Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༡༩ བའི་ཚང་འཛོམས་གྲོས་ཚོགས་ཐེངས ༦ འགོ་འཛུགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཡོངས་རྫོགས་གཅིག་ཏུ་བསྡུས་ཏེ་ནག་སེལ་གཤེད་བཅོམ་གྱི་ཁ་གཡང་འོག་ནས། རྒྱ་ནག་ནང་གི་ཕྱོགས་འགལ་ལམ་གཡོན་ཐད་ཅན་གྱི་དཔོན་རིགས་རྣམས་གཙང་སེལ་བྱས་དང་བྱེད་བཞིན་པའི་སྐབས་དང་བསྟུན་ནས། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྐབས ༡༩ བའི་ཚང་འཛོམས་གྲོས་ཚོགས་ཐེངས་ ༦ པ་དེ་ཁ་སང་ཚེས ༨ འགོ་འཛུགས་བྱས་འདུག དེ་རིང་རྒྱ་གར་གྱི India Today གསར་ཁང་གིས་དེར་འབྲེལ་གྱི་གསར་འགྱུར་སྤེལ་བའི་ནང་དུ། ཐེངས་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩ བའི་ཚོགས་ཆེན་ཐེངས ༦ པའི་ཐོག་ཏུ། རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་དུས་རབས་གཅིག་གམ། ལོ་བརྒྱ་འཁོར་བའི་བརྒྱུད་རིམ་ཁྲོད་ཀྱི་དམར་གཞུང་གི་བྱས་རྗེས་དང་ཉམས་མྱོང་ཞེས་པའི་བརྗོད་དོན་ལ་གཙིགས་འཛིན་གྱིས་བསྐྱར་ཞིབ་བྱས་པ་བརྒྱུད་ནས། ལོ་རྒྱུས་རང་བཞིན་གྱི་གྲོས་ཆོད་གསར་བ་ཞིག་འཇོག་རྒྱུར་ཤུགས་སྣོན་བྱེད་བཞིན་ཡོད་པར་བསྒྲགས་འདུག རྩ་བའི་ཕྱི་ལོ་ ༡༩༤༥ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས  ༦ པའི་ཐོག་ལོ་རྒྱུས་ཁྲོད་ཀྱི་གནད་དོན་བྱེ་བྲག་པ་འགའི་གྲོས་ཆོད་ཐེངས་དང་པོ་དེ་བཞག་ཡོད་པ་དང་། དེ་བཞིན་ཕྱིས་སུ་ཕྱི་ལོ ༡༩༨༡ ལོའི་སྐབས ༧ བའི་ཚང་འཛོམས་གྲོས་ཚོགས་ཐེངས ༡༡ པའི་ཐོག་ལོ་རྒྱུས་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་གཉིས་བ་བཞག་ཡོད་པ་དང་། ཐེངས་འདིར་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་བརྒྱ་ཧྲིལ་བོ་འཁོར་བ་དང་བསྟུན་ནས་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་ཐེངས་གསུམ་པ་དེ་འཇོག་རྒྱུར་ཧུར་བརྩོན་བྱེད་བཞིན་པ་རེད་འདུགགསར་ཁང་གིས་རྒྱ་ནག་གིས་ཐེངས་འདིའི་ཚོགས་ཆེན་དེ་ནང་ལོལ་གྱི་ཚོགས་འདུའི་ངོ་བོའི་ཐོག་འཚོགས་བཞིན་པར་ལྟོས་མེད་ཀྱིས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུགས་སྣང་ཟབ་མོ་བྱེད་བཞིན་པ་མ་ཟད། ཕྱི་ལོགས་ཀྱི་དཔྱད་ཞིབ་པ་ཁག་ཅིག་གིས་ཐེངས་འདིའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་ཨང་གསུམ་པ་དེ་ཡིས་གཅིག་བྱས་ན་རྒྱ་ནག་གི་ནང་དུ་འཇིགས་སྣང་ལྡན་པའི་ལྟ་གྲུབ་ཀྱི་འགྱུར་འགྲོས་གསར་བ་ཞིག་ལ་བསྒྱུར་སྲིད་པར་ངོས་འཛིན་དང་། ཕྱོགས་ཁག་གཞན་ཞིག་གིས་ཐེངས་འདིའི་ཚོགས་ཆེན་གྱི་རྐྱེན་གྱིས། རྒྱ་ནག་གི་ནང་དུ་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ལ་སྒྱུར་བཅོས་གཏོང་རྒྱུའི་སྲིད་བྱུས་གསར་བ་ཞིག་བསྒྲག་སྲིད་པར་ཚོད་དཔག་གནང་བཞིན་པ་རེད་འདུག འོན་ཀྱང་རྒྱ་ནག་ནང་གི་ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས།   ཐེངས་འདིའི་ཚོགས་ཆེན་གྱི་ཐོག་ནས་འདས་བའི་ལོ་རྒྱུས་ལ་གཞིར་བཞག་གིས་རྒྱ་ནག་ནང་གི་གཅིག་སྒྲིལ་ལ་ཤུགས་སྣོན་བྱ་རྒྱུུ་དེ་ཨང་དང་པོར་བཞག་སྟེ། རྒྱ་ནག་དམར་གཞུང་གིས་དུས་རབས་གཞན་གཅིག་གི་རྒྱལ་ཁབ་བསྐྱར་དར་གྱི་དམིགས་འདུན་མངོན་འགྱུར་ཡོངས་རྒྱུར་ཧུར་བརྩོན་བྱེད་སྲིད་པར་ཚོད་དཔག་བྱས་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་དང་འབྲེལ་ནས་དཔྱད་བརྗོད་སྤེལ་བའི་ནང་དུ། གྲོས་ཚོགས་འདི་ནི་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་གལ་ཆེན་ཞིག་ཆགས་ཡོད་པ་དང་འབྲེལ་ནས། ཕྱོགས་གཅིག་ནས་ཐེངས་འདིའི་གྲོས་ཚོགས་བརྒྱུད་ནས་རྒྱ་ནག་གི་ནང་དུ་ཞི་ཅིན་ཕིང་གི་ལོ་བཅུའི་རྗེས་ཀྱིི་དབང་ཆ་གཅིག་སྡུད་ཀྱི་གོ་གནས་དེར་མུ་མཐུད་དུ་བརྟན་བརླིང་ཡོང་མིན་དང་། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་འགོ་ཁྲིད་བདུན་དེ་སུ་སུ་ཆགས་ཐུབ་མིན་གྱི་སྐོར་ནས་འགྱུར་བ་གསར་བ་ཞིག་ཐེབས་སྲིད་པར་བསྒྲགས་འདུགIndia Today གསར་ཁང་གིས་མུ་མཐུད་དཔྱད་བརྗོད་སྤེལ་བའི་ནང་དུ། རྒྱ་ནག་གིས་འདས་བའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་འགའི་གྲོས་ཆོད་གཉིས་དེ་རྒྱ་ནག་གི་ཕྱི་ནང་གི་འགལ་རྐྱེན་དུ་མ་དང་ནང་ལོགས་ཀྱི་ལྟ་གྲུབ་གྱི་འགལ་འདུ་ཆེ་བའི་མགོ་རྙོག་གི་དུས་མཚམས་ཤིག་ཏུ་གཏན་འབེབས་བྱས་ཡོད་ཀྱང་། གྲོས་ཆོད་སྔ་མ་གཉིས་ཀྱི་ནང་དུ་ཡང་རྒྱ་ནག་ནང་གི་ཆིག་སྒྲིག་གོང་འཕེལ་གཏོང་ཕྱོགས་ཀྱི་སྐོར་འཁོད་ཡོད་པ་དང་། དེང་སྐབས་ཀྱང་། རྒྱ་ནག་དམར་གཞུང་གི་དཔོན་རིགས་ཁག་ཅིག་གིས་དམར་གཞུང་གི་དཔོན་རིགས་བར་གྱི་གཅིག་སྒྲིལ་གྱི་ནུས་པ་དང་ལྟ་གྲུབ་ལ་ངོས་འཛིན་བྱེད་ཚད་འདང་ངེས་མེད་པར་ལྟ་མཁན་ཡོད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་འགྲན་བསྡུར་གྱི་གནོད་ཤུགས་དང་། གཞན་ཡང་ཤར་ནུབ་ཀྱི་ལྟ་གྲུབ་རང་བཞིན་གྱི་གདོང་ཐུག་རྣོ་བའི་ཁར། རྒྱ་ནག་ནང་གི་དཔལ་འབྱོར་ཉམས་དམས་ཀྱི་ཉེན་ཚབས་ཆེ་བ་སོགས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་སྲིད་པར་བརྟེན།  རྒྱ་ནག་དམར་གཞུང་གིས་གནོད་ཤུགས་ཀྱི་འོག་ནས་ནང་ཁུལ་གྱི་གཅིག་སྒྲིལ་སྲ་བརྟན་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུའི་དུས་ལ་བབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བསྒྲགས་འདུག

མཚོ་སྔོན་ཁུལ་གྱི་དགོན་པ་ཁག་ཅིག་ནས་གྲྭ་གཞོན་རྣམས་ཕྱིར་ཕུད་གཏོང་བཞིན་པ།

ད་སྐབས་རྒྱ་ནག་གིས་བོད་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོའི་ཞེས་པའི་ཁ་གཡང་གི་འོག་ནས་དགོན་པ་ཁག་ཏུ་གྲྭ་གཞོན་རྣམས་ཕྱིར་ཕུད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུགདེ་རིང་འདི་གའི་གསར་ཁང་ལ་བཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་བ་སྔོན་པའི་ཚེས་༢༠ ནས་བཟུང་རྒྱ་གཞུང་གིས་མཚོ་སྔོན་ཁུལ་གྱི་བྱ་ཁྱུང་དགོན་དང་ངྷི་ཚ་དགོན་གཉིས་སུ་གྲ་པ་བརྒྱད་བཅུ་ཕྱིར་ཕུད་བཏང་ཟིན་པ་དང་དེ་མིན་གྱི་དགོན་སྡེ་ཁག་ཡོངས་སུ་རང་ལོ་བཅོ་བརྒྱད་མ་ལོན་པའི་དགེ་འདུན་པ་རྣམས་ཕྱིར་ཕུད་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་རེད་འདུག ཁོང་གིས་གསན་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།  བོད་ནང་གི་མཚོ་སྔོན་མཚོ་ཤར་བ་ཡུན་རྫོང་མངའ་ཁོངས་ཀྱི་བྱ་ཁྱུང་དགོན་པའི་དགེ་འདུན་པ་ ༣༠ དང་ངྷི་ཚ་དགོན་པའི་གྲ་པ ༥༠ བཅས་ཁྱོན་གྲ་པ་༨༠ ལྷག་ཟླ་བ་སྔོན་མའི་ཕྱི་ཚེས་༢༡་དང་༢༢་བར་ལ་རྒྱ་ནག་གཞུང་གི་མི་སྣ་སླེབས་ནས་བཙན་གྱི་རང་རང་སོ་སོའི་ཁྱིམ་ནང་དུ་བསྐྱལ་ཡོད་པ་དང་། རྒྱ་ནག་གཞུང་གི་བཤད་དོན་གཙོ་བོ་རང་ལོ་བཅོ་བརྒྱད་མ་ལོན་ན་གྲྭ་པ་བྱས་མི་ཆོག་ཟེར་བ་དེ་རེད་འདུག    ད་ལྟའི་ཆར་ཡང་བ་ཡུན་རྫོང་མངའ་ཁོངས་ཀྱི་དགོན་པ་ཁག་ཡོངས་སུ་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པ་དང་དགོན་པ་གཞན་ནས་གྲྭ་པ་ཅི་ཙམ་ཕྱིར་ཕུད་བཏང་བའི་གྲངས་ཀ་གསལ་བོར་ཤེས་རྟོགས་བྱེད་ཐབས་བྲལ་ཡང་མཚོ་སྔོན་ཁུལ་གྱི་དགོ་ཁག་མང་པོ་ཞིག་ལ་དཀའ་ངལ་བཟོ་བཞིན་པའི་སྐབས་ཡིན་པ་རེད་འདུག གཞན་ཡང་ཁོང་གིས།  ངྷི་ཚ་དགོན་ཆེན་དང་བྱ་ཁྱུང་དགོན་པ་གཉིས་སུ་གྲ་པ་བརྒྱད་བཅུ་ཕྱིར་ཕུད་རྗེས་ནས་བཟུང་དགོན་ནང་དུ་རྒྱ་ནག་གཞུང་གི་དམག་མི་འགྲེམས་འཇོག་གིས་ཕྱིར་ཕུད་བཏང་ཟིན་པའི་གྲ་བ་དེ་དག་ཕྱིར་དགོན་ནང་དུ་ཡོང་མ་བཅུག་པར་བཀག་འགོག་བྱས་ནས་བསྡད་ཡོད་པ་དང་། ཕྱིར་ཕུད་བཏང་ཟིན་པའི་གྲ་བ་དེ་དག་ཕྱིར་རང་ཁྱིམ་དུ་འབྱོར་བ་ནས་བཟུང་ལུས་ལ་གྲ་ཆས་གྱོན་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་།  མ་འོངས་བར་གྲ་གཞོན་དེ་དག་སློབ་གྲ་གཏོང་གི་ཡོད་མེད་གསལ་བཤད་བྱས་མེད་པ་རེད་འདུག པདྨ་རྒྱལ་ལགས་ཀྱིས་ཕྱིར་ཕུད་བཏང་ཟིན་པའི་གྲ་པ་དེ་དག་གི་ཕ་མ་སྤུན་མཆེད་ཚོའི་དགོངས་ཚུལ་ལྟ་ར་ན།  བྱིས་པ་རང་ལོ་བཅོ་བརྒྱད་མ་ལོན་པའི་གོང་ལ་དགོན་པར་བསྐྱལ་ནས་གྲ་པ་བྱས་བ་དེ་ནི་གཅིག་ནས་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཞིག་ཡིན་པ་དང་གཉིས་ནས་གྲ་པ་རྒས་གཅོང་གི་རིགས་ལ་ལྟ་རྟོག་ཐུབ་རྒྱུ། གསུམ་ནས་ཆུང་དུས་ནས་ཆོས་སྒོར་ཞུགས་ནས་དགོན་སྡེ་སློབ་གསོ་འོག་འཚར་ལོངས་བྱུང་བ་ཡིན་ན་སྤྱི་ཚོགས་ནང་གི་ཟིང་ཟིང་གི་རིགས་ལ་འགོ་འཁོར་ནས་མི་འདུག་པར་ཕུག་བསམ་འགྲུབ་ཐུབ་པ་ཡིན་ལུགས་བརྗོད་སོང་། གཞན་ཡང་ཁོང་གིས་སྤྱིར་བཏང་རྒྱ་ནག་གིས་བོད་ཀྱི་དགོན་གྲོང་ཁག་ནས་གྲྭ་བཙུན་ཕྱིར་འཕུད་གཏོང་གི་ཡོད་པ་དེ་དམིགས་བསལ་གྱི་གསར་བ་གང་ཡང་མིན་ནའང་། ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དུ་བོད་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུ་གཙོ་རྒྱུགས་ཀྱི་སྐད་ཡིག་དེ་རྒྱ་སྐད་རྒྱ་ཡིག་གཙོར་བཟུང་བྱེད་དགོས་བ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང་གི་གྲྭ་བཙུན་ཚང་མས་རྒྱ་སྐད་རྒྱ་ཡིག་སྦྱོང་དགོས་བ་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་འདི་ལོར་བསྒྲགས་པའི་ཆོས་ལུགས་ལས་དོན་སྲོལ་ཡིག་ཅེས་པའི་ནང་དུ་ཡང་ལོ་ཆུང་བྱིས་པ་གྲྭར་ཞུགས་བྱས་མི་ཆོག་པ་འཁོད་ཡོད་སྟབས། ད་ཆ་དངོས་སུ་དེ་དག་ལག་བསྟར་གནང་གི་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་།

ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཡོད།

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་ནང་ལ་རྒྱ་གར་གྱི་གཞུང་ཚབ་པའི་ཐུགས་འགན་བཞེས་མྱོང་ཡོད་པ་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། སྐབས་དེའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་པ་དེ་རེད་ཅེས་གསུངས་འདུགདེ་ཡང་ཉེ་ཆར་ཕྱེ་ཚེས་ ༢༥ ཉིན་ལྕམ་ Nirupama Rao ལགས་ཀྱིས་ The Fractured Himalaya: India Tibet China 1949-62 ཆག་གྲུམ་ཤོར་བའི་ཧི་མ་ལ་ཡ། རྒྱ་གར། བོད་དང་རྒྱ་ནག ༡༩༤༩ ནས་ ༦༢ ཞེས་འཁོད་པའི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གསར་པ་ཞིག་འདོན་སྤེལ་གནང་ཡོད་པ་དང་། དཔེ་དེབ་དེའི་ནང་དོན་དང་འབྲེལ་བརྒྱུད་ལམ་གྱིས་བཅར་འདྲི་གནང་བའི་ལས་རིམ་ཐོག་ལྕམ་ Nirupama Rao ལགས་ནས། དཔེ་དེབ་དེ་ནི་ད་ཆ་འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་ཚོ་ལ་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་རྒྱ་གར་དང་བོད། རྒྱ་ནག་བཅས་ཀྱི་རྙོག་འཛིངས་ཅན་གྱི་གནད་དོན་རྣམས་ངོ་སྤྲོད་བྱེད་རྒྱུར་དམིགས་པ་ཞིག་ཡིན་ཞེས་གསུངས་འདུགམ་ཟད་ཁོང་ནས་སྐབས་དེར་རྒྱ་གར་གྱི་སྲིད་བློན་དམ་པ་ Nehru མཆོག་གིས་རྒྱ་ནག་དང་འབྲེལ་བ་འཇོག་སྟངས་ལས་འཕྲོས་ཏེ། དུས་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གཞུང་གི་ལས་བྱེད་ Sumul Sinha ལགས་ནས། རྒྱ་ནག་བོད་ནང་དུ་འཛུལ་སོང་། ཧི་མ་ལ་ཡའི་གནས་བབ་རང་སོར་གནས་མ་སོང་ཞེས་རྒྱ་གར་གཞུང་ལ་བརྡ་ལན་བཏང་ཡོད་པ་དེ་ཡིས་ Nehru མཆོག་གིས་རྒྱ་ནག་བོད་ནང་འཛུལ་བ་དེ་ཡིས་རྒྱ་གར་ལ་ཉེན་ཚབས་དང་གདོང་ལེན་བྱེད་དགོས་པའི་གནས་སྟངས་མི་ཉུང་བ་ཞིག་འཕྲད་ངེས་ཡིན་པ་ཤེས་ཡོད་ཀྱང་། སྐབས་དེར་རྒྱ་གར་གྱིས་རྒྱ་ནག་ཐོག་བཟུང་བའི་སྲིད་བྱུས་གཙོ་བོ་དེ་རྒྱ་ནག་ལ་ཕོག་ཐུགས་མེད་པའི་འབྲེལ་བ་དམ་ཟབ་ཅིག་གི་ཐོག་ནས་རྒྱ་ནག་དང་རྒྱ་གར་གཉིས་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་གཙོ་གྲས་ཤིག་ཏུ་འགྱུར་རྒྱུའི་བསམ་བློ་དེ་ཡིན་པ་དང་། ད་ལྟའི་ཆ་ལ་སྐབས་དེའི་ཐག་གཅོད་ལ་ལྟ་སྐབས་ཐག་གཅོད་དེ་ནི་ནོར་བ་ཙམ་དུ་མ་ཟད། རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་བའི་རྩིས་ལོག་ཐེབས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག འོན་ཀྱང་སྐབས་དེའི་རྒྱ་གར་གཞུང་གི་ཐག་གཅོད་དེ་དག་རྐང་རྒྱ་གར་རང་ཉིད་ཀྱི་བདེ་དོན་ཐོག་ལ་བསམ་བློ་བཏང་བ་ཞིག་ཡིན་སྟབས། ད་ལྟའི་དཀའ་རྙོག་ཚང་མ་སྲིད་བློན་དམ་པ་ Nehru མཆོག་ལ་ཁག་དཀྲི་བྱས་པ་ཙམ་གྱིས་དཀའ་ངལ་ཁག་སེལ་མི་ཐུབ་ཅེས་ཞེས་གསུངས་འདུགདེ་བཞིན་ལྕམ་ Nirupama Rao ལགས་ཀྱིས་ཕྱི་ལོ་ ༡༩༤༢ ནས་ ༦༢ བར་གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེ་ཤོས་དེ་ཕྱི་ལོ་ ༡༩༥༠ ལོ་ལ་རྒྱ་ནག་བཅིངས་གྲོལ་དམག་མི་བོད་ནང་འཛུལ་རྒྱུ་འགོ་ཚུགས་པ་དེ་ཆགས་ཀྱི་ཡོད་པ་དང་། དེའི་གོང་ལ་བོད་ཀྱི་བདག་དབང་རྒྱ་ནག་ལ་མེད་ཀྱང་། ཕྱོགས་གཞན་ཞིག་ནས་སྐབས་དེར་རྒྱལ་ཚོགས་གཙོས་པའི་ཨ་རི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་བོད་འདི་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡང་བྱས་མེད་སྟབས། རྒྱ་གར་གཙོས་པའི་རྒྱལ་ཁབ་སུ་ཞིག་ནས་ཀྱང་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་ཐོག་ལ་དགག་པ་བསྐྱོན་མེད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག སྐབས་དེར་རྒྱ་གར་ངོས་ནས་བོད་ལ་དམག་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐུབ་མེད་ནའང་། བོད་མི་ཚོས་རྒྱལ་ཚོགས་ལ་ཞུ་གཏུགས་གནང་པའི་སྐབས་སུ་རྒྱ་གར་གི་ངོས་ནས་རྒྱབ་སྐྱོར་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པ་དེ་ལེན་ཐུབ་མེད་པ་རེད་ཅེས་གསུངས་འདུག གཞན་ཡང་དཔེ་དེབ་དེའི་ནང་ལ་སྐབས་དེའི་རྒྱ་གར་གྱི་འགོ་ཁྲིད་ཚོས་རྒྱ་ནག་ལ་ལྟ་སྟངས་མི་འདྲ་བ་ཇི་བྱུང་སྐོར་དང་འབྲེལ། ཕྱི་ལོ་ ༡༩༤༧ ནས་ ༡༩༥༠ བར་རྒྱ་གར་གྱི་སྲིད་བློན་གཞོན་པའི་ཐུགས་འགན་བཞེས་མཁན་སྐུ་ཞབས་དམ་པ་ Sardar་ Patel མཆོག་ནས་རྒྱ་ནག་བོད་ནང་འཛུལ་བའི་གནད་དོན་དེས་བོད་ཙམ་མ་ཟད་རྒྱ་གར་ལ་ཡང་ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་རེད་ཅེས་ཡོངས་གྲགས་སུ་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་ཞིག་ཡིན་ཡང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ཕྱི་ལོ་ ༡༩༥༠ ལོར་དགོངས་པ་རྫོགས་ཏེ་རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བའི་ཐག་གཅོད་མང་དག་ཅིག་ཁོང་མེད་པའི་སྐབས་སུ་བྱེད་དགོས་བྱུང་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། གལ་སྲིད་སྐབས་དེའི་ཐག་གཅོད་ཀྱི་བརྒྱུད་རིམ་སྐབས་སུ་སྐུ་ཞབས་དམ་པ་ Sardar Patel ལགས་ཡོད་པ་ཡིན་ན་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་བཤད་ཚོད་ཁག་པོ་ཡིན་ཡང་། སྐབས་དེའི་སྲིད་བློན་དམ་པ་ Nehru མཆོག་གི་དབུ་ཁྲིད་པའི་རྒྱ་གར་གཞུང་གི་ནོར་འཁྲུལ་ཆེ་ཤོས་དེ་རྒྱ་ནག་ལ་ཕོག་ཐུགས་ཙམ་ཡང་མི་བྱེད་རྒྱུའི་སྲིད་བྱུས་འོག བོད་ནང་ཡོད་པའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཁག་བློས་བཏང་བྱས་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་ཆ་རྒྱ་དཀར་ནག་དབར་འཕྲད་བཞིན་པའི་ས་མཚམས་སོགས་ཀྱི་དཀའ་རྙོག་དེ་དག་ཀྱང་དེ་སྔ་བོད་ནང་ཡོད་པའི་རྒྱ་གར་གྱི་རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་ཐུབ་ཡོད་མིན་ཐད་རང་བཞིན་གྱིས་འབྲེལ་བ་ཆེན་པོ་ཞིག་ཡོད་པ་རེད་ཅེས་གསུངས་འདུག དེ་བཞིན་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ། སྲིད་བློན་Modi མཆོག་དང་སྲིད་འཛིན་ཞི་ཅིན་ཕིང་རྣམ་གཉིས་དངོས་སུ་མཇལ་འཕྲད་སོགས་གནང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་འགོ་འཛུགས་ཡག་པོ་ཞིག་བྱུང་ཡོད་ཀྱང་། ཉེ་ལམ་རྒྱ་ནག་ཕྱོགས་ནས་ལ་དྭགས་ Galwan ཡུལ་གཤོང་དུ་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་བ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་དཀར་ནག་གཉིས་ནས་ཆབ་སྲིད་ཀྱི་ཐབས་ལམ་ཞིག་རྒྱུད་ས་མཚམས་ཀྱི་བདག་དབང་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་ཐབས་བྱེད་དགོས་པ་དང་། ས་མཚམས་དང་འབྲེལ་བའི་དཀའ་རྙོག་དེ་སེལ་མ་ཐུབ་བར་དུ་རྒྱལ་ཁབ་ཕྱོགས་གཉིས་དབར་ལ་དོན་ཕན་ལྡན་པའི་འབྲེལ་ལམ་དང་གྲུབ་འབྲས་ཤིག་ཡོང་རྒྱུ་ཁག་པོ་རེད་ཅེས་གསུངས་འདུག གཞན་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ Nirupama Rao ལགས་ཀྱི་དཔེ་དེབ་གསར་པ་ The Fractured Himalaya: India Tibet China 1949-62 ཞེས་པ་དེའི་ནང་ལ་བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་དང་། ཕྱོགས་ཕན་ཚུན་དབར་བྱུང་བའི་བཙན་འཛུལ་དང་དམག་གི་དོན་རྐྱེན། དེ་བཞིན་འབྲུག་ཡུལ་སོགས་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གནས་བབ་སོགས་ཀྱི་སྐོར་འཁོད་ཡོད་པ་རེད་འདུག

རྒྱ་ནག་གིས་སྐད་ཡིག་དང་འབྲེལ་བའི་གཉེན་ཆས་གཉིས་ནས་བོད་སྐད་དང་ཡུ་གུར་སྐད་ཡིག་ནག་གསུབ་བཏང་འདུག

རྒྱ་ནག་གཞུང་གིས་བོད་མི་རིགས་གཙོས་པའི་ཡུལ་དེའི་དབང་སྒྱུར་འོག་གནས་པའི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་ཆུང་དུས་ནས་རང་གི་ཕ་སྐད་ཀྱི་ཚབ་ཏུ་རྒྱའི་སྐད་ཡིག་སློབ་ཁྲིད་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་བྱེད་བཞིན་པ་མ་ཟད། ལྷག་པར་འདི་ལོའི་ཟླ་བ་བརྒྱད་པ་ནས་བཟུང་བོད་ཁུལ་གྱི་སྒེར་གཉེར་གྱི་སློབ་གྲ་ཁག་ཅིག་སྒོ་རྒྱག་ཏུ་བཅུག་སྟེ་སློབ་ཁུལ་དེའི་སློབ་མ་རྣམས་རྒྱ་ནག་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ཏུ་ཆེད་གཏོང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད། ད་ཆ་རྒྱ་ནག་ནང་གི་མཉེན་ཆས་རིགས་ཤིག་གི་ནང་དུ་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་བཀག་སྡོམ་བྱས་འདུགདེ་ཡང་ཨ་རིར་རྟེན་གཞི་བྱས་པའི་ china digital times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། ཟླ་བ་འདིའི་ཚེས་གཅིག་ནས་བཟུང་། རྒྱ་ནག་ནང་དུ་བཀོལ་སྤྱོད་ཆེ་བའི་སྐད་ཡིག་དང་འབྲེལ་བའི་དེང་དུས་འཕྲུལ་ལས་ཀྱི་མཉེན་ཆས་Talkmate དང་ Bilibili ཞེས་པ་གཉིས་ཀྱི་ནང་ནས་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཡོད་ཀྱང་། རྒྱ་ཡིག་གི་མཚོན་པའི་ཕྱི་རྒྱལ་གྱི་སྐད་ཡིག་ཕལ་ཆེ་བ་བཀོལ་སྤྱོད་ཐུབ་ཀྱི་ཡོད་བཟོས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཡུལ་དེའི་མི་རིགས་སྣ་འཛོམས་རང་བཞིན་གྱི་གནས་བབ་ལ་སིམ་འཛུལ་གྱིས་མཁྲེགས་འཛིན་གྱི་ལངས་ཕྱོགས་འཛིན་བཞིན་པ་གསལ་བོར་མངོན་ཡོད་པར་བསྒྲགས་འདུག གནས་ཚུལ་ནང་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན། Talkmate གཉེན་ཆས་ལས་ཁང་གིས་རྒྱ་ནག་ནང་གི་རྒྱུགས་ཆེ་བའི་Weibo ཞེས་པའི་སྤྱི་ཚོགས་དྲ་རྒྱའི་ཐོག    རྒྱ་ནག་དབུས་གཞུང་གི་སྲིད་བྱུས་ཀྱི་འོག་ནས། དེ་གའི་གཉེན་ཆས་ལས་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་གཉིས་དུས་ཡུན་ངེས་མེད་ལ་བཀག་སྡོམ་བྱས་ཡོད་སྐོར་གསལ་བསྒྲགས་བྱས་པ་དང་། རེས་གཟའ་ཟླ་བ་ཉིན་གསལ་སྒྲགས་དེའང་Weibo དྲ་རྒྱའི་ཐོག་མི་མངོན་པར་གྱུར་བ་མ་ཟད། Bilibili མཉེན་ཆས་ཐོག་བོད་ཡིག་དང་ཡུ་གུར་ཁ་ཆེའི་སྐད་ཡིག་གིས་མཆན་བྲིས་ན།  རྒྱ་ཡིག་གི་ལམ་ནས་མཆན་འདེབས་དེར་ཚོར་རྣོ་བའི་གནས་ཚུལ་ཡོད་པར་བརྗོད་ཡོད་པའི་ལན་འདེབས་ཤིག་ཤར་ཏེ་སྐད་ཡིག་དེ་གཉིས་བཀོལ་སྤྱོད་མི་ཐུབ་པ་བཟོས་ཡོད་པར་བརྗོད་འདུགགཞི་རྩའི་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བསྲེས་སྦྱོར་གྱི་སྲིད་བྱུས་སྔར་ལྷག་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ནས། འདི་ལོའི་ཟླ་བ་དང་པོའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཆོགས་ཆེན་གྱི་ཁྲིམས་བཟོའི་ལས་དོན་ཚོགས་ཆུང་གི་གཙོ་འཛིན། Shen Chunyao གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་དུ་གྲངས་ཉུང་མི་རིགས་རྣམས་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་ཡར་རྒྱས་གོང་འཕེལ་གཏོང་བའི་རང་དབང་ཡོད་པ་གསལ་བར་ལྟོས་མེད་ཀྱིས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གྲྭ་སོ་སོའི་འཛིན་ཁང་དུ་བཀོལ་སྤྱོད་བྱས་པ་ཡིན་ན་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་རྒྱལ་ཡོངས་མི་རིགས་ལས་དོན་ལྷན་ཚོགས་ཀྱིས་བྱིས་པའི་སློབ་གསོ་གོང་སྤེལ་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་པ་རྣམས་ཀྱི་སྐད་ཡིག་ཐོབ་ཐང་གི་ཚབ་ཏུ། རྒྱ་ནག་གི་སྤྱི་སྐད་གཙོར་འཛིན་བྱེད་དགོས་བར་བཟོས་ཡོད་པ་རེད། China digital times གསར་ཁང་གིས་བོད་ཁུལ་དུ་རྒྱ་ནག་གིས་སྐད་གཉིས་སློབ་གསོ་ཞེས་པ་ལག་བསྟར་གྱིས་བོད་སྐད་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་གཙོར་འཛིན་བྱེད་བཞིན་པ་མ་ཟད།  སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་རང་བཞིན་གྱི་སྒོ་བྱང་དང་ལས་རྟགས་འདྲ་མིན་གྱི་སྟེང་དུ་ཡང་དང་པོ་རྒྱ་ཡིག་འབྲི་རུ་བཅུག་སྟེ་བོད་ཀྱི་སྐད་ཡིག་རྒྱ་ཡིག་གི་འོག་ཏུ་འབྲི་དགོས་བའི་སྲིད་བྱུས་སྤེལ་བཞིན་པ་དེ་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེམས་འཚབ་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་པར་བསྒྲགས་པ་མ་ཟད། བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱང་རྒྱ་ནག་གིས་ལོ་ལྔའི་བཙོན་འཇུག་བྱས་ཏེ་ད་ཆ་ཀློད་གྲོལ་ཐོབ་ཡོད་ནའང་རྒྱ་ནག་གི་ལྟ་ཞིབ་ཀྱི་འོག་གནས་ཡོད་པ་སོགས་ཀྱི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུགད་ཆ་རྒྱ་ནག་གིས་ཆབ་སྲིད་ཀྱི་མཁའ་དབུགས་གསར་བའི་ཁྲོད་དུ། རྒྱ་ནག་གིས་ཞིན་ཅང་ནང་དུ་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཏེ། བཙན་དབང་གིས་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་པ་དང་། དེའི་ནང་ཡུ་གུར་རྩོམ་པ་པོ་མང་པོ་དང་ལོ་ཙཱ་བ། དེ་བཞིན་སྙན་ངག་པ་མང་པོ་ཞིག་ཚུད་ཡོད་པའི་ཁོངས་ནས་འགའ་ཞིག་བཀག་སྐྱིལ་ཁང་དུ་ཚེ་སྲོག་ཤོར་ཡོད་པར་མ་ཟད། ། ཡུ་གུར་ཁ་ཆེ་བྱིས་པ་གྲངས་འབུམ་ལྔ་ལྷག་རྒྱ་ནག་གི་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ཏུ་བཏང་ནས། ཡུ་གུར་གྱི་སྐད་ཡིག་སློབ་ཁྲིད་བྱེད་མཚམས་འཇོག་ཏུ་བཅུག་ཡོད་པ་དང་། དེ་བཞིན་ནང་སོག་གི་ནང་དུའང་སོག་ཡིག་རྩ་གཏོར་གྱིས་རྒྱ་སྐད་ཡིག་བཙན་ཁྲིད་བྱེད་བཞིན་པའི་ཁྲོད། མ་མཐའ་ཡང་སོག་རིགས་མི་མང་ ༢༣ ལྷག་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པར་བསྒྲགས་འདུག

རྒྱ་ནག་གིས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་སྒྲིག་གསར་བ་ཞིག་གཏན་འབེབས།

རྒྱ་དཀར་ནག་གཉིས་དབར་འདས་པའི་ལོ་གཅིག་དང་ཕྱེད་ཀ་ཙམ་ནས་ས་མཚམས་དང་འབྲེལ་བའི་གནད་དོན་ཐད་དང་གདོང་ཐུག་རིམ་པ་བྱུང་བཞིན་པའི་ཁྲོད། ཉེ་ལམ་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་གཅིག་སྒྲིལ་དང་མཐའ་མཚམས་ཀྱི་བདག་དབང་སྲུང་སྐྱོབ་ནི་ཧ་ཅང་རྩ་ཆེན་ཡིན་ལུགས་ཀྱི་ངོས་འཛིན་གྱི་ཐོག་ནས།  དེར་འབྲེལ་གྱི་ཁྲིམས་སྒྲིག་གསར་བ་ཞིག་གཏན་འབེབས་བྱས་ཏེ་སང་ལོའི་ཟླ་བ་དང་པའི་ནང་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་རེད་འདུགདེ་ཡང་དེ་རིང་རྒྱ་གར་གྱི་གསར་ཁང་ཆེ་ཁག་འདྲ་མིན་ཁག་ཅིག་གི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ནས་ཟླ་བ་འདིའི་ཚེས་ ༢༣ ཉིན་གཏན་འབེབས་བྱས་པའི་ཁྲིམས་གཞི་དེ་ནི་རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་གཞི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། དེ་ནི་རྒྱ་དཀར་ནག་བར་རྩོད་རྙོག་ཅན་གྱི་འཕགས་བོད་མཐའ་མཚམས་ཁག་ལ་ཡང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན་མ་ཟད། རྒྱ་གར་གྱི་དཔྱད་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གི་ངོས་ནས་ཐེངས་འདིའི་ཁྲིམས་གཞི་དེ་བརྒྱུད། དེ་སྔོན་ཡུལ་དེའི་མཐའ་མཚམས་ཀྱི་དཔུག་དམག་རྣམས་ཀྱིས་རྒྱ་གར་གྱི་ས་མཚམས་ལ་སིམ་འཛུལ་སོགས་ཀྱི་བྱ་སྤྱོད་རིམ་པ་སྤེལ་བ་རྣམས་ཁྲིམས་མཐུན་བཟོ་ངེས་ཡིན་པའི་ཚོད་དཔག་གནང་བཞིན་ཡོད་པ་རེད་འདུགTimes of India གསར་ཁང་གིས། རྒྱ་ནག་གིས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་སྒྲིག་དེ་ལག་བསྟར་བྱས་པ་བརྒྱུད་ནས་མཐའ་མཚམས་ཀྱི་བདེ་འཇགས་ལ་འགྱུར་བ་ཐེབས་མིན་གྱི་ངེས་བ་མེད་ནའང་། ལས་གཞི་དེ་ནས་རྒྱ་གིས་མཐའ་མཚམས་ཁག་ལ་དོ་དམ་བྱ་རྒྱུའི་གདེང་སྤོབས་རྙེད་ཡོད་པ་ཞིག་ཡིན་པ་གསལ་བོར་མཚོན་ཐུབ་ཡོད་པ་འགྲེལ་བརྗོད་གནང་འདུག་པ་དང་། ཁྲིམས་གཞི་དེའི་ནང་དུ་རྒྱ་ནག་གི་བཅིངས་གྲོལ་དམག་མི་དང་ཉེན་རྟོག་རུ་ཁག་སོགས་ཀྱིས་མཐའ་མཚམས་དང་འབྲེལ་བའི་གདོང་ཐུག་གི་རིགས་ལ་ཁ་གཏད་གཅོག་རྒྱུ་དང་།  མཐའ་སྲུང་གི་འགན་འཁྲིར་ཤུགས་སྣོན་གྱིས་དམག་སྦྱོང་གི་རིགས་སྤེལ་རྒྱུ་མ་ཟད། ཆོད་སེམས་བརྟན་པོའི་ཐོག་ནས་ཕྱིའི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བསྒྲགས་འདུག དོན་ཚན་ ༦༢ ཅན་གྱི་ཁྲིམས་སྒྲིག་དེའི་ནང་གཞན་ཡང་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་དང་གྲོང་ཚོ་གསར་རྒྱག་ལ་ཤུགས་སྣོན་སྔར་ལྷག་བྱེད་རྒྱུ་དང་།དེའི་ཐད་རྒྱ་ནག་བཅིང་འགྲོལ་དམག་དང་། ས་གནས་གཞུང་། དེ་བཞིན་དྲག་ཆས་དམག་བཅས་ཁུངས་སོ་སོའི་འབྲེལ་ཡོད་ལས་འགན་གསལ་བཀོད་བྱས་པ་མ་ཟད། མཐའ་མཚམས་ས་ཁུལ་དུ་ཚོང་གི་ཁྲོམ་རྭ་དང་། དཔལ་འབྱོར་མཉམ་ལས་ཀྱི་དམིགས་བསལ་ས་ཁུལ་འཛུགས་སྐྲུན། གཞན་ཡང་ནད་ཡམས་དང་ཆུ་ལོག མེ་སྐྱོན་སོགས་འབྱུང་བའི་རང་བཞིན་གྱི་གནོད་འཚེ་ཁག་ལ་གདོང་ལེན་གྱི་ལས་གཞི་བཅས་སྤེལ་རྒྱུ་ཡིན་སྐོར་བརྗོད་འདུགའདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་ཐེངས་འདིའི་ཁྲིམས་སྒྲིག་དེའི་གལ་གནད་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཀྱི་ཁུལ་དུ་འཛུགས་སྐྲུན་དང་སྲུང་སྐྱོབ་སོགས་ཀྱི་མཚོན་པའི་ལས་གཞི་སྣ་མང་ཞིག་སྤེལ་མུས་ཡིན་པ་དང་འབྲེལ་ནས། རྒྱ་ནག་གིས་ཐེངས་འདིར་ཁྲིམས་སྒྲིག་གཏན་འབེབས་བྱས་པ་དེ་ལག་བསྟར་བྱས་པ་ཡིན་ན་བོད་ཀྱི་མཐའ་མཚམས་ཁག་ཏུ་གནས་བའི་བོད་མི་རྣམས་ཀྱི་འགྲོ་འདུག་གི་རང་དབང་ལ་དོ་ཕོག་ཆེན་པོ་ཐེབས་ངེས་ཡིན་པ་མ་ཟད། རྒྱ་ནག་གིས་ཁྲིམས་འགལ་གྱི་བསྙད་འདོགས་འདྲ་མིན་གྱི་ཐོག་ནས་བོད་མི་རྣམས་ལ་དམ་དྲག་ཤུགས་ཆེར་བྱེད་རྒྱུར་དམིགས་པ་ཞིག་ཡིན་སྐོར་གསུངས་ཡོད། གཞི་རྩའི་ཐེངས་འདིའི་ཁྲིམས་གཞི་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སུ་དང་བྱང་ཀོ་རི་ཡ། སོག་ཡུལ། རྒྱ་གར། འབྲུག་ཡུལ་སོགས་ཁྱོན་རྒྱལ་ཁབ་ ༡༤ དང་ས་འབྲེལ་ཡོད་པའི་མཐའ་མཚམས་ས་ཁུལ་སྲུང་སྐྱོབ་ཀྱིས་ཁྲིམས་སྒྲིག་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་ངོས་ནས་ད་བར་ས་འབྲེལ་རྒྱལ་ཁབ་དེ་དག་ཕལ་མོ་ཆེ་དང་མཉམ་དུ་ས་མཚམས་གཏན་འབེབས་ཟིན་ཡོད་ཀྱང་། རྒྱ་གར་དང་འབྲུག་ཡུལ་གཉིས་དང་ལྷན་དུ་ས་མཚམས་ཀྱི་གནད་དོན་སེལ་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད། རྒྱ་གར་གཞུང་གི་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་ནག་མི་མང་བཅིང་འགྲོལ་དམག་གིས་སྔར་ལོའི་དབྱར་དུས་ཁོ་ནའི་རིང་རྒྱ་དཀར་ནག་གཉིས་དབར་གྱི་མཐའ་མཚམས་དང་འབྲེལ་བའི་དེ་སྔའི་གྲོས་མཐུན་བཞི་ཙམ་ལ་རྩིས་མེད་རྡོག་རོལ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན།ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་གི་བར་དུ་རྒྱ་ནག་གིས་འཕགས་བོད་མཐའ་མཚམས་སུ་གྲོང་ཚོ་གསར་བ་ ༦༠༠ ལྷག་གསར་འཛུགས་བྱས་ཡོད་པ་དང། སྤྱི་ལེ་ ༣༠༨༠ ལྷག་གི་གཞུང་ལམ་ ༡༣༠ ཙམ་གསར་རྒྱག    གཞན་ཡང་ཉེ་བའི་ལོ་འགའི་རིང་འཕགས་བོད་མཐའ་མཚམས་དང་འབྲེལ་བའི་མེ་འཁོར་ལྕགས་ལམ་དང་གནམ་ཐང་སོགས་ཀྱང་གསར་རྒྱག་བྱས་ཡོད་པ་རེད།རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་Harsh Vardhan Shringlaམཆོག་གིས་རྒྱ་ནག་གིས་བྱང་ཕྱོགས་ལ་དྭགས་ཁུལ་གྱི་འཕགས་བོད་མཐའ་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་གཉེར་བ་དེ་ཡིས་ཕྱོགས་གཉིས་ཀྱི་མཐའ་མཚམས་དང་འབྲེལ་བའི་ཞི་བདེ་དང་བརྟན་བརླིང་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་ཞིག་ཡིན་པར་བསྒྲགས་ཡོད་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་jaishankar མཆོག་གིས་ཀྱང་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་མངོན་འདོད་དང་ཞི་བདེ་གཞིར་བཞག་གི་ཐོག་ནས་མཐའ་མཚམས་ཀྱི་དཀའ་རྙོག་སེལ་རྒྱུར་མཉམ་ལས་བྱེད་རྒྱུར་རེ་བ་ཆེན་པོ་ཡོད་པར་གསུངས་ཡོད་པ་རེད།

རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་འཛིན་བཟུང་གིས་བཙན་ཁྲིད་བྱས་འདུག

བོད་ཨ་མདོ་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་རྒྱ་ནག་གིས་ཟླ་བ་འདིའི་ཟླ་འགོར་འཛིན་བཟུང་གིས་བཀག་སྐྱིལ་བྱས་ཡོད་འདུགབཞུགས་སྒར་ཀིརྟི་དགོན་དུ་རྟེན་གཞི་བྱས་པའི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཟླ་ ༡༠ ཚེས་འགོ་ཙམ་ལ།  རྒྱ་ནག་དམར་གཞུང་གིས་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཁོངས་ལྡན་ཤེས་རྟོགས་བྱུང་ཡང་།  ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་ཐུབ་པའི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་གནང་སོང་། གྲྭ་བློ་བཟང་ཆོས་འཕེལ་ལགས་ནི་ས་བྱི་ལོའི་ཞི་རྒོལ་དང་འབྲེལ་ནས་སྔ་རྗེས་སུ་ཐེངས་གཉིས་ཙམ་ལ་འཛིན་བཟུང་གིས། ཟླ་བ་བཞི་ཙམ་ལ་བཀག་སྐྱིལ་བྱས་མྱོང་ཡོད་པ་ཞིག་ཡིན་པ་དང་།  ད་ཆ་སླར་ཡང་ཐེངས་གསུམ་པར་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་རེད། གཞན་ཡང་ཀ་ཉག་ཚེ་རིང་ལགས་ཀྱིས་ད་ཆ་རྒྱ་ནག་གིས་སྔར་ལྷག་བོད་གཞིས་བྱེས་གཉིས་ཀྱི་དབར་གྱི་འབྲེལ་ལམ་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དང་འབྲེལ་ནས། ཐེངས་འདིར་འཛིན་བཟུང་བྱས་པའི་གནད་དོན་དེ་ཡང་ཟླ་བ་གཅིག་མ་ཟིན་ཙམ་གྱི་རྗེས་ནས་མ་གཏོགས་གནས་ཚུལ་ཤེས་རྟོགས་བྱེད་མ་ཐུབ་པར་ལྷག་ཡད་ཡོད་པ་ཞིག་ཡིན་སྐོར་གསུངས་ཡོད། གཞི་རྩའི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ནི་རྔ་བ་རྫོང་ཁོངས་ཀྱི་རྔ་སྲིབ་ཀ་ཉག་སྡེ་བ་ནས་ཡིན་ཞིང་།  ་ཁོང་ཆུང་དུས་ནས་་རྔ་བ་ཀིརྟི་དགོན་དུ་གྲྭར་ཞུགས་ཀྱིས་སློབ་གཉེར་གནང་ཞོར་དུ།  ཀིརྟི་དགོན་པ་གཞུང་གི་གློག་ཀླད་སྡེ་ཚན་གྱི་ཕྱག་ལས་གནང་མུས་ཡིན་པ་དང་། དུས་རྒྱུན་ནས་ཁོང་པར་ལེན་སྒྱུ་རྩལ་ལ་དོ་དབྱིངས་ཡོད་མཁན་ཞིག་ཡིན་པ་ཟད། བོད་ཁུལ་དུ་པར་ལེན་འགྲན་བསྡུར་ཁག་ཅིག་གི་ནང་དུ་བྱ་དགའ་ཡར་རེ་འགའ་ཐོབ་མྱོང་མཁན་ཞིག་ཡིན་པ་དང་། ཁོང་གི་ཕ་འདས་བའི་མཚན་ལ་རིག་ཁོ། ཨ་མའི་མིང་ལ་མིང་ལ་ཚེ་རིང་སྐྱིད་ཟེར་ཞིང་། ད་ཆ་ཁོང་དགོང་ལོ་ ༣༤ ཡིན་པའི་གྲྭ་གཞོན་དར་མ་ཞིག་ཡིན་ཆགས་ཡོད་པ་རེད།

རྒྱལ་ཁབ་ ༤༣ གྱིས་རྒྱ་ནག་གིས་ཡུ་གུར་མི་རིགས་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད།

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཐོག་ཏུ། རྒྱལ་སྤྱིའི་རྒྱལ་ཁབ་ ༤༣ ལྷག་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་མཚོན་པའི་ཁུལ་དེའི་ཆོས་ལུགས་གཞན་གྱི་ཚོགས་སྡེ་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱས་འདུག སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཐོག་ཏུ། ཧྥ་རན་སིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ། སྐུ་ཞབས Nicolas De Riviere ལགས་ཀྱིས་རྒྱལ་ཁབ་༤༣ གྱིས་མཉམ་འབྲེལ་གྱིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་དུ། རྒྱལ་ཁབ་༤༣་དེ་དག་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་གྱིས་བཀག་སྐྱིལ་བྱེད་བཞིན་པའི་གནད་དོན་དེར་སེམས་འཚབ་ཡོད་པ་དང་འབྲེལ་ནས། རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྟོག་ཞིབ་རུ་ཁག་གི་གཙོ་བྱས་པའི་ཕྱི་ཕྱོགས་ཀྱི་རང་དབང་ཅན་གྱི་རྟོག་ཞིབ་རུ་ཁག་ཁུལ་དེར་འགྲོ་རྒྱུར་ཆོག་མཆན་སྤྲོད་དགོས་བའི་འབོད་སྐུལ་བྱས་འདུག གཞི་རྩའི་ཐེངས་འདིའི་རྒྱལ་ཁབ་ ༤༣ གྱི་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ནང་དུ། ཡུ་གུར་མི་མང་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་གིས་ Zapya ཞེས་པའི་ཁ་པར་མཉེན་ཆས་བཀོད་སྤྱོད་བྱས་པར་བརྟེན་ནས་རྒྱ་ནག་གིས་བཀག་སྐྱིལ་བྱས་ཡོད་པར་འཁོད་ཡོད་པ་རེད། གཞན་ཡང་བདུན་ཕྲག་འདིའི་ནང་དུ་ཨོ་གླིང་གི་སྲིད་བྱུས་ཉམས་ཞིབ་ཀྱི་ལྟེ་གནས་ཁང་ཞིག་གིས་ཀྱང་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྙན་ཐོ་བཏོན་ཡོད་པ་མ་ཟད། འདི་ལོ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐོག་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་གྱི་སྲིད་བྱུས་སྤེལ་བཞིན་པར་ལོ་ལྟར་སྐྱོན་བརྗོད་བྱས་པའི་ལོ་གསུམ་པ་དེ་ཆགས་ཡོད་པ་རེད། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་སྐུ་ཚབ་ Zhang Jun ཟེར་བས་རྒྱལ་ཁབ་ ༤༣ གྱི་མཉམ་འབྲེལ་གྱི་སྐྱོན་བརྗོད་དེར་དགག་གཞག་བྱས་ཏེ། ཨ་རིའི་གཙོ་བྱས་པའི་རྒྱལ་ཁབ་གཞན་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་རྒྱ་ནག་ལ་འགྲན་སློང་བྱེད་བཞིན་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་བཞིན་པར་བརྗོད་པ་དེ་ནི་གཞི་རྩ་བྲལ་བའི་བསྙོན་འཛུགས་ཤིག་ཡིན་པར་འགྲེལ་བརྗོད་ཀྱིས། ཤིན་ཅང་གི་མི་མང་གི་འཚོ་བ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་ཞིག་ཡིན་པར་བསྒྲགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ ༦༢ ཡིས་ཡུ་གུར་གྱི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་དང་། ཕྱི་ཕྱོགས་ནས་ཆབ་སྲིད་ཀྱི་དམིགས་འབེན་གྱི་ཐོག་ནས་གནད་དོན་དེ་གླེང་སློང་བྱེད་བཞིན་པ་ཞིག་ཡིན་པར་བརྗོད་འདུག རྩ་བའི་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་གྱིས་མི་རིགས་རྩ་གཏོར་གཏོང་བཞིན་པ་དང་འབྲེལ་ནས། ཨིན་ཡུལ་དང་ཨོ་གླིང་། དེ་བཞིན་ཁེ་ན་ཌ། གཞན་ཡང་ནེའུ་ཛ་ལན་ཌི་སོགས་ཀྱི་མཚོན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱལ་ཁོངས་སོ་སོའི་གྲོས་ཚོགས་ནང་དུ་ཤིན་ཅང་གི་གནད་དོན་དེ་མི་རིགས་རྩ་གཏོར་གྱི་གནད་དོན་ངོས་འཛིན་དང་། ཨིན་ཡུལ་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨ་རི་དང་ཁེ་ན་ཌ་དང་ལྷན་དུ་ཤིན་ཅང་ནང་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་སྲིད་དོན་ཉེས་ཆད་ཡང་བཅད་ཡོད་པ་རེད།

བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ་ཐོབ་ཀྱང་ནད་མནར་གྱིས་སྨན་བཅོས་བྱེད་བཞིན་པ་རེད།

བོད་མདོ་སྨད་མཛོད་དགེ་སོག་ཚང་དགོན་གྱི་གྲྭ་དགེ་འདུན་གྲགས་པ་ལགས་མི་ལོ་ལྔ་ཡི་བཙོན་འཇུག་གི་དུས་ཚང་ནས་གློད་གྲོལ་བཏང་ཡོད་ནའང་། ད་ལྟ་གཟུགས་གཞིའི་འཕྲོད་བསྟེན་གྱི་གནས་བབ་ཞན་པའི་རྐྱེན་གྱིས་ཁྲིན་འདུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཞག་སྡོད་ཀྱིས་སྨན་བཅོས་བྱེད་མུས་རེད་འདུག བོད་ནས་ཕྱི་ལོག་ཏུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༨ པའི་ཟླ་མཇུག་ཙམ་ལ་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་གྲགས་པ་ལགས་གློད་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་ཡོད་ཀྱང་ད་ཆ་ཁོང་མཁྲིས་པའི་ནད་གཞིའི་རྐྱེན་གྱིས་རྒྱ་ནག་ཁྲིན་འདུ་གྲོང་ཁྱེར་གྱི་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་ཡང་། རྒྱ་ནག་གཞུང་གིས་ད་དུང་ཡང་ཁོང་གི་འགྲོ་འདུག་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག གཞི་རྩའི་དགེ་འདུན་པ་ཁོང་གློད་གྲོལ་བཏང་ནས་ཟླ་གཉིས་ཙམ་འགྲོ་བཞིན་ཡོད་ནའང་། ཁོང་ད་དུ་སྲིད་གཞུང་གི་ལྟ་རྟོག་གི་འོག་ན་ཡོད་པས་ཟླ་རེ་བཞིན་ས་གནས་ཉེན་རྟོག་ཁང་ལ་ངེས་པར་དུ་ཐོ་འགོད་བྱེད་དགོས་བར་བརྗོད་འདུག རྩ་བའི་ཕྱི་ལོ་ ༢༠༡༦ ལོར་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་བཀྲིས་ཐེག་མཆོག་གླིང་དགོན་པའི་དགེ་འདུན་པ་དགེ་འདུན་གྲགས་པ་ལགས་དང་། བློ་བཟང་ཤེས་རབ་ལགས་གཉིས་རྒྱ་ནག་གིས་འཛིན་བཟུང་གིས་དུས་ཡུན་གང་འཚམས་ཤིག་གི་རིང་ལ་གར་ཡོད་ཆ་མེད་དུ་གྱུར་ཀྱང་། ཕྱིས་སུ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༧ ཡས་མས་ཤིག་ལ་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ས་ཁུལ་ཟེར་བའི་རྒྱལ་རོང་ཁྲོ་ཆུ་རྫོང་དུ་རྒྱ་གཞུང་གིས་ཁྲིམས་ར་ཚོགས་ཏེ་དགེ་འདུན་པ་ཁོང་གཉིས་ལ་རྒྱལ་ཁབ་ཁ་བྲལ་དང་ཕྱི་ཕྱོགས་སུ་འབྲེལ་བ་གནང་པའི་ཉེས་མིང་འོག་གྲྭ་གྲགས་པ་ལགས་ལ་ལོ་ལྔ་བཙོན་འཇུག་དང་། གྲྭ་བློ་བཟང་ཤེས་རབ་ལགས་ལའང་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། སྔོན་ཆད་ཁོང་གཉིས་ལ་ཁྲིམས་ཐག་གཅོད་སྐབས་ཁྲིམས་རའི་ནང་དོ་བདག་སྒེར་གྱི་ཁྲིམས་རྩོད་པ་ཁྲིད་པ་དང་དག་སེལ་གྱི་སྐད་ཆ་གང་ཡང་ཤོད་མ་བཅུག་པ་མ་ཟད། ཕ་མ་སྤུན་མཆེད་དང་ཐུག་འཕྲད་བྱེད་མ་བཅུག་པ་དང་། ཁྲིམས་ར་དངོས་སུ་ཚོགས་སྐབས་ཁྲིམས་རའི་ནང་ཟུར་ཉན་འགྲོ་མཁན་རྣམས་ལ་དམ་དྲག་ནན་པོ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱི་ཁྲོད་ནས་བོད་ཕྱི་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་ལ་ལྟ་རྟོག་ནན་པོ་བྱེད་བཞིན་པ་མ་ཟད། བོད་ནང་དུ་གང་བྱུང་འཛིན་བཟུང་དང་ཁ་པར་སོགས་བཙན་འཕྲོག་གིས་ཞིབ་བཤེར། དེ་བཞིན་མི་སྒེར་གྱི་ནང་དུ་ཡང་སྔོག་བཤེར་སོགས་ཀྱི་གནས་ཚུལ་རིམ་པ་བྱུང་བཞིན་པ་དང་། བོད་པའི་སྤྱི་ཚོགས་ནང་ཁུལ་དུ་ཡང་སོ་ཉུལ་གྱི་རིགས་སམ་གནས་ཚུལ་རྒྱ་གཞུང་ལ་ཡར་ཞུ་བྱེད་མཁན་ཡོད་ཚེ་དངུལ་དངོས་ཀྱི་རྔན་པ་སྤྲོད་ཀྱི་ཡོད་སྟབས་ད་ཆ་བོད་ཕྱི་ནང་གི་བར་དུ་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་བའི་གནས་ཚུལ་རྒྱུས་ལོན་བྱེད་དཀའ་བའི་གནས་སུ་ལྷུང་སྟབས། བོད་མི་རྣམས་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཆད་བཅད་པ་སོགས་ཀྱི་གནས་ཚུལ་དུས་ཐོགཏུ་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ཏུ་ཐོན་ཁག་པོ་ཆགས་ཡོད་པ་རེད།

ཝང་ཅུན་ཀྲེང་གིས་ཁ་བྲལ་བར་ངོ་རྒོལ་དང་སྤྱི་ཚོགས་སྲ་བརྟན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཁ་སང་ཕྱི་ཚེས ༡༩ཉིན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་དབྱིང་ཅེ་ཟེར་བ་འགྱུར་བ་བཏང་སྟེ།  དེའི་ཚབ་ཏུ་རྒྱ་ནག་གི་ནང་དུ་དབང་བསྒྱུར་དྲག་གནོན་ཆེ་ཤོས་ཀྱི་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་གཙོ་གཞོན་པ་ཧན་མི་རིགས་ཝང་ཅུན་ཀྲེང་ཟེར་བ་བསྐོ་བཞག་བྱས་འདུགགཞི་རྩའི་ཝང་ཅུན་ཀྲེང་ནི་ཕྱི་ལོ་ ༢༠༡༩ ཟླ་ ༡ ནས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་རྒྱུན་ལས་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཕྱི་ལོ་ ༢༠༢༠ ཟླ་ ༥ ནས་ལོ་དེའི་ཕྱི་ཟླ་ ༩ པའི་བར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་དྲུང་ཆེ་གཞོན་པ་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་དམར་ཤོག་དྲུང་ཆེ། རྒྱ་ནག་ཡུ་གུར་འཛུགས་སྐྲུན་ལྷན་ཚོགས་ཀྱི་མགོ་འཁྲིད་སོགས་བྱས་པའི་ཁྲོད། ཤིན་ཅིང་གི་ཁུལ་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་མི་མང་བཀག་སྐྱིལ་དང་ངལ་རྩོལ་བསྒྱུར་བཀོལ་སོགས་ཀྱི་ནག་ཉེས་དང་འབྲེལ་ནས།  ཨ་རི་དང་དབྱིན་ཡུལ། དེ་བཞིན་ཁ་ན་ཊ་དང་ཡུ་རོབ་སོགས་ཀྱིས་ནུབ་ཕྱོགས་སུ་འགྲོ་སྐྱོད་བཀག་སྡོམ་བྱས་པའི་རྒྱ་ནག་གི་དཔོན་རིགས་ཁྲོད་ཀྱི་གཅིག་ཆགས་ཡོད་པ་རེད། ཐེངས་འདིའི་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་བརྗེ་བསྒྱུར་གྱི་གནད་དོན་དང་འབྲེལ་ནས་རྒྱ་རིགས་ཉམས་ཞིབ་པ་དང་ཐེ་ཝན་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་བོད་རང་སྐྱོང་ལྗོངས་སུ་རྒྱ་ནག་གི་འགོ་ཁྲིད་སུ་སླེབས་མིན་ལ་མ་ལྟོས་བར་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་འོག་ཏུ་བོད་ཁུལ་དུ་༸གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་ཤན་ཤུགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་ནང་དུ་དམ་དྲག་བྱེད་མུས་ཡིན་པ་ལྟར། ཝང་ཅུན་ཀྲེང་གིས་ཀྱང་ད་ལྟའི་དམ་དྲག་གི་སྲིད་བྱུས་དེ་ལག་བསྟར་བྱེད་རྒྱུ་ཉག་གཅིག་ཡིན་པ་མ་ཟད། ཁོ་ནི་ཤིན་ཅང་གི་ནང་དུ་ཡང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་ཞིག་ཡིན་པ་ལྟར། བོད་ནང་དུ་ཡ་ང་སྙིང་རྗེ་བྲལ་བའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པར་གསུངས་སོང་། གཞན་ཡང་ཁོང་གིས། རྒྱ་ནག་དམར་ཤོག་གི་དབང་བསྒྱུར་སྲིད་བྱུས་ཀྱི་འོག་ཏུ། བོད་རང་སྐྱོང་ལྗོངས་དང་ཤིན་ཅིང་རང་སྐྱོང་ལྗོངས་གཉིས་སུ་རྒྱ་ནག་གི་དཔོན་རིགས་བརྗེ་སྤོར་གྱི་ལམ་སྲོལ་ཡོད་པ་ཞིག་ཡིན་པར་ལུང་འདྲེན་གྱིས། ཝང་དབྱིང་ཅེ་དང་ཝང་ཅུན་ཀྲེང་གཉིས་ནི་རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་ནས་ཡིན་པ་གཅིག་མཚུངས་ཡིན་པ་ལྟར། ཧྲན་ཏུང་གི་མི་རིགས་དེ་རྒྱ་ནག་གིས་ཧན་མི་རིགས་ཀྱི་ངོ་བོར་བསྒྱུར་ཟིན་པ་ཞིག་ཡིན་པ་མ་ཟད། ཁུལ་དེའི་དཔོན་རིགས་རྣམས་མི་རིགས་་གཞན་ལ་སྡང་ཟུག་དང་དྲག་གནོན་བྱེད་རྒྱུར་ཡ་ང་སྙིང་རྗེ་བྲལ་བ་ཞིག་ཡིན་པ་དང་།  ཝང་དབྱིང་ཅི་ཡིས་བོད་ཁུལ་དུ་ལོ་ངོ་སུམ་ཅུ་ལྷག་ལ་ལས་ཀ་བྱས་པའི་ཁྲོད་ནས་དྲག་གནོན་སྲིད་བྱུས་ལག་བསྟར་བྱས་པ་མངོན་གསལ་ཡིན་པ་ལས། བོད་སྐད་བོད་ཡིག་ཚིག་གཅིག་ཀྱང་མི་ཤེས་བའི་དཔོན་རིགས་ཆགས་ཡོད་པར་འགྲེལ་བརྗོད་གནང་སོང་།ཁ་སང་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་དུ་བསྐོ་བཞག་བྱས་པའི་མཛད་སྒོའི་སྟེང་ཁོས་གཏམ་བཤད་སྤེལ་བའི་ནང་དུ། ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་ལ་སྤེལ་བའི་བསམ་བློའི་མཛུབ་སྟོན་གྱི་འོག་ནས།  བོད་ཁུལ་དུ་རྒྱ་ནག་དམར་གཞུང་གི་འཐབ་བྱུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་སྣོན་དང་། ཏཱ་ལའི་ཁ་བྲལ་ལ་རྒོལ་རྡུང་དང་བོད་ནང་གི་ཆོས་ལུགས་ལས་དོན་ཁྲིམས་ལྟར་ལག་བསྟར། དེ་བཞིན་མཐའ་མཚམས་ས་ཁུལ་ལ་འཛུགས་སྐྲུན་གསར་རྒྱག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བསྒྲགས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་༦༠ ལྷག་འགྲོ་བཞིན་ཡོད་ཀྱང་། ད་ལྟའི་བར་དུ་བོད་མི་ཞིག་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དུ་བསྐོ་བཞག་བྱེད་མ་ཐུབ་པ་དེ་ཡིས་རྒྱ་ནག་གིས་དུས་ལྟ་དའི་བར་དུ་བོད་མི་རྣམས་ཀྱི་ཡིད་སེམས་འགུག་ཐུབ་མེད་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་པ་ལུང་འདྲེན་གྱིས། རྒྱ་ནག་གིས་མུ་མཐུད་དུ་བོད་ཁུལ་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཡིན་པ་མངོན་གསལ་གནང་འདུག རྩ་བའི་ཝང་ཅུན་ཀྲེང་ནི་ཕྱི་ལོ་༡༩༦༣ལོ་རྒྱ་ནག་ཧྲན་ཏུང་ལིན་ཞི་ཞེས་པར་སྐྱེས་པ་དང་།  ཕྱིས་སུ་ཧྲན་ཏུང་སློབ་ཆེན་གྱི་སྤྱི་ཚོགས་རིང་ལུགས་སྡེ་ཚན་དུ་སྤྱི་ཚོགས་རིང་ལུགས་ཆེད་ལས་སློབ་སྦྱོང་གནང་སྟེ་ཕྱི་ལོ་༡༩༨༧ལོ་ནས་དམར་ཤོག་ཚོགས་པའི་ཁྲོད་འཛུལ་ཞུགས་ཀྱིས་ལས་གནས་འདྲི་མིན་ཁྲོད་ལས་ཀ་བྱེད་མྱོང་མཁན་ཞིག་རེད་འདུག

Latest news