Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

འདི་ལོ་རྒྱ་ནག་གིས་ཕྱི་ཕྱོགས་སུ་སྤེལ་བའི་འཁྱོགས་བཤད་དྲིལ་བསྒྲགས་ཁག་ལམ་ལྷོངས་བྱུང་མེད་པ་མངོན་གསལ་གནང་འདུག

ཁ་ན་ཊར་རྟེན་གཞི་བྱས་པའི་Chauncey Jung ཞུ་བའི་རྒྱ་ནག་གི་དྲ་རྒྱ་ཞིབ་འཇུག་པ་ཞིག་གིས་ལྷོ་རྒྱ་ནག་གི་སྔ་དྲོའི་ཆ་འཕྲིན་གྱི་སྟེང་ལ་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་འཛིན་ཞི་ཅིན་ཕིང་གི་ལམ་སྟོན་ལྟར་རྒྱ་ནག་སྲིད་གཞུང་གིས་འགྲོ་སོང་ཕོན་ཆེར་བཏང་སྟེ་ཕྱི་ཕྱོགས་སུ་ཧོང་ཀོང་དང་ཞིན་ཅང་། དེ་བཞིན་ཧཱོ་བཱེ་བཟོ་ཚོང་ཁང་། གཞན་ཡང་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་ཚོང་དམག་སོགས་དང་འབྲེལ་བའི་འཁྱོགས་བཤད་དྲིལ་བསྒྲགས་སྣ་མང་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་ནའང་། འདི་ལོའི་ནང་དུ་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ལས་གཞི་དེར་གྲུབ་འབྲས་མ་སྨིན་པ་མ་ཟད། ཕྱོགས་ཡོངས་ནས་ཕམ་ཉེས་ཆེན་པོ་བྱུང་ཡོད་པར་མངོན་གསལ་གནང་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༦ ཉིན་ལྷོ་རྒྱ་ནག་སྔ་དྲོའི་ཆ་འཕྲིན་གྱི་དྲ་གནས་ཐོག Chauncey Jung ལགས་ཀྱིས་བྲིས་གནང་བའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གི་ནང་དུ་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཡོངས་སུ་བཀག་སྡོམ་གྱིས་རྒྱ་ནག་གིའཁྱོགས་བཤད་དྲིལ་བསྒྲགས་མ་གཏོགས་སྤེལ་མེད་སྟབས། རྒྱ་ནག་ནང་ཁུལ་དུ་དྲིལ་བསྒྲགས་དེའི་རིགས་གང་འཚམས་ལམ་ལྷོངས་བྱུང་ཡོད་ནའང་། ཕྱོགས་གཞན་ཞིག་ནས། རྒྱ་ནག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་སྣ་མང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཐབས་བྱས་ཡོད་པ་རྣམས་ལམ་ལྷོངས་མ་བྱུང་བར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲོད་ཀྱི་རྒྱ་ནག་གི་ཆེ་མཐོང་ཡང་རང་བཞིན་གྱིས་བརླགས་འགོ་ཚུགས་ཡོད་པར་བརྟེན། སྲིད་གཞུང་གི་དགོས་འདོད་ཐམས་ཅད་ལ་གྲུབ་འབྲས་གཅིག་ཀྱང་ཐོན་མེད་པར་གསུངས་འདུག Chauncey ལགས་ཀྱིས་ད་དུང་། རྒྱ་ནག་གི་གསར་འགོད་པ་ཟུར་བ་ Jasper Jia ལགས་ཀྱིས་རང་གི་ Twitter དྲ་གནས་བརྒྱུད་རྒྱ་ནག་སྲིད་གཞུང་གི་ལྷན་ཁང་མང་དག་ཅིག་གིས་ལོ་ངོ་བཅུ་ཕྲག་གཅིག་ཙམ་གི་རིང་ལ་འགྲོ་གྲོན་འབོར་ཆེན་བཏང་ནས་དྲིལ་བསྒྲགས་ཀྱི་ལས་གཞི་བརྩམས་ཡོད་ནའང་རྒྱ་ནག་དབུས་དམར་ཤོག་གཞུང་གི་བརྙན་འཕྲིན་ཁང་གི་ཡུག་ཊིབ་ ( Youtube) དྲ་རྒྱར་ལྟ་ཀློག་བྱེད་མཁན་གྱི་མི་གྲངས་ས་ཡ་གཅིག་ལས་བྱུང་མེད་ནའང་། དེང་སྐབས་རྒྱ་ནག་གི་དྲ་རྒྱའི་སྟེང་གི་སྙན་གྲགས་ཆེ་བའི་བུ་མོ་ལཱི་ཙི་ཆི་ཡི་དྲ་རྒྱར་མི་གྲངས་ས་ཡ་བདུན་དང་ཕྱེད་ཙམ་ལྟ་མཁན་བྱུང་ཡོད་སྟབས། རྒྱ་ནག་གཞུང་གི་དྲ་རྒྱ་ལས་བུ་མོ་ཆུང་ཆུང་ཞིག་གིས་དྲ་རྒྱར་བལྟ་མཁན་མང་བ་ཡོད་པ་ཐེར་འདོན་བྱས་ཡོད་པ་ལུང་འདྲེན་གྱིས། སྤྱིར་སྒེར་གྱི་དྲ་རྒྱའི་ཐོག་དམ་དྲགས་ཤུགས་ཆེར་བྱེད་མཁན་གྱི་རྒྱ་ནག་སྲིད་གཞུང་གིས་བུ་མོ་དེའི་དྲ་ལམ་ཐོག་ Virtual Private Network ཞེས་རྒྱ་ནག་གི་དམ་དྲག་བྱེད་བཞིན་པའི་བརྒྱུད་ལམ་བེད་སྤྱོད་ཐོག་ནས་གནས་ཚུལ་བརྒྱུད་བསྒྲགས་བྱེད་རྒྱུའི་ཆོག་མཆན་ཐོབ་ཡོད་པའི་གནད་དོན་དེ་ཡང་དོགས་གཞིའི་གནད་དོན་ཞིག་ཡིན་པ་གསུངས་འདུག དེ་བཞིན་དེང་སྐབས་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་དང་གཞུང་འབྲེལ་མི་སྣ་མང་པོ་ཞིག་གིས་ཆེད་དུ་ཊྲེ་ཊྲར་( Twitter) སྤྱི་ཚོགས་དྲ་རྒྱ་གསར་འབྱེད་བྱས་ཏེ་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་འགོ་ཚུགས་ཡོད་ནའང་། ཕྱི་ཕྱོགས་ཀྱི་རང་དབང་གི་སྤྱི་ཚོགས་ཁྲོད་ཁོང་ཅག་གི་འཁྱོགས་བཤད་ཀྱི་བྱེད་ལས་དེར་སྣང་མེད་བཏང་སྟེ་དགའ་བསུ་ཞུ་མཁན་མེད་པ་ཤེས་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པར་འགྲེལ་བརྗོད་ཀྱིས། ཧོང་ཀོང་ནང་གི་དབྱེ་འབྱེད་ཀྱི་ཆབ་སྲིད་ཀྱི་ལས་གཞི་དང་ཞིན་ཅང་ནང་གི་རིག་གནས་བསྐྱར་སྤེལ་གི་བྱེད་ལས་སོགས་མིང་འདོན་གནང་སྟེ། རྒྱ་ནག་གི་དབྱེ་འབྱེད་རང་བཞིན་གྱི་སྲིད་བྱུས་ཀྱི་ཐག་གཅོད་དེ་དག་ནི་རྒྱ་ནག་གི་ཆེ་མཐོང་བརླགས་བྱེད་ཀྱི་རྒྱུ་རྐྱེན་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་རང་དབང་དང་འདྲ་མཉམ་ལ་སྐྱོད་པའི་རྨང་གཞིའི་ལམ་ཁ་ཡོད་ཚད་བཀག་འགོག་བྱས་ཡོད་པའི་སྐྱོན་བརྗོད་གནང་འདུག མ་ཟད་རྒྱ་ནག་གི་ནང་དུ་གསར་འགྱུར་རང་དབང་ལ་དམ་དྲག་དང་། ཕྱི་ལོག་གི་གསར་ཁང་དང་འབྲེལ་བའི་གསར་འགོད་པ་དང་ཉམས་ཞིབ་པ་རྣམས་ལ་དུས་བསྟུན་གྱིས་བཤུ་གཞོག་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག དབྱིན་ཡུལ་ཁུལ་གྱི་རྒྱ་ནག་གི་གཞུང་ཚབ་པ། ལུག་ཞཱོ་མིང་གིས་རྒྱ་ནག་གི་ནང་དུ་ཆབ་སྲིད་ཀྱི་བཙོན་པ་མེད་པར་ཕྱི་ལ་བསྒྲགས་བྱས་ཡོད་ནའང་། Freedom House ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་སྙན་ཐོའི་འགོ་བརྗོད་དུ། བློ་སྤོབས་ཆེན་པོའི་ངང་། རྒྱ་ནག་ནི་ཆབ་སྲིད་ཀྱི་བཙོན་པ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་འཁོད་དེ། རྒྱ་ནག་ནང་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་སྐུ་ཞབས་ལུག་ཞཱོ་པཱོ་དང་། ཡུ་གུར་ས་ཁུལ་གྱི་བཀག་སྐྱིལ་ཁང་གི་མི་དེ་དག་ཆབ་སྲིད་བཙོན་མ་མིན་ན་ཅི་རེད་ཅེས་དགག་གཞག་གནང་སྟེ། རྒྱ་ནག་གི་སྐྱག་རྫུན་དེ་དག་གིས་རྒྱལ་སྤྱིའི་སྟེང་ཁོང་ཚོར་ཆ་འཇོག་བྱེད་སྟངས་ལ་དྲི་བ་གཏོང་གི་ཡོད་པར་གསུངས་འདུག དེ་དང་མཉམ་དུ། ད་ཆ་རྒྱ་ནག་གི་འགོ་ཁྲིད་རྒན་གྲོས་རྣམས་ཀྱི་ནང་དུ་མང་གཙོའི་རྒྱལ་ཁབ་ཀྱི་ཕྱག་ལས་གནང་སྟངས་ལ་གོ་བ་ཏོག་ཙམ་རྙེད་ཀྱི་ཡོད་པ་དེ་རྣམས། རྒྱ་ནག་གི་ཕྱི་ལོག་གི་དྲིལ་བསྒྲགས་དེ་དག་ལམ་ལྷོངས་བྱུང་བར་བཀག་རྡོ་ལྟ་བུར་གྱུར་པ་དང་། རྒྱ་ནག་གིས་དཔལ་འབྱོར་སྒོ་འབྱེད་བྱས་ཏེ་མི་ལོ་བཞི་བཅུ་ལྷག་གི་ཉམས་མྱོང་ཡོད་པ་ལྟར། མང་གཙོའི་སྤྱི་ཚོགས་ཀྱི་ཕྱག་ལས་གནང་སྟངས་ལ་གོ་བ་ཏོག་ཙམ་ཞིག་རྙེད་དགོས་བ་ཞིག་ཡིན་ནའང་། རྒྱ་ནག་ནི་ད་དུང་དེ་ལས་རིང་དུ་འགོངས་ཏེ། དོན་དངོས་ཀྱི་ཐོག་མང་གཙོའི་ལྡོག་ཕྱོགས་ཀྱི་གནས་བབ་ཅིག་ཏུ་ལྷག་ཡོད་པར་འགྲེལ་བརྗོད་གནང་འདུག གཞན་ཡང་། ཁོང་གིས། རྒྱ་ནག་གི་འགོ་ཁྲིད་ཚོས་སྟོབས་ཤུགས་ངོམ་རྒྱུ་མ་གཏོགས་མང་གཙོའི་སྤྱི་ཚོགས་ཀྱི་ནང་དུ་ཐག་གཅོད་ལེན་སྟངས་སོགས་ཀྱི་མཚོན་པའི་འབྲེལ་ལམ་གྱི་རིགས་ལ་རྒྱུས་མངའ་མེད་པ་རེད། ཕྱི་ལོག་གི་མི་སེར་བཀག་སྐྱིལ་བྱས་ཏེ་གཏའ་མར་ཉར་བའི་ཐོག་ནས་ཁྲིམས་སྒྲིག་ལ་འགྱུར་བ་གཏོང་རྒྱུར་རེ་བ་རྒྱག་གི་ཡོད་པ་དེ་ནི་དུས་རབས་བཅུ་དགུ་བའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་འཛུགས་སྟངས་ཤིག་ཡིན་པར་བརྗོད་དེ། ཉེ་ཆར་རྒྱ་ནག་གིས་ཁ་ན་ཊའི་མི་སེར་གཉིས་འཛིན་བཟུང་བཀག་ཉར་བྱས་ཏེ། ཁ་ན་ཊའི་གཞུང་གིས་ཨ་རི་མཉམ་དུ་ཁྲིམས་མཐུན་གྱི་ཆངས་ཡིག་བཞག་པ་རྣམས་འགྱུར་བ་གཏོང་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན། ད་ཆ་ཨ་རིའི་གྲོས་ཚོགས་ཀྱི་ནང་དུ་ཡང་། མང་གཙོ་ཚོགས་པའི་སྟོབས་ཤུགས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཀྱི་ཡོད་པ་ལྟར། མང་གཙོ་ཚོགས་པའི་ངོས་ནས་སྤྱི་མཐུན་ཚོགས་པ་ལྟར་མ་ཡིན་པར། རྒྱ་ནག་བཙན་རྒྱལ་ལ་བཟོད་བསྲན་གཅིག་ཀྱང་བྱེད་ཀྱི་མིན་པའི་རྣམ་པ་ཕྱིར་མངོན་ཡོང་གི་ཡོད་པར་བརྗོད་འདུག ཇི་སྲིད་རྒྱ་ནག་སྲིད་གཞུང་གིས་འདྲ་མཉམ་དང་རང་དབང་གི་ལྟ་བར་གུས་བརྩི་མ་ཞུས་བར་དུ། མང་གཙོ་དང་འབྲེལ་ལམ་ཡོང་ཐབས་མེད་པ་ཞིག་ཡིན་པར་འབྲེལ་བརྗོད་ཀྱིས། ད་ལྟའི་ཆར་རྒྱ་ནག་གིས་དམ་དྲག་གི་འོག་ནས་གནས་ཚུལ་འཁོར་རྒྱུགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་དམག་འཐབ་འདིས། ཕྱི་ལོག་གི་རྒྱལ་ཁབ་རྣམས་ཀྱི་མང་གཙོ་ལ་ཉེན་ཁ་འཕྲད་ངེས་བར་བརྟེན། མང་གཙོའི་རིན་ཐང་དང་ཆིག་སྒྲིལ་སྲུང་སྐྱོབ་ལ་འཐབ་རྩོད་བྱེད་བཞིན་པ་རྣམས་ཀྱིས་ལས་འགུལ་མང་པོ་སྤེལ་རྒྱུ་ལྷག་ཡོད་པར་འཁོད་འདུག

རྒྱ་ནག་གིས་བྷེལ་ཇམ་གཞུང་ལ་བོད་མིའི་ཐོག་དམ་དྲག་དང་བཀག་སྡོམ་ཡོང་ཐབས་ཀྱི་གནོན་ཤུགས་སྤྲད་འདུག

རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་གཙོ་འཛིན་གཞོན་པ་ནོར་བུ་དོན་གྲུབ་ཉེ་ཆར་ཡོ་རོབ་ནང་འབྱོར་བ་དང་བསྟུན། ཡུལ་དེའི་གཞུང་དང་སྒྲིག་འཛུགས་ཁག་ལ་བོད་མི་ཚོ་ཡུལ་དེར་འགྲོ་བསྐྱོད་བཀག་སྡོམ་དང་ཁོང་རྣམས་ཀྱི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་འདུག དེ་ཡང་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ནོར་བུ་དོན་གྲུབ་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་འདས་པའི་རེས་གཟའ་ཕུར་བུ་ནས་ཉི་མའི་བར་ཉིན་གྲངས་བཞིའི་རིང་། ཡུ་རོབ་བྷེལ་ཇམ་ལ་ལྟ་སྐོར་དུ་འབྱོར་ཡོད་པ་ལྟར། སྐུ་ཚོགས་ཚོགས་ཆུང་དེས་བྷེལ་ཇམ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ Andre Flahuat ལགས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་Els Van Hoof སོགས་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་གྲོས་མོལ་གནང་ཡོད་པ་མ་ཟད། ས་གནས་ཀྱི་དཔོན་རིགས་དང་ཆེད་མཁས་པ་ཁག་ཅིག་བཅས་ཐུགས་འཕྲད་ཀྱིས་དགོངས་ཚུལ་བརྗེ་རེས་གནང་འདུག སྐབས་དེར་ནོར་བུ་དོན་གྲུབ་ཀྱིས་རྒྱ་ནག་གིས་བོད་ཐོག་བཟུང་པའི་སྲིད་བྱུས་ངོ་སྤྲོད་དང་དེ་བཞིན་འདས་པའི་ལོ་དྲུག་བཅུའི་ནང་དམངས་གཙོའི་བཅོས་སྒྱུར་ཐོག་ནས་འགྱུར་བ་ཆེན་པོ་བཏང་སྟེ་ད་ཆ་བོད་ནང་དེ་སྔ་བྱུང་མྱོང་མེད་པའི་ཡར་རྒྱས་དང་གྲངས་ཉུང་མི་རིགས་རྣམས་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་ཚུལ་སོགས་འགྲེལ་བརྗོད་བྱས་བ་མ་ཟད། ལྷག་པར་དུ་བོད་དང་འབྲེལ་བའི་གནད་དོན་དེ་རྒྱ་ནག་གི་གལ་ཆེའི་གནད་དོན་དང་རྒྱ་མི་རིགས་ཀྱི་ཚོར་བ་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས་བྷེལ་ཇམ་ངོས་ནས་བོད་དང་འབྲེལ་བའི་གནས་ཚུལ་རིགས་གླེང་རྒྱུར་གཟབ་ནན་གནང་དགོས་པ་དང་དེ་བཞིན་ཏཱ་ལའི་བླ་མའི་ཕྱོགས་གཏོགས་ཀྱི་འགོ་ཁྲིད་ཚོ་བྷེལ་ཇམ་ནང་བསྐྱོད་རྒྱུར་བཀག་སྡོམ་དང་དེ་དག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུར་རྒྱབ་སྐྱོར་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲོད་ཐབས་བྱས་པ་དང་ཆབས་ཅིག བྷེལ་ཇམ་གྱིས་རྒྱ་ནག་ལྷན་དུ་འབྲེལ་ལམ་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་པའི་ཕྱག་ལས་གནང་དགོས་སྐོར་ནན་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐད་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་གནས་ཚུལ་དེ་གསར་བ་གང་ཡང་མིན་པར་རྒྱ་གཞུང་གི་རྒྱུན་ལྡན་གྱི་བྱེད་སྟངས་ཤིག་ཡིན་ཡང་། ད་ཆ་རྒྱལ་སྤྱིའི་ཁྲོད་བོད་མི་དང་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེས་རྒྱ་གཞུང་ལ་སེམས་འཚབ་སློང་བཞིན་ཡོད་པར་བརྟེན། རྒྱ་ནག་གིས་ཕྱི་ཕྱོགས་སུ་ཚོང་དོན་སོགས་ཀྱི་མིང་ཁྱེར་ནས་སྐུ་ཚབ་ཚོགས་པ་འདྲ་མིན་ཆེད་གཏོང་ཐོག་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་བོད་ནང་ཡར་རྒྱས་དང་ཞི་བདེ་ལྷིང་འཇགས་ཡོད་ལུགས་སོགས་བཤད་ནས་ཕྱིའི་གཞུང་དང་ཚོགས་སྡེ་ཁག་ལ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པའི་སྲིད་བྱུས་ཤིག་ཡིན་པར་སྐྱོན་བརྗོད་གནང་སྟེ་བོད་རྒྱ་ཆེ་མང་ཚོགས་རྣམས་སེམས་ཤུགས་མ་ཆགས་པར་ཆིག་སྒྲིལ་གྱི་ནུས་པའི་ཐོག་ནས་བོད་དོན་འཐབ་རྩོད་རྒྱུན་སྐྱོང་གནང་དགོས་གལ་ཡིན་པ་གསུངས་སོང་།

    རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་བར་་སྐྱོན་བརྗོད།

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ Emma Reilly ལགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་གཞུང་དང་ངན་པ་ལག་སྦྲེལ་གྱིས་དེ་གའི་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་ཀྱི་ཐོག་ལྟ་སྲུང་དང་།   ཁོང་ཚོའི་གནད་དོན་རྒྱ་ནག་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པར་སྐྱོན་འཛུགས་བྱས་འདུག གཞི་རྩའི་ Reilly ལགས་ཀྱིས་གནད་དོན་དེ་དང་འབྲེལ་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཡོངས་གྲགས་གནང་ཡོད་པ་དང་།  ཁ་སང་ཨ་རིའི་སྙན་གྲགས་ཆེ་བའི་ Fox གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  Reilly ལགས་ཀྱིས་ཉེ་ཆར་རྒྱལ་ཚོགས་ཀྱི་དེར་འབྲེལ་གནད་དོན་ཨ་མི་རི་ཀའི་གཞུང་འབྲེལ་ལས་བྱེད་བགྲེས་བ་དང་གྲོས་ཚོགས་འཐུས་མི་རྣམས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དང་།  ཕྱག་བྲིས་དེ་བརྒྱུད་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་མུ་མཐུད་རྒྱ་ནག་གི་དམིགས་འབེན་དུ་བཟུང་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རྣམས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མིན་གྱི་མཚན་དང་བཅས་པའི་གནད་དོན་ཡོངས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མངོན་གསལ་བྱུང་འདུག་པ་དང་།   Fox གསར་ཁང་ལ་ཕྱག་བྲིས་དེ་དང་འབྲེལ་གློག་འཕྲིན་གྱི་འདྲ་བཤུས་ལག་སོན་བྱུང་བའི་ནང་།  འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བའི་ཐོ་གཞུང་ནང་བོད་མི་དང་།  ཡུ་གུར་བ།  དེ་བཞིན་ཨ་མི་རི་ཀའི་མི་སེར་ཡང་ཡོད་པ་ཤེས་རྟོགས་བྱུང་འདུག ཉེ་ལམ་ Reilly ལགས་ཀྱིས་ Fox གསར་ཁང་ལ།  རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་མཐུན་འགྱུར་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུ་ལས་ལྡོག་སྟེ།  Reilly ལགས་ལ་འཁོན་ལན་ཚུལ་དུ་སྐུར་འདེབས་བྱེད་རྒྱུ་དང་།  དེ་བཞིན་ཁོང་གི་མདུན་ལམ་མེད་པ་བཟོ་ཐབས་བྱེད་པ།   ལྷག་པར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རང་ཉིད་ཀྱི་ཁེ་ཕན་སླད་པེ་ཅིན་དང་ལྷན་དུ་ལག་སྦྲེལ་བྱེད་ཀྱི་ཡོད་པ་གསུངས་འདུག འོན་ཀྱང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མགྲིན་ཚབ་པ་ Rolando Gomez ལགས་ཀྱིས།  Reilly ལགས་ཀྱིས་གསུངས་པ་དེ་འཁྱོགས་བཤད་ཡིན་པ་དང་།  རྒྱལ་ཚོགས་ནས་རྒྱ་གཞུང་ལ་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་བྱས་པའི་གནད་དོན་ལ་ངོས་ལེན་བྱས་མི་འདུག དེ་བཞིན་གནད་དོན་དེའི་ཐོག་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་ཚོགས་གཙོ་ Dolkun Isa ལགས་ཀྱིས། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བྱ་སྤྱོད་ལ་བློ་ཕམ་དང་སྦྲགས།  ལྷན་ཚོགས་ཀྱིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་ཕྱི་གསལ་ནང་གསལ་གྱི་ལས་དོན་མ་གནང་བ་དེ་དཀའ་ངལ་ཞིག་ཡིན་པར་གསུངས་འདུག དེ་དོན་ཨ་རི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ted Cruz ལགས་ཀྱི་མགྲིན་ཚབ་པས།  གལ་ཏེ་ Reilly ལགས་ཀྱིས་གསུངས་པ་དེ་བདེན་པ་ཡིན་ན།  རྒྱལ་ཚོགས་ནི་འཛམ་བུ་གླིང་གི་ཆེས་དྲག་གནོན་ཅན་གྱི་སྲིད་གཞུང་ལ་མགོ་བོ་སྒུར་མཁན་དང་མང་གཙོར་བཙན་རྒོལ་བྱེད་མཁན་གྱི་མི་ངན་གི་ཚོགས་པ་ཞིག་ཡིན་པར་སྐྱོན་བརྗོད་གནང་སྟེ་དངོས་དོན་ར་སྤྲོད་བྱུང་རྒྱུ་ཡིན་པ་གསུངས་ཏེ།  ཁོང་གིས་རྒྱལ་ཚོགས་དེ་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གི་སྟོབས་ཤུགས་ལ་མགོ་བོ་སྒུར་རྒྱུའི་ཚབ་ཏུ་དེར་གདོང་ལེན་བྱེད་དགོས་པར་གསུངས་འདུག ད་དུང་ཇི་ན་ཝ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ལྟ་ཞིབ་ཚོགས་པ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་འགན་འཛིན་ Hillel Neuer ལགས་ཀྱིས།  འདས་པའི་ལོ་ཤས་ནས་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱིས་དེ་གའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཆེ་ཆུང་ལ་མ་བལྟས་པར་ཁོང་ཚོའི་སྨྲ་བརྗོད་རང་དབང་འགོག་ཐབས་སླད་ཐབས་ཤེས་ཡོད་དགུ་གཏོང་བཞིན་ཡོད་སྐོར་དང་།   ཡང་སྒོས་རྒྱ་གཞུང་གིས་དེ་གའི་གཞུང་དང་ལྟ་སྤྱོད་འགལ་ཚེ་ལྟ་སྤྱོད་མི་མཐུན་མཁན་གང་ཟག་གི་མདུན་ལམ་ལ་དོ་ཕོག་གཏང་སྲིད་པ་གསུངས་འདུག

འགྲོ་བ་མིའི་ཐོབ་ཐང་ཚོགས་འདུའི་ཐོག་བོད་ནང་གི་ཆོས་དད་རང་དབང་གི་གནད་དོན་གླེང་བ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ཧྲིལ་པོ་༧༡འཁོར་བའི་དུས་ཚིགས་དང་བསྟུན། འདི་ག་སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སུ་སྐོང་འཚོགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག བོད་མིའི་སྐུ་ཚབ་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་ཡང་སྒོས་བོད་ནང་གི་ཆོས་དད་རང་དབང་གནས་བབ་སྐོར་གླེང་སློང་བྱས་འདུག དེ་ཡང། ཟླ་བ་འདིའི་ཕྱི་ཚེས་༡༠་དང་༡༡བཅས་ཀྱི་བར། འདི་ག་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཚོགས་སའི་ཚོགས་ཁང་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་༡༩དང་འདི་གའི་གཞུང་ཚབ་ཁག་ཅིག་བཅས་ཀྱི་ཐུན་མོང་གི་གོ་སྒྲིག་འོག འདས་མ་འོངས་ད་ལྟ་གསུམ་གྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་འདུག་ཅིང།  ལྷན་ཚོགས་འདིའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་བ་དང་འབྲེལ། ད་ལྟའི་ཆར་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གི་གནས་བབ་ནི་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་བོད་པའི་དགེ་འདུན་པ་དང་བཙུན་མ་ཚོ་ནི་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་གནང་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ད་བར་བོད་ནང་བོད་མི་༡༥༤ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་བའི་ཁྲོད་ནས་མང་ཆེ་བ་དགེ་འདུན་པ་དང་བཙུན་མ་ཆགས་ཀྱི་ཡོད་པ་སོགས་བོད་ནང་གི་ད་ལྟའི་མང་ཚོགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་གླེང་སློང་བྱས་འདུག སྐབས་དེའི་ལྷན་ཚོགས་དང་འབྲེལ་འདི་ག་རླུང་འཕྲིན་ཁང་ལ་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འགྲེལ་བརྗོད་གནང་དོན། རྩ་བའི་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་སྣེ་ཁྲིད་གནང་མཁན་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་བཟོད་བསྲན་གྱི་ཚོགས་པ་དང་། དེ་བཞིན་འགྲོ་བ་མིའི་ཐོང་ཐང་ཐད་ཀྱི་གཞོན་སྐྱེས་ཚོགས་པ། གཞན་ཡང་འགྲོ་བ་མིའི་ཐོབ་ཐང་གི་ཆིག་སྒྲིལ་ཚོགས་པ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོགས་པ་ཁག་མཉམ་རུབ་ཐོག    མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ཡིག་ཆ་རྣམས་བོད་ཡིག་ཏུ་ཕབ་བསྒྱུར་གྱིས། བཙན་བྱོལ་རྒྱ་གར་ནང་གི་བོད་མིའི་གཞི་ཆགས་ཁག་གི་མང་ཚོགས་ཁྲོད་བགོ་འགྲེམས་དང་། དེ་བཞིན་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གོ་རྟོགས་ཀྱི་ཟབ་སྦྱོང་ཡང་གོ་སྒྲིག་གནང་མྱོང་ཡོད་པ་རེད་འདུག

  རྒྱ་ནག་རྒྱལ་ཁབ་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་སུ་མིང་འདོན་བྱས་འདུག

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་Committee to Project Journalist ཞེས་པའི་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ཕྱི་ལོ་ ༢༠༡༩ ལོའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ཁྲོད་གསར་འགོད་པ་བཙོན་འཇུག་བྱས་པའི་གནད་དོན་ཐད་ཉམས་ཞིབ་སྙན་མཐོ་ཞིག་འདོན་སྤེལ་གནང་འདུག་པའི་ནང་དུ། ལོ་འདིའི་ནང་རྒྱ་ནག་གིས་ཉུང་མཐར་གསར་འགོད་པ་ ༤༨ ཙམ་འཛིན་བཟུང་བྱས་ཡོད་སྐོར་དང་འབྲེལ། རྒྱ་ནག་དེ་འཛམ་གླིང་ནང་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཡིན་པ་གསལ་འདོན་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་དྲ་གནས་ཐོག་སྙན་ཐོ་དེ་འདོན་སྤེལ་གནང་འདུག་པ་ལྟར།  ༢༠༡༩ ལོ་འདིའི་ནང་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་ཁྱོན་ ༢༥༠ ཙམ་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་་གིས་གསར་གྱུར་བརྒྱུད་ལམ་ཐོག་དམིགས་བསལ་གྱི་དམ་དྲགས་ཤུགས་ཆེར་བྱེད་བཞིན་པ་དང་འབྲེལ། འདི་ལོ་རྒྱ་ནག་གཅིག་པོའི་ནང་དུ་གསར་འགོད་པ་ ༤༨ འཛིན་བཟུང་བྱས་ཡོད་པ་དང་འབྲེལ། འཛམ་གླིང་ནང་གསར་འགོད་པ་མང་ཤོས་འཛིན་བཟུང་བྱེད་མཁན་གྱི་རྒྱལ་ཁབ་ཏུ་མིང་འདོན་གནང་འདུག དེའང་སྔར་ལོ་རྒྱ་གཞུང་གི་གསར་འགོད་པ་ ༤༧ འཛིན་བཟུང་བྱས་པ་ལས་གྲངས་ཁ་གཅིག་གིས་མང་བ་ཡིན་པ་ཡོངས་གྲགས་གནང་འདུག སྙན་ཐོར་གཞིགས་ན། འདས་པའི་ལོ་གསུམ་དང་བསྡུར་ན་འདི་ལོ་འཛམ་གླིང་ཁྲོད་གསར་འགོད་པ་མང་ཤོས་འཛིན་བཟུང་བྱས་ཡོད་སྟབས་གནས་སྟངས་ཛ་དྲགས་ཡིན་པ་དང་། འཛིན་བཟུང་བྱས་པའི་ཁོངས་ནས་བརྒྱ་ཆ་ ༦༦ རྒྱལ་ཁབ་ཀྱི་གཞུང་ལ་སྐྱོན་བརྗོད་བྱས་པའམ་གཞུང་གི་བྱ་སྤྱོད་ངན་པའི་སྐོར་ལ་གནས་ཚུལ་སྤེལ་མཁན་ཤ་སྟག་ཡིན་པ་དང། བརྒྱ་ཆ་ ༡༣ ཙམ་ཞིག་གདོང་ལེན་བྱས་པའི་ཉེས་མིང་འོག་ཚུད་ཡོད་པ་དང་་བརྒྱ་ཆ་ ༡༢ ཙམ་ཞིག་གནས་ཚུལ་རྫུན་མ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། བརྒྱ་ཆ་ ༢༣ ཙམ་ཞིག་ཉེས་མིང་གང་ཡང་མེད་པར་དོན་མེད་འཛིན་བཟུང་བྱས་བ་ཡིན་པར་གསལ་འདོན་གནང་བ་མ་ཟད། འཛིན་བཟུང་བྱས་པའི་ཁོངས་ནས་བརྒྱ་ཆ་ ༢༧ ཙམ་ཞིག་བཙོན་འཇུག་འོག་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་པ་སོགས་མངོན་གསལ་གནང་འདུག དེའང་གྲངས་ཐོ་འདིའི་ཁོངས་སུ་གསར་འགོད་པ་འཛིན་བཟུང་བྱས་པའི་གནད་དོན་གསལ་པོ་ཤེས་པ་མ་གཏོགས་གར་སོང་ཆ་མེད་དུ་གྱུར་བ་སོགས་བརྩིས་མེད་པ་རེད། སྔ་ལོ་ Turkey ནང་དུ་གསར་འགོད་པ་ ༦༨ ཙམ་འཛིན་བཟུང་བྱས་པ་ནས་འདི་ལོའི་གྲངས་འབོར་དེ་༤༧ ཆགས་ཡོད་སྟབས། རྒྱ་ནག་གི་སྔར་ལོ་འཛིན་བཟུང་གི་གྲངས་འབོར་ ༤༧ ནས་འདི་ལོའི་གྲངས་འབོར་ ༤༨ ལ་འཕར་ཡོད་པ་དང་སྦྲགས། འདི་ལོ་རྒྱལ་ཁབ་ཅིག་ནང་གསར་འགོད་པ་འཛིན་བཟུང་མང་ཤོས་བྱེད་མཁན་དེ་རྒྱ་ནག་ཆགས་ཡོད་པ་དང་། དེའང་འདས་པའི་ལོ་ཁ་ཤས་ནང་གི་གྲངས་འབོར་མཐོ་ཤོས་དེ་ཡིན་པ་མངོན་གསལ་གནང་འདུག ཡིན་ནའང་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཡིས་གསར་འགོད་པར་འགྲེལ་བརྗོད་བྱས་པའི་ནང་དུ། རྒྱ་ནག་ནི་ཁྲིམས་ཀྱི་དབང་བསྒྱུར་ལ་གུས་བརྩི་ཞུ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྐོར་དང་འབྲེལ། འཛིན་བཟུང་བྱས་པའི་གསར་འགོད་པ་རྣམས་ཀྱིས་ཁྲིམས་འགལ་གྱི་བྱ་བ་ག་རེ་སྤེལ་ཡོད་པ་དེར་བསམ་བློ་གཏོང་དགོས་པར་བརྗོད་འདུག ཚོགས་པའི་ངོས་ནས་ད་དུང་། འདི་ལོ་ Turkey ནང་དུ་གསར་འགོད་པ་འཛིན་བཟུང་བྱས་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་གནས་སྟངས་ཡར་རྒྱས་ཕྱིན་པ་ལས་ཟློག་སྟེ་ཡུལ་དེའི་སྲིད་འཛིན་གྱི་ངོས་ནས་གསར་འགྱུར་བརྒྱུད་ལམ་ཐོག་དམ་དྲགས་ཤུགས་ཆེ་རུ་བཏང་བ་དང་འབྲེལ། གསར་ཁང་ ༡༠༠ ལྷག་ཙམ་བཙན་དབང་ཐོག་སྒོ་རྒྱག་ཏུ་བཅུག་སྟེ། དེ་དག་གི་གསར་འགོད་པ་རྣམས་ལ་འཇིགས་སྐུལ་བའི་ཉེས་མིང་བཙུགས་པ་དང། མང་པོ་ཞིག་ལས་ཀ་མེད་པ་བཟོས་པ་སོགས་ཀྱི་འགལ་རྐྱེན་མང་པོ་བྱུང་ཡོད་པ་གསུངས་འདུག གསར་འགོད་པ་སྲུང་སྐྱོབ་ཚོགས་པས་འདི་ལོ་རྒྱ་ནག་ནང་དུ་སྒེར་གྱི་གསར་འགྱུར་སྤེལ་མཁན་གསར་འགོད་པ་ Sophia Huang Xueqin ལགས་ཀྱིས་ཧོང་ཀོང་ནང་གི་དམངས་གཙོའི་ལས་འགུལ་བའི་སྐོར་གནས་ཚུལ་སྤེལ་བ་དང་འབྲེལ་ནས་ཁོང་མོ་འདི་ལོའི་ཕྱི་ཟླ་ ༡༠ བའི་ནང་འཛིན་བཟུང་བྱས་པ་དང་། དེ་བཞིན་ Iran ནང་གི་གསར་འགོད་པ་ Mohammad Mossaed ལགས་ཀྱིས་རང་རྒྱལ་གྱི་ནང་དུ་རྡོ་སྣུམ་གྱི་གོང་ཚད་འཕར་བཞིན་པའི་སྐོར་ལ་Twitter དྲ་གནས་ཐོག་གནས་ཚུལ་སྤེལ་བར་འཛིན་བཟུང་བྱས་པ་སོགས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ། གསར་འགོད་པ་རྣམས་ནས་རང་་ལ་འཁྲི་བའི་ལས་འགན་ཁུར་བར་འཛིན་བཟུང་བྱེད་རྒྱུ་མེད་པར་གསུངས་འདུག རྩ་བའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་ངོས་ནས་ལོ་ལྟར་འཛམ་གླིང་ཁྲོད་གསར་འགོད་པའི་གནས་སྟངས་ཐོག་ལ་ཉམས་ཞིབ་དང་། འཛིན་བཟུང་བྱས་པའི་གསར་འགོད་པ་རྣམས་གློད་བཀྲོལ་ཡོངས་བའི་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་ཁྲོད། འདས་པའི་ལོ་འདིའི་ནང་གསར་འགོད་པ་ ༨༠ ཙམ་གློད་བཀྲོལ་ཐུབ་པ་བྱུང་ཡོད་པ་རེད།

སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཚོགས་འདུག

སུད་སི་དགུན་དུས་གྲོས་ཚོགས་ལས་རིམ་དང་སྟབས་བསྟུན་ཡུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ཁུལ་དེའི་དོན་གཅོད་ཁང་གཉིས་མཉམ་འབྲེལ་གྱིས་སུད་སིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་ཞུ་ཕྱོགས་ཀྱི་ལྷན་ཚོགས་ཤིག་ཚོགས་འདུག ལྷན་ཚོགས་སྐབས་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས། སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ Thomas Büchli ལགས། གཞན་ཡང་ཚོགས་འདུའི་གཙོ་སྐྱོང་གནང་མཁན་སྐུ་ཞབས་ Prisca Birrer-Heimo ལགས་དང་། ཚོགས་ཞུགས་བ་གྲོས་ཚོགས་འཐུས་མི་Nik Gugger ལགས། དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Barbara Gysi ལགས། གཞན་ཡང་གྲོས་ཚོགས་འཐུས་མི་ Stefan Müller-Altermatt ལགས། གྲོས་ཚོགས་འཐུས་མི་ Martina Munz ལགས། གྲོས་ཚོགས་འཐུས་མི་ Marianne Streiff-Feller མཆོག་བཅས་ཀྱིས་མཉམ་ཞུགས་གནང་འདུག ཐེངས་འདིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་དང་འབྲེལ་ནས་འདི་གའི་གསར་འགོད་པས་སུད་སིའི་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ། སྐལ་ལྡན་མཚོ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཚོགས་འདུའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་རྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ལམ་སྲོལ་སྤྱི་དང་། ལྷག་པར་རྒྱ་ནག་གིས༸རྒྱལ་བའི་ཡང་སྲིད་ཀྱི་ལམ་ལུགས་ལ་ཐེ་བྱུས་དང་བྱེད་བཞིན་པ་སོགས་ཀྱི་བརྗོད་གཞི་ཁག་ཅིག་གི་སྐོར་ལ་གླེང་མོལ་བྱུང་ཡོད་པར་ངོ་སྤྲོད་གནང་སོང་། རྩ་བའི་ཐེངས་འདིའི་ཚོགས་འདུ་དང་འབྲེལ་ནས། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དུ་གྲོས་ཚོགས་འཐུས་མི་Fabian Molinaམཆོག་དང་ Nik Gugger མཆོག་གཉིས་བདམས་ཐོན་བྱུང་བ་དང་། ཁོང་གཉིས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༢ ནས་ལོ་བཞིའི་རིང་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྱི་འགན་ཁུར་བཞེས་གཏན་འཁེལ་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༢ པ་ཚོགས་གནང་སོང་།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༢ པ་ཚོགས་གནང་སོང་།

བལ་ཡུལ་ནང་བོད་མི་རྣམས་ཀྱིས་དམ་དྲག་འོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་སྲུང་བརྩི་ཞུས་འདུག 

ཁ་སང་ཟླ་ ༡༢ ཚེས་ ༡༠  ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༠ འཁོར་བའི་ཉིན་མོ་དང་།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་ ༧༡ འཁོར་བའི་དུས་དྲན་མཉམ་འཛོམས་ཐོག  བལ་ཡུལ་རྒྱལ་ས་ཀཱཋ་མཱཎ་ཌུ་ནང་བལ་ཡུལ་དོན་གཅོད་ཁང་གི་གོ་སྒྲིག་འོག་དུས་སྟོན་སྲུང་བརྩི་ཞུས་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན།  ཁ་སང་བལ་ཡུལ་རྒྱལ་ས་ཀཱཋ་མཱཎ་ཌུ་ནང་བལ་ཡུལ་དོན་གཅོད་ཁང་གི་གོ་སྒྲིག་འོག་འཕགས་པ་ཤིང་ཀུན་མཆོད་རྟེན་གྱི་ཉེ་འགྲམ་བྲག་དཀར་དགོན་པའི་ཚོམས་ཆེན་དུ་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་འབྲེལ་མཛད་སྒོ་ཚོགས་ཡོད་པ་དང་།  སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་ཤེལ་དཀར་ཆོས་སྡེ་གྲྭ་ཚང་གི་མཁན་ཪིན་པོ་ཆེ་མཆོག་དབུས་པའི་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་།   ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་སྤྱི་ཟུར་རྣམ་པ།   བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བ་ཝཱ་ནཱི་ཁ་རེལ་མཆོག་དང་།    དགོན་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ།   དེ་བཞིན་ས་འཐུས་ཁག་གི་ཚོགས་གཙོ་རྣམ་པ་དང་།  ས་གནས་འགོ་འཛིན་རྣམ་པ། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་འགན་འཛིན་རྣམ་པ།  རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་སེར་སྐྱ་མི་མང་སྟོང་ཕྲག་ཕྱེད་ལྷག་འདུ་འཛོམས་ཀྱིས།  སྐུ་མགྲོན་གཙོ་བོ་ནས་གསུངས་བཤད་དང་དེ་བཞིན་སློབ་གྲྭའི་སློབ་ཕྲུག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་གླུ་བླངས་པ་སོགས་སྒོ་ནས་དུས་དྲན་སྲུང་བརྩི་ཞུས་འདུག འོན་ཀྱང་མཛད་སྒོ་ཚོགས་བཞུགས་རིང་བལ་གཞུང་ས་གནས་ཉེན་རྟོག་པ་ཡོང་ནས་རྟོག་ཞིབ་དང་། གསང་བའི་ལས་བྱེད་པ་མི་ཉུང་བ་ཞིག་ཆེད་མངགས་འགྲེམ་འཇོག་ཀྱིས་ཆབ་སྲིད་ལས་འགུལ་སྤེལ་མིན་ཐད་སོ་ཉུལ་དོ་ནན་བྱས་ཡོད་ནའང་།  གཞུང་འབྲེལ་མཛད་སྒོ་མཛད་རིམ་ལྟར་ལེགས་པོ་བྱུང་ཡོད་པ་རེད་འདུག གཞི་རྩའི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་མོ་དེ་འཛམ་གླིང་གང་སར་གནས་བཞུགས་བོད་མི་རྣམ་གྱིས་བྱེད་སྒོ་འདྲ་མིན་སྒོ་ནས་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་།  འདི་ལོར་ཡང་བོད་མི་རྣམས་ཀྱིས་༸རྒྱལ་བའི་བཀའ་དགོངས་བཞིན་དབུལ་ཕོངས་ལ་རོགས་སྐྱོར་དང་།  ཡང་ཁག་ཅིག་ནས་བོད་ནང་གི་ཆེས་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དྲིལ་བསྒྲགས་དང་འབྲེལ་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་རྒོལ་གནང་བ་དང་།  དེ་བཞིན་ད་བར་རྒྱ་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་བའི་སྒོ་ནས་སྐུ་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་ཡོངས་ཀྱི་སླད་མྱ་ངན་གུས་འདུད་སོགས་རྣམ་པ་འདྲ་མིན་སྒོ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད། ༼ བལ་ཡུལ་དང་འབྲེལ་འདྲ་པར།  བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ནས་བྱུང་བ།༽    

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

སང་ཉིན་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཡིན་པ་དང་བསྟུན།  བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།  རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ བསྒྱུར་བཅོས་བྱེད་ཐབས་བྱེད་བཞིན་པར་བརྟེན།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་། དེ་ཡང་ཉེ་ལམ་ཟླ་ ༡༢ པའི་ཚེས་ ༤ ནས་ ༦ བར་ལྟེ་གནས་ཁང་གི་ངོས་ནས་རྒྱ་གར་རྒྱལ་ས་ལྡི་ལི་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ ༡༣༥ ཡི་གཞུང་ཚབ་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་འབྲེལ་རྒྱལ་ཚོགས་ནས་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་སླད་འབོད་སྐུལ་ཡི་གེ་དང་མི་ལོ་ ༧༡ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩིའི་འཚམས་ཤོག་བཅས་ཕུལ་བ་ལྟར་དེ་མཚུངས་ཀྱི་ཡི་གེ་རྒྱ་གར་ཕྱི་སྲིད་བློན་མཆོག་ལའང་ཕུལ་ཡོད་སྟབས།  དེ་འབྲེལ་དེ་རིང་ཟླ་ ༡༢ པའི་ཕྱི་ཚེས་ ༩ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་ཁུངས་སུ་ཞོགས་པ་ཕྱག་ཚོད་ ༡༡། ༣༠ འི་ཐོག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་།  ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་གཉིས་དབུ་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་ཚེ་རིང་མཚོ་མོ་ལགས་ཀྱིས།  སྤྱིར་ད་ཆ་རྒྱ་ནག་གིས་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཚོང་འབྲེལ་སྒོ་ནས་འཛམ་བུ་གླིང་གི་རྒྱལ་ཁབ་ཁག་ཅིག་ལ་ཤུགས་རྐྱེན་དང་གནོན་ཤུགས་སྤྲོད་པའི་འོག   རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་གྲོས་ཆོད་གཏན་འབེབས་གནང་མི་ཐུབ་པའི་གནས་སྟངས་ཆགས་ཡོད་སྐོར་དང་།  དེ་བཞིན་རྒྱ་གཞུང་གིས་རྒྱ་ནག་དང་བོད་ནང་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་སྟངས་འཛིན་དང་།  སུན་གཙེར་བྱེད་པ།  དེ་བཞིན་འཇིགས་སྐུལ་སོགས་ཀྱི་སྒོ་ནས་ཁོང་རྣམས་པའི་ལས་དོན་ལ་འགོག་རྐྱེན་བཟོ་བ་དང་།  ཁོང་རྣམས་པའི་མངོན་འདོད་ལ་དྲག་གནོན་ཚབས་ཆེན་བྱས་རྐྱེན་བོད་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་ཐབས་མེད་པའི་གནས་སུ་གྱུར་ཡོད་པ་གསུངས་པ་དང་འབྲེལ།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་པས་འགན་ཁུར་བླང་པའི་ཐོག་སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་སོང་།  དེ་བཞིན་ཚེ་རིང་མཚོ་མོ་ལགས་ཀྱིས་དུས་རྒྱུན་གཞུང་འབྲེལ་མིན་པ་དང་།  འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འབྲེལ་སྐྱོན་བརྗོད་བྱེད་སྐབས།  རྒྱ་གཞུང་ནས་དེར་ལན་འདེབས་ཀྱི་ཚུལ་དུ་དེ་དག་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པར་ཁ་གཡར་ནས་དེར་ཐེ་བྱུས་བྱེད་མི་ཆོག་ཞེས་བརྗོད་པ་མ་ཟད།    གཞུང་གང་འདྲ་ཞིག་ཡིན་རུང་དེའི་ལས་འགན་གཙོ་ཆེ་ཤོས་ཤིག་ནི་རང་ཉིད་ཀྱི་མངའ་ཁོངས་སུ་ཡོད་པའི་མི་སེར་དག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་རྒྱུ་དེ་ཡིན་ཡང་།   འདས་པའི་ལོ་ ༦༠ འི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་འགྱུར་བ་ཕྲན་བུ་ཙམ་ཡང་སོང་མེད་སྟབས། རྒྱ་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པ་དང་།  ལྷག་པར་དུ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ལ་དེ་ལྟར་འབོད་སྐུལ་དགོས་པའི་ལས་འགན་འཁྱེར་དགོས་པའི་རེ་སྐུལ་ཞུས་སོང་། ད་རེས་གསར་འགོད་ལྷན་ཚོགས་གྲུབ་མཚམས་སུ་གསར་འགོད་པས་ལྟེ་གནས་ཁང་ལ་དྲི་བ་ཁག་ཅིག་དྲིས་པའི་ཁྲོད་ཚེ་རིང་མཚོ་མོ་ལགས་དང་བསྟན་འཛིན་ཟླ་བ་ལགས་རྣམ་གཉིས་ཀྱིས།   གཞུང་ཚབ་ཁང་དེ་དག་ལ་འབོད་སྐུལ་གྱི་ཡི་གེ་ཕུལ་བའི་ཁྲོད་རྒྱལ་ཁབ་དེ་དག་ལ་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་མངོན་གསལ་དང་སྦྲགས།  རྒྱ་གཞུང་ལ་དེ་འབྲེལ་སྲིད་བྱུས་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་རེ་བ་དང་།  དེ་བཞིན་དེ་སྔ་ཡང་དེ་འབྲེལ་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས་རྒྱལ་ཁབ་ཁག་ཅིག་གིས་རྒྱལ་ཚོགས་སུ་བོད་དོན་གླེང་སློང་གནང་ཡོད་སྐོར་སོགས་ལན་འདེབས་གནང་སོང་། རྩ་བའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ ༧༡ འཁོར་བའི་བརྒྱུད་རིམ་ཁྲོད།  གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྤེལ་ཆེད།  སྤྱི་དམངས་ཚོགས་སྡེ་ཁག་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་གསལ་རྟོགས་བྱུང་ཡོད་པ་རེད།

Latest news