Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་གི་དཔལ་འབྱོར་སྲུང་སྐྱོབ་སླད་ཆོས་ལུགས་ལ་དམ་དྲག་བྱེད་དགོས་བའི་གླེང་སློང་།

རྒྱ་ནག་དབུས་གཞུང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག   ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི་ཁག་ལམ་ལྷོང་ཡོང་བའི་ཕྱིར། ཆོས་ལུགས་ལ་སྡང་འཛིན་ནན་མོ་བྱེད་དགོས་པར་བཤད་འདུག དེ་རིང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Bitter winter ཞེས་པའི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། སྔར་ལོའི་ལོ་མཇུག་ཏུ་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་འབྲེལ། རྒྱ་ནག་དབུས་གཞུང་གི་མི་མང་བདེ་འཇགས་བློན་ཆེན་ལས་ཁུངས་ཀྱི་དམར་ཤོག་དྲུང་ཆེ Wang Xiaohong ཟེར་བའི་དཔྱད་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གི་དཔལ་འབྱོར་ཕེལ་རྒྱས་སླད་རྒྱལ་ཁབ་ནང་བདེ་འཇགས་དགོས་གལ་ཆེ་བ་དང་། བདེ་འཇགས་དཀྲུག་གཞིའི་གནད་དོན་གཙོ་བོ་ཞིག་ནི་ཁྲིམས་འགལ་གྱི་ཆོས་ལུགས་ཁག་ཡིན་སྟབས། ཆོས་ལུགས་ལ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཧ་ཅང་དགོས་གལ་ཆེ་བར་འགྲེལ་བརྗོད་བྱས་འདུགགསར་ཁང་གིས་ད་དུང་། ཆོས་ལུགས་ལ་དམ་དྲག་བྱེད་རྒྱུ་དེ་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་གྲུབ་ཅིག་ཡིན་པ་དང་། ཡུལ་དེའི་ལོ་རྒྱུས་སློབ་དེག་ཁག་གི་ནང་དུའང་ཡུ་རོབ་ཤར་མའི་རྒྱལ་ཁབ་རྣམས་ཀྱིས་ཆོས་ལུགས་ལ་རང་དབང་ཆེས་ཆེར་སྤྲད་དེ་སྤྱི་མང་ལ་དམ་དྲ་མ་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་ཉམས་དམས་སུ་གྱུར་ཡོད་པར་འགྲེལ་བརྗོད་བྱས་པའི་ཁོངས་སུ། གཙོ་བོ་པཱོ་ལན་ཊི་དང་ཧང་གྷ་རི།་དེ་བཞིན་ལཱི་ཐོ་ཎི་ཡ་སོགས་ཡིན་པར་བཀོད་པ་ལུང་འདྲེན་དང་འབྲེལ། སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་འཁོར་དཔལ་འབྱོར་ལས་དོན་ཚོགས་འདུ་དེ་ནི་ཚོང་ལས་ཡིན་པ་ལས་ཆོས་ལུགས་དང་འབྲེལ་བ་མེད་ནའང་། Wang Xiaohong ཡིས་སྤེལ་བའི་དཔྱད་གཏམ་ལས་ཐེངས་འདིའི་ཚོགས་འདུ་དེའང་ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་བ་ཆེན་པོ་ཆགས་ཡོད་པ་བརྗོད་འདུག དེའང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཟླ་བ་སྔོན་མའི་ཚེས་ ༨ ནས་༡༠ བར་དཔལ་འབྱོར་གྱི་ཚོགས་འདུ་དེ་ཚོགས་པ་དང་བསྟུན། ཟླ་འདིའི་ཚེས་ལྔ་ཉིན། Wang Xiaohong  གྱིས་རྒྱ་ནག་གི་ཉིན་རེའི་ཚགས་པར་དང་དམར་ཤོག་ཚོགས་པའི་དྲ་གནས་སྟེང་དཔྱད་བརྗོད་སྤེལ་བའི་ནང་དུ། རྒྱ་ནག་གི་དམར་ཤོག་ཚོགས་མི་རྣམས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གཙོར་འཛིན་བྱེད་བཞིན་པའི་སྲོལ་རྒྱུན་གྱི་ Guotai Minan ཞེས་པ་སྟེ། དོན་དུ་མི་མང་བདེ་འཇགས་ཡིན་དུས་རྒྱ་ནག་དར་རྒྱས་ཆེན་པོ་འགྲོ་ངེས་བའི་ལྟ་སྤྱོད་ཀྱིས་སེམས་སྐུལ་ཆེན་པོ་ཐེབས་ཡོད་པ་མངོན་གསལ་དང་འབྲེལ། ཁོང་ངོས་ནས་Guotai Minan ཞེས་པའི་སྲོལ་རྒྱུན་གྱི་ལབ་སྲོལ་དེའི་དོན་ནི། རྒྱལ་ཁབ་ནང་དཔལ་འབྱོར་གོང་འཕེལ་ཡོང་བར་གཙོ་བོ་ཁྲིམས་འགལ་གྱི་ཆོས་ལུགས་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དཀྲུག་གཞིའི་ལས་དོན་ཁག་ལ་མཐའ་གཅིག་ཏུ་དམ་དྲག་བྱ་དགོས་པ་དེ་ཡིན་སྐོར་བརྗོད་འདུག ཁོས་དཔྱད་གཏམ་དེའི་ནང་རྒྱ་ནག་གི་སྤྱི་བདེ་མི་སྣས་ཕྱིའི་སྟོབས་ཤུགས་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་ལ་འགོག་རྐྱེན་བཟོ་ཆེད་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་སོགས་བེད་སྤྱོད་བྱེད་པ་ཁག་ལ་ཁྲིམས་སྒྲིག་ལག་བསྟར་གྱིས་ལྟ་རྟོག་ནན་མོ་བྱེད་རྒྱུའི་སྐུལ་མ་བྱས་པ་མ་ཟད། ཁ་བྲལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་བརྟན་བརླིང་ལ་ཚོད་འཛིན་བྱེད་དགོས་བ་དང་། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་ཟེར་བའི་བསམ་བློ་ཁྱེར་ནས་ཆོས་ལུགས་དང་གྲངས་ཉུང་མི་རིགས་ཁྲོད་རྩོད་རྙོག་བཟོ་མཁན་རྣམས་ལ་དམ་དྲག་བྱེད་དགོས་པ་བརྗོད་འདུག གཞི་རྩའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཆབ་སྲིད་ཀྱི་འགན་ཁུར་བ་ནས་བཟུང་བོད་ཁུལ་ཡོངས་སུ་ཆོས་ལུགས་རྒྱ་སྒྱུར་དང་སྐད་ཡིག་རྒྱ་སྒྱུར་གྱིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ལ་དམ་དྲག་ཆེས་ཆེར་བྱེད་བཞིན་པ་ཡོངས་གྲགས་ཆགས་ཡོད་པ་དང་། ཉེ་སྔོན། རྒྱ་ནག་གིས་བོད་ཁུལ་དུ་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་འགྲེལ་ནས་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྤྱི་ཡོངས་ནས་རྒྱ་ནག་གིས་ཆོས་དེ་དུག་རྩ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་མ་ཟད། བོད་ཁུལ་དུ་༸གོང་ས་མཆོག་གི་ཤུགས་རྐྱེན་གཙང་བཟོ་བྱེད་རྒྱུར་དམིགས་ནས་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཞིག་ཡིན་པར་གསུངས་ཡོད།

བྲག་མགོའི་ནང་གི་ཁྲིམས་འགལ་གྱི་བྱ་སྤྱོད་འགོག་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ།

རྒྱ་ནག་གཞུང་གིས་བོད་ས་ཡོངས་དང་། ལྷག་པར་ཁམས་བྲག་མགོ་རུ་འདས་པའི་ལོ་ཤས་ནས་མི་སྤྱོད་ལས་འདས་པའི་བཙན་གནོན་དང་དྲག་སྤྱོད་སྤེལ་བ་མ་ཟད། ཉེ་བའི་ཆར་སླར་ཡང་དམ་དྲག་ནན་པོའི་འོག་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་འདྲ་དང་མ་ཎི་འཁོར་ལོ་གྲངས་ ༤༥ ཙམ་རྩ་གཏོར་དང་། དེ་བཞིན་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་འབྲེལ་ཡོད་ཀྱི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་ཐོན་པའི་ཁྲོད། ཁ་ས་རེས་གཟའ་ལྷག་པའི་ཉིན་ཨོ་གླིང་གི་སཌི་ནི་གྲོང་ཁྱེར་ནང་བོད་མི་དྭང་བླངས་བ་ཁག་ཅིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་སྒྲེང་ནས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེར་བྱས་པ་དང་ཆབས་ཅིག     རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བྲག་མགོའི་ནང་གི་ཁྲིམས་འགལ་གྱི་བྱ་སྤྲོད་དེའི་རིགས་འགོག་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག སཌི་ནིའི་བོད་ཀྱི་གཞོན་ནུ་ཚོགས་པ་དང་། དྭངས་བླངས་བོད་མི་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་གྱིས་ལས་འགུལ་དེ་སྤེལ་བ་དང་འབྲེལ། གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་དུ། བྲག་མགོའི་ནང་གི་ཛ་དྲག་གི་གནས་སྟངས་ཞིབ་ཕྲ་བཀོད་པ་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་བོད་མི་ཚོའི་ཆོས་དད་རང་དབང་དང་དད་རྟེན་སོགས་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་འདི་ལྟར་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། སྐུ་རྟེན་སོགས་གཏོར་བཅོམ་བྱེད་བཞིན་པ་ནི་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བ་དང་མི་རིགས་རྩ་མེད་གཏོང་བའི་བྱ་སྤྱོད་ཐ་ཤལ་ཞིག་ཡིན་པ་མངོན་གསལ་ཡིན་སྐོར་གསུངས་བ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག  མི་སྒེར་ཚང་མས་རྒྱ་ནག་གི་ཐལ་ཆེའི་སྤྱོད་ཚུལ་འདི་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་འགོག་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་རོགས་ཞེས་རེ་སྐུལ་ཤུགས་དྲགས་ཞུས་གནང་འདུག གཞི་རྩའི་ཁམས་བྲག་མགོའི་ནང་དུ་ས་གནས་ཞིང་འབྲོག་མང་ཚོགས་ཀྱིས་ས་ཡོམ་གྱི་འཇིགས་པ་སོགས་ཀྱི་བར་ཆད་ལས་ལྡོག་ཐབས་སུ་ཞལ་འདེབས་བསྡུས་པ་བརྒྱུད་ནས་ཕྱི་ལོ་ ༢༠༡༥ སྟོན་པའི་སྐུ་བརྙན་སྨིད་ ༩༩ ལྡན་པ་དེ་བཞེངས་བསྐྲུན་གྱིས་སྐུ་བརྙན་དེ་ནི་བྲག་མགོ་མི་མང་ཙམ་མ་ཟད་ཕྱོགས་ཁག་གི་བོད་མི་ཚོའི་དད་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། ཉེ་བའི་ཆར་བྲག་མགོ་རྫོང་སྲིད་གཞུང་ལས་ཁུངས་ནས་ས་གནས་བོད་མི་ཚོའི་དད་མོས་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མི་བྱེད་པར་ཆོས་དད་རང་དབང་ཡོངས་སུ་འཕྲོག་ནས་སྟོན་པའི་སྐུ་བརྙན་དེ་ཉིད་ཡོངས་སུ་རྩ་གཏོར་བཏང་བ་མ་ཟད་དགོན་པའི་ཉེ་འདབས་སུ་ཡོད་པའི་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་ཙམ་ཡོད་པ་དེ་དག་ཚང་མ་རྩ་གཏོར་བཏང་ཡོད་པ་རེད། ད་དུང་བོད་མི་རྣམས་ལ་གནའ་རབས་ནས་གོམས་སྲོལ་ཡོད་པའི་མ་ཎི་དར་ལྕོག་དང་སྒོ་དར་སོགས་ཡོད་ཚད་མར་ཕབ་སྟེ་མེར་སྲེག་གཏོང་དུ་་བཅུག་ཡོད་ལ། ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་ཀྱང་རྩ་གཏོར་གྱིས་དགོན་པའི་འབྲེལ་ཡོད་ཀྱི་གྲྭ་བ་ཁག་ཅིག་ལ་གཅར་རྡུང་ཚ་ནན་བཏང་ཡོད་པ་རེད། ཨོ་གླིང་གི་དངས་སླངས་བོད་མི་ཚོགས་པའི་ངོས་ནས་རྒྱ་ནག་གིས་གཞན་ཡང་བྲག་མགོའི་ནང་བསྟན་སློབ་གླིང་ཡོངས་སུ་གཏོར་བཤིག་བཏང་ཡོད་པའི་གནད་དོན་དང་འབྲེལ། རྫོང་སྲིད་གཞུང་གིས་སློབ་གྲྭ་དེར་ཡིག་ཆ་ཚད་ལྡན་མེད་པའི་རྒྱུ་མཚན་གྱིས་གཏོར་བཤིག་བཏང་བ་ཡིན་ལུགས་བརྗོད་ཡོད་ཀྱང་། དོན་དངོས་ཐོག་ས་གནས་བོད་མི་ཚོའི་རང་གི་རིག་གཞུང་རྒྱུན་འཛིན་བྱ་སའི་སློབ་གྲྭ་གཅིག་པོ་དེ་ཡང་མེད་པ་བཟོས་ནས་མངོན་སུམ་འཛེམ་མེད་ཐོག་བོད་ཀྱི་རིག་གཞུང་རྩ་གཏོར་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་འགྲེལ་བརྗོད་དང་འབྲེལ། དེར་མཐའ་གཅིག་ཏུ་ངོ་རྒོལ་གནང་འདུག

Dutchརྩེད་འགྲན་པ་རྣམས་པེ་ཅིང་དུ་མ་བསྐྱོད་གོང་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་ནང་དུ་འཇོག་དགོས་པ་བརྗོད་འདུག

Netherlands གྱི་གསར་ཤོག་  De Volkskrant ཐོག་ཁ་ཉིན་ཐོན་པའི་གནས་ཚུལ་ཞིག་གི་ནང་གསལ་ལྟར་ན། ཡུལ་དེའི་རྩེད་འགྲན་པ་རྣམས་རིང་མིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་ཨོ་ལམ་སྤིག་རྩེད་འགྲན་ཆེད་མ་བསྐྱོད་གོང་དུ། རང་ཉིད་ཀྱི་ཁ་པར་དང་གློག་ཀླད་རྣམས་རང་ཁྱིམ་དུ་འཇོག་དགོས་པའི་ལམ་སྟོན་ཕེབས་ཡོད་པ་རེད་འདུགདེའང་ད་སྐབས་ཕྱོགས་གཅིག་ནས་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་པར་ཤིན་ཅང་ནང་གི་ད་ལྟའི་ཛ་དྲག་གི་དཀའ་ངལ་ལ་གཞིགས་ཏེ། རང་ཉིད་ཀྱི་ཕྱི་འབྲེལ་མི་སྣ་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་ལ་ཆེད་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་ཕྱིར་བསྒྲགས་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཁག་ཅིག་དང་། ལྷག་པར་ཨོ་ལམ་སྤིག་རྩེད་འགྲན་ལྷན་ཚོགས་ངོས་ནས་རྩེད་འགྲན་དང་ཆབ་སྲིད་གཉིས་བསྲེ་རྒྱུ་མེད་པའི་ལངས་ཕྱོགས་འཛིན་བཞིན་པའི་ཁྲོད།  Netherlands གྱི་ཨོ་རྩལ་ཚོགས་ཆུང་ནས་ཡུལ་དེའི་རྩེད་འགྲན་པ་རྣམས་ལ་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་པེ་ཅིང་དུ་འཁྱེར་རྒྱུ་མེད་པའི་ལམ་སྟོན་གནང་བའི་སྒོ་ནས་རྒྱ་ནག་གི་གསང་མྱུལ་ལས་དོན་ལས་གཡོལ་ཐབས་གནང་བཞིན་འདུག Dutch རྩེད་འགྲན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ Geert Slot ལགས་ཀྱིས་ De Volkskrant གསར་ཤོག་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཡུལ་དེའི་རྩེད་འགྲན་པ་རྣམས་པེ་ཅིང་དུ་མ་ཕེབས་གོང་ཁོ་ཚོར་ཡུལ་དེའི་ནང་འཕྲད་སྲིད་པའི་ཉེན་ཁ་ཆེ་བའི་གནད་དོན་ཁག་ཅིག་ལ་ཞིབ་དཔྱོད་གནང་བ་བཞིན། ཐེངས་འདིའི་ཛ་དྲག་གི་ལམ་སྟོན་དེ་ནི་རྩེད་འགྲན་པ་རྣམས་ཀྱི་དྲ་ལམ་དང་བརྡ་འཕྲིན་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པར་གསུངས་བ་མ་གཏོགས། གནད་དོན་གཞན་ཁག་སྐོར་ལ་འགྲེལ་བརྗོད་གང་ཡང་གནང་མི་འདུགཁོང་གིས་ད་དུང་སྤྱིར་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ཞེས་པ་ནི་ད་སྐབས་ཧ་ཅང་གལ་གནད་ཆེན་པོར་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་ཡུལ་དེའི་ནང་གི་དྲ་ལམ་ཕྱི་ཕྱོགས་ལ་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། དེའི་ཐོག་དམིགས་བསལ་ཡིད་གཟབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་པ་དང་། གནས་ཚུལ་ཡོང་ཁུངས་ཁག་གིས་གསར་ཤོག་ལ་གསུངས་པར་གཞིགས་ན།  Dutch གྱི་རྩེད་འགྲན་པ་རྣམས་ཀྱིས་ཐེངས་འདིར་པེ་ཅིང་གི་དགུན་དུས་འགྲན་ཚོགས་དེར་མ་བསྐྱོད་གོང་དུ་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་ཁྱིམ་དུ་འཇོག་དགོས་པ་མ་ཟད། སྒེར་གྱི་གསང་བ་རྣམས་རྒྱ་གཞུང་གི་སོ་མྱུལ་ལས་སྐྱོབ་ཆེད་ཁོང་རྣམ་པར་རྒྱ་ནག་ཏུ་བསྐྱོད་པའི་རིང་ལ་ཁ་པར་གསར་པ་མཁོ་སྤྲོད་བྱ་རྒྱུ་རེད་འདུག རྩ་བའི་ཉེ་བའི་ཟླ་ཤས་ཁྲོད་རྒྱལ་སྤྱིའི་ས་གནས་གང་སར་བཞུགས་པའི་བོད་མི་དང་། ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་ཐེ་ཝན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ནས་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་ལོམ་སྤིག་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ཁྲོད། ཨ་རི་དང་དབྱིན་ཡུལ།  ཨོ་གླིང་། ཁེ་ན་ཊ། དེ་བཞིན་ནེའུ་ཛི་ལནཊི་སོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཡོང་གྲགས་གནང་བ་མ་ཟད། རྩེད་འགྲན་པ་རྣམས་ལའང་འགྲན་ཚོགས་དེའི་ཐོག་བསྐྱོད་རྒྱུ་མེད་པའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཁྲོད། རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་གསལ་སྟོན་གནང་མཁན་རྩེད་འགྲན་པ་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། Netherlands ལ་མཚོན་ན་ཐེངས་འདིའི་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཐོག་ཡུལ་དེའི་རྩེད་འགྲན་པ་ཁྱོན་ ༣༠ ལྷག་ཙམ་ནས་མཉམ་བཞུག་གནང་རྒྱུ་རེད་འདུག

རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་བོད་མི་ཁག་ཅིག་ལ་གཅར་རྡུང་གིས་སློབ་གསོ་ཁང་དུ་བཀག་སྐྱིལ།

ཕྱི་ལོ་༢༠༢༡ ཟླ་༡༡ པའི་ནང་རྒྱ་ནག་ས་གནས་སྲིད་གཞུང་གིས། ཁམས་བྲག་མགོ་རྫོང་གི་ཉེ་འཁྲིས་ཀྱི་གཡི་ཉ་གྲོང་ཚོའི་ནང་དུ་ཕག་གསོ་ཁང་དང་བྱ་གསོ་ཁང་འཛུགས་སྐྲུན་བྱ་བའི་ལས་འཆར་ལག་བསྟར་བྱེད་སྐབས། ས་གནས་ཡུལ་མི་ཁག་ཅིག་གིས་མོས་མཐུན་མ་བྱས་པའི་རྐྱེན་གྱིས། ས་གནས་སྲིད་གཞུང་དང་བྲག་མགོ་རྫོང་ཉེན་རྟོག་པ་མཉམ་འབྲེལ་ཐོག་ལས་འཆར་དེ་ལ་མོས་མཐུན་མེད་མཁན་དང་། དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན། གནས་ཚུལ་དེ་བོད་ཕྱི་ཕྱོགས་ལ་གཏོང་མཁན་བཅས་དོགས་ཡོད་ཡུལ་མི་༡༠ ལྷག་འཛིན་བཟུང་གིས་གཅར་རྡུང་གཏོང་བཞིན་པའི་གནས་ཚུལ་བྱུང་འདུགའདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་གྱི་བོད་བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེར་འབྲེལ་གྱི་གནས་ཚུལ་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་རྒྱ་ནག་གི་བཀོད་བྱུས་འོག་བོད་ཁུལ་དུ་ཕག་གསོ་དང་བྱ་གསོ་ཁང་གི་བཟོ་གྲྭ་རྩ་འཛུགས་བྱེད་བཞིན་པ་ལྟར། སྔར་ལོ་ཁམས་བྲག་མགོ་དགོན་པར་སྤྱི་ལེ་གཉིས་ཙམ་ལས་མེད་པའི་གཡི་ཉ་གྲོང་ཚོའི་ནང་དུ་ཡང་བཙན་དབང་གིས་ཕག་གསོ་ཁང་གསར་རྒྱག་བྱེད་བཞིན་པ་དང་འབྲེལ་ནས། རྒྱ་ནག་གི་ལས་གཞི་དེར་མོས་མཐུན་མེད་པའི་བོད་མི་ཁག་ཅིག་ལ་གཅར་རྡུང་དྲག་པོ་བཏང་ནས་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་གནད་དོན་བྱུང་ཡོད་པ་མ་ཟད།  བོད་མི་དེ་དག་ད་ལྟ་ཡང་ཁུལ་དེ་དང་ཐག་ཉེ་བའི་ཐང་ནག་མ་ཞེས་པའི་ས་ཚིགས་སུ་སློབ་གསོ་ཁང་ཞེས་པ་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པར་བརྗོད་སོང་། གཞན་ཡང་ཁོང་གིས། ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༢༡ ཉིན་རྒྱ་ནག་ས་གནས་སྲིད་གཞུང་གིས། ཁམས་བྲག་མགོ་དགོན་པའི་ར་སྐོར་ནང་ལོགས་ཀྱི་ཕི་ཁྲུ་གསུམ་ཅན་གྱི་བྱམས་ཁང་གཏོར་སྐབས། ད་དུང་ཝ་ལོ་རིན་པོ་ཆེའི་བླ་བྲང་དང་གྲྭ་ཤག་ཁ་ཤས་ཀྱང་གཏོར་འདུག་པའི་ཁྲོད། གྲྭ་བ་ཁག་ཅིག་གྲྭ་ཤག་མེད་པའི་གནས་སྟངས་ཁྲོད་རང་ཁྱིམ་དུ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པ་ཡང་ངོ་སྤྲོད་གནང་སོང་། བྲག་མགོ་རྫོང་ས་གནས་སྲིད་གཞུང་དང་ཉེན་རྟོག་པས། ཁམས་བྲག་མགོར་བྱུང་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་ཚེ། ལས་བྱེད་པ་ཡིན་ན་ལས་གནས་ནས་ཕྱིར་འཕུད་གཏོང་རྒྱུ་དང་། གྲྭ་པ་ཡིན་ན་དགོན་པ་ནས་འཕུད་རྒྱུ། སློབ་མ་ཡིན་ན་སློབ་གྲྭ་ཕྱིར་འཕུད་རྒྱུ་མ་ཟད། སྲིད་གཞུང་གི་རོགས་སྐྱོར་ཐོབ་ཐང་ཚང་མ་མེད་པ་བཟོ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བཏང་ཡོད་པའི་ཁྲོད། ཁམས་བྲག་མགོ་རྫོང་གི་གྲོང་ཚོ་གཞན་པ་ཞིག་གི་ནང་དུ་ཡང་། དྲགས་རྡུང་གི་གནས་ཚུལ་བྱུང་ཡོད་ནའང་། གྲོང་ཚོའི་མིང་དང་དྲགས་རྡུང་གི་རྒྱུ་རྐྱེན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུགགཞི་རྩའི་བོད་ཁུལ་ས་གནས་སོ་སོའི་དགོན་པར་ཆེ་མཐོང་ཆེན་པོ་ཡོད་པ་མ་ཟད། དུས་ཆེན་ནམ་ཡིན་ལ་བོད་མི་རྣམས་རང་དགོན་དུ་ཕྱིན་ནས་ཁ་འདོན་དགེ་སྦྱོང་དང་ཕྱག་སྐོར་སོགས་བྱེད་བཞིན་ཡོད་སྟབས། དགོན་པའི་ཉེ་འཁྲིས་སུ་ཕག་གསོ་ཁང་དང་བྱ་གསོ་ཁང་གསར་རྒྱག་བྱས་ནས་བཤས་ར་འཛུགས་སྐྲུན་བྱེད་པ་དེ་ནི་བོད་མིའི་ཆོས་སྤྱོད་དང་དད་འདུན་ལ་རྒོལ་བའི་བྱ་སྤྱོད་ཅིག་ཡིན་སྟབས།  རྒྱ་ནག་གི་བཙན་དབང་གི་བྱེད་བབ་དེ་ལས་ས་གནས་ཡུལ་མི་རྣམས་ཀྱི་སེམས་ཁོངས་སུ་སྡུག་བསྔལ་ཆེན་པོ་སྐྲུན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།རྩ་བའི་བོད་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་ཆོས་ལུགས་རྒྱ་ནག་ཅན་ལ་བསྒྱུར་དགོས་རྒྱུའི་དྲིལ་བསྒྲགས་ཤུགས་ཆེར་གནང་བཞིན་པ་དང་བསྟུན་ནས།  ཁམས་བྲག་མགོ་ཙམ་མ་ཡིན་པར། གསེར་རྟ་བླ་རུང་སྒར་དུ་ཡང་གྲྭ་ཤག་གཏོར་བཅོམ་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་གནས་སྟངས་ཀྱང་བྱུང་ཡོད་པ་དང་། སྐབས་དེའི་ལས་གཞི་ལག་བསྟར་བྱེད་མཁན་ཡང་ད་ཆ་བྲག་མགོ་ཁུལ་གྱི་དམར་ཤོག་གི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པའི་ Wang Dongsheng ཟེར་བ་དེ་ཆགས་ཡོད་པ་དང་།  སྔོན་ཆད་ཁོང་གིས་ཁམས་རྟའུ་དང་ལི་ཐང་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སྐབས་སུ་ཡང་ས་གནས་བོད་རིགས་མང་ཚོགས་ལ་ཚད་བརྒལ་གྱི་དྲག་གནོན་བྱས་བའི་གནད་དོན་རིམ་པ་བྱུང་ཡོད་པ་ལྟར། འདས་བའི་ཟླ་གཉིས་ལྷག་གི་རིང་ཁམས་བྲག་མགོ་དགོན་དུ་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་དང་རྗེ་བཙུན་བྱམས་དགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་མང་ཚོགས་ལ་དྲག་གནོན་ཤུགས་ཆེར་བྱེད་མུས་རེད་འདུག

ཁམས་བྲག་མགོ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ལ་སེམས་འཚབ།

རྒྱ་ནག་གིས་ཟླ་བ་སྔོན་མའི་ནང་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་འདྲ་དང་མ་ཎི་འཁོར་ལོ་གྲངས་ ༤༥ ཙམ་རྩ་གཏོར་དང་། དེ་བཞིན་ཉེ་ཆར་ཡང་དགོན་ཁུལ་དེའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་འབྲེལ་ཡོད་ཀྱི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་བློ་འཚབ་དང་སྦྲགས། རྒྱ་ནག་གི་བྱེད་བབ་དེ་ནི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ལྡོག་ཟླ་དངོས་དེ་ཆགས་ཡོད་པར་གསུངས་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་གནང་རྒྱུ་དེ་བོད་མིའི་མངོན་འདོད་ཡིན་པ་དེ་རྒྱ་ནག་ལ་ར་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པའི་གཞེན་སྐུལ་གནང་བཞིན་འདུགདེའང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་ཁམས་བྲག་མགོ་ཁུལ་གྱི་གཙོ་བྱས་པའི་བོད་ཁམས་ཡོང་ཀྱི་བོད་མིའི་ཆོས་རིགས་ཀྱི་རང་དབང་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་ལྷན་དུ། རྒྱ་ནག་གིས་ཁུལ་དེའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བསྙད་ནས་བཀག་སྐྱིལ་བྱས་ཡོད་པའི་བོད་མི་རྣམས་གང་མགྱོགས་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་འདུགལས་འགུལ་ཁང་གི་བར་བརྒལ་ཚོགས་གཙོ་བུ་ཆུང་ཚེ་རིང་ལགས་ཀྱིས། ཆོས་མེད་སྨྲ་བའི་རྒྱ་ནག་གིས་བོད་མིའི་གཅེས་ནོར་ལྟ་བུའི་དད་རྟེན་ལ་གཏོར་བཅོམ་བཏང་བ་དེ་ཡིས་ས་གནས་ཀྱི་བོད་མི་ཚོའི་རྒྱུད་ལ་བཟོད་ཐབས་བྲལ་བའི་སེམས་སྡུག་ཆེན་པོ་བཟོ་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གི་ཐེངས་འདིའི་བྲག་མགོའི་ནང་རྩ་གཏོར་གྱི་བྱེད་ལས་དེ་ནི་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱི་ཆོས་ལུགས་ཀྱི་རང་དབང་ལ་ཐད་གར་བརྙས་བཅོས་བཏང་བ་ཞིག་ཡིན་པ་མ་ཟད། དེ་དག་གི་ལོ་རྒྱུས་ནག་གསུབ་བཏང་བ་ཞིག་ཡིན་པ་དང་། དེའང་རྒྱ་ནག་གིས་དུས་རྒྱུན་ནས་བོད་མིའི་ཆོས་རིག་སྲུང་སྐྱོབ་བྱེད་བཞིན་པར་བརྗོད་བཞིན་པ་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་པར་བསྒྲགས་འདུག མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཀྱང་འདི་ག་རླུང་འཕྲིན་ཁང་གི་བཅར་དྲིར་ལན་འདེབས་ཁྲོད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་འོག་་ཁམས་བྲག་མགོ་ཁུལ་དུ་དྲག་གནོན་དང་གཏོར་བཤིག་གཏོང་བཞིན་པ་ཞིག་ཡིན་པར་བློ་འཚབ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནད་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིགརྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་བྲག་མགོ་ཁུལ་གྱི་མཚོན་པའི་བོད་ཁམས་ཡོངས་སུ་ཆོས་རིག་རྩ་གཏོར་གཏོང་བཞིན་པའི་གནད་དོན་ངོ་སྤྲོད་དང་། བོད་ཀྱི་ཆོས་རིག་སྲུང་སྐྱོབ་གནང་རྒྱུ་དེ་བོད་མིའི་མངོན་འདོད་ཡིན་པ་དེ་རྒྱ་ནག་ལ་ར་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་།ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་དེ་གའི་འཕྲུལ་སྒྲའི་སྟེང་དུ་རྒྱ་ནག་གིས་བོད་ཁམས་བྲག་མགོ་ཁུལ་གྱི་སྟོན་པའི་སྐུ་བརྙན་རྩ་གཏོར་གྱི་གནས་ཚུལ་བཀོད་པ་དང་འབྲེལ།  རྒྱ་ནག་ལ་དྲན་གསོའི་ཚུལ་དུ་ཡུལ་དེའི་ནང་འཚོགས་འཆར་གྱི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་ཉིན་ཉེར་ལྔ་ལས་མེད་པའི་དུས་སྐབས་འདིར། རྒྱ་ནག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛིན་དུ་གྱུར་བའི་གུས་བརྩི་དང་འཛམ་གླིང་སྔར་ལྷག་ཞི་བདེར་འཁོད་རྒྱུའི་རིན་ཐང་དེ་དག་བརྗེད་ཟིན་པའི་ཟུར་ཟའི་གནད་དོན་སྤེལ་བ་མ་ཟད། ཨོ་ལམ་པཀི་རྩེད་འགྲན་ལྷན་ཚོགས་ཀྱི་རྩ་འཛིན་རིན་ཐང་ཁག་འཁོད་པའི་དྲ་རྒྱའི་འབྲེལ་ཐག་ཅིག་ཀྱང་ལྷན་སྦྱར་གནང་འདུགགཞི་རྩའི་རྒྱ་ནག་གཞུང་གིས་ཐེངས་འདིར་ཁམས་བྲག་མགོ་ཁུལ་གྱི་ས་གནས་བོད་མི་རྣམས་ཀྱི་དད་རྟེན་དུ་གྱུར་བའི་སྟོན་པའི་སྐུ་བརྙན་དང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་རྩ་གཏོར་གྱི་ལས་དོན་དེ་ནི་ལོ་སྔོན་མའི་ཟླ་བ་བཅུ་བའི་ནང་དུ་བྲག་མགོའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་Wang Dongsheng ཟེར་བའི་བཀོད་ཁྱབ་ལམ་སྟོན་འོག་བྱས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། Wang Dongshengཟེར་བ་དེ་ཕྱི་ལོ་ ༢༠༡༦ ལོར་བོད་གསེར་རྟ་ཁུལ་དུ་དམར་ཤོག་དྲུང་ཆེ་ལས་འགན་ཁུར་བཞིན་པའི་སྐབས་སུ་ཡང་ཁོང་གིས་གསེར་བླ་རུང་དགོན་དུ་གྲྭ་ཤག་སྟོང་ཕྲག་ལྷག་རྩ་གཏོར་གྱིས་གྲྭ་བཙུན་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། སྔོན་ཆད་ཁོང་གིས་ཁམས་རྟའུ་དང་ལི་ཐང་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སྐབས་སུ་ཡང་ས་གནས་བོད་རིགས་མང་ཚོགས་ལ་ཚད་བརྒལ་གྱི་དྲག་གནོན་བྱས་ཡོད་པ་ཡོངས་གྲགས་གནང་འདུག

ཨ་རིའི་གཞུང་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱ་ནག་ལ་མུ་མཐུད་རེ་འབོད་ཞུ་བཞིན་ཡོད་གསུང་འདུག

ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེའི་ལས་རོགས་ལྕམ་ Uzra Zeya ལགས་ཡུལ་དེའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་དངོས་སུ་བསྐོ་བཞག་མ་གནང་ཙམ་གྱི་གོང་དུ། ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་གོང་མ་དང་འོག་མའི་འཐུས་མི་ ༦༠ ལྷག་ཙམ་ཐུན་མོང་གིས་ཟླ་བ་སྔོན་མའི་ནང་ཁོང་ལ་ཞུ་ཡིག་ཅིག་ཕུལ་ཏེ། སྲིད་འཛིན་སྐུ་ཞབས་བྷ་ཊན་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐད་མཉམ་ལས་ཀྱིས། ངེས་པར་དུ་གནང་དགོས་པའི་ལས་དོན་སྐོར་དོན་ཚན་བཅུ་ཡིས་ཞུ་སྐུལ་གནང་བ་ལྟར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Patrick Leahy ལགས་སུ་ལན་འདེབས་ཕྱག་བྲིས་ཤིག་གནང་སྟེ། ཨ་རིའི་གཞུང་ངོས་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་བ་དང་ཆབས་ཅིག བོད་རྒྱ་གཉིས་དབར་ཆ་རྐྱེན་གང་ཡང་མེད་པར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་ཨ་རིའི་ངོས་ནས་རྒྱ་ནག་ལ་མུ་མཐུད་དུ་ཞུ་སྐུལ་ནན་པོ་གནང་བཞིན་ཡོད་སྐོར་གསུང་འདུག ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པའི་ཐུན་མོང་གི་ཕྱག་བྲིས་ནང་། ལྕམ་ Uzra Zeya ལགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་སྐབས་སུ་དང་ཐོག་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཊན་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་ཕོ་བྲང་དཀར་པོའི་ནང་དང་། ཡང་ན་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་མཇལ་འཕྲད་མཛད་ཐུབ་པ་ཞིག་གནང་དགོས་པ་དང་། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གི་ཐེ་གཏོགས་ལ་གདོང་ལེན་དགོས་པ་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གྱི་ནང་དོན་ཆ་ཚང་ལག་བསྟར་དགོས་པ། དེ་བཞིན་ཨ་རིའི་སྲིད་གཞུང་ནས་མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་གནང་སྟེ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དེ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་དགོས་པ་མ་ཟད། བོད་མིའི་རིག་གནས་སྲུང་སྐྱོབ་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་དང་བོད་མི་ཆབ་སྲིད་བཙོན་པ་ཚོར་རྒྱབ་སྐྱོར་སོགས་ཀྱི་འབོད་སྐུལ་ཁག་ཅིག་ཞུས་ཡོད་པ་རེད།ཟླ་བ་འདིའི་ཚེས་ ༥ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་རྒན་གྲས་སྐུ་ཞབས་ Naz Durakoglu ལགས་ཀྱིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Patrick Leahy ལགས་སུ་ལན་འདེབས་ཕྱག་བྲིས་གནང་བའི་ནང་དུ། ལྕམ་སྐུ་ Uzra Zeya ལགས་བོད་དོན་དམིགས་བསལ་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བ་དེ་རང་གིས་ཨ་རིའི་གཞུང་ངོས་ནས་བོད་ཀྱི་གནད་དོན་དེ་གལ་གནད་ཆེན་པོ་་ཅི་ཙམ་འཛིན་གྱི་ཡོད་པ་མཚོན་གྱི་ཡོད་སྐོར་གསུངས་བ་དང་འབྲེལ། ཨ་རིའི་བོད་དོན་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཞིར་བཟུང་བྷ་ཊན་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྲུང་སྐྱོང་དང་གོང་འཕེལ་ཐད་ཆོད་སེམས་བརྟན་པོ་ཡོད་སྐོར་གསུང་བ་དང་ཆབས་ཅིག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་ནང་གི་བོད་མི་རྣམས་ལ་དམ་དྲག་བྱ་རྒྱུ་མཚམས་འཇོག་ཙམ་མ་ཟད། ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཏུ་གནས་སྡོད་བོད་མི་རྣམས་ལ་སུན་གཙེར་རིགས་བཟོ་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གནང་འདུགདེ་བཞིན་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་དང་། དེའང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་འཛིན་མཁན་ཁོ་ན་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་བསྐྱར་ནན་གནང་སྟེ་རྒྱ་ནག་གཞུང་གིས་དེའི་ཐོག་ཐེ་གཏོགས་བྱ་རྒྱུ་མེད་པ་གསལ་སྟོན་གནང་འདུག ཕྱག་བྲིས་ནང་ད་དུང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་སྐོར་དང་འབྲེལ། ཁྲིམས་དེ་ལྟ་བུ་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱ་རྒྱུ་དང་དཀའ་སྡུག་མྱོང་མཁན་རྣམས་ལ་རྒྱབ་སྐྱོར་སླད་སླད་ཧ་ཅང་གནད་འགག་ཡིན་པ་མངོན་གསལ་གནང་བ་མ་ཟད། བོད་རྒྱ་གཉིས་དབར་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འབྲེལ་མོལ་བསྐྱར་གསོ་ཡོང་བར་རྒྱ་ནག་ལ་མུ་མཐུད་དུ་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་བ་དང་འབྲེལ། བོད་ཀྱི་གནད་དོན་དེ་བཞིན་ཕུགས་རྒྱང་རིང་པོའི་སྒོ་ནས་སེལ་ཐུབ་པ་བྱ་རྒྱུའི་རེ་བ་ཆེ་ཤོས་ནི་ཕན་ཚུན་གྲོས་མོལ་བརྒྱུད་ནས་མ་གཏོགས་སེལ་ཐབས་མེད་པ་འགྲེལ་བརྗོད་གནང་འདུག མ་ཟད་སྲིད་འཛིན་བྷ་ཊན་དང་། སྲིད་འཛིན་གཞོན་པ་ལྕམ་ Harris གཉིས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གཞུང་ནས་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་གནང་རྒྱུར་དགའ་སྤོབས་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་བ་དང་འབྲེལ། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་སླད་བལ་ཡུལ་གཞུང་ལ་མུ་མཐུད་སྐུལ་མ་དང་། གོང་གི་གནད་དོན་དེ་དང་འབྲེལ། ༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་གྲོས་ཚོགས་ལྷན་མཉམ་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་གསུངས་འདུག

རྒྱ་ནག་གིས་བོད་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་ཡི་གེ་བཏང་བར་རྒྱ་གར་གྱིས་སྐྱོན་བརྗོད།

ཟླ་བ་སྔོན་མའི་ནང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས། རྒྱ་གར་གྱི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པ་དང་སྟུན། རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུགས་དང་འབྲེལ། ཚེས་ ༢༢ ཉིན་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གདན་ཞུས་ཀྱིས་འཚམས་འདྲིའི་གསོལ་སྟོན་ཞིག་བཤམ་རྗེས། རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཡིན་པར་གྲགས་པའི་ Zhou Yongsheng ཟེར་བས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དེ་དག་ཁག་ཅིག་ལ་ཆེད་དུ་ཡི་གེ་བཏང་སྟེ་བོད་དོན་རྒྱབ་སྐྱོར་མི་བྱེད་རྒྱུའི་ཞུ་སྐུལ་བྱས་པ་ལྟར། རྒྱ་གར་ཕྱི་སྲིད་ལས་ཁུངས་ངོས་ནས་རྒྱ་ནག་གི་བྱེད་ཕྱོགས་དེ་འོས་མཚམས་མིན་པའི་སྐྱོན་བརྗོད་ཤུགས་ཆེར་གནང་འདུག དེའང་ཁ་སང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། སྐུ་ཞབས Arindam Bagchi ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གི་གཞུང་ཚབ་ཁང་གི་སློབ་སྟོན་པ་ཡིན་ཟེར་མཁན་གྱིས་རྒྱ་གར་གྱི་བཀུར་འོས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་བྲིས་ཡོད་པ་ཤེས་རྟོགས་བྱུང་། རྒྱ་ནག་གིས་ངེས་བར་དུ་ཤེས་དགོས་བ་ཞིག་ལ། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་དང་། གྲོས་ཚོགས་འཐུས་མི་རྣམས་ནི་མི་མང་གི་སྐུ་ཚབ་ཡིན་དུས་ཁོང་ཅག་གི་བྱེད་ལས་ཡོད་ཚད་རང་ཉིད་ཀྱི་དགོངས་བཞེད་དང་ཡིད་ཆེས་གཞིར་བཞག་གི་གན་མཁན་ཞིག་ཡིན་དུས། རྒྱ་ནག་གིས་ད་རེས་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་ཕུལ་བ་དེའི་ནང་དོན་དང་བརྗོད་ཚིག་ཡོངས་རྫོགས་འོས་འཚམས་ཤིག་མ་རེད་ཅེས་བསྒྲགས་འདུག སྐུ་ཞབས་ Bagchi ལགས་ཀྱིས་ད་དུང་རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱུན་ལྡན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དང་། དེ་བཞིན་རྒྱལ་ཁབ་ཕྱོགས་ཀྱི་འབྲེལ་ལམ་དེ་སྔར་ལས་རྙོག་འཛིན་ཆེ་བར་མ་སྒྱུར་རོགས་ཞེས་འབོད་སྐུལ་གནང་འདུག གཞི་རྩའི་ཟླ་བ་སྔོན་མའི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དབུ་བཞུགས་ཐོག རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་། ཚོགས་པའི་ཚོགས་གཙོར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་  Sujeet Kumar ལགས་སྤྱི་མོས་ཀྱིས་བསྐོ་གཞག་གནང་ཡོད་པ་རེད།སྐུ་ཞབས་ Sujeet Kumar ལགས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་གི་ཡི་གེ་དེ་འབྱོར་མ་ཐག  རྒྱ་ནག་གི་གཞུང་ཚབ་ཁང་གི་བྱེད་ཕྱོགས་དེ་འོས་བབ་མེད་པར་བསྒྲགས་པ་མ་ཟད། རྒྱ་ནག་ངོས་ནས་གལ་སྲིད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་གནང་བའི་ལས་དོན་ལ་འདོད་པ་མ་ཁེངས་ཚེ་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་གནད་དོན་དེ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ལ་སྙན་སེང་ཞུ་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག   རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞུགས་སྒར་རྡ་སར་ཆེད་སྐྱོད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུ་ཡིན་པ་ཡང་བསྒྲགས་འདུག སྐུ་ཞབས་ Kumarལགས་ཀྱིས་སྐབས་དེར་ད་དུང་ཁོང་སྒེར་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གནང་གི་མེད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀྱང་ཁ་བྲལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་ཞིག་མིན་པར་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་རྒྱུ་དང་། རྒྱ་གར་གྱི་ཡུལ་མི་དང་བོད་མིས་གཙོས་པའི་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་བ་རྒྱུན་འཛིན་ཐུབ་རྒྱུ་སོགས་ལ་ཕྱག་ལས་གནང་བཞིན་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་ཚབ་ཁང་ནས་སྒེར་ལ་ཡི་གེ་ལྔ་ཙམ་འབྱོར་བྱུང་བ་དེ་དག་ལ་ལན་འདེབས་འོས་ཤིང་འཚམས་པ་བརྒྱབ་ཡོད་ཅེས་གསུངས་ཡོད་པ་རེད།རྒྱ་ནག་གི་བྱེད་བབ་དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟླ་བ་འདིའི་ཚེས་གཅིག་ཉིན་ལན་འདེབས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།རྒྱ་ནག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པར་ཡི་གེ་བཏང་བ་དེས། བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཚད་མཐོ་རུ་འགྲོ་དུས་རྒྱ་ནག་གཞུང་རང་བཞིན་གྱིས་དངངས་འཚབ་ལངས་ཀྱི་ཡོད་པ་གསལ་པོ་བསྟན་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་གིས་རྒྱུན་དུ་རྫུན་བསྒྲགས་བྱེད་པ་ལྟར་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མ་ཡིན་པར་བོད་མི་རིགས་ཀྱི་ཆགས་འཇིག་གི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་བརྗོད་དེ་རྒྱ་ནག་གཞུང་ནས་ད་བར་དེ་འདྲ་བའི་བྱེད་སྟངས་མང་པོ་ཞིག་བྱས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་རེས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཧང་སངས་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཅེས་བསྒྲགས་པའི་ཁར། རྒྱ་གཞུང་ནས་སླར་ཡང་བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་བ་རེད་ཅེས་བརྗོད་ཡོད་ཀྱང་། དོན་དངོས་སུ་བོད་མིའི་སྒྲིག་འཛུགས་ནི་བོད་དང་། འཛམ་གླིང་གང་སར་གནས་པའི་བོད་མིའི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་ཡིན་པར་མངོན་གསལ་གནང་འདུག གཞི་རྩའི་ཐེངས་འདིར་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་གཞུང་ཚབ་ཁང་གིས་བོད་དོན་དང་འབྲེལ་བའི་གནད་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་བཏང་བའི་གནད་དོན་ཐད་སྐྱོན་བརྗོད་ཤུགས་ཆེར་གནང་བ་ཙམ་མ་ཟད། ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཁྱབ་ཁོངས་སུ་གཏོགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ ༡༥ ཙམ་གྱི་མིང་གསར་བཟོ་བྱས་པའི་གནད་དོན་ལའང་སྐྱོན་བརྗོད་ཤུགས་ཆེར་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་དེ་ལྟ་བུའི་བྱབ་ཆུང་གི་ལས་དོན་སྤེལ་རྒྱུའི་ཚབ་ཏུ་རྒྱ་གར་དབུས་གཞུང་དང་ལྷན་དུ་གྲོས་མོལ་བརྒྱུད་ལ་དྭགས་སུ་ཆགས་པའི་ས་མཚམས་ཀྱི་གནད་དོན་སྐོར་ཕྱོགས་གཉིས་དབར་གདོང་ཐུག་བྱུང་བཞིན་པའི་གནད་དོན་ཁག་སེལ་དགོས་ཀྱི་ཡོད་སྐོར་གསུངས་བ་དང་། གཞན་ཡང་ཉེ་ལམ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་ངོས་ནས་ལ་དྭགས་སྤང་གོན་མཚོར་ཟམ་པ་འཛུགས་སྐྲུན་བྱེད་བཞིན་པའི་གནད་དོན་ཐོག་ལའང་རྒྱ་གར་གཞུང་ནས་ཐུགས་སྣང་གནང་བཞིན་པ་དང་རང་ཉིད་ཀྱི་རྒྱལ་སྲུང་སླད་དགོས་གལ་ལས་དོན་ཁག་སྤེལ་བཞིན་ཡོད་སྐོར་གསུངས་འདུག

རྒྱ་ནག་གིས་བོད་མཐོ་སྒང་དེ་བཟོ་ལས་ཀྱི་གད་སྙུགས་གཡུག་ས་ལྟ་བུར་བཟོ་བཞིན་པར་སྐྱོན་བརྗོད།

རྒྱ་ནག་དམར་ཤོག་སྲིད་གཞུང་གི་དབང་བསྒྱུར་འོག་ཏུ་བོད་མཐོ་སྒང་དེ་གད་སྙུགས་གཡུག་ས་ལྟ་བུར་བཟོས་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཚད་བརྒལ་རང་བཞིན་གྱི་གནོད་རྐྱེན་ཆེན་པོ་བཟོས་ཡོད་པར་ཡོངས་གྲགས་གནང་འདུག དེའང་ཨ་རིའི་ Providence ཁུལ་དུ་རྟེན་གཞི་བྱས་པའི་International Center for Integrated Mountain Developmentཞེས་པའི་རྒྱལ་སྤྱིའི་རི་ལྗོངས་ཡར་རྒྱས་ཚོགས་པས་སྙན་ཐོ་ཞིག་བཏོན་པ་ལྟར་ན། རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་མང་པོའི་ནང་བོད་ནང་དུ་བཟོ་ལས་དང་འབྲེལ་བའི་ལས་འཆར་མང་པོ་ལག་བསྟར་བྱེད་བཞིན་པ་དེ་ནི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྣང་མེད་གཏོང་བཞིན་པའི་དཔང་རྟགས་གསལ་བོ་ཞིག་ཡིན་པར་བསྒྲགས་ཏེ་རྒྱ་ནག་གིས་བོད་དོན་དང་འབྲེལ་ནས་བཏོན་པའི་རྒྱབ་ཤ་དཀར་པོའི་སྙན་ཐོའི་ནང་དུ་ཡང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞིའི་སྐོར་གྱི་གནད་དོན་གཅིག་ཀྱང་བཀོད་མེད་པ་མངོན་གསལ་གནང་འདུག སྙན་ཐོའི་ནང་བོད་མཐོ་སྒང་ནི་མཚོ་ངོས་ལས་མི་ཊར་ ༤༣༨༠ ལྷག་གི་སར་གནས་བའི་དམིགས་བསལ་གྱི་མཐོ་སྒང་ས་ཁུལ་ཞིག་ཡིན་ཞིང་། འཛམ་གླིང་གི་ལྷོ་བྱང་གཉིས་ཕུད་པའི་བོད་མཐོ་སྒང་དུ་འཁྱགས་རོམ་མང་པོ་ཡོད་པ་མ་ཟད། དེང་སྐབས་བོད་མཐོ་སྒང་དེ་འཛམ་གླིང་གི་སྣེ་གསུམ་པར་ངོས་འཛིན་བྱས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་བོད་མཐོ་སྒང་གི་ཆ་ཤས་གསུམ་ཆ་གཅིག་རིམ་པས་ཞུ་ངེས་ཡིན་པའི་ཉེན་བརྡ་བཏང་སྟེ། དེ་ལྟ་བུའི་གནས་སྟངས་མི་ཡོང་བའི་ཆེད་དུ་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག དེ་བཞིན་ནུས་ཤུགས་འདོན་སྤེལ་གྱི་བཟོ་ལས་དང་རླངས་འཁོར་སོགས་ཀྱི་ཀར་བོན་ཐོན་སྐྱེད་བྱེད་མཚམས་ཉུང་དུ་གཏོང་དགོས་བར་སྐུལ་མ་གནང་འདུག མ་ཟད་རྒྱ་ནག་གིས་བོད་མཐོ་སྒང་དུ་ལི་ཐི་ཡམ་གཙོས་པའི་རྡུལ་ཕྲན་དང་འབྲེལ་བའི་གཏེར་ཁ་སྔོག་འདོན་གྱིས་བཟོ་ལས་ཀྱི་རིགས་འདྲ་མིན་གཉེར་བཞིན་པ་དེ་ཡིས་ཁོར་ཡུག་ལ་གནོད་པའི་ཀར་བོན་ཐོན་སྐྱེད་ཆེས་ཆེར་གྱུར་ནས་བོད་ནང་གི་ནམ་དུས་ཀྱི་འཁོར་སྐྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་མངོན་གསལ་གྱིས། རྒྱ་ནག་གིས་འཕྲལ་སེལ་གྱི་དཔལ་འབྱོར་གྱི་ཁེ་ཕན་ལ་གཞིགས་ཏེ་ Montreal Protocol ཞེས་པའི་མཁའ་དབྱིངས་ཀྱི་ ozone ལ་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཁྲིམས་ལ་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག དེ་བཞིན་ཨ་རིའི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་དུ་ཡང་། རྒྱ་ནག་གིས་བོད་མཐོ་སྒང་གི་འབྲོག་པའི་འཚོ་བར་བཀག་སྡོམ་བྱས་ཏེ་འབྲོག་པ་མང་ཚོགས་གནས་སྤོར་བྱེད་དུ་འཇུག་བཞིན་པ་དེ་ཡིས་འབྲོག་པ་རྣམས་ལས་མེད་དུ་ལྷག་བཞིན་པ་མ་ཟད། རང་བྱུང་ཁོར་ཡུག་ཡང་གནོད་ཚབས་ཆེན་པོ་ཐེབས་ཀྱི་ཡོད་པའང་བསྒྲགས་འདུག གོང་གི་གནད་དོན་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གི་བོད་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་གྱིས་འཛུགས་སྐྲུན་ལས་གཞི་མང་པོ་འགོ་འཛུགས་ཀྱིས་འབྲོག་པ་མང་ཚོགས་བཙན་དབང་གིས་གནས་སྤོར་བྱེད་བཞིན་པ་དང་འབྲེལ་ནས་མང་ཚོགས་ལས་མེད་དུ་བསྒྱུར་བཞིན་ཡོད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས། དེང་སྐབས་རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་འདྲ་མིན་གྱི་ཤུགས་རྐྱེན་གྱིས་བོད་མཐོ་སྒང་དེ་ས་གནས་གཞན་དང་མི་འདྲ་བར་གནམ་གཤིས་དྲོད་ཚད་འཕར་ཤུགས་ལྡབ་གཉིས་ལས་ཆེ་བ་ཆགས་ཡོད་པ་མ་ཟད། འདས་བའི་ལོ་ཤས་ཀྱི་རིང་ལ་བོད་ནང་དུ་རང་བྱུང་གོད་ཆག་འདྲ་མིན་བྱུང་ཡོད་པ་དེ་དག་ཀྱང་གཙོ་བོ་རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན་སྐོར་མངོན་གསལ་གྱིས། ཕྱི་ཕྱོགས་ཀྱི་ཉམས་ཞིབ་པ་རྣམས་དངོས་སུ་བོད་ནང་དུ་ཕེབས་ཏེ་ཁོར་ཡུག་དང་འབྲེལ་བའི་ཉམས་ཞིབ་གནང་གལ་ཡིན་པར་གསུངས་སོང་།

རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་ངོ་རྒོལ་ལས་འགུལ་ལ་བོད་མིས་མཉམ་ཞུགས།

རྒྱ་ནག་གྱི་རྒྱལ་ས་པེ་ཅང་ནང་དུ་འཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་དངོས་སུ་འགོ་འཛུགས་བྱེད་པར་ཟླ་བ་གཅིག་ཏག་ཏག་ལས་མེད་པའི་ཉིན་མོ་དང་བསྟུན་དེ་རིང་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ས་གནས་གང་སར་བཞུགས་པའི་བོད་མི་དང་། ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་ཐེ་ཝན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ནས་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་ལོམ་པིག་རྩེད་འགྲན་ནང་མཉམ་ཞུགས་བྱེད་རྒྱུ་མེད་ལ། རྩེད་འགྲན་དེ་རྩ་བརླགས་སུ་གཏོང་དགོས་ཞེས་འཁོད་པའི་འབོད་ཚིག་དང་སྦྲགས་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་ལྟར། རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་ནས་ཀྱང་དེ་འབྲེལ་ལས་འགུལ་ཞིག་སྤེལ་སོང་།    དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་ཀྱི་མདུན་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་རྒྱུན་ལས་གཙོས་པའི་ལས་བྱེད་རྣམ་པ་ལྷན་འཛོམས་ཐོག རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་། ལྷག་པར་དུ་བོད་དང་ཤིང་ཅང་། ཧོང་ཀོང་། དེ་བཞིན་ལྷོ་སོག་དང་ཐེ་ཝེན་བཅས་ཀྱི་ནང་ལ་ཆོས་དད་དང་སྨྲ་བརྗོད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་དང་། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་འཕྲོག་པ། སྐད་ཡིག་གཙོས་པའི་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པ་སོགས་འཁོད་པའི་འཕྲེད་དར་འཕྱར་ཏེ་རྒྱ་ནག་གཞུང་གི་བྱེད་བབ་ཁག་ཐེར་འདོན་དང་སྦྲགས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད།  ལྷག་པར་དུ་སྐབས་དེར་གཏམ་བརྗོད་ཀྱི་ལམ་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་གཙོ་འཛིན་Thomas Bach གྱིས་རྒྱ་ནག་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཤེས་བཞིན་དུ་དུ་དཔལ་འབྱོར་གྱི་ཁེ་ཕན་སོགས་ལ་གཞིགས་ཏེ་རྒྱ་ནག་ཚོགས་རྒྱུའི་ཨོ་ལོམ་པིག་རྩེད་འགྲན་ལ་རྒྱབ་སྐྱོར་བྱས་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་དང་ལག་བབྲེལ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་རྩིད་མེད་རྡོལ་རོལ་བཏང་བཞིན་ཡོད་པ་གསལ་སྟོན་དང་སྦྲགས། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ལྔ་ནས་ད་རེས་རྒྱ་ནག་ནང་ཚོགས་རྒྱུའི་ཨོ་ལོམ་པིག་རྩེད་འགྲན་དེ་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། ཨོ་ལོམ་པིག་རྩེད་འགྲན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྦྱིན་བདག་ཁག དེ་བཞིན་མང་གཙོ་དང་རང་དབང་ལ་དགའ་ཞེས་ཡོད་མཁན་གྱི་མང་ཚོགས་ཡོངས་ནས་མཉམ་ཞུགས་མ་གནང་རོགས་ཞེས་རེ་སྐུལ་གནང་ཡོད།   མ་ཟད་ཚོགས་ཁག་ལྔ་ནས་དེ་རིང་གི་ལས་འགུལ་དང་འབྲེལ་ཡོངས་གྲགས་གནང་པའི་གསར་འགོད་བསྒྲགས་གཏམ་དེའི་ནང་ལ་ཉེ་ཆར་ཨ་རི་དང་ལི་ཐུའུ་ནི་ཡ། དབྱིན་ཡུལ་དང་ཁེ་ན་ཊ་སོགས་རྒྱལ་སྤྱིའི་རང་དབང་ཅན་གྱི་རྒྱལ་ཁབ་ཆེ་གྲས་ཁག་ཅིག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨ་རྩལ་ཐོག་ལ་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་པ་ལྟར། རྒྱ་གར་གྱི་ངོས་ནས་ཀྱང་གནས་སྐབས་ཀྱི་ཁེ་ཕན་ལ་མི་གཟིགས་པར། རྒྱ་ནག་གི་དགུན་དུས་ཨོ་རྩལ་སྐབས་གཞུང་འབྲེལ་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་གནང་དགོས་པའི་དགོས་འདུན་བཏོན་འདུག སྐབས་དེའི་ལས་འགུལ་ཁག་གྲུབ་མཚམས་སུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་ད་བར་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་ལོམ་པིག་རྩེད་འགྲན་དང་འབྲེལ་བའི་ལས་འགུལ་སྤེལ་བ་ཁག་གི་སྐོར་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུ་སྐབས། དེ་རིང་ནས་བཟུང་ཏེ་ཚོགས་པ་ཁག་ཐུན་མོང་དང་། ཡང་སྐབས་རེ་ཚོགས་པ་སྒེར་སོ་སོའི་ངོས་ནས་མུ་མཐུད་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། ལྷག་པར་དུ་ཨ་རི་གཙོས་པའི་རྒྱལ་ཁབ་ཆེ་གྲས་ཁག་ཅིག་གིས་རྩེད་འགྲན་དངོས་ཀྱི་སྐབས་སུ་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་མི་གཏོང་རྒྱུའི་ཐག་གཅོད་བྱས་པ་དེ་ནི་ད་བར་སྤེལ་བའི་ལས་འགུལ་གྱི་གྲུབ་འབྲས་ཤིག་ལ་ངོས་འཛིན་གནང་གི་ཡོད་པར་གསུངས་བྱུང་། གཞན་ཡང་དེ་རིང་རྡ་རམ་ས་ལ་ཙམ་མ་ཟད། སྦེལ་ཇམ་གྱི་གྲོང་ཁྱེར་ Antwerp ནང་དུ་ཡུ་གུར་བ་གཙོས་པའི་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་སོགས་མཉམ་ཞུགས་ཐོག་ནས་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ་དང་སྦྲགས། རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོལ་རོལ་གཏོང་རྒྱུ་མཚམས་འཇོག་བྱེད་དགོས་པ་མ་ཟད། བཀག་སྐྱིལ་ཁང་ཁག་ཏུ་བཀག་ཉར་བྱེད་བཞིན་པའི་ཡུ་གུར་བ་རྣམསགློད་གྲོལ་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་པའི་ཐོག་སྐད་འབོད་གནང་འདུགམ་ཟད་ཨོ་གླིང་གི་གྲོང་ཁྱེར་ Brisbane ནང་དུ་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་གཙོས་པའི་ས་གནས་བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ལྷན་འཛོམས་གནང་སྟེ་རྒྱ་ནག་གཞུང་གིས་ཤིང་ཅང་དང་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་སོགས་ཐེར་འདོན་དང་སྦྲགས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།

Latest news