གི་མི་སྣ་གཅིག་ཡིན་པ་རེད་འདུག འདི་ལོའི་ཕྱི་ཟླ་དགུ་པའི་ནང་སྲིད་གཞུང་ནས་ཁ་པར་བཏང་ནས་ཁོང་གང་སར་འགྲོ་སྐྱོད་མི་ཆོག་པའི་ཉེན་བརྡ་བཏང་བ་མ་ཟད་ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༨ ནས་ ༩ ཡས་མས་ལ་གློ་བུར་འཛིན་བཟུང་གིས་ད་ལྟའི་ཆར་ཤེས་རྟོགས་མེད་པར་གྱུར་འདུག ས་གནས་སུ་དྲྭ་རྒྱ་བཀག་སྡོམ་སོགས་ཀྱི་གནས་སྟངས་རྐྱེན་པས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཡོང་རྒྱུར་ཧ་ཅང་ཁག་པོ་ཡོད་པ་དང་སྤྱིར་ས་གནས་སུ་རྒྱ་ནག་གི་རྒྱལ་སྟོན་ཉིན་མོའི་སྔ་རྗེས་སུ་གནས་ཚུལ་འདྲ་མིན་ལ་ཁ་གཡར་ནས་མི་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་རེད་འདུག

བལ་ཡུལ་དབུ་ཁྲིད་དང་ལྷན་བོད་མའི་གནད་དོན་གླེང་སློང་།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་དྷ་སར་ཆེད་ཕེབས་གནང་རྗེས་བལ་ཡུལ་དུ་ཕེབས་ཏེ་ཆོས་ལུགས་རང་དབང་གི་སྐོར་ལ་རྟོག་ཞིབ་གནང་བ་མ་ཟད་ཡུལ་དེའི་དབུ་ཁྲིད་དང་ལྷན་བོད་མིའི་གནད་དོན་སྐོར་ལ་བཀའ་མོལ་གནང་འདུག ཁ་སང་བལ་ཡུལ་གྱི་གསར་ཁང་གིས་གནས་ཚུལ་སྤེལ་བར་སྐུ་ཞབས་ Sam Brownback མཆོག་གིས་ཐེངས་འདིའི་འཚམས་གཟིགས་སྐབས་སུ་བལ་ཡུལ་ནང་ཡུལ་དེའི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁག་གཅིག་མཇལ་འཕྲད་གནང་བ་མ་ཟད་ཕྱི་ལོ་ ༢༠༡༥ ལོའི་ས་ཡོམ་སྐབས་ཞིག་རལ་དུ་གྱུར་བ་དང་ད་ཆ་ཨ་རིའི་གཞུང་ཚབ་ཀྱི་རོགས་རམ་མཐུན་འགྱུར་འོག་བསྐྱར་གསོ་གནང་བཞིན་པའི་ Krishna Temple ཞེས་པའི་ཧིཾ་དུའི་ལྷ་ཁང་ལ་གཟིགས་ཞིབ་གནང་འདུག སྐབས་དེར་གསར་ཁང་གིས་ད་ཆ་ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་འགལ་ཟླ་ཆེན་པོ་འགྲོ་བཞིན་པ་ཞིག་ཡིན་པར་བརྟེན། ཁོང་ཐེངས་འདིར་ཕྱོགས་སྐྱོད་དུ་ཕེབས་དོན་དེ་བལ་ཡུལ་ལས་ལྷག་པའི་བོད་མིའི་ཆེད་དུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་བལ་ཡུལ་གྱི་ཆེད་དུ་ཡིན་ཀྱང་། བོད་མི་རྣམས་ནི་གནས་ཚུལ་དེ་དང་འབྲེལ་བ་ཆགས་ཡོད་པ་གསུངས་འདུག ཁོང་གིས་བལ་ཡུལ་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་མི་སྐྱབས་བཅོལ་བ་རྣམས་ཡར་འགྲོ་མར་ཡོང་གི་འགྲུལ་ལམ་ཞིག་ཆགས་ཡོད་པ་དང་དེ་སྔོན་བལ་ཡུལ་གཞུང་གིས་དེའི་ཐད་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་ཞུས་ཡོད་ཀྱང་།  ད་ཆ་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བོད་མིའི་འགྲུལ་བཞུད་ཐོག་དམ་དྲག་ཅུང་ཟད་ཆེ་བར་སོང་ཡོད་སྟབས་ཁོང་གིས་བལ་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་གནད་དོན་དེ་དང་གཞན་ཁག་གཅིག་གི་སྐོར་ལ་གླེང་མོལ་ཞུས་ཡོད་པ་བརྗོད་འདུག   དེ་བཞིན་ཁོང་གིས་སྐབས་དེར་ཨ་རིའི་རྒྱལ་ཁབ་ལ་མཚོན་ན་ཆོས་ལུགས་དད་མོས་ནི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པ་ལྟར་ཨ་རིའི་ངོས་ནས་ཆོས་ལུགས་དད་མོས་གལ་ཆེན་ཞིག་ཏུ་བརྩིས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བརྗོད་དེ་ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་དུ་གྲངས་ཉུང་མི་རིགས་རྣམས་ལ་ངོས་འཛིན་བྱེད་སྟངས་ཀྱི་སྒང་ནས་ཡ་ང་བའི་གནས་ཚུལ་མང་པོ་ཡོད་པ་དང་། ཆོས་ལུགས་དད་མོས་ལ་སྲུང་སྐྱོབ་མ་བྱས་པ་ཡིན་ན་ཆོས་ལུགས་དབྱེ་འབྱེད་ནི་མི་མང་ཁོང་ཁྲོ་སློང་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན་པ་བརྗོད་དེ་ཨ་རིའི་ངོས་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་དད་མོས་ཀྱི་མཐུན་ཕྱོགས་གསར་པ་ཞིག་སྐྲུན་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་བརྗོད་འདུག རྩ་བའི་ཟླ་འདིའི་ཟླ་འགོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་བཞུགས་སྒར་དུ་ཕེབས་ཏེ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་རྒྱུའི་དབང་ཆ་ཚང་ཡོད་སྐོར་གསུངས་པ་མ་ཟད་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་བའི་ཐག་གཅོད་ནི་བོད་བོད་མི་དང་བོད་བརྒྱུད་ནང་བསྟན་པ་རྣམས་ལ་ཡོད་པའི་གསུང་བཤད་གནང་ཡོད་པ་རེད།

ཧོང་ཀོང་གི་ངོ་རྒོལ་དང་འབྲེལ་བའི་གྲོས་བསྡུར་བྱས་པ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གཉིས་ཐུག་འཕྲད་ཀྱིས་འདས་པའི་རིང་ཧོང་ཀོང་ནང་དུ་མང་ཚོགས་ཀྱིས་བསྟུད་མར་ངོ་རྒོལ་བྱེད་བཞིན་པའི་གནད་དོན་གླེང་སློང་དང་སྦྲགས། སྤྱི་ཁྱབ་ཀེ་རི་ལེམ་གྱི་ངོས་ནས་ཧོང་ཀོང་གི་ཟིང་འཁྲུག་ཞི་འཇམ་བཟོ་ཐབས་སུ་གཞུང་གི་ལས་དོན་གནང་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག  དེ་རིང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན་ཞི་ཅིན་ཕིང་དང་ཀེ་རི་ལེམ་གཉིས་ཀྱི་ཐུག་འཕྲད་དེ་ ཧོང་ཀོང་ནང་ཞི་རྒོལ་བྱུང་ནས་ཕན་ཚུན་དངོས་སུ་ཡོངས་བསྒྲགས་ཐོག་ནས་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཐུག་འཕྲད་དེའང་ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་གྲོང་ཁྱེར་ Shanghai ནང་བྱུང་འདུག སྐབས་དེར་ཞི་ཅིན་ཕིང་གིས་ཀེ་རི་ལེམ་གྱི་ལས་དོན་བྱེད་ཕྱོགས་ལ་རྒྱབ་སྐྱོར་ཡོད་པ་བཤད་པ་དང་འབྲེལ་ཏེ་གཞུང་ནས་མང་ཚོགས་ཀྱི་འཚོ་ཐབས་ཡར་རྒྱས་སླད་སྤྱི་ཚོགས་ཁྱོན་དང་གྲོས་བསྡུར་ལྷུག་པོ་བྱེད་དགོས་སྐོར་དང་སྒོས་ཧོང་ཀོང་གི་མང་ཚོགས་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་འཚམས་པོ་བྱེད་པའི་རེ་བ་དང་། ལྷག་པར་དུ་ཡུལ་དེའི་གཞི་རྩའི་ཁྲིམས་ལག་བསྟར་གྱིས་ཧོང་ཀོང་སྲུང་སྐྱོབ་སླད་མཉམ་རུབ་ཀྱིས་ལས་དོན་བྱེད་དགོས་པ་བརྗོད་འདུག ཚོགས་འདུའི་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བློན་ཆེན་ Zhao Kezhi གཞུང་འབྲེལ་སྲིད་དོན་པ་ཁག་གཅིག་ཀྱང་ཡོད་པ་རེད་འདུག   གཞི་རྩའི་ཧོང་ཀོང་ནང་འདི་ལོའི་ཟླ་བ་དྲུག་པ་ནས་མང་ཚོགས་ཀྱི་གཞུང་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཙོས་པའི་ཀེ་རི་ལེམ་ལས་གནས་ནས་ཕྱིར་འཐེན་དང་། ཡུལ་དེའི་འགོ་ཁྲིད་མང་གཙོའི་སྒོ་ནས་འདེམས་སྒྲུག་དགོས་པ་དང་། ལས་འགུལ་ཁྲོད་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ་སོགས་དགོས་འདུན་ལྔ་པོ་བསྒྲུབ་དགོས་པ་བརྗོད་ཡོད་པ་མ་ཟད། ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེ་དེ་སྔ་ཕྱིར་འཐེན་བྱས་ཡོད་ཀྱང་ཧོང་ཀོང་མང་ཚོགས་ནས་དགོས་འདུན་ལྔ་པོ་ཡོངས་རཛོགས་བསྒྲུབ་དགོས་པར་ངོ་རྒོལ་བསྟུད་མར་གནང་བཞིན་པའི་གནས་སྟངས་བྱུང་བ་རེད། ཉེ་ལམ་རེས་གཟའ་སྤེན་པའི་ཉིན་ཧོང་ཀོང་མང་ཚོགས་ ༣༠༠༠ ལྷག་འདུ་འཛོམས་ཀྱིས་གཞུང་ལ་དེ་འབྲེལ་ངོ་རྒོལ་བྱས་པ་དང་ངོ་རྒོལ་དེའང་རྒྱ་གཞུང་གིས་ཡུལ་དེའི་ནང་དམ་དྲག་སྔར་ལྷག་བྱ་འཆར་ཡོད་པར་ཐུགས་འཚབ་ཀྱིས་ངོ་རྒོལ་གནང་བ་ཞིག་ཡིན་པ་རེད། གཞི་རྩའི་རེས་གཟའ་པ་སངས་ཉིན་རྒྱ་གཞུང་གིས་ཧོང་ཀོང་གཞུང་གི་ལམ་ལུགས་ལ་ཁ་གཏད་གཅོག་མཁན་ཚོར་བཟོད་བསྲན་བྱེད་རྒྱུ་མེད་པ་ཕྱིར་བསྒྲགས་ཀྱིས་ཉེན་བརྡ་བཏང་བ་དང་སྦྲགས། མང་ཚོགས་ནས་ཅ་དངོས་ཉོས་སའི་ཁྲོམ་རའི་ནང་ངོ་རྒོལ་དང་ཉེན་རྟོག་པས་བསྐྱར་དུ་མིག་ཆུ་དུག་རླངས་གཏོར་བ། དེ་བཞིན་གཅིག་གིས་ས་གནས་ཀྱི་སྲིད་དོན་པ་ཞིག་གི་ཨམ་ཆོག་ལ་སོ་བརྒྱབ་པ་དང་ཁག་གཅིག་གིས་ཁུལ་དེར་ཡོད་པའི་རྒྱ་གཞུང་གི་གསར་ཁང་ལ་བཙན་རྒོལ་བྱས་པ་སོགས་གནས་ཚུལ་བྱུང་འདུག གནད་དོན་དེའི་ཐོག་རྒྱ་གཞུང་གིས་ཧོང་ཀོང་གཞུང་ནས་ངོ་རྒོལ་བ་ཚོར་དམ་དྲག་སྔར་ལྷག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས།

བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་སྡེ་ཚན་གྱིས་གོ་སྒྲིག་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་མཐུན་འགྱུར་འོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ Martin Bursik ལགས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Michael Danby ལགས། ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mkhuleko Hlengwa ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི། མང་གཙོ་དོན་གཉེར་བ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སོགས་རྒྱ་རིགས་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༤༢ ལྷག་ནས་ཚོགས་བཅར་བ་ཁྱོན་ ༡༨༠ ལྷག་ཕེབས་འདུག སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་རྣམས་བཙན་བྱོལ་ནང་གྱར་ནས་མི་ལོ་ ༦༠ འགྲོ་བཞིན་ཡོད་ཀྱང་བོད་ཀྱི་འཐབ་རྩོད་གསོན་པོ་གནས་ཐུབ་པ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པའི་སྐུ་ལས་བསྐྱོན་པར་བརྟེན་ནས་ཡིན་སྐོར་གསུངས་པ་དང་སྦྲགས། ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་གཅིག་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་གཞི་གཏན་འབེབས་དང་ཨ་རིའི་བོད་དོན་ཁྲིམས་འཆར་གསར་པ་འདོན་སྤེལ་གནང་བ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་སླད་ཡུལ་སོ་སོའི་གྲོས་ཚོགས་ནང་གནད་དོན་གླེང་བར་ཐུགས་རྗེ་ཆེ་ཞུས་སོང་།  ཚོགས་གཙོ་མཆོག་ནས་ད་དུང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ལྷག་པར་དུ་རང་ཉིད་ཀྱི་གྲོས་ཚོགས་ནང་བོད་རྒྱ་གཉིས་དབར་ཡུན་རིང་ནས་ཆད་པའི་འབྲེལ་མོལ་དེ་བསྐྱར་གསོ་སླད་རྒྱ་གཞུང་ལ་རེ་སྐུལ་གནང་རོགས་ཞེས་གསུངས་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༩༠ ལོར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཡོད་པས་ལོ་དེར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དམ་པ་སྐུ་ཞབས་ Nelson Mandela བཙོན་ནས་གློད་བཀྲོལ་ཐོབ་ཡོད་པ་སོགས་འཛམ་གླིང་ཁྲོད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གནས་ཚུལ་མང་པོ་ཞིག་བྱུང་བ་ལུང་འདྲེན་གྱིས་ད་ལྟའི་ཆར་འཛམ་བུ་གླིང་ཁྲོད་དེ་སྔ་བྱུང་བ་བཞིན་མང་ཚོགས་ཀྱིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་ཐོག་ནས་རྒྱལ་ཁབ་སོ་སོའི་ལོ་རྒྱུས་ལ་བསྒྱུར་བཅོས་ཆེན་པོ་བཏང་དང་གཏོང་བཞིན་ཡོད་སྟབས་བོད་ཀྱི་འཐབ་རྩོད་ཁྲོད་དུ་དེ་འབྲེལ་བསྒྱུར་བཅོས་ངེས་པར་དུ་གཏང་རྒྱུ་ཡིན་པ་གསུངས་སོང་། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བླ་སྤྲུལ་ཡང་སྲིད་བདམ་ཕྱོགས་ནི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་བོད་མི་རང་ནས་གསར་གཏོད་གནང་བ་ཞིག་ཡིན་སྟབས་རྒྱ་གཞུང་ནས་༸སྐུའི་ཡང་སྲིད་བདམ་ཕྱོགས་ལ་ཐེ་བྱུས་བྱ་དབང་མེད་པ་སོགས་ནན་བརྗོད་གནང་ཡོད། ཚོགས་ཆེན་དབུ་འབྱེད་ཀྱི་ཐོག་མར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མའི་སྡེ་ཚན་གྱི་འགན་འཛིན་རིན་ཆེན་མཁའ་འགྲོ་ཀེར་མཱེ་ལགས་ཀྱིས་ཚོགས་པ་འདིས་ད་བར་བོད་དོན་དཀའ་རྙོག་སེལ་བར་ལས་འགུལ་སྣ་མིན་སྤེལ་སྐོར་ངོ་སྤྲོད་དང་སྦྲགས། བོད་ཀྱི་འཐབ་རྩོད་དེ་ནི་དྲང་བདེན་དང་འཚེ་བ་མེད་པ། དེ་བཞིན་བྱམས་པ་བཅས་དང་འབྲེལ་བའི་འཐབ་རྩོད་ཅིག་ཡིན་པས་དྲང་བདེན་ལ་རྒྱལ་ཁ་འཐོབ་རྒྱུ་ཡོད་སྟབས་བོད་ལ་རང་དབང་གི་ཉི་མ་མགྱོགས་མྱུར་འཆར་རྒྱུ་ཡིན་པ་སོགས་གསུངས་སོང་།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་ཡོངས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས་སུ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་གལ་གནད་ངོ་སྤྲོད་དང་སྦྲགས། བོད་མི་ཚོས་ནཱ་ལེནྡཱའི་གཞུང་ལུགས་བདག་གཅེས་གནང་ཡོད་སྐོར་དང་། འདས་པའི་ལོ་རབས་ནང་རྒྱ་གཞུང་གིས་བོད་མིའི་སྐད་ཡིག་ལ་དམ་དྲག་དང་དྲག་གནོན་སོགས་བྱེད་བཞིན་ཡོད་ཀྱང་བོད་ནང་གི་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐད་སེམས་ཤུགས་ནི་བརྗོད་དུ་མེད་པ་ཞིག་ཡོད་པ་བཀའ་བསྩལ་འདུག  དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ངོ་སྤྲོད་མཛད་པ་དང་འབྲེལ་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ནི་འཛམ་གླིང་གི་སྤྱི་ནོར་ཞིག་ཆགས་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་དེ་འབྲེལ་གཞན་ལ་འགྲེལ་བརྗོད་གནང་དགོས་པ་དང་། ལྷག་དོན་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞལ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་མཛད་ཡོད་པ་མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་སླད་མར་བོད་ཀྱི་གནས་སྟངས་ལ་བསྒྱུར་བ་འགྲོ་བའི་ཐུགས་རེ་ཡོད་པ་དང་། ལྷག་དོན་སླད་མར་༸མགོན་པོ་མཆོག་རྒྱ་ནག་ནང་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་ཏུ་གནས་གཟིགས་སུ་ཆིབས་བསྒྱུར་བསྐྱང་འདོད་ཡོད་སྐོར་བཀའ་བསྩལ་འདུག   གཞི་རྩའི་ཁ་སང་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་རིགས་ཉུག་ཧན་ཁྲེན་ལགས་ཀྱིས་བརྩམས་པའི་དཔེ་དེབ་བོད་དེ་གནའ་ནས་ད་ལྟའི་བར་དུ་རྒྱ་ནག་གི་ཆ་ཤས་ཤིག་གཏན་ནས་མིན་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། ཁ་སང་ཚེས་ ༣ ནས་འགོ་འཛུགས་ཀྱིས་ཚེས་ ༥ བར་འཚོགས་རྒྱུའི་ཚོགས་ཆེན་ཐོག་བོད་དོན་ཐད་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོང་ཐབས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་བརྗོད་གཞི་ཐོག་ལ་ཚོགས་ཆ་བགོས་ཀྱིས་བཀའ་བསྡུར་གནང་གི་ཡོད་པ་རེད།  

བོད་རྒྱ་གྲོས་མོལ་ཞུ་གཏུག་སྐོར་བསྐྱོད་བ་སུད་སི་ནང་འབྱོར།

བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བའི་ཆེད་དུ་སྤྱི་ལེ་ ༢༥༠༠༠ ཙམ་ལ་སྣུམ་འཁོར་བཏང་ནས་ཟླ་བ་གཉིས་ལྷག་གི་རིང་རོབ་རྒྱལ་ཁབ་ཁག་ ༣༠ ནང་དུ་བོད་དོན་ཞུ་གཏུག་སྐོར་གནང་བཞིན་པ་ཡོ་རོབ་སྤྱི་འཐུས་གྲྭ་ཐུབ་བསྟན་དབང་ཆེན་ལགས་དང་ཁོང་གི་ཕྱག་རོག་སེ་པན་ཡིན་པ་སྐུ་ཞབས་ Javier Nogue ལགས། དེ་བཞིན་སྐུ་ཞབས་ Pau Nubiola ལགས་བཅས་ཁོང་གསུམ་ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོ་མཐའ་མའི་བོད་དོན་ཞུ་གཏུག་སྐོར་བསྐྱོད་གནང་ཡུལ་གྱི་ཡོ་རོབ་རྒྱལ་ཁབ་སུད་སི་ནང་དུ་ཕེབས་འབྱོར་བྱུང་ཡོད་པ་རེད། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་བོད་རིགས་མི་མང་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད་ལྷག་པར་དུ་སུད་སི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Niklaus Gugger ལགས་གཙོ་བཞུགས་ཐོག་ས་གནས་བོད་རིགས་མི་མང་འདུ་འཛོམས་ཀྱིས་བོད་དོན་ཞུ་གཏུག་སྐོར་བསྐྱོད་གནང་མཁན་ཁོང་རྣམ་པ་གསུམ་ལ་ཕེབས་བསུའི་སྣེ་ལེན་གྱི་གསོལ་སྟོན་བཤམས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཡོ་རོབ་བོད་དོན་གྲོས་མོལ་ཞུ་གཏུག་གི་སྐོར་བསྐྱོད་གནང་མཁན་ཡོ་རོབ་སྤྱི་འཐུས་གྲྭ་ཐུབ་བསྟན་དབང་ཆེན་ལགས་སུ་གནས་འདྲི་ཞུས་པར་ཐེངས་འདིའི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་ནི་ཁོང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་འདོན་སྤྱི་དང་སྒོས་བོད་རྒྱ་གཉིས་དབར་གྲོས་མོལ་བསྐྱར་གསོ་མགྱོགས་མྱུར་ཡོང་བའི་ཆེད་དུ་འདི་ལོའི་བོད་མིའི་མང་གཙོའི་དུས་ཆེན་ཉིན་ནད་དབུ་འཛུགས་གནང་སྟེ་སེ་པན་གྱི་གྲོང་ཁྱེར་སྦར་སི་ལོ་ན་ཡོ་རོབ་རྒྱལ་ཁབ་སུམ་ཅུའི་ནང་དུ་སྐོར་སྐྱོད་གནང་ཡོད་ཅིང། སུད་སི་འདི་བོད་དོན་ཞུ་གཏུག་སྐོར་བསྐྱོད་གནང་ཡུལ་ཡོ་རོབ་རྒྱལ་ཁབ་མཐའ་མ་དེ་ཆགས་ཀྱི་ཡོད་པ་གསུངས་སོང་། འདས་པའི་ཟླ་བ་གཉིས་ལྷག་ཙམ་གྱི་རིང་བོད་དོན་སྐོར་བསྐྱོད་དེའི་ཁྲོད་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་སོ་སོའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང། དེ་བཞིན་ཡུལ་ཁག་སོ་སོའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཁག་གི་སྒོ་རྡུང་བཞིན་བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་ཡོང་བའི་ཞུ་སྙན་སོགས་ཕུལ་བ་དང། ས་གནས་སོ་སོའི་གསར་ཁང་ཁག་ཏུ་བོད་དོན་བཅར་འདྲི་དང་ལེན་བཅས་གནང་ཡོད་པ་རེད། སང་ཉིན་ཕྱི་ཚེས་ ༥ ཉིན་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནས་སུད་སི་རི་ཀོན་ཆོས་སྐོར་གློང་དགོན་པ་དང་། གནངས་ཉིན་ཕྱི་ཚེས་ ༦ ཉིན་སུད་སི་རྒྱལ་ས་སྦན་ནང་གཞུང་འབྲེལ་གནད་ཡོད་མི་སྣ་ཐུག་འཕྲད་བརྒྱུད་ནད་བོད་དོན་ཞུ་གཏུག་དང་། རྒྱ་ནག་གཞུང་ཚབ་ལ་བོད་དོན་ཞུ་སྙན་ཕུལ་རྒྱུ། དེ་བཞིན་མཐར་ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་ཐང་ཆེན་དུ་ཐེངས་འདིའི་ཡོ་རོབ་རྒྱལ་ཁབ་སུམ་ཅུའི་ནང་གི་ཡོ་རོབ་གྲོལ་མོལ་ཞུ་གཏུག་གི་སྐོར་བསྐྱོད་ལས་འགུལ་དེ་མཇུག་སྒྲིལ་གནང་རྒྱུ་རེད་འདུག

ཅེཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཆེས་ཇེ་སྡུག་ཏུ་འགྲོ་བཞིན་པ།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་ལས་བྱེད་བགྲེས་པ་ཞིག་གིས་བདུན་ཕྲག་འདིའི་ནང་རྒྱ་ནག་ནས་ཡོ་རོབ་རྒྱལ་ཁབ་ཀྱི་བདག་དབང་ལ་གུས་བརྩི་དགོས་པའི་ཉེན་བརྡ་བཏང་འདུག དེ་ཡང་ཟླ་ ༡༠ པའི་ཚེས་ ༣༠ ཉིན་ Aljazeera གཙོས་པའི་བརྒྱུད་ལམ་ཁག་ནས་ཐོན་པའི་གནས་ཚུལ་ལ་གཞིགས་ན་ཉེ་ལམ་ཚེས་ ༢༩ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ Jaroslav Kubera ལགས་དང་ཅེཀ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་ Zhang Jianmin གཉིས་དབར་ཐུག་འཕྲད་ཀྱིས་གནད་དོན་ཁག་གཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་དང་། སྐབས་དེར་ Zhang Jianmin གྱིས་སྐུ་ཞབས་ Kubera ལགས་ཟླ་ ༡༠ པའི་འགོ་སྟོད་དུ་ཐེ་ཝན་ནས་གོ་སྒྲིག་ཞུས་པའི་སྣེ་ལེན་གྱི་དགའ་སྟོན་ཐོག་ཏུ་མཉམ་ཞུགས་དང་སྦྲགས། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཟུང་འབྲེལ་སྐོར་གསུང་བཤད་གནང་བ་དང་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཀྱི་སྐུ་ཚབ་དང་ལྷན་དུ་སྐུ་པར་སྒྲོན་པ་སོགས་གནང་བར་སྐྱོན་བརྗོད་བྱས་ཡོད་པ་རེད། Zhang Jianmin གྱིས་རྒྱ་ནག་ནས་ཅེཀ་ནང་ཉེ་ལམ་ཡོ་རོབ་ཀྱི་སྒོར་མོ་ཐེར་འབུམ་ལྷག་འགྲོ་གྲོན་བཏང་ཡོད་སྟབས་ད་ཆ་ཅེཀ་ནས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་བྱུས་ལ་ཕོག་ཐུག་འགྲོ་བའི་ལས་དོན་གཉེར་ན་དེས་ཡུལ་དེའི་དཔལ་འབྱོར་གྱི་གནས་བབ་ལ་གྱོད་གུད་དང་ཉེན་ཚབས་བཟོ་ངེས་ཡིན་པ་ཉེན་བརྡ་བཏང་འདུག འོན་ཀྱང་སྐུ་ཞབས་ Kubera ལགས་ཀྱིས་པེ་ཅིན་ནས་ཐེ་ཝན་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱེད་ཀྱི་མེད་ཀྱང་རྒྱ་ནག་གིས་དེར་ཁས་ལེན་མ་བྱེད་པའི་རྒྱུ་རྐྱེན་ལ་བརྟེན་ནས་རང་ཉིད་ཅེཀ་གྲོས་ཚོགས་ཀྱི་སྐུ་ཚབ་ཞིག་ཡིན་པའི་ཆ་ནས་ཐེ་ཝན་གྱི་སྐུ་ཚབ་དང་བཀའ་མོལ་མ་གནང་ནས་བཞུགས་ན་རྒྱུ་མཚན་གང་ཡང་མ་མཐོང་བ་དང་སྒོས་ཐེ་ཝན་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་འབྲེལ་བཞག་སའི་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཤོས་གསུམ་པ་དེ་ཡིན་པ་གསུངས་འདུག སྐུ་ཞབས་ Kubera ལགས་ཀྱིས་ང་ཚོས་རྒྱ་ནག་གི་བཞེངས་ཕྱོགས་ཤེས་ཀྱི་ཡོད་པ་བཞིན་རྒྱ་ནག་ནས་ང་ཚོའི་བཞེངས་ཕྱོགས་ཤེས་དགོས་པ་དང་ལྷག་པར་དུ་པེ་ཅིན་ནས་ཅེཀ་རྒྱལ་ཁབ་ལ་སྟོབས་ཤུགས་སྤྱད་ནས་སྡིག་ར་སྐུལ་རྒྱུ་མེད་པ་གསུངས་འདུག རྒྱ་ནག་དེ་སྔ་ཨུ་རུ་སུ་རྒྱལ་ཁབ་ཁ་གཏོར་ཕྱིན་པ་བཞིན་དེ་ལྟར་ཆགས་ངེས་ལ་འཇིགས་ནས་དེ་གའི་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་གནད་དོན་ལ་ཚོར་བ་སྐྱེན་པོ་ངང་རྣམ་འགྱུར་སྟོན་པ་དང་སྒོས་བོད་དང་ཐེ་ཝན་གྱི་གནད་དོན་མ་ཡིན་པར་གཙོ་བོ་རྒྱ་ནག་སྐམ་ས་ཆེན་པོ་མགོ་རྟིང་སློག་པར་ཞེད་སྣང་གིས་སེམས་འཚབ་བྱེད་བཞིན་པ་གསུངས་འདུག རྩ་བའི་ཉེ་ལམ་ཅེཀ་ཀྱི་རྒྱལ་ས་པྲཱག་གི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Zdenek Hrib ལགས་ནས་དེ་སྔ་ཡུལ་དེའི་ནང་ཕྱི་རྒྱལ་གཞུང་འབྲེལ་མི་སྣའི་ལྷན་སྐབས་རྒྱ་ནག་ནས་ཐེ་ཝན་གྱི་སྐུ་ཚབ་མཉམ་ཞུགས་གནང་རྒྱུའི་ཐད་ལ་ངོ་རྒོལ་བྱས་པ་དེ་ལྟར་ཡང་། སྐུ་ཞབས་ Hrib ལགས་ཀྱིས་དེར་ཁས་ལེན་ཞུས་མེད་པ་དང་དེ་སྔ་པྲཱག་དང་རྒྱ་ནག་གཉིས་བར་སྤུན་སྲིང་གི་གྲོང་ཁྱེར་གན་རྒྱ་འོག་རྒྱ་ནག་གཅིག་ལ་བརྩི་བཀུར་ཞེས་པའི་ཆ་རྐྱེན་དེ་ཕྱིར་འཐེན་དགོས་པའི་དགོས་འདུན་དང་དེ་ལྟར་མ་གནང་ཚེ་གན་རྒྱ་རྩིས་མེད་བཏང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད། ད་དུང་དེ་སྔ་སྐུ་ཞབས་ཁོང་གིས་པྲཱག་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུས་ཀྱིས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་གྲོང་ཁྱེར་གྱི་ལྡེ་མིག་བཅས་ཀྱང་ཕུལ་ཡོད་པ་རེད།  ཉེ་ལམ་རྒྱ་ནག་གིས་ཡུལ་དེའི་ནང་ཅེཀ་ཀྱི་ Prague Philharmonic དང་ Prague Quartet དེ་བཞིན་ Prague Radio Symphony Orchestra སོགས་རོལ་རྩེད་རུ་ཁག་ནས་རོལ་དབྱངས་གཟིགས་འབུལ་ཞུ་སླད་ཕེབས་ཡོད་ཀྱང་རྒྱ་གཞུང་གིས་དེར་འཁོན་ལན་ཚུལ་དུ་རོལ་དབྱངས་ཚོགས་པ་དེའི་འཁྲབ་སྟོན་ཕྱིར་འགྱངས་བྱས་ཡོད་པ་རེད། སྐབས་དེར་ Zhang Jianmin ཀྱིས་གནད་དོན་དེར་ངོས་ལེན་མ་བྱས་པ་དང་རྒྱུ་མཚན་གཞན་བགྲངས་ཀྱང་། ཅེཀ་རིག་གཞུང་བློན་ཆེན་སྐུ་ཞབས་ Lubomír Zaorálek མཆོག་གིས་རྒྱ་གཞུང་གི་བྱ་སྤྱོད་དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དོ་ཕོག་གཏོང་གི་ཡོད་པར་སྐྱོན་བརྗོད་དང་འབྲེལ།  Zhang Jianmin  ཡིས་རྫུན་བཤད་ཀྱི་ཡོད་པ་གསུངས་ཡོད་པ་དང་། གང་ལྟར་བཞེངས་ཕྱོགས་མི་འདྲ་བ་བཅངས་བའི་སྒོ་ནས་ཕན་ཚུན་ལབ་གླེང་དང་དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་བཞིན་པ་རེད་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ Milos Zeman ནས་དེ་སྔ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་ཞུ་མཁན་དང་རྒྱ་ནག་དང་ལྷན་འབྲེལ་བ་དམ་ཟབ་བྱེད་འདོད་ཞིག་ཡོད་ཀྱང་། ཡུལ་དེའི་ Pirate ཆབ་སྲིད་ཚོགས་པ་ཞེས་ཆབ་སྲིད་ཚོགས་པ་ཤུགས་ཆེ་ཤོས་ཀྱི་འགོ་ཁྲིད་སྐུ་ཞབས་ JAKUB MICHALEK ལགས་ཀྱིས་ང་ཚོས་རྒྱ་ནག་དང་ལྷན་དོན་དམ་གྱི་འབྲེལ་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་གནད་དོན་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་ཆེ་མཐོང་ལ་དོ་ཕོག་གཏང་རྒྱུ་མེད་པ་མ་ཟད། ཅེཀ་ཀྱི་སྲིད་འཛིན་གོང་མ་སྐུ་ཞབས་ Vaclev Havel མཆོག་གི་འགྲོ་བ་མིའི་བདེ་རྩའི་སླད་ཕྱི་འབྲེལ་གྱི་སྲིད་བྱུས་ཆེད་འཛུགས་གནང་བ་དེ་རྒྱུན་མཐུད་རྒྱུ་ཡིན་པ་གསུངས་འདུག

ཁམས་དཀར་མཛེས་ཁུལ་དུ་གློག་ཁང་བདུན་ཅུ་ལྷག་འཛུགས་སྐྲུན་བྱེད་བཞིན་པར་སེམས་འཚབ།

རྒྱ་ནག་གིས་རྒྱལ་ཡོངས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞིའི་ཁྲོད་དུ་བོད་ཁམས་དཀར་མཛེས་ཀྱི་ཁུལ་དུ་ཆུ་ཤུགས་གློག་ཁང་བདུན་ཅུ་ལྷག་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པ་དང་ལས་གཞི་དེའི་ཁྲོད་ས་གནས་བོད་མི་ཞིང་འབྲོག་གི་ཁྱིམ་ཚང་མང་དག་ཅིག་བཙན་དབང་གི་ཐོག་ནས་གནས་སྤོ་བྱེད་དགོས་ཀྱི་ཡོད་པ་ལྟར་བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་མི་དེ་དག་གི་གནས་བབ་ཐད་སེམས་འཚབ་ཆེན་པོ་གནང་བཞིན་འདུག ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་གཅིག་ཏུ་ཐོན་པའི་གནས་ཚུལ་ལུང་འདྲེན་གནང་བ་ལྟར་ན་ཆུ་གློག་གསར་རྒྱག་གི་ལས་འཆར་དེ་དག་བོད་ནང་གི་ཡར་གླུང་གཙང་བོ་དང་འབྲི་ཆུ། དེ་བཞིན་རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་ཁར་རྒྱག་འགོ་བཙུགས་ཟིན་པ་མ་ཟད་ཆུ་གློག་གསར་རྒྱག་གི་ལས་གཞིའི་ཁྲོད་དུ་རྒྱ་སྒོར་ཐེར་འབུམ་དགུ་ལྷག་ཆེད་གཏོང་གིས་བོད་མི་ཞིང་འབྲོག་གི་ཁྱིམ་ཚང་མང་པོ་བཙན་དབང་གིས་དཀར་མཛེས་ཁུལ་གྱི་དར་རྩེ་མདོ་དང་ལྕགས་ཟམ་རྫོང་། དེ་རོང་གྲག་རྫོང་དང་བརྒྱད་ཟུར་རྫོང་བཅས་སུ་གནས་སྤོ་བྱེད་བཞིན་ཡོད་པ་རེད་འདུག གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དབྱིན་ཡིག་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་སུ་བཀའ་འདྲི་ཞུས་པར་ཐེངས་འདིའི་ལས་གཞིའི་འོག་ནས་བོད་ཁྱིམ་ག་ཚོད་ཅིག་གནས་སྤོ་བྱས་ཡོད་མེད་དེ་གསལ་པོར་ཤེས་རྟོགས་མ་བྱུང་མེད་ཀྱང་། བོད་མི་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པ་དེས་ཞིང་འཕྲོག་མང་ཚོགས་གི་ལྷིང་འཇགས་ཀྱི་འཚོ་བ་ལ་རྡབ་གསིག་ཆེན་པོ་ཐེབས་ཡོད་པ་ངོ་སྤྲོད་གནང་སོང་། དེ་བཞིན་རྒྱ་ནག་གིས་གནས་ཚུལ་བཀོད་པའི་ནང་དུ་བོད་ཁུལ་དུ་ཆུ་གློག་འཛུགས་བསྐྲུན་བྱེད་བཞིན་པ་དེ་ཟི་ཁྲོན་ཞིང་ཆེན་གྱི་དབུལ་གཏོར་མཁྲེགས་གཏོད་ཀྱི་ཚོགས་པ་དང་། དེ་བཞིན་དཀར་མཛེས་ཁུལ་གྱི་དམར་ཤོག་ཚོགས་པའི་ལམ་སྟོན་གྱི་འོག་ནསབོད་ཁུལ་གྱི་ས་གནས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་ཀྱིས་ལས་འཆར་དེ་དང་འབྲེལ་ནས་ཁུལ་དེའི་མྱུར་སྐྱོད་ཀྱི་གཞུང་ལམ་སྤྱི་ལེ་ ༢༣༠ ལྷག་ཀྱང་གསར་རྒྱག་བྱས་ཡོད་པ་བཀོད་ཡོད་པ་རེད། འོན་ཀྱང་ཟླ་བ་ལགས་ཀྱིས་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཅོམ་བྱེད་ཀྱི་ཡོད་པ་མ་ཟད་འཛུགས་སྐྲུན་གྱི་ལས་གཞི་དེ་དག་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་དམིགས་པ་ཞིག་ཡིན་པ་ལས་ས་གནས་ཀྱི་བོད་མིར་ཁེ་བཟང་གང་ཡང་མེད་སྐོར་གསུངས་སོང་། རྩ་བའི་བོད་དེ་ལྷོ་ཨེ་ཤ་ཡའི་རྒྱུག་ཆུ་མང་པོ་ཞིག་གི་འགོ་ཁུངས་ཆགས་ཡོད་སྟབས་རྒྱ་ནག་གིས་བོད་ནང་གི་རང་བྱུང་ཁོར་ཡུག་ལ་རྩ་གཏོར་གྱིས་ཆུ་མཛོད་དང་ཆུ་གློག་གསར་རྒྱག་གི་ལས་གཞི་རྒྱ་ཆེར་སྤེལ་གྱི་ཡོད་པ་མ་ཟད།  བོད་ཀྱི་རྨ་འབྲུ་རྫ་གསུམ་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་སྤྱི་གླིང་ཞིག་ཏུ་བསྒྱུར་རྒྱུའི་ལས་འཆར་ཁྲོད་ཡུལ་ལུང་དེ་གར་གནས་པའི་བོད་མི་སྟོང་ཕྲག་མང་པོ་བཙན་དབང་གིས་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་པར་བརྟེན་བོད་མི་རྣམས་ཀྱིས་རང་གི་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་ཡོངས་སུ་དོར་ནས་གྲོང་ཁྱེར་དུ་གནས་སྤོར་གྱིས་འཚོ་བ་གསར་བ་ཞིག་མདུན་དུ་བསུ་སྐབས་དཔལ་འབྱོར་ཐོན་སྐྱེད་དང་ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་ཡོངས་ལ་ངལ་བ་ཆེནཔོ་འཕྲད་ཀྱི་ཡོད་པ་རེད།

༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ཞུ་དགོས་པའི་སྐྱོན་བརྗོད།

ཉེ་ཆར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་བཞུགས་སྒར་དྷ་རྨ་སཱ་ལཱར་ཕེབས་སྐབས་སུ་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བར་སྐྱོན་བརྗོད་གནང་བ་དང་། བོད་མི་རྣམས་ལ་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བདམ་དབང་ཆ་ཚང་ཡོད་པ་གསུངས་པ་མ་ཟད་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་དང་འབྲེལ་ཐག་གཅོད་གནང་དབང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམ་པ། དེ་བཞིན་བོད་མི་རྒྱ་ཆེ་མང་ཚོགས་བཅས་ལ་ཡོད་པ་ལས་གཞན་རྒྱལ་ཁབ་སུ་ལ་ཡང་ཐོབ་ཐང་མེད་པར་ནན་བརྗོད་གནང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྐུ་ཞབས་ Brownback མཆོག་ལ་སྐྱོན་བརྗོད་དང་འབྲེལ་ཏེ་སླད་མར་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་བདག་དབང་ཐོག་རྒྱ་གཞུང་ནས་བཀའ་འཁྲོལ་ངེས་པར་དུ་ཞུ་དགོས་ཞེས་སྐྱོན་བརྗོད་བསྐྱར་ནན་བྱས་འདུག Indiatoday གཙོས་པའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡིས་གསར་འགོད་པར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐུ་ཚབ་ཀྱི་གསུངས་པ་དེས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱས་པ་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་བཙན་བྱོལ་ནང་དུ་ཆོས་ཀྱི་མཚན་ཐོག་ནས་རྒྱ་ནག་ལ་གནོད་གཞིའི་ལས་དོན་སྤེལ་མཁན་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་མི་སྣ་སུ་འདྲ་ཞིག་ནས་༸གོང་ས་མཆོག་དང་འབྲེལ་བ་གནང་བར་མཐའ་གཅིག་ཏུ་མུ་མཐུན་མེད་པ་དང་། ལྷག་པར་དུ་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་གཅིག་གིས་བཀའ་མོལ་གསུང་སྟངས་དང་བྱ་སྤྱོད་སྤེལ་སྟངས་རྣམས་ཨ་རིའི་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་རང་བཙན་གྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུ་མིན་པའི་སྲིད་བྱུས་དང་རྒྱབ་འགལ་ཆགས་ཀྱི་ཡོད་པས་དེར་རྒྱ་ནག་གཞུང་གིས་དགག་པ་ཡོད་སྐོར་སྐྱོན་བརྗོད་བྱས་འདུག ཁོ་པས་ད་དུང་སྤྲུལ་པའི་སྐུ་འམ་ཡང་སྲིད་ཕེབས་རྒྱུའི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་དེ་ནི་ལམ་དང་ལུགས་སྲོལ་གཏན་འབེབས་ཡོད་པའི་འགྲོ་ལུགས་ཤིག་གི་ཐོག་ནས་བདམ་གྱི་ཡོད་སྐོར་དང་འབྲེལ། བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲི་མཐོ་ཤོས་སུ་ངོས་འཛིན་བཞིན་པ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཀྱང་རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་ཏེ་བདམས་པ་ཞིགཡིན་པར་བཤད་པ་མ་ཟད་རྒྱ་ནག་གཞུང་ནས་ཆོས་དོན་སྒྲིག་གཞི་དང་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་བཏང་འཛིན་གྱི་སྒྲིག་གཞིའི་འོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་བདམ་ཕྱོགས་ཀྱི་ལམ་ལུགས་ལ་གུས་བརྩི་དང་ཆོས་དད་རང་དབང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བཤད་ཡོད། ཨ་རིའི་གཞུང་གིས་ཏཱ་ལའི་རུ་ཚོགས་དང་ལྷན་དུ་འབྲེལ་བ་བྱ་མཚམས་བཞག་དགོས་པ་དང་འགན་ཁུར་མེད་པའི་གཏམ་བཤད་འདི་རིགས་སྤེལ་མཚམས་བཞག་དགོས་པ་དེ་བཞིན་བོད་དང་འབྲེལ་བའི་གནད་དོན་ཐོག་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐད་བྱུས་བྱ་མཚམས་བཞག་སྟེ་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུར་དོ་སྣང་ཆེ་ཙམ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག རྩ་བའི་ཉེ་ཆར་ཟླ་བ་འདིའི་ཟླ་མགོར་བཞུགས་སྒར་གངས་སྐྱིད་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དེ་ཚོགས་ཐོག་ཚོགས་བཅར་བ་རྣམ་པ་མགྲིན་དབྱངས་གཅིག་གྱུར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་རྣམས་ངེས་ཕེབས་ཡོང་བའི་མགྲིན་དབྱངས་གཅིག་གྱུར་གྱི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཉིད་མཆོག་དང་། ༸གོང་ས་ཏཱ་བླའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས་གཞན་རྒྱལ་ཁབ་དང་གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལ་ཡང་མེད། དེ་བཞིན་རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་གནང་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པ་བརྒྱུད་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་བྱུས་ངན་བཏོན་དང་འདོན་བཞིན་པ་དེར་དགག་པ་མཐའ་ཅིག་ཏུ་བྱ་རྒྱུ་ཞེས་གྲོས་ཆོད་ནང་གསེས་བཞི་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུའང་ Tibet Policy and Support Act of 2019 ཞེས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ཁྲིམས་ཆར་ཆེད་འདོན་གྱིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་དང། དེའང་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་རྗེས་འབྲང་པ་རྣམས་ལ་ཐག་གཅོད་གནང་རྒྱུའི་གནད་དོན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱལ་སྤྱིའི་ཁྲོད་ཨ་རིའི་ལྟ་བུའི་བཞེངས་ཕྱོགས་འཛིན་མཁན་རྒྱལ་ཁབ་དང་ལྷན་དུ་མཉམ་རུབ་ཀྱིས་རྒྱ་ནག་གི་༸སྐུའི་ཡང་སྲིད་བདམ་རྒྱུའི་འཆར་གཞིར་གདོང་ལེན་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད། དེ་དོན་ཨ་རིའི་ས་གནས་འདྲ་མིན་གྱི་བོད་རིགས་ཚོགས་པ་ཁག་དང་སྐུ་ཚབ་དོན་ཁང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ཨ་རིའི་རྒྱལ་ཡོངས་སུ་བོད་དོན་ཁྲིམས་གཞིར་རྒྱབ་སྐྱོར་དགོས་པའི་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་གྲོས་ཚོགས་འཐུས་མིའི་ཁོངས་སུ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

Latest news