Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཏོག་དབྱིབས་རིམས་ནད་ཁྲོད་ཀྱི་བོད་རིགས་མཐོ་རིམ་སློབ་མའི་གནས་བབ་ལ་རྒྱུས་ལོན།

འདི་ལོའི་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས། མི་མང་གི་འགྲོ་འདུག་བཀག་སྡོམ་བྱས་པ་བརྒྱུད་ནས་སློབ་སྦྱོང་གི་ཁོར་ཡུག་ལ་བརྡལ་བཤིག་ཆེན་པོ་ཐེབས་ཡོད་པ་ལྟར། རྒྱ་གར་གྱི་ནང་དུ་མཚོན་ན་ཕྱི་ཟླ་གསུམ་པ་ནས་བཟུང་ད་ལྟའི་བར་དུ་མཐོ་སློབ་ཁག་དུ་འཛིན་གྲྭ་དངོས་སུ་འཚོགས་མ་ཐུབ་པར་དྲྭ་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། ད་སྐབས་ལོ་མཇུག་གི་སློབ་སྐབས་མཐའ་མའི་ཡིག་རྒྱུགས་ཀྱང་དྲྭ་ཐོག་ནས་གཏོང་བཞིན་པའི་ཡོད་པ་རེད། དེ་རིང་འདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་དུ་གནས་སྡོད་ཀྱི་མཐོ་སློབ་ཀྱི་སློབ་མ་མཁྱེན་རབ་འོད་གསལ་ལགས་དང་། རྒྱ་གར་མངའ་སྡེ་བྷ་རོ་ཊའི་ཁུལ་དུ་གནས་སྡོད་ཀྱི་སློབ་མ་ཕུན་ཚོགས་ཡི་ཤེས་ལགས་དང་། བྷང་ལོར་ཁུལ་ནས་སློབ་མ་རྟ་མགྲིན་ལྷ་མོ་ལགས་སོགས་སུ་དྲྭ་ཐོག་གི་སློབ་ཁྲིད་ཀྱི་དཀའ་ངལ་དང་ཡིག་རྒྱུགས་གཏོང་ཕྱོགས་སོགས་ཀྱི་ཐད་ནས་བཅར་འདྲི་བྱས་པར་ཚང་མས།  དྲྭ་རྒྱ་ལེགས་པོ་ཡོད་མེད་དང་དེ་བཞིན་གློག་ཤི་བ་སོགས་ཀྱི་དབང་གིས་མཚམས་རེར་སློབ་ཁྲིད་ལ་ཞུགས་ཐུབ་མིན་གྱི་གནད་དོན་འབྱུང་གི་ཡོར་པར་ངོ་སྤྲོད་གནང་སོང་། ཡིག་རྒྱུགས་གཏོང་ཕྱོགས་དང་འབྲེལ་ནས། གློག་ཀླད་དང་དྲྭ་རྒྱ་སོགས་ཀྱི་མཐུན་རྐྱེན་དགོས་ངེས་ཡིན་པ་མ་ཟད། མཐོ་སློབ་སོ་སོའི་ཡིག་རྒྱུགས་གཏོང་ཕྱོགས་ཀྱི་མཉེན་ཆས་ཀྱི་མ་ལག་མ་འདྲ་བ་ངོ་སྤྲོད་བྱས་ཡོང་སྐབས་དུས་ཐོག་ཏུ་བེད་སྤྱོད་ཡག་པོ་ཡོང་མིན་སོགས་དང་དེ་བཞིན་དྲ་ཐོག་ནས་སློབ་ཁྲིད་བྱེད་སྐབས་ཟུར་ལྟའི་དཔྱད་གཞིའི་ཡིག་ཆ་མ་རག་པ་སོགས་དང་འབྲེལ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པར་ངོ་སྤྲོད་གནང་ཡོད། གཞི་རྩའི་གྲོང་ཁྱེར་ཆེ་ཁག་ཏུ་གནས་སྡོད་བྱེད་མཁན་གྱི་སློབ་མ་མང་པོ་ཞིག་གིས་དུས་ཐོག་ཏུ་སློབ་ཁྲིད་ལ་ཞུགས་པ་མ་ཟད། ཡིག་རྒྱུགས་ལ་ཡང་ཞུགས་ཐུབ་ཡོད་འདུག འོན་ཀྱང་ལ་དྭགས་དང་ཨ་རི་ན་ཅལ་སོགས་ཀྱི་ས་ཁུལ་ཁུག་ཀྱོག་གི་སློབ་མ་རྣམས་ལ་དྲྭ་རྒྱའི་མཐུན་རྐྱེན་འཛོམས་པོ་མེད་སྟབས་དྲྭ་ཐོག་གི་ཡིག་རྒྱུགས་སོགས་ལ་དུས་ལྟར་ཞུགས་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་པ་ལྟར། མཐོ་སློབ་ཁ་ཤས་ཀྱིས་གནས་སྟངས་དེར་བསམ་ཤེས་གནང་སྟེ་ཡིག་རྒྱུགས་ལ་ཞུགས་མ་ཐུབ་མཁན་རྣམས་ལ་གོ་སྐབས་གཉིས་བ་ཞིག་འབུལ་བཞིན་ཡོད་པ་རེད་འདུག

བཀའ་སྤྱི་གཉིས་ཀྱིས་༸གོང་ས་མཆོག་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་དུས་དྲན་སྲུང་བརྩི།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བཀའ་སྤྱི་གཉིས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་འཛམ་གླིང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་འབུལ་བཞེས་ཀྱི་རྗེས་དྲན་དགའ་སྟོན་མཛད་སྒོ་ཐེངས་ ༣༡ པ་སྲུང་བརྩི་ཞུས་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་འཚོལ་ཞིབ་དང་འབྲེལ་བའི་དཔེ་དེབ་དབུ་འབྱེད།

དེ་རིང་གི་གསར་འགོད་གསར་བསྒྲགས་ཀྱི་ལས་རིམ་གྱི་ཐོག་ཏུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ཐེངས་འདིའི་དཔེ་འདི་ནི་བོད་དོན་གྱི་ཆེད་དུ་མི་ལོ་བཞི་བཅུ་ལྷག་ལ་ཕྱག་ལས་གནང་མྱོང་མཁན་གྱི་ཞིང་གཤེགས་དམ་པ་ངག་ཆོས་འཕེལ་ལགས་ཀྱིས་མི་ལོ་ཉེར་བཞི་ཙམ་གྱི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་ཁག་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱུན་མཐུད་ནས་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པ་བྱས་པའི་ལོ་རྒྱུས་ཀྱི་གཞུང་ཡིག་ཁག་ཕྱོགས་སྒྲིག་དང་མཉམ་ཞིབ་བྱས་པ་ཞིག་ཆགས་སྟབས། བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་རྣམས་ལ་ཕན་ཐོག་ཆེན་པོ་འབྱུང་རྒྱུའི་དཔེ་དེབ་གལ་ཆེན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་གློད་བཀྲོལ་དགོས་བའི་ཞུ་འབོད། 

པེན་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་འདི་ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་དང་མང་གཙོའི་ལས་འགུལ་བ་སྐུ་ཞབས་ Liu Xiaobo ལགས་སུ་འཛམ་གླིང་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་ནས་མི་ལོ་བཅུ་འཁོར་ལ་ཉེ་བའི་དུས་དྲན་དང་བསྟུན་རྒྱ་ནག་གི་བཙོན་ཁང་ནང་ད་ལྟའང་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་ཁག་ཅིག་གློད་བཀྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པའི་ཁོངས་སུ་མཆོད་མེ་དྲ་བའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ལགས་མཚན་འདོན་གནང་འདུགཚོགས་པ་དེས་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་སུ་རྒྱ་ནག་གི་རྩོམ་རིག་ལ་ལེགས་སྐྱེས་ཕུལ་བ་དང་དེ་བཞིན་རྒྱ་ནག་གི་ནང་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་སྤེལ་བཏང་བ་སོགས་དང་འབྲེལ་ནས་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་འགོ་འཛུགས་དང་འབྲེལ། ལས་འགུལ་དེ་དང་མཉམ་དུ་རྒྱ་ནག་གི་དབང་བསྒྱུར་གྱི་སྲིད་བྱས་འོག་ཏུ་འཛིན་བཟུང་བཀག་སྐྱིལ་བྱེད་བཞིན་པའི་རྩོམ་པ་པོ་ Gui Minhai དང་། Yang Hengjun དེ་བཞིན་བོད་ནང་གི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཀྱང་མཚན་འདོན་གནང་སྟེ་རྒྱ་ནག་གིས་ཁོང་ལ་ཁྲིམས་བཤེར་གྱི་ཐོབ་ཐང་ཙམ་ཡང་སྤྲད་མེད་པར་འཛིན་བཟུང་བྱས་པ་མངོན་གསལ་གྱིས་ཆ་རྐྱེན་གང་ཡང་མེད་པར་ཁོང་གང་མགྱོགས་གློད་བཀྲོལ་ཡོང་བར་འབོད་སྐུལ་གནང་འདུག ཐེངས་འདིའི་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་ནི་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་དེ་དག་གི་ད་ལྟའི་གནས་བབ་ལ་རྒྱུས་ལོན་ཡོང་ཐབས་དང་། དེ་བཞིན་ཁྲིམས་རྩོད་པ་རྣམས་ཀྱིས་ཁོང་རྣམ་པའི་གནད་དོན་ལ་རྩོད་ལེན་གནང་རྒྱུར་ཤུགས་སྣོན་རྒྱག་ཐབས། གཞན་ཡང་བཙོན་ཁང་ནང་གི་རྩོམ་པ་དེ་དག་དང་ཁོང་ཅག་གི་ནང་མི་རྣམས་སྤྱི་ཚོགས་ཀྱིས་བརྗེད་མེད་པའི་བརྡ་སྟོན་གྱི་ལས་འགུལ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་བོད་ནང་གི་མཆོད་མེ་དྲ་བའི་རྩོམ་སྒྲིག་པའམ་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ནི་ཕྱི་ལོ་ ༢༠༠༨ ལོའི་བོད་ཁམས་ཡོངས་ཀྱི་ས་བྱི་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། ཁོང་གིས་རྒྱ་ནག་གི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་གི་འོག ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༦ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་རང་ཁྱིམ་ནས་འཛིན་བཟུང་བྱས། ༢༠༠༩ ལོའི་ཟླ ༡༡ ནང་ས་གནས་སྲིད་གཞུང་ཁྲིམས་ཁང་གིས་ལོ་བཅོ་ལྔའི་དུས་བཅད་བཙོན་འཇུག་བྱས་ཏེ་ད་ཆ་མི་ལོ་ཧྲིལ་པོ་བཅུ་གཅིག་ཙམ་ཕྱིན་ཡོད་པ་རེད། རྩ་བའི་ཕྱི་ཟླ་ ༡༢ ཚེས་༡༠ ཉིན་མོ་ནི་ཕྱི་ལོ་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་ཉིན་མོ་དང་། སྐུ་ཞབས་ Liu Xiaobo ལགས་སུ་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ། དེ་བཞིན་ཁོང་དང་ཁོང་གི་ལས་རོགས། རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ ༢༠༠༨ ལོའི་བཅའ་ཁྲིམས་ཞེས་པ་འགྲེམས་སྤེལ་གྱིས་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་དགོས་པའི་ཞུ་སྐུལ་གནང་བའི་དུས་ཆེན་གསུམ་འཛོམས་ཤིག་འཁེལ་ཡོད་སྟབས། ཞིང་གཤེསགས་དམ་པ་ཁོང་གི་འཐབ་རྩོད་ཀྱི་མི་ཚེར་རྗེས་དྲན་ཞུ་བ་དང་ཆབས་ཅིག རྒྱ་ནག་གི་བཙོན་འོག་གི་རྩོམ་པ་པོ་རྣམས་གློད་བཀྲོལ་ཡོང་ཐབས་ལ་དམིགས་པའི་ལས་འགུལ་ཞིག་སྤེལ་འཆར་འདུག དེའི་བར་ན་བོད་ནང་ནས་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ཐོན་པར་མདོ་སྨད་མང་ར་རྫོང་ནས་ཡིན་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཀུན་བཟང་རྒྱལ་མཚན་ཞུ་བ་ཞིག་རྒྱ་ནག་གི་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ཆ་གར་ཡོད་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག དེའང་མང་ར་རྫོང་། མགོ་མང་གྲོང་བརྡལ། འབྲོག་རུ་སྡེ་བའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཀུན་བཟང་རྒྱལ་མཚན་ལགས་འདི་ལོའི་དབྱར་ཐོག་ཏུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། མང་ར་ནས་ཡིན་པའི་བཞུགས་སྒར་དུ་གནས་སྡོད་བྱེད་མཁན་གྱི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན་ལྟར་ན། ཀུན་བཟང་རྒྱལ་མཚན་ལགས་དང་ལྷན་དུ་འཛིན་བཟུང་བྱས་ཏེ་གློད་བཀྲོལ་ཐོབ་མཁན་ཞིག་གིས་ཁོང་གིས་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་ཅིག་བོད་ཁུལ་དུ་ཚོང་འགྲེམས་བྱས་པར་བརྟེན་ནས་འཛིན་བཟུང་བྱས་ཡོད་ལུགས་ངོ་སྤྲོད་བྱས་པ་ལས། ད་ལྟའི་ཆར་ཁོང་གི་ནང་མི་རྣམས་ཀྱིས་ཁོང་གང་དུ་བཀག་སྐྱིལ་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་ཚུལ་འགྲེལ་བརྗོད་གནང་སོང་།  

འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བ་རྣམས་ཡུ་རོབ་ནང་བསྐྱོད་རྒྱུར་བཀག་སྡོམ་བྱེད་རྒྱུ།

ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ནས་ཕྱི་ལོག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཁག་ཡུ་རོབ་ནང་དུ་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུ་ཡིན་པར་མངོན་གསལ་གནང་འདུག

ཆོས་དད་རང་དབང་ཐོག་དམིགས་བསལ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ལ་ངོས་འཛིན།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་རྒྱ་ནག་དང་པ་ཀིས་ཏན་གཉིས་ལ་ཆོས་དད་རང་དབང་ཐོག་དམིགས་བསལ་སེམས་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་མིང་འདོན་གནང་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་ཁ་སང་གསར་འགོད་བསྒྲགས་གཏམ་སྤེལ་ཏེ་ཨ་རི་ཕྱི་སྲིད་ལས་ཁུངས་ནས་ཨི་རན་དང་རྒྱ་ནག དེ་བཞིན་བྱང་ཀོ་རི་ཡ པ་ཀིས་ཏན། སཱའུཌི་ཨ་ར་བྷི་ཡ། ནི་ཇི་རི་ཡ་སོགས་ནི་ཆོས་དད་རང་དབང་རྡོག་རོལ་ཐད་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་དང་ལྷག་དོན་དེའི་ཁོངས་ནས་རྒྱ་ནག་དང་ Pakistan བྱང་ཀོ་རི་ཡ། ཨི་རན་སོགས་ལ་དམིགས་བསལ་དོ་སྣང་གནང་དགོས་པའི་རྒྱལ་ཁབ་ཀྱི་སྡེ་ཚན་ཁོངས་སུ་མིང་འདོན་གནང་ཡོད་པར་ཡོངས་གྲགས་གནང་བར་མ་ཟད། ཁོང་གིས་ཆོས་དད་རང་དབང་ནི་གཞན་གྱི་འཕྲོག་ཐབས་མེད་པའི་ཐོབ་ཐང་དང་རང་དབང་གི་སྤྱི་ཚོགས་ཤིག་གོང་འཕེལ་གཏོང་བར་མེད་དུ་མི་རུང་བའི་གཞི་རྟེན་ཆགས་ཡོད་སྟབས། ཨ་རི་གཞུང་གིས་གོང་ཞུས་རྒྱལ་ཁབ་དེ་དག་གི་མང་ཚོགས་ཚོའི་ཆོས་དད་རང་དབང་སྲུང་སྐྱོབ་གནང་སླད་འགན་འཁུར་བཞེས་རྒྱུ་ཡིན་པར་ནན་བརྗོད་ཀྱང་གནང་འདུག སྐུ་ཞབས་ Pompeo མཆོག་གིས་སཱའུ་ཌན་དང་ Uzbekistan གཉིས་ནང་འདས་པའི་ལོ་ཤས་ནས་འབྲེལ་ཡོད་གཞུང་འཛིན་ཚོགས་པས་ཆོས་དད་རང་དབང་གོང་འཕེལ་སླད་ཐུགས་འཁུར་ཆེ་བཞེས་གནང་རྐྱེན་ད་ཆ་གོང་ཞུས་རྒྱལ་ཁབ་གཉིས་པོ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་རྡོག་རོལ་ཐད་བྱེ་བྲག་ཏུ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཀྱི་མིང་གཞུང་ཁོངས་ནས་ཕྱིར་འཐེན་གནང་ཡོད་པ་དང་རྒྱལ་ཁབ་དེ་གཉིས་ཀྱི་ནང་རྩ་ཁྲིམས་བསྒྱུར་བཅོས་ཀྱིས་དོན་དངོས་ལག་བསྟར་བྱས་པའི་སྙིང་སྟོབས་དེ་ནི་འཛམ་གླིང་ཡོངས་ལ་མིག་དཔེ་བཟང་པོ་ཞིག་ཆགས་ཡོད་པར་ཡི་རངས་བསྔགས་བརྗོད་གནང་ཡོད་པ་རེད། ཉེ་ཆར་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གི་གནད་དོན་དང་འབྲེལ་ཁྲིམས་སྒྲིག་གསར་པ་ཞིག་ བརྒྱུད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་རྣམས་ཨ་རིར་ཡོང་རྒྱུར་དམ་དྲག་ཆེ་རུ་བཏང་ཡོད་པའི་ཁྲོད་འདིར་ཁ་སང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ Trump མཆོག་གི་གཞུང་འཛིན་ནས་ཐེ་ཝན་དང་ཨ་རི་དབར་མཛའ་མཐུན་གྱི་འབྲེལ་ལམ་དེ་གཏིང་ཟབ་ཏུ་གཏོང་ཐོག་ཕྱོགས་གཉིས་དབར་རྒྱལ་སྲུང་དང་ཕྱི་འབྲེལ་གྱི་མཉམ་ལས། ལྷན་དོན་དུ་ཐེ་ཝན་ལ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་དེང་དུས་ཀྱི་གོ་མཚོན་ཨ་སྒོར་ས་ཡ་ ༢༨༠ ཚོང་འགྲེམས་བྱ་རྒྱུའི་འགྲོ་གྲོན་གཏན་འབེབས་གནང་འདུག གསར་འགྱུར་བརྒྱུད་ལམ་ཁག་གིས་ད་ལན་ཨ་རི་གཞུང་གིས་ཐེ་ཝན་རྒྱལ་སྲུང་ཆེད་ཚོང་འབྲེལ་གྱི་འགྲོ་གྲོན་གཏན་འབེབས་གནང་བ་དེ་ནི་ཧོང་ཀོང་གི་མང་གཙོའི་ལས་འགུལ་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་འགྲམ་ལྕག་ཚ་ནན་ཞུས་པ་དང་གཅིག་མཚུངས་མཚོན་ཐུབ་ཀྱི་འདུག་ཅེས་ཟུར་ཟ་གནང་འདུག ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་བཅུ་བཞི་དང་དེ་འབྲེལ་གྱི་གཉེན་འབྲེལ་ཚོ་ཨ་རིར་བསྐྱོད་རྒྱུ་དང་ལྷག་དོན་དཔོན་རིགས་དེ་དག་གིས་ཨ་རི་ནང་གཉེར་བཞིན་པའི་རང་བདག་གི་རྒྱུ་ནོར་ཇི་ཡོད་སྤྱོད་མི་ཆོག་པར་བཀག་སྡོམ་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་བར་མ་ཟད། གཟའ་འཁོར་སྔོན་མའི་ནང་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོར་བོད་མི་དང་ཤིན་ཅང་ཡུ་གུར་མི་རིགས། དེ་བཞིན་ཐེ་ཝན་མི་མང་རྣམས་ཀྱི་ཐོག་དྲག་གནོན་ཚད་མེད་བཏང་ཡོད་པའི་ཆད་པ་ཚུལ་དུ་དམར་ཤོག་ཚོགས་པའི་འཐུས་མི་རྣམས་ཨ་རིར་སྐྱོད་སྐབས་ཟླ་བ་གཅིག་ལས་མཐོང་མཆན་སྤྲོད་རྒྱུ་མིན་པའི་ཁྲིམས་སྒྲིག་གསར་བ་ཞིག་བཟོས་ཡོད་པ་རེད། ལར་ནས་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་རྒྱ་ནག་གཞུང་ནས་དེ་སྔ་ཁས་ལེན་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ཁག་ལ་བརྩི་སྲུང་ཞུས་ཏེ་འཛམ་གླིང་རྒྱལ་ཁབ་གཞན་ཚོས་མུ་མཐུད་འབོད་སྐུལ་ཞུ་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུའི་ལས་དོན་ཁག་འཕྲལ་མར་མཚམས་འཇོག་གིས་དེ་དག་སྲུང་སྐྱོབ་སླད་དམིགས་བསལ་དོ་སྣང་གནང་དགོས་པར་ནན་བརྗོད་གནང་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཨ་རིར་འགྲོ་རྒྱུར་དམ་དྲག་ཆེ་རུ་བཏང་འདུག

ཨ་རིའི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་དང་ཁོང་ཚོའི་གཉེན་འབྲེལ་རྣམས་ཨ་རིར་སྐྱོད་སྐབས་ཟླ་བ་གཅིག་གི་རིང་ལས་མཐོང་མཆན་སྤྲོད་རྒྱུ་མིན་པའི་ཁྲིམས་སྒྲིག་གསར་བ་ཞིག་བཟོས་འདུག

རྒྱ་ནག་གི་བདེ་འཇགས་ཚན་ཁག་གི་བོད་རིགས་ལས་བྱེད་རྣམས་ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་སྤྲད་འདུག

རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་ལས་དོན་གཟེངས་ཐོན་གྱི་ཕྱག་ལས་གནང་མཁན་གྱི་མི་སྣར་ལོ་འཁོར་གྱི་གཟེངས་རྟགས་འབུལ་བཞིན་པའི་ཁོངས་སུ། འདི་ལོར་བོད་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་བོད་རིགས་གྲངས་ ༣༠ ལ་མིག་དཔེར་འོས་བའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་སྤྲད་འདུག

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གསུམ་ལ་ཁྲིམས་ཐག་བཅད་འདུག

དེ་ཡང་ཁ་སང་ཧོང་ཀོང་ཁྲིམས་ཁང་གིས་མང་གཙོའི་ན་གཞོན་ལས་འགུལ་བ་གྲགས་ཅན་ Joshua Wong ལགས་ཀྱིས་ཕྱི་ལོ་༢༠༡༩ ལོར་སྲིད་གཞུང་ལ་རྒོལ་ལན་སློག་པའི་ཉེས་མིང་གི་འོག་ཁོང་ལ་ལོ་གཅིག་དང་ཟླ་བ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ཁོང་གི་ལས་རོགས། ན་གཞོན་བུད་མེད་ Agnes Chow དང་ Ivan Lam ལགས་གཉིས་ཀྱིས་ཀྱང་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་ཀྱི་སྐབས་སུ་མི་མང་ལ་སྐུལ་སློང་གིས་གཞུང་རྒོལ་གྱི་ལས་འགུལ་སྤེལ་བར་བསྙད་ནས་ཟླ་བ་བདུན་ནས་ཟླ་བ་བཅུའི་བར་ཁྲིམས་ཐག་བཅད་འདུག

Latest news