Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཁམས་བྲག་མགོ་ཁུལ་དུ་སླར་ཡང་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་གཏོར་བཤིག

སྔར་ལོར་ཁམས་བྲག་མགོ་རྫོང་དུ་རྒྱ་ནག་གིས་རྫོང་དཔོན་གསར་བ་རྒྱ་རིགས་ཝང་ཏུང་ཧྲིན་ཟེར་བ་བསྐོ་བཞག་བྱས་པ་ནས་བཟུང་། ཁམས་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་ཕི་ཀྲི་༩༩་ཅན་དང་མ་ཎི་དུང་འཁོར། དེ་བཞིན་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་སོགས་གཏོར་བཤིག་བཏང་ཡོད་པ་མ་ཟད། ད་ཆ་སླར་ཡང་ཁམས་བྲག་མགོ་ཁུལ་གྱི་སྔ་འགྱུར་རྙིང་མའི་ཆ་ནང་དགོན་དུ་ཡང་གུ་རུའི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་གཏོར་བཤིག་བཏང་འདུགདེ་ཡང་དེ་རིང་བཙན་བྱོལ་དུ་ཡོད་པའིི་ཁམས་བྲག་མགོ་ཁུལ་གྱི་དགེ་འདུན་པ་ཞིག་གིས་འདི་གའི་གསར་ཁང་ལ་ཁ་པར་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་དུ།  རྒྱ་ནག་གིས་སྔར་ལོ་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་འགོ་ཚུགས་པ་ནས་ཁམས་བྲག་མགོ་རྫོང་ནས་རྟའུ་རྫོང་གི་ལམ་བར་དུ་སྤྱི་ལེ་ཉི་ཤུ་ཙམ་གྱི་ས་མཚམས་སུ་ཁེལ་བའི་ཆ་ནང་དགོན་གྱི་གུ་རུ་རིན་པོ་ཆེ་ཡི་སྐུ་བརྙན་དེ་ཡང་གཏོར་བཤིག་གཏོང་རྩིས་བྱས་ཡོད་ཀྱང་། སྐབས་དེར་འབྲེལ་ཡོད་ཀྱི་བླ་མ་ཞིག་གི་རྒྱབ་རྟེན་གྱི་ཡིག་ཆ་ཞིག་གི་རྐྱེན་གྱིས་གནས་སྐབས་སུ་གཏོར་བཤིག་བཏང་མེད་ཀྱང་། ད་ཆ་ཡིག་ཆ་དེར་ལྟོས་མེད་ཀྱིས་རྩ་གཏོར་བཏང་ཡོད་པ་ཞིག་ཡིན་པར་ངོ་སྤྲོད་གནང་ཡོད།གཞན་ཡང་ཁོང་གིས། ཉེ་སྔོན་རྒྱ་ནག་གིས་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་སྐབས་སྐུ་བརྙན་དེ་དགོན་པའི་ལྕགས་རིའི་ཕྱི་ལོགས་སུ་ཡོད་སྟབས་གཏོར་བཤིག་གཏོང་དགོས་བར་བརྗོད་ནས་བཙན་ཤེད་ཀྱིས་གཏོར་བཤིག་བཏང་ཡོད་ཀྱང་། ཐེངས་འདིའི་གུ་རུ་རིན་པོ་ཆེ་ཡི་སྐུ་བརྙན་དེ་ཆ་ནང་དགོན་གྱི་ལྕགས་རིའི་ནང་ལོགས་ཙམ་དུ་མ་ཟད། དགོན་པའི་དབུས་སུ་ཆགས་ཡོད་པ་ཞིག་ཡིན་ཡང་གཏོར་བཤིག་བཏང་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གིས་རྒྱུ་མཚན་ཅི་ཞིག་ལ་བསྙད་ནས་གཏོར་བཤིག་གཏོང་གི་ཡོད་མིན་ལ་མ་ལྟོས་པར། གཙོ་བོ་བོད་མི་གཞོན་སྐྱེས་རྣམས་ཀྱི་སྣང་ངོར་ཆོས་ལུགས་ཀྱི་དད་རྟེན་རྣམས་གཙང་བཟོ་བྱས་ཏེ་བོད་ཀྱི་བྱིས་པ་རྣམས་ཀྱི་བློ་ངོར་ཆོས་ལུགས་ཀྱི་ཤུགས་རྐྱེན་གཙང་བཟོ་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གྱིས། སྐུ་བརྙན་གྱི་རིགས་ཙམ་དུ་མ་ཟད། བྲག་མགོ་ཁུལ་དུ། མ་ཎི་དར་ལྕོག་དང་རྡོ་རྐོས། དེ་བཞིན་མ་ཎི་རྡེའུ་འབུམ་དང་ཚ་ཁང་སོགས་ཡོངས་སུ་གཏོར་བཤིག་བཏང་ནས་མེ་ལ་སྲེག་པ་དང་ཆུ་ལ་གཡུག་པ་སོགས་བྱེད་ཀྱི་ཡོད་པར་གསུངས་སོང་།ཁོང་གིས་མི་མཐུད་དུ་གསུངས་དོན། ད་ཆ་རྒྱ་ནག་གིས་ཁམས་བྲག་མགོ་ཁུལ་དུ་སླར་ཡང་རིག་གནས་གསར་བརྗེ་ཆེན་མོ་བསྐྱར་སློག་བྱས་པ་ལྟ་བུའི་དམ་དྲག་བྱེད་བཞིན་པ་ཡོངས་གྲགས་ཀྱིས། རྒྱ་ནག་གིས་དགོན་པ་གྲྭ་ཚང་ཁག་གི་སྐུ་བརྙན་གྱི་ཁག་རྩ་གཏོར་གཏོང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ལ་གཞིར་བཞག་གིས་ཁྲིམས་འགལ་གྱི་གནས་བབ་ཅིག་གི་འོག་ནས་གཏོར་བཤིག་གཏོང་གི་ཡོད་ཚེ། དེ་དག་པར་ལེན་པ་དང་བརྙན་ལེན་པ་སོགས་ཀྱིས་འཛམ་གླིང་ལ་ཡོངས་གྲགས་བྱས་པའི་ཐོག་ནས་གཏོར་བཤིག་གཏོང་དགོས་བ་ཞིག་ཆགས་ཡོད་ཀྱང་། དོན་དངོས་དེ་ལྟར་མིན་པར། ལྐོག་ལྐོག་སིལ་སིལ་བྱས་ནས་གཏོར་གྱི་ཡོད་མ་ཟད། དེར་འབྲེལ་གྱི་པར་དང་བརྙན་ལེན་པ་སོགས་ཁྲིམས་འགལ་ཡིན་ལུགས་ཀྱིས་མང་ཚོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་དེ་ནི་ཕྱིན་ཅི་ལོག་པའི་བྱ་སྤྱོད་ཁོ་ན་ཞིག་ཆགས་ཡོད་པར་གསུངས་སོང་།མཐའ་མར་ཁོང་གིས། སྔོན་ཆད་བོད་ཕྱི་ནང་གི་བར་དུ་དམ་དྲག་ཇི་ལྟར་ཡོད་མེད་ལ་ལྟོས་མེད་ཀྱིས། ཁམས་བྲག་མགོ་ཁུལ་གྱི་བོད་མི་རྣམས་ཀྱིས་སྐད་འཕྲིན་གྱི་རྒྱབ་ལོགས་སུ་སྐྱབས་མགོན་རིན་པོ་ཆེ་ཡི་སྐུ་པར་དང་། དེ་བཞིན་ས་གནས་ཀྱི་དགོན་པ་གྲྭ་ཚང་ཁག་གི་འདུ་ཁང་དང་མཆོད་ཁང་སོགས་ཀྱི་པར་རིགས་སྤེལ་བཞིན་པ་ཡོད་ཀྱང་། ད་ཆ་དེ་དག་ཕར་ཞོག  ཕྱི་ལོགས་སྐད་ཆ་བཤད་རྒྱུར་འཛེམ་ཟོན་ཆེན་པོ་གནང་གི་ཡོད་པར་གསུངས་སོང་། དེ་ཙམ་དུ་མ་ཟད། རྒྱ་ནག་གིས་བོད་ཁུལ་དུ་དཔལ་འབྱོར་ཡར་རྒྱས་གཏོང་གི་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ཀྱང་། གཙོ་བོ་ས་གནས་བོད་མི་རྣམས་ལ་ཁག་དཀྲི་འདྲ་མིན་བྱས་ནས་རྒྱ་སྒོར་ཁྲི་ཉིས་བརྒྱ་སུམ་བརྒྱའི་ཆད་པ་བཅད་རྗེས། གྲོང་གསེབ་ཁག་ལ་ཕྱིན་ཏེ་མ་དངུལ་སྒོར་ཁྲི་བཅུ་ཙམ་གྱི་འགྲོ་གྲོན་བཏང་སྟེ་ཁྱབ་བསྒྲགས་བྱེད་བཞིན་པ་ཞིག་ཡིན་པ་ནི་བྲག་མགོ་རྫོང་ཐོག་གི་བོད་མིའི་ཁྱིམ་ཚང་གི་དཔལ་འབྱོར་བཟང་བའི་རིགས་ཤིག་ལ་ཉེས་ཆད་བཅད་པ་ལས་ཤེས་ཐུབ་པ་ཞིག་ཡིན་པར་གསུངས་སོང་། གཞི་རྩའི་སྔར་ལོ་རྒྱ་ནག་གིས་ཁམས་བྲག་མགོ་དགོན་དུ་སྐུ་བརྙན་དང་མ་ཎི་དུང་འཁོར་སོགས་གཏོར་བཅོམ་གཏོང་འགོ་ཚུགས་པ་ནས་བཟུང་། དེར་འབྲེལ་གྱི་དགོན་པའི་ལས་ཀྱི་སྣེ་མོ་རྣམས་ཀྱི་གཙོ་བྱས་པའི་མང་ཚོགས་ཁྲོད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་སོགས་ལ་ཁ་གཡར་གྱིས་མ་མཐའ་ཡང་བོད་མི་བཅུ་ཙམ་འཛིན་བཟུང་བྱས་ཏེ་གཅར་རྡུང་རིམ་པ་བཏང་ཡོད་པ་མ་ཟད། ད་དུང་ཡང་ས་གནས་ཀྱི་ཡུལ་མི་རྣམས་ཀྱི་ཁ་པར་ལ་སྔོག་བཤེར་སོགས་ཀྱི་མཚོན་པའི་དྲག་གནོན་སྲིད་བྱུས་སྔར་ལྷག་ལག་བསྟར་བྱེད་བཞིན་པ་ཡོད་པ་རེད།  

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གང་མགྱོགས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་རྒྱུའི་ཞུ་སྐུལ།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་སུ་ཞུ་སྐུལ་གྱི་སྙན་ཞུ་ཞིག་ཕུལ་བའི་ནང་དུ། ད་ཆ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་ཟིན་སྟབས། ཟླ་བ་རྗེས་མའི་ཚེས་བདུན་གྱི་ལོ་འཁོར་གྱི་ཚོགས་ཆེན་གྱི་སྔོན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གང་མགྱོགས་རྒྱ་ནག་གིས་ཤིན་ཅང་ནང་གུ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་ཐད་ཀྱི་སྙན་ཐོ་དེ་འདོན་སྤེལ་བྱེད་དགོས་བའི་སྐུལ་མ་གནང་འདུགགཞི་རྩའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་གིས་རྒྱ་ནག་གཞུང་ལ་ཤིན་བྱང་ནང་རྟོགས་ཞིབ་ཆེད་སྐྱོད་དུ་འཇུག་དགོས་པའི་ཞུ་སྐུལ་རིམ་པ་གནང་རྗེས་ཉེ་ལམ་རྒྱ་ནག་གཞུང་གིས་ལྕམ་སྐུ་ Bachelet ལགས་ཨོ་རྩལ་འགྲན་ཚོགས་རྗེས་སུ་ཤིན་ཅང་དུ་སྐྱོད་ཆོག་པའི་ཆོག་མཆན་ཕུལ་བའི་གནས་ཚུལ་ཞིག་ཐོན་ཡོད་ཀྱང་། ཆོག་མཆན་དེ་དང་མཉམ་དུ་ཆ་རྐྱེན་ཞིག་བཏོན་པ་ནི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་ཤིན་ཅང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འཆར་ཡོད་པ་དེ་ཨོ་རྩལ་འགྲན་ཚོགས་སྔོན་ལ་འདོན་རྒྱུ་མེད་པའི་ཞུ་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དཔྱད་ཞིབ་གནང་མཁན་ཁག་ཅིག་ནས་རྒྱ་ནག་གཞུང་གི་ངོས་ནས་ལྕམ་སྐུ་ Bachelet ལགས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཟིན་པའི་རྗེས་སུ་ཤིན་ཅང་ཕེབས་ཆོག་ཅེས་བཀོད་པ་དེ་ནི་གཙོ་བོ་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་རྩལ་ལ་ཕྱི་ཕྱོགས་ནས་བར་ཆད་མི་ཡོང་བ་དང་། རྒྱ་ནག་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུར་དམིགས་པ་ཞིག་རེད་ཅེས་གསུང་མཁན་བྱུང་ཡོད། ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་གཙོ་འཛིན་སྐུ་ཞབས། Ken Roth ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་འཁོར་གྱི་ཚོགས་ཆེན་འཚོགས་ལ་རན་པའི་སྐབས་འདིར་ཡང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་ཕྱི་ལ་ཐོན་མེད་པ་དེ་ནི་བློ་ཕམ་རང་བཞིན་ཞིག་ཡིན་པར་སྐྱོན་བརྗོད་ཀྱིས། ལྕམ་སྐུ་ Michelle Bachelet ལགས་ཀྱིས་ཟླ་བ་རྗེས་མའི་ཚེས་བདུན་གྱི་ལོ་འཁོར་ལྷན་ཚོགས་འགོ་འཛུགས་མ་ཞུས་སྔོན་ལ་གནད་དོན་གཞན་ལ་ཁག་དཀྲི་གང་ཡང་མེད་པར་ངེས་བར་དུ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་སྙན་ཐོ་འདོན་སྤེལ་བྱེད་དགོས་བའི་སྐུལ་མ་གནང་འདུགདེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་ཡོད་སྐུ་ཚབ་ཁག་ཅིག་གིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ་འདོན་སྤེལ་ལ་རྗེས་ལུས་ཐེབས་པར་སྐྱོན་བརྗོད་བྱས་པ་མ་ཟད། གཅིག་བྱས་པ་ཡིན་ན་ལོ་གསུམ་གྱི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པས་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དཔང་རྟགས་བསྡུ་རུབ་བྱས་པ་རྣམས་ཀྱང་འབྲེལ་བ་ག་ཚོད་ཅིག་ཆགས་ཡོད་མེད་ལ་དོགས་སློང་བྱས་འདུག གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་གིས་ཤིན་ཅང་ནང་གི་ཁ་ཆེ་ཡུ་གུར་མི་རིགས་ལ་དྲག་གནོན་གྱིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་མ་ཟད། ངལ་རྩོལ་སྒྱུར་བཀོལ་བྱས་པ་བརྒྱུད་ནས་ཁ་ཆེ་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཡོད་པར་སྐྱོན་བརྗོད་བྱེད་མུས་ཡིན་ཡང་། རྒྱ་ནག་གིས་དུས་རྒྱུན་ནས་གདན་དོན་དེ་ནི་ཆོས་ལུགས་ཀྱི་དྲག་སྤྱོད་པར་ཁ་གཏད་གཅོག་ཐབས་ཤིག་ཡིན་པར་འགྲེལ་བརྗོད་ཀྱིས་བཀག་སྐྱིལ་ཁང་གི་མི་མང་ལ་ཤེས་ཡོན་དང་ལག་ཤེས་སྦྱོང་བརྡར་སྤྲོད་བཞིན་པ་མ་ཟད། ཨ་རིའི་གཙོ་བྱས་པའི་ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་ཨོ་རྩལ་འགྲན་ཚོགས་བཀག་སྡོམ་བྱེད་ཆེད་དུ་རྒྱ་ནག་གིས་ཤིན་ཅང་གི་མི་རིགས་རྩ་གཏོར་དང་ངལ་རྩོལ་སྒྱུར་བཀོལ་སོགས་ཀྱི་སྙོན་འཛུགས་བྱེད་བཞིན་པ་ཞིག་ཡིན་པར་སྒྲོག་བཞིན་པ་རེད།སྤྱིར་བདུན་ཕྲག་སྔོན་མའི་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་ Michelle Bachelet ལགས་ཤིན་ཅང་གི་ཁུལ་དུ་ཕེབས་ཆོག་ཀྱང་། རྒྱ་ནག་གིས་ངོས་ནས་ཚོད་དཔག་རང་བཞིན་གྱི་ཉེས་དོན་རྟོག་ཞིབ་བྱེད་པར་མི་སུ་ཞིག་ཀྱང་སྣེ་ལེན་བྱེད་རྒྱུ་མིན་པར་བསྒྲགས་ཡོད་པ་རེད།

རྒྱ་ནག་གིས་བོད་ནང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་སྔར་ལྷག་ཤུགས་སྣོན་བྱེད་བཞིན་པ།

རྒྱ་ནག་གིས་དུས་རྒྱུན་ནས་བོད་ཀྱི་ཆོས་རིགས་ཡོངས་སུ་རྒྱ་སྒྱུར་གྱི་སྲིད་བྱུས་གཏན་འབེབས་ཀྱིས་བོད་ཁུལ་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཤུགས་ཆེར་སྤེལ་བཞིན་པའི་ཁྲོད། ཁ་ཉིན་ཟླ་འདིའི་ཚེས་བཅུ་བདུན་གྱི་ཉིན། སྔར་ལོའི་ཟླ་བ་བཅུ་བའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་ཝང་ཅུན་ཀྲང་ཟེར་བ་དེ་ར་མོ་ཆེ་གཙུག་ལག་ཁང་དང་དགའ་ལྡན་དགོན་པ་སོགས་སུ་ལྟ་སྐོར་ལ་ཕྱིན་ཏེ་གྲྭ་མང་ལ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ཐད་ལ་ཤུགས་སྣོན་བྱེད་དགོས་བའི་བཙན་བཀའ་བཏང་འདུགདེ་ཡང་རྒྱ་ནག་གི་ཀྲུང་གོ་བོད་ལྗོངས་དྲ་བ་ཞེས་པའི་ཐོག་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ཐོན་པའི་ནང་དུ།  རྒྱ་ཆེའི་དགེ་འདུན་པ་ཚོས་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དེ་སྤྱི་ཚོགས་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས་པར་བརྗོད་ཡོད་པ་འཁོད་འདུག གཞན་ཡང་ཁོ་པས་ཆབ་སྲིད་ཐད་བློས་འཁེལ་བ་ཞིག་བྱེད་པར་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་མཁན་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་ཞེས་བརྗོད་དེ། གཙོ་བོ་གྲྭ་བཙུན་རྣམས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དང་ལེན་གྱིས་རྗེས་སུ་འབྲངས་ཏེ། ཞི་ཅིན་ཕིང་གི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་དང་། ཏང་གི་ཆོས་ལུགས་ལས་དོན་ཟེར་བའི་སྐོར་གྱི་གཞི་རྩའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ནན་པོ་བྱས་ཏེ་དགོན་པའི་རིག་དངོས་ཁག་ལ་སྲུང་སྐྱོབ་ཚད་ལྡན་བྱས་པ་བརྒྱུད་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་དོན་དངོས་རྣམས་སྔོག་འདོན་བྱ་དགོས་བྱས་དགོས་ཞེས་བཀའ་བཏང་འདུག འདི་གའི་གསར་འགོད་པས་གནད་དོན་དེ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁག་བོད་དུ་རྟོག་ཞིབ་བྱེད་པར་འགྲོ་རྒྱུ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཡིན་ཡང་། ཐེངས་འདིར་ཝང་ཅུན་ཀྲེང་དགའ་ལྡན་དགོན་དང་ལྷ་ས་ར་མོ་ཆེ་གཙུག་ལག་ཁང་དུ་སོང་བ་དེ་ནི་གཙོ་བོ་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་། དེ་བཞིན་འདི་ལོར་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་སྐོང་འཚོགས་བྱེད་རྒྱུར་ཐག་བཅད་ཟིན་སྟབས། བོད་ཁུལ་ནས་བོད་མི་རྣམས་ཀྱིས་དཀའ་རྙོག་གི་རིགས་མི་བཟོ་བར་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་སྐྲུན་ཐབས་སུ་ཆེད་དུ་གྲྭ་བཙུན་རྣམས་ལ་ཐུག་འཕྲད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་ཤུགས་སྣོན་བྱས་ཡོད་པ་ཞིག་ཡིན་པར་གསུངས་སོང་། སྔར་ལོ་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱེད་སྐབས། ཐེ་ཝན་དོན་གཅོད། སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་ཁང་ལ་འགྲེལ་བརྗོད་གནང་བའི་ནང་དུ། སྔར་ལོ་རྒྱ་ནག་གིས་བོད་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་ལས་དོན་ཚོགས་འདུ་ཚོགས་པ་བརྒྱུད་ནས། བོད་ནང་དུ་༸གོང་ས་མཆོག་གི་ཆོས་ལུགས་ཀྱི་ཤུགས་རྐྱེན་གཙང་བཟོ་བྱེད་ཐབས་ལ་འབད་བརྩོན་བྱེད་བཞིན་པ་མ་ཟད། ཆོས་ལུགས་དེ་དུག་རྩ་ལྟ་བུར་ངོས་འཛིན་བྱས་ཏེ། ཝང་ཅུན་ཀྲེང་ཟེར་བ་དེ་ཆེད་དུ་བོད་ཁུལ་དུ་བཏང་ནས་བོད་མི་རྣམས་ལ་སྔར་ལྷག་དྲག་གནོན་བྱེད་རྒྱུར་དམིགས་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ཝང་ཅུན་ཀྲེང་ནི་ཕྱི་ལོ་ ༢༠༡༩ ཟླ་ ༡ ནས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་རྒྱུན་ལས་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཕྱི་ལོ་ ༢༠༢༠ ཟླ་ ༥ ནས་ལོ་དེའི་ཕྱི་ཟླ་ ༩ པའི་བར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དམར་ཤོག་དྲུང་ཆེ་གཞོན་པ་དང་སྲིད་ཁྲིམས་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་དམར་ཤོག་དྲུང་ཆེ། རྒྱ་ནག་ཡུ་གུར་འཛུགས་སྐྲུན་ལྷན་ཚོགས་ཀྱི་མགོ་འཁྲིད་སོགས་བྱས་པའི་ཁྲོད། ཤིན་ཅང་གི་ཁུལ་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་གྱིས་མི་མང་བཀག་སྐྱིལ་དང་ངལ་རྩོལ་བསྒྱུར་བཀོལ་སོགས་ཀྱི་ནག་ཉེས་དང་འབྲེལ་ནས།  ཨ་རི་དང་དབྱིན་ཡུལ། དེ་བཞིན་ཁ་ན་ཊ་དང་ཡུ་རོབ་སོགས་ཀྱིས་ནུབ་ཕྱོགས་སུ་འགྲོ་སྐྱོད་བཀག་སྡོམ་བྱས་པའི་རྒྱ་ནག་གི་དཔོན་རིགས་ཁྲོད་ཀྱི་གཅིག་ཆགས་ཡོད་པ་དང་། སྔར་ལོ་རྒྱ་ནག་གིས་ཆེད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད།

 རྒྱ་ནག་གིས་བོད་མི་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་གསར་འགོད་པ་རྣམས་ལ་དྲག་གནོན།

དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཀྱི་ Coda གསར་ཁང་གི་དྲ་གནས་ཐོག་ཏུ་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་དང་འབྲེལ་བའི་དཔྱད་རྩོམ་ཞིག་ཕྱི་ལ་ཐོན་པའི་ནང་དུ། རྒྱ་ནག་གིས་བོད་དང་ཤིན་ཅང་གི་མཚོན་པའི་གྲངས་ཉུང་མི་རིགས་ཁག་གི་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ལ་དྲག་གནོན་འཇིགས་སྐུལ་བྱེད་བཞིན་པ་མ་ཟད། བོད་དོན་དང་ཤིན་ཅང་གི་གནད་དོན་ཐད་ནས་གསར་འགོད་ལས་རིགས་གཉེར་བཞིན་པའི་མི་སྒེར་གྱི་རྒྱ་ནག་ནང་གི་ཡུལ་མི་རྣམས་ལ་སུན་གཙེར་བྱེད་བཞིན་པ་ཡོངས་གྲགས་གནང་འདུགདེ་ཡང་ Coda གསར་ཁང་གི་གསར་འགོད་པ་རྒན་པ་ལྕམ་ ERICA HELLERSTEIN ལགས་ཀྱིས་བྲིས་གནང་བའི་དཔྱད་རྩོམ་དེའི་ནང་དུ། རྩ་བའི་རྒྱ་ནག་གིས་བོད་ཁུལ་གྱི་མཚོན་པའི་གྲངས་ཉུང་མི་རིགས་ས་ཁུལ་ཡོངས་ལ་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་དང་འབྲེལ་ནས། ཉེ་བའི་ལོ་འགའི་སྔོན་ལ་ཕྱི་ཕྱོགས་སུ་གསར་འགོད་ལས་རིགས་གཉེར་མཁན་གྱི་བོད་པའི་གསར་འགོད་པ་ཞིག་ལ་མི་ག་གེ་མོ་ཞིག་གིས་ཁ་པར་བརྒྱུད་ནས་ཆུང་དུས་ཀྱི་གྲོགས་པོ་ཞིག་ཡིན་མདོག་གིས་འཚིག་ཇ་མཉམ་དུ་འཐུང་ས་ཞིག་ནས་ཐུག་འཕྲད་བྱེད་རྒྱུའི་རེ་ཞུ་བཏོན་པ་ལྟར། གསར་འགོད་པ་གང་དེ་ཡུལ་དངོས་སུ་བཅར་སྐབས་ཁོང་སྐད་གཏོང་མཁན་དེ་སློབ་གྲོགས་ཤིག་མིན་པ་ཤེས་གཏོགས་བྱུང་རྗེས་ཁོང་བཙན་ཁྲིད་བྱས་ཏེ།  མི་ག་གེ་མོ་ཁོ་ནི་རྒྱ་ནག་གི་གསང་བའི་ལས་ཁུངས་དང་འབྲེལ་ཡོད་ཅིག་ཡིན་པར་བརྗོད་དེ་ཁོང་གི་ནང་མི་རྣམས་ལ་ཐུག་འཕྲད་བྱས་ཡོད་པའི་འཇིགས་སྐུལ་བྱས་པ་མ་ཟད།  བོད་ནང་གི་གསར་འགྱུར་མཁོ་སྤྲོད་བྱེད་མཁན་སུ་ཡིན་པ་དང་། བརྒྱུད་ལམ་ག་རེ་ཐོག་ནས་གསར་འགྱུར་བསྡུ་ལེན་བྱེད་བཞིན་པ་སོགས་ཀྱི་འདྲི་གཅོད་སྣ་མང་བྱས་པའི་དངོས་དོན་ཞིག་འགྲེལ་བརྗོད་གནང་འདུགརྒྱ་ནག་གིས་འཇིགས་སྐུལ་དང་ཉེན་བརྡ་ཕོག་པའི་བོད་ཀྱི་གསར་འགོད་པ་དེའི་ལས་རོགས་ཤིག་སྟེ། ཨ་རིར་རྟེན་གཞི་བྱས་པའི་ལས་རོགས་གསར་འགོད་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གི་གྲོགས་པོ་གསར་འགོད་པ་དེ་གནད་དོན་འཕྲད་མ་ཐག་ཁོང་གིས་གསར་འགོད་ཀྱི་ལས་གར་ཞུགས་དུས་ཁོང་གི་གཞིས་བཞུགས་ཀྱི་ནང་མི་རྣམས་ལ་ཉེན་ཁ་ཆེ་བས་སེམས་ཁྲལ་ཆེན་པོ་འདུག་ཅེས་བརྗོད་དེ་ཐད་གར་ལས་གནས་ནས་དགོངས་པ་ཞུས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པར་འཁོད་འདུགགསར་འགོད་པས་གོང་གི་གནད་དོན་དེར་གཞིར་བཞག་གིས། རྒྱ་ནག་གིས་བོད་ནང་ཙམ་དུ་མ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་གང་སར་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་གསར་འགོད་པ་དང་རྩོམ་པ་པོ་རྣམས་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ཕྱིར་བསྒྲགས་གནང་བ་མ་ཟད། སྤྱིར་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ ༥༥ ལྷག་ཡོད་པར་འགྲེལ་བརྗོད་ཀྱིས། གྲངས་ཉུང་མི་རིགས་ཁག་ཕུད་པའི་ཧན་རིགས་ཀྱི་མི་འབོར་བརྒྱ་ཆ་ ༩༠ ལྷག་ཟིན་ཡོད་པ་དང་། ད་ཆ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པའི་ཁྲོད། གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་དང་རིག་གཞུང་ལ་དོ་དམ་ནན་མོ་བྱེད་བཞིན་པ་མ་ཟད། མང་ཚོགས་ཁྲོད་རྒྱ་ནག་གི་སྲིད་བྱུས་དང་འབྲེལ་ནས་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་བཞིན་པར་ངོ་སྤྲོད་ཀྱིས། མདོར་ན་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་གྲངས་ཉུང་མི་རིགས་ཁག་རྒྱ་ནག་གི་རིག་གཞུང་གི་ཤན་ཤུགས་སྤྲོད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག གཞན་ཡང་ཁོང་གིས། རྒྱ་ནག་གིས་བོད་ཁུལ་དུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་རིག་གཞུང་རྩ་གཏོར་གྱི་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཡོད་ལྟར། ད་ཆ་བོད་ཁུལ་དུ་ལག་བསྟར་བྱས་ཟིན་པའི་སྲིད་བྱུས་དེ་ཤིན་ཅིང་གི་ནང་དུ་སྤེལ་བཞིན་པ་དང་འབྲེལ་ནས། ཨ་རིའི་ངོས་ནས་རྒྱ་ནག་གི་བྱེད་བབ་དེ་ནི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པར་ཕྱིར་བསྒྲགས་བྱས་ཡོད་པ་མངོན་གསལ་དང་སྦྲགས།  ཁོང་གིས་འབྲེལ་ཡོད་ཀྱི་ཆེད་མཁས་བར་བཅར་འདྲི་ཞུས་པའི་ནང་དུ་ཡང་། སྔོན་ཆད་ཀྱི་བོད་ནང་གི་རྒྱ་ནག་དམར་ཤོག་ཀྱི་དྲུང་ཆེ་དེ་ད་ལྟ་ཤིན་ཅང་གི་ནང་གི་དམར་ཤོག་དྲུང་ཆེ་ཆགས་ཡོད་པའི་ཁྲོད། བོད་ཁུལ་དུ་རིག་གཞུང་བསྲེས་སྦྱོར་དང་གསང་བའི་མྱུལ་ཞིབ་སོགས་ཀྱི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་བཞིན། ད་ཆ་ཤིན་ཅང་གི་ནང་དུ་ཡང་ཡུ་གུར་ཁ་ཆེ་བ་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཡོད་པ་དང་མུ་མཐུད་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་ཡོད་ལུགས་ལུང་འདྲེན་གནང་འདུགཨ་རིའི་ནང་དུ་PEN ཞེས་པའི་སྨྱུ་གུ་ཚོགས་པའི་ངེས་སྟོན་པ། སྐུ་ཞབས James Tager ལགས་ཀྱིས་རྒྱ་ནག་གིས་སྐད་ཆ་དང་རིག་གནས་ཀྱི་སྟོབས་ཤུགས་ནི་མི་རིགས་གང་དེར་སྐུལ་མ་གཏོང་བའི་སྟོབས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་པ་དང་འབྲེལ།  བོད་ཁུལ་དང་ཤིན་ཅང་ནང་གི་རིག་གནས་རྩ་གཏོར་གྱི་སྲིད་བྱུས་ཁག་མངོན་པར་མི་གསལ་བའི་ཐོག་ནས་རྒྱུན་སྐྱོང་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གྱིས།  རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཞི་བའི་ཐོག་ནས་རིག་གནས་ཀྱི་ཐོབ་ཐང་རྩོད་མཁན་རྣམས་ནི་ཉེས་ཅན་དུ་ངོས་འཛིན་བྱེད་བཞིན་ཡོད་པར་བསྒྲགས་འདུག    དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་ Freedom House ཞེས་པའི་རང་དབང་ཁང་པས་ཀྱང་། རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཙམ་མིན་པར། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་རྣམས་ལ་ཡང་འཕྲུལ་ལས་ཀྱིས་གསང་ཉུལ་བྱས་པ་བརྒྱུད་ནས་དངོས་སུ་བརྙས་བཅོས་དང་མནར་གཅོད་གཏོང་གི་ཡོད་པ་ཡོངས་གྲགས་གནང་འདུག གཞི་རྩའི་རྩོམ་ཡིག་དེའི་ནང་དུ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་གི་སྐད་དང་ཡི་གེ་རྩ་གཏོར་གཏོང་བཞིན་པའི་སྲིད་བྱུས་ཐེར་འདོན་གྱིས། སྲིད་བྱུས་སྣ་མང་གི་ཁྲོད་དུ་རིག་གཞུང་སྲུང་སྐྱོབ་དང་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་རྣམས་ལ་དམ་དྲག  དེ་བཞིན་བོད་དེ་འཛམ་གླིང་ནང་གི་རང་དབང་ཆེས་ཞན་ཤོས་ཀྱི་ས་ཁུལ་ཞིག་ཆགས་ཡོད་པ་ཙམ་དུ་མ་ཟད། ད་ཆ་བོད་ནང་དུ་རྒྱ་ནག་གི་གསང་བའི་ལྟ་སྲུང་གི་འོག་ཏུ་རྒྱ་ནག་གི་དྲག་སྤྱོད་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཕྱིར་སྤྲོད་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་པ་སོགས་དང་འབྲེལ་ནས། ཕྱི་ལོགས་ཀྱི་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་དངོས་སུ་བོད་ཁུལ་དུ་སྐྱོད་ནས་གནས་ཚུལ་རྒྱུས་ལོན་བྱེད་དགོས་བ་གལ་ཆེན་ཡིན་པ་སོགས་ཀྱི་གནས་ཚུལ་སྤེལ་འདུག  

རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་ལ་མ་དངུལ་སྤྲད་ཡོད་པའི་སྐྱོན་བརྗོད།

ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ Atlantic council ཞེས་པའི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་གིས་གནས་ཚུལ་འཚོལ་ཞིབ་བྱས་ཏེ་ཤེས་གཏོགས་བྱུང་བའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ཤིན་ཅང་ཁུལ་དུ་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་དང་འབྲེལ་བའི་བཟོ་ཚོང་ཁང་ལ་མ་དངུལ་མཁོ་འདོན་བྱས་ཡོད་པའི་གནས་ཚུལ་ཁུངས་ལྡན་རྙེད་འདུགསྙན་ཐོ་དེའི་ནང་གསལ་ལྟར་ན། རྒྱལ་སྤྱིའི་དངུལ་ཁང་ཆེ་གྲས། IFC དང་ WB སོགས་ཀྱིས་ཤིན་ཅང་གི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་ལས་ཁང་ཆེ་གྲས་བཞི་ལ་མ་དངུལ་ཆེད་གཏོང་བྱས་ཡོད་པའི་ཁྲོད། རྒྱ་ནག་གིས་ཁུལ་དེའི་མི་མང་གནས་སྤོར་དང་ངལ་རྩོལ་བསྒྱུར་བཀོལ། དེ་བཞིན་ཁོར་ཡུག་དང་རིག་གཞུང་རྩ་གཏོར་སོགས་བྱེད་བཞིན་ཡོད་སྐོར་གསལ་འདོན་གྱིས། རྒྱལ་སྤྱིའི་དངུལ་ཁང་གིས་ཤིན་ཅང་ཁུལ་གྱི་རྒྱ་ནག་གི་བཟོ་ལས་ཁང་ལ་མ་དངུལ་མཁོ་འདོན་བྱེད་རྒྱུ་མཚམས་འཇོག་དགོས་བའི་སྐུལ་མ་གནང་འདུགགཞན་ཡང་སྙན་ཐོ་དེའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་བཟོ་ལས་ཁང་ལ་ཨ་སྒོར་ས་ཡ ༤༨༦ ལྷག་མཁོ་འདོན་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ་ནས། སྔར་ལོ་རྒྱ་ནག་གིས་ཤིན་ཅང་གི་མི་རིགས་རྩ་གཏོར་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ཏུ་འགྲོ་སྐྱོད་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་ཡོད་པའི་བྷེལ་ཇམ་གྱི་གྲོས་ཚོགས་ཀྱི་འཐུས་མི། སྐུ་ཞབས། Samuel Cogolati  ལགས་ཀྱིས་རྒྱལ་སྤྱིའི་དངུལ་ཁང་གི་བྱེད་ལས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་པ་ལས། དེང་རབས་ཀྱི་ངལ་རྩོལ་སྒྱུར་བཀོལ་ལམ། བྲན་གཡོག་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་མིན་པར་ཕྱིར་བསྒྲགས་གནང་སྟེ། ད་ཆ་གནས་ཚུལ་གསལ་བོ་ཆགས་ཟིན་པར་བརྟེན་རྒྱལ་སྤྱིའི་དངུལ་ཁང་གིས་གནས་ཚུལ་དེ་ཁ་སྒྱུར་བྱེད་ཐབས་བྲལ་བས་འཕྲལ་དུ་མ་དངུལ་ཆེད་གཏོང་བྱེད་སའི་རྒྱ་ནག་གི་བཟོ་ལས་ཁང་དེ་དག་དང་འབྲེལ་ཐག་གཅོད་དགོས་བའི་ཉེན་བརྡ་བཏང་འདུགདེ་བཞིན་སྙན་ཐོ་དེ་དང་འབྲེལ་ནས། ཨ་རི་དང་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཉི་ཤུའི་མཚན་རྟགས་འཁོད་པའི་ཡི་གེ་ཞིག་རྒྱལ་སྤྱིའི་དངུལ་ཁང་གི་གཙོ་འཛིན། David Malpass ལགས་ཀྱི་མཚན་ཐོག་ཏུ་བཏང་ཡོད་པ་དང་། ཡི་གེ་དེར་IPAC ཞེས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་དང་རྒྱལ་སྤྱིའི་སྨྱུ་གུ་ཚོགས་པ་སོགས་ཀྱིས་རྒྱབ་སྐྱོར་ཞུས་པའི་ཐོག་ནས། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་དྲག་གནོན་དེར་མ་དངུལ་མཁོ་འདོན་བྱེད་ཐབས་བྲལ་བའི་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཡི་གེ་དེའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་དང་། IFC ཞེས་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སོགས་ཀྱིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་བབ་ཁྲོད་ཁུལ་དེའི་རྒྱ་ནག་གི་བཟོ་ཚོང་ཁང་ལས་མ་དངུལ་མཁོ་འདོན་མཚམས་འཇོག་བྱེད་དགོས་བའི་སྐུལ་མ་གནང་འདུག རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས། IFC ཀྱི་མགྲིན་ཚབ་པར་གནད་དོན་དེ་དང་འབྲེལ་ནས་གསར་ཁང་གིས་བཅར་འདྲི་བྱས་པར་ཁོང་གིས། མཉམ་ལས་ཁང་གི་ངོས་ནས་ངལ་རྩོལ་སྒྱུར་བཀོལ་དང་མི་མང་ཉམ་ཆུང་ལ་ལྟ་སྟངས་ངན་པ་འཛིན་བཞིན་པའི་གནད་དོན་དེ་གཙིགས་ཆེར་འཛིན་བཞིན་ཡོད་པར་བརྗོད་པ་ཙམ་ལས། ཐད་གར་ཤིན་ཅང་གི་ནང་གི་རྒྱ་ནག་གི་བཟོ་ཚོང་ཁང་ལ་མ་དངུལ་མཁོ་འདོན་དང་འབྲེལ་ནས་སྐད་ཆ་གང་ཡང་བཤད་མེད་པར་འཁོད་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྤེལ་བཞིན་པའི་གནད་དོན་དང་འབྲེལ་ལས་རྒྱ་ནག་གི་འདི་ལོའི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིའི་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་བསྒྲགས་པ་དང་འབྲེལ་ནས། དབྱིན་ཡུལ་དང་ཧྥ་རན་སི། དེ་བཞིན་བྷེལ་ཇམ་དང་ནི་ཐར་ལནཊི་སོགས་ཀྱིས་ཀྱང་རྒྱ་ནག་གི་ཨོ་རྩལ་ཡུལ་དངོས་སུ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཕྱིར་བསྒྲགས་བྱས་ཡོད་ཀྱང་རྒྱ་ནག་གིས་དུས་རྒྱུན་ནས་ཤིན་ཅང་གི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པར་བརྟེན་ཕྱི་ལོགས་ནས་ཐེ་གཏོགས་བྱེད་མི་ཆོག་པར་བརྗོད་བཞིན་ཡོད་པ་རེད།རྩ་བའི་ཐེངས་འདིའི་ Atlantic council ཞེས་པའི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་སྙན་ཐོ་དེ་ནི་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དང་གཞུང་འབྲེལ་གྱི་སྙན་ཐོ། དེ་བཞིན་སྲུང་སྐར་བརྒྱུད་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་མ་དངུལ་མཁོ་འདོན་ས་ཁུལ་ལ་བརྟག་དཔྱད་བྱས་པ། དེ་བཞིན་ཡིག་ཚགས་སྔོག་འདོན་དང་མང་ཚོགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་ལ་གཞི་བྱས་པ་ཞིག་ཡིན་པ་དང་། ཁྱོན་སྙན་ཐོ་དེར་ཤོག་གྲངས་ ༦༩ ལྷག་ཡོད་འདུག

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་བོད་རིག་པའི་དཔྱད་དེབ་དབུ་འབྱེད།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཞིབ་འཇུག་སློབ་མའི་ཆེད་རྩོམ་གནང་བའི་བོད་རིག་པའི་དཔྱད་དེབ་ཅིག་དབུ་འབྱེད་གནང་སྟེ། འབྲེལ་ཡོད་ཀྱི་ཆེད་མཁས་བའི་བོད་རིག་པའི་དཔྱད་དེབ་དང་རིག་གཅིག་རྐང་འཛིན་སོགས་ཀྱིི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་། བོད་རིག་པའི་དཔྱད་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་གཙོ་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་ཡོངས་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཡོངས་ཀྱིས་མཉམ་ཞུགས་གནང་སོང་། སྐབས་དེར་བོད་རིག་པའི་དཔྱད་དེབ་ཀྱི་རྩོམ་སྒྲིག་པ། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་ཀྱི་སློབ་དཔོན་བགྲས་བ་གཙང་ཕྲུག་སྟོབས་ལགས་ཀྱིས་དཔྱད་དེབ་རྩོམ་སྒྲིག་གི་དགོས་དམིགས་དང་འབྲེལ་ནས་གཏམ་བཤད་གནང་སྟེ། རིག་གཞུང་དཔྱད་དེབ་ཁག་ནི་མཐོ་སློབ་ཁག་གི་ཚབ་མཚོན་ལྟ་བུ་ཆགས་ཡོད་པ་དང་། དཔྱད་དེབ་དེ་དག་ནི་མཐོ་རིམ་མི་སྣས་རིག་པའི་གཞུང་ལུགས་ལ་དཔྱད་ཞིབ་བྱས་པའི་གྲུབ་དོན་སྤུང་ས་ཞིག་ཡིན་པར་བརྟེན། ཚིག་ཉུང་དོན་བསྡུས་ཀྱིས་རིག་ཚན་བྱེ་བྲག་པར་ཞིབ་འཇུག་བྱས་ཏེ་དཔྱད་དེབ་འདོན་སྤེལ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་ནའང་། རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་རིག་གཞུང་དཔྱད་དེབ་མང་པོ་མེད་པའི་ཁྲོད་ནས་གཅིག་ཐེངས་འདིར་ས་རཱ་མཐོ་སློབ་ཀྱི་བོད་རིག་པའི་དཔྱད་དེབ་དེ་ཆགས་ཡོད་པར་གསུངས་སོང་། དེ་བཞིན་སྐབས་དེར། ས་རཱ་མཐོ་སློབ་ཀྱི་སྐད་བརྡ་རིག་པའི་གཙུག་ལག་སློབ་དཔོན། སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་ཀྱིས་རིགས་གཅིག་རྐང་འཛིན་གྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། ཁོང་གིས་རིགས་གཅིག་རྐང་འཛིན་ཟེར་བ་དེར་བོད་པའི་སྤྱི་ཚོགས་ནང་དུ་དབྱིན་ཡིག་གི་ཚིག་འགྲེལ་དང་འབྲེལ་ནས་འགྲེལ་བཤད་གནང་མཁན་མང་པོ་ཞིག་ཡོང་གི་ཡོད་ཀྱང་། དོན་དུ་རིག་ཚན་བྱེ་བྲག་པ་ཞིག་གི་སྒང་ལ་མཐའ་དཔྱོད་རིག་པ་དང་སྦྱར་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཕྱི་ནང་གི་གནས་ཚུལ་ཇི་བཞིན་རྟོགས་པའི་སློབ་སྦྱོང་གི་རིམ་པ་དེ་ལ་རིགས་གཅིག་རྐང་འཛིན་ཞུ་བཞིན་ཡོད་པར་ངོ་སྤྲོད་ཀྱིས། ད་ཆ་རྒྱ་ནག་གིས་བོད་ནང་གི་སློབ་སྦྱོང་གི་ཁོར་ཡུག་ལ་གཏོར་བཅོམ་བཏང་སྟེ་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བཞིན་པའི་གནས་སྐབས་འདིར། བཙན་བྱོལ་ནང་གི་ཤེས་ཡོན་གྱི་སྡེ་ཚན་ཁག་གིས་བོད་ཀྱི་ཆོས་རིག་རྒྱུན་འཛིན་གནང་སྟེ་བོད་ཕྱི་རབས་པ་རྣམས་ལ་རྩིས་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་གསུངས་སོང་། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ནག་གི་ལྟ་སྟངས་ཞེས་པའི་སྐོར་ལ་གཏམ་བཤད་གནང་བའི་ནང་དུ། རྒྱ་ནག་གིས་བོད་ཙམ་མིན་པར། ཤར་ཨེ་ཤ་ཡའི་ཁུལ་གྱི་རིག་གཞུང་གི་ལྟེ་བ་དེ་རྒྱ་ནག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་པ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཚང་མ་རྒྱ་ནག་གི་རིག་གཞུང་གི་སྒྲོམ་གཞི་ལས་དར་ཁྱབ་བྱུང་བ་ཞིག་ཡིན་པའི་འགྲེལ་ལོག་བྱེད་བཞིན་ཡོད་པ་དང་འབྲེལ་ནས། རྒྱ་སྐད་རྒྱ་ཡིག་གཅིག་པོའི་ཐོག་ནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན། རྒྱ་ནག་གི་ལོག་འགྲེལ་གྱི་ཁྲོད་ནས་བོད་ཀྱི་ཆོས་རིག་ཀྱང་རྒྱ་ནག་གི་རིག་གཞུང་གི་ཁོངས་སུ་གཏོགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་རྒྱུ་ཉག་གཅིག་ཡིན་པར་གསུངས་སོང་། གཞི་རྩའི་ཐེངས་འདིའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་རིག་པའི་དཔྱད་དེབ་དེ་ནི་མཐོ་རིམ་སློབ་གཉེར་ཁང་གི་བོད་རིག་པའི་དཔྱད་དེབ་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། དཔྱད་དེར་ཞིབ་འཇུག་གི་རྩོམ་ཡིག་བཅུ་གཉིས་ཀྱིས་གྲུབ་ཡོད་པ་དང་། བརྗོད་བྱའི་ཆ་ནས་ཀྱང་མང་ཆེ་བ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་རྐྱང་ཆགས་ཡོད་འདུག

རྒྱ་ནག་གིས་ཤིན་ཅང་ནང་དུ་དབྱེ་འབྱེད་ཀྱི་ངལ་རྩོལ་སྲིད་བྱུས་ལག་བསྟར་གྱི་སྙན་ཐོ་གསར་ཐོན།

སུད་སིའི་གྲོང་ཁྱེར་Geneva ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་ཞིག་གིས་རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་དབྱེ་འབྱེད་རང་བཞིན་གྱི་ངལ་རྩོལ་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཡོངས་གྲགས་ཀྱིས། རྒྱ་ནང་གཞུང་གིས་ཤིན་ཅང་ཁུལ་དུ་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ངལ་རྩོལ་ལག་བསྟར་བྱེད་དགོས་བར་སྐུལ་མ་གནང་བ་མ་ཟད། རྒྱ་ནག་གི་བྱེད་བབ་དེར་སེམས་འཚབ་ཡོད་པའིི་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་འདུག དེ་ཡང་བདུན་ཕྲག་སྔོན་མའི་ནང་དུ། Reuters གསར་ཁང་གིས་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པས་རྒྱ་ནག་གིས་ཤིན་ཅང་ནང་དུ་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་སྤེལ་བའི་ནང་དུ། ཡུ་གུར་ཁ་ཆེ་མི་རིགས་ཀྱི་འདུས་སྡོད་ས་ཁུལ་ཤིན་ཅང་དེ་ད་ཆ་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་ས་ཁོངས་ཆབ་སྲིད་དང་འབྲེལ་ནས་བློ་འཚབ་བྱེད་ས་ཞིག་ཆགས་ཡོད་པར་ངོ་སྤྲོད་ཀྱིས། ཨ་རི་གཞུང་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པར་ཕྱིར་བསྒྲགས་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོག་ཏུ་ཨ་རིའི་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་གཏོང་རྒྱུ་མིན་པར་བསྒྲགས་ཡོད་མངོན་གསལ་གནང་འདུགངལ་རྩོལ་ཚོགས་པས་རྒྱ་ནག་གི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་སྙན་ཐོ་བཏོན་མ་ཐག ཨ་རི་གཞུང་གིས་ངལ་རྩོལ་ཚོགས་པའི་སྙན་ཐོ་དེར་དགའ་བསུ་ཞུས་པ་དང་འབྲེལ་ནས། རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་གི་ཁུལ་དུ་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དེར་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་སྲིད་བྱུས་ལག་བསྟར་གྱི་ཁྲིམས་སྒྲིག་ལ་བསྐྱར་ཞིབ་དགོས་བའི་སྐུལ་མ་གནང་འདུག རྒྱ་ནག་གི་དབྱེ་འབྱེད་ལྡན་པའི་སྲིད་བྱུས་ལག་བསྟར་གྱི་སྙན་ཐོ་དེའི་ནང་དུ། ཚོགས་པས་ངོས་ནས་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ཆེ་ཁག་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་གཞི་རྒྱ་ཆེ་ཞིང་ལམ་ལུགས་རང་བཞིན་ལྡན་པའི་ངལ་རྩོལ་བསྒྱུར་བཀོལ་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཁག་ལ་གཞི་བྱས་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཡོད་པར་བསྒྲགས་ཡོད་པ་མ་ཟད། རྒྱ་ནག་གི་བྱེད་བབ་དེ་དག་དང་འབྲེལ་ནས་འདི་ལོའི་ཟླ་བ་དྲུག་པའི་ནང་གི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གླེང་སློང་བྱེད་རྒྱུ་ཡིན་པར་བསྒྲགས་འདུག སྙན་ཐོ་དེ་ཕྱི་ལ་ཐོན་མ་ཐག རྒྱ་ནག་གིས་སྙན་ཐོ་དེ་ནི་དྲང་བདེན་མིན་ཞིང་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པ་ཞིག་ཡིན་པའི་ལན་འདེབས་བྱས་འདུག གཞི་རྩའི་སུད་སི་གྲོང་ཁྱེར་Geneva ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་དེར་ཚོགས་མིའི་རྒྱལ་ཁོངས་སུ་རྒྱལ་སྤྱིའི་ངལ་རྩོལ་གྱི་ཚད་གཞིར་བརྟག་དཔྱད་བྱེད་མཁན་གྱི་གཟུ་དཔང་ཉི་ཤུའི་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༡༩ ལོར་རྒྱ་ནག་ཀྱང་ངལ་རྩོལ་ཚོགས་པའི་ཚོགས་མིའི་རྒྱལ་ཁོངས་སུ་ཞུགས་ཡོད་པ་ཞིག་ཆགས་འདུག

རྒྱ་གར་གྱིས་སླར་ཡང་རྒྱ་ནག་གི་མཉེན་ཆས་ ༥༤ བཀག་སྡོམ་བྱས་འདུག

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ། རྒྱ་ནག་གིས་དྲྭ་ལམ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་སོ་ཉུལ་བྱེད་བཞིན་པའི་གནད་དོན་གླེང་སློང་བྱུང་བཞིན་པ་དང་འབྲེལ་ནས། རྒྱ་གར་དབུས་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གིས་བཟོས་བའི་མཉེན་ཆས་ཉིས་བརྒྱ་ལྷག་བཀག་སྡོམ་བྱས་ཡོད་པ་མ་ཟད། སླར་ཡང་རྒྱ་ནག་གི་མཉེན་ཆས་༥༤ ལྷག་བཀག་སྡོམ་བྱ་རྒྱུའི་བཀོད་ཁྱབ་བཏང་འདུགདེ་ཡང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་དུ། རྒྱ་གར་གྱི་འཕྲུལ་ལས་དང་བརྡ་འཕྲིན་བློན་ཆེན་ལས་ཁུངས་ཀྱིས་རྒྱ་གར་གྱི་བདེ་འཇགས་དང་ཚོར་རྣོ་བའི་གནད་དོན་གསང་ཉར་དང་འབྲེལ་ནས། རྒྱ་ནག་གི་འཕྲུལ་ལས་ཀྱི་བཟོ་ཁང་ཆེ་གྲས། Tencent དང་Alibaba  སོགས་ཀྱིས་ཆེད་བཟོས་བྱས་པའི་མཉེན་ཆས་ཁག་ཅིག་བཀག་སྡོམ་བྱས་པ་དང་། མཉེན་དེ་དག་མང་ཆེ་བ་དེ་སྔོན་ཕྱི་ལོ ༢༠༢༠ ལོར་བཀག་སྡོམ་བྱས་པའི་མཉེན་ཆས་ཀྱི་ངོ་བོ་འགྱུར་བ་བཏང་བ་ཞིག་ཆགས་ཡོད་པར་འཁོད་འདུགམཉེན་ཆས་བཀག་སྡོམ་གྱི་གནས་ཚུལ་དང་འབྲེལ་ནས་རྒྱ་གར་གྱི་འབྲེལ་ཡོད་ཀྱི་ལས་བྱེད་རྒན་གྲས་ཤིག་གིས་The Economic Times གསར་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ཐེངས་འདིར་བཀག་སྡོམ་བྱས་པའི་མཉེན་ཆས་དེ་དག་རྒྱ་ནག་གིས་ཕྱི་རྒྱལ་ཧོང་ཀོང་དང་སེངྒ་པུར་སོགས་སུ་སྟངས་འཛིན་བྱེད་བཞིན་ཡོད་ཀྱང་། མཉེན་ཆས་དེ་དག་གི་དྲ་འབྲེལ་མཐར་ཐུག་དེ་རྒྱ་ནག་ཏུ་འབྲེལ་ཡོད་པར་འགྲེལ་བརྗོད་ཀྱིས། མཉེན་ཆས་དེ་དག་བཀག་སྡོམ་བྱེད་དོན་གཙོ་བོ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སོགས་ལ་དམིགས་པ་ཞིག་ཡིན་པར་ངོ་སྤྲོད་གནང་འདུག གཞི་རྩའི་ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་མཐའ་མཚམས་དང་འབྲེལ་ནས་རྒྱ་དཀར་ནག་གི་མཐའ་དམག་གི་བར་དུ་གདོང་ཐུག་བྱུང་བ་དང་འབྲེལ་ནས། རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་གྲངས་ཉིས་བརྒྱ་ལྷག་བཀག་སྡོམ་བྱས་ཡོད་པ་དང་། ཐེངས་འདིར་སླར་ཡང་རྒྱ་ནག་གི་མཉེན་ཆས་ཁག་ཅིག་བཀག་སྡོམ་བྱས་པ་དེ་ནི་རྒྱ་ནག་གི་མཉེན་ཆས་བཀག་སྡོམ་གྱི་གནད་དོན་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།  རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་དྲ་ལམ་བརྒྱུད་ནས་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་དང་ཚན་རིག སྲིད་གཞུང་ཁག་དང་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གི་གསང་བའི་ཡིག་ཆ་དང་འཆར་གཞི། ལག་རྩལ་སོགས་རྐུ་འཁྱེར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད། སྔར་ལོར་ཨ་རིའི་སྲིད་འཛིན་(Trump)མཆོག་གིས་ཨ་རིའི་ནང་ Alipay ཞེས་པའི་མཉེན་ཆས་གཙོ་བྱས་པའི་རྒྱ་ནག་གི་མཉེན་ཆས་འདྲ་མིན་བརྒྱད་བརྒྱུད་ནས་དངུལ་གཏོང་ལེན་བཀག་སྡོམ་བྱས་ཡོད་པ་དང་།  དེ་ནི་གཙོ་བོ་རྒྱ་ནག་གི་མཉེན་ཆས་ཁག་བརྒྱུད་ཨ་རིར་ཉེན་ཁ་བཟོ་བཞིན་པ་ནས་སྲུང་སྐྱོབ་ཆེད་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད།  

རྒྱ་ནག་གིས་ནང་མི་ཕྱི་ལོགས་སུ་ཡོད་མཁན་བོད་མིའི་ཁ་པར་ལ་གསང་ཉན་གྱིས་དམ་དྲག་བྱེད་བཞིན་པ།

རྒྱ་ནག་གིས་དུས་རྒྱུན་ནས་ནང་མི་བཙན་བྱོལ་དུ་ཡོད་མཁན་བོད་མིའི་ཐོག་ལྟ་སྲུང་ནན་པོ་བྱེད་བཞིན་པ་མ་ཟད། ད་ཆ་ཁམས་བྲག་གཡབ་རྫོང་ཁོངས་སུ་གནས་སྡོད་བྱེད་མཁན་གྱི་བོད་མི་ཚོའི་ཁ་པར་ནང་དུ་གསང་ཉན་གྱི་མཉེན་ཆས་མ་ལག་ཅིག་ཕབ་ལེན་བྱེད་དུ་བཅུག་སྟེ་དམ་དྲག་བྱེད་མུས་མ་ཟད། ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་བརྙན་པར་ཁག་ལ་བསྙད་འདོགས་ཀྱིས་བོད་མི་ཁག་གཅིག་ཟླ་བ་མང་པོའི་རིང་འཛིན་བཟུང་དོ་དམ་བྱེད་བཞིན་ཡོད་པ་རེད་འདུགབཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། འདི་ལོའི་ཟླ་བ་དང་པོའི་ཟླ་འགོ་ནས་བཟུང་རྒྱ་ནག་གིས་ཁམས་བྲག་གཡབ་རྫོང་ཁོངས་སུ་བོད་མི་གསུམ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་།  དེའང་ཉེན་རྟོགས་པས་བོད་མི་དེ་དག་གི་ཁ་པར་སྔོག་བཤེར་བྱས་ཏེ་ཕྱི་ཕྱོགས་དང་འབྲེལ་བའི་པར་རིས་ཡོད་པར་བསྙད་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པ་མ་ཟད། ད་ཆ་རྒྱ་ནག་གིས་ཁུལ་དེའི་བོད་མིའི་ཁྲོད་ཕྱི་ལོགས་སུ་ནང་མི་ཡོད་རིགས་ཀྱི་ཁ་པར་ནང་དུ་གསང་ཉན་གྱི་མཉེན་ཆས་མ་ལག་ཅིག་ཕབ་ལེན་བྱེད་དུ་འཇུག་བཞིན་པའི་གནས་ཚུལ་དངོས་སུ་ར་སྤྲོད་བྱུང་ཡོད་པར་འགྲེལ་བརྗོད་དང་འབྲེལ། སྤྱིར་གནད་དོན་དེ་ནི་ཁམས་བྲག་གཡབ་གཅིག་པོ་མིན་པར་བོད་ཁུལ་ཡོངས་སུ་ལག་བསྟར་བྱེད་བཞིན་པའི་གནད་དོན་ཞིག་ཡིན་པར་གསུངས་སོང་། གཞན་ཡང་ཁོང་གིས། ད་ཆ་རྒྱ་ནག་གིས་ཁ་པར་དུ་གསང་བ་ཞིབ་བཤེར་གྱི་མ་ལག་ཕབ་ལེན་བྱེད་དུ་བཅུག་པ་དང་བསྟུན་ནས། དོགས་ཡོད་ཀྱི་བོད་མི་རྣམས་ཚོགས་འདུའི་ངོ་བོའི་ཐོག་ནས་བཀག་སྐྱིལ་བྱས་ཏེ་རྒྱ་ནག་གི་སློབ་གསོ་ཁང་ཞེས་པར་བདུན་ཕྲག་གཅིག་ནས་ཟླ་གཉིས་ཀྱི་བར་དུ་བཀག་འགོག་གིས་རྒྱ་ནག་གི་སློབ་གསོ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོག་བྱུང་ཡོད་པ་དང་། གནད་དོན་དེ་ནི་བོད་ཕྱི་ནང་གི་འབྲེལ་ལམ་ཐད་ཀྱི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པར་གསུངས་སོང་། གོང་གི་གནད་དོན་དེ་དང་འབྲེལ་ནས། སྔར་ལོའི་ཟླ་བ་བཅུ་གཉིས་ཀྱི་ཟླ་དཀྱིལ་ཙམ་ལ་བྲག་མགོ་རྫོང་ཁོང་ནས་བཙུན་མ་བློ་བཟང་མཚོ་མོ་ཟེར་བ་ཞིག་ཀྱང་ཕྱི་ལོགས་སུ་འབྲེལ་འདྲིས་བྱས་པའིི་གནད་དོན་དང་འབྲེལ་ནས་འཛིན་བཟུང་བྱས་ཏེ་གཅར་རྡུང་བཏང་ཡོད་པའི་གནད་དོན་ཞིག་བྱུང་ཡོད་པར་འགྲེལ་བརྗོད་ཀྱིས།  བཙུན་མ་ཁོང་དང་མཉམ་དུ་བཙུན་མ་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག་ཀྱང་གནས་སྐབས་སུ་རྒྱ་ནག་གི་དམ་དྲག་གི་རྐྱེན་གྱིས་བཙུན་མ་དེ་དག་གནས་བབ་གང་འདྲ་ཞིག་གི་འོག་ནས་འཛིན་བཟུང་བྱས་པ་དང་། ཁོང་ཅག་གི་མཚན་དང་སྡོད་གནས་སོགས་ཤེས་ཐབས་མི་འདུག་ཅེས་གསུངས་སོང་། མ་ཟད་ཁོང་གིས་བོད་ཁུལ་སྤྱི་ཡོངས་ཀྱི་དྲ་རྒྱའི་འཁོར་རྒྱུགས་ཀྱི་གནས་ཚུལ་ལ་དམ་དྲག་དང་འབྲེལ་ནས། ཉེ་བའི་ལོ་འགའི་རིང་ལ་རྒྱ་ནག་གི་དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གསར་བཟོ་བྱས་ཏེ། བོད་མི་རྣམས་ཀྱི་སྐད་འཕྲིན་སོགས་ཀྱི་གཙོས་པའི་མི་སྒེར་སྤྱི་ཚོགས་དྲྭ་རྒྱ་སོགས་ནང་མིའི་ཁྱིམ་ཐོ་དང་ཐོབ་ཐང་ལག་འཁྱེར། དེ་བཞིན་དངུལ་བྱང་སོགས་ཡོངས་ལ་མཐུད་དེ་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་བྱེད་དགོས་བ་ཞིག་བཟོས་ཡོད་སྟབས། བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཡོངས་རྫོགས་རྒྱ་ནག་གིས་དྲྭ་ལམ་ནས་ཤེས་རྟོགས་ཐུབ་པའི་གནས་བབ་ཅིག་ལ་སྒྱུར་ཡོད་པ་འགྲེལ་བརྗོད་དང་སྦྲགས། ད་ཆ་དྲྭ་རྒྱ་བརྒྱུད་ནས་བོད་ནང་དུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་སྔར་ལྷག་དོ་དམ་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གནང་སོང་། གཞི་རྩའི་རྒྱ་ནག་གིས་བོད་ཕྱི་ནང་གི་འབྲེལ་ལམ་ལ་དོ་དམ་ཤུགས་ཆེན་བྱེད་བཞིན་པ་ཙམ་དུ་མ་ཟད། དྲྭ་ལམ་གྱི་བྱེད་སྒོ་མང་དག་ཅིག་བཀག་འགོག་བྱེད་བཞིན་པའི་ཁོངས་སུ། སྔར་ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་རང་དབང་གི་ཐད་དམ་དྲག་ཇེ་ཆེར་བྱེད་བཞིན་པའི་ཐོག་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་རྒྱ་ནག་སྲིད་གཞུང་གིས་དྲྭ་རྒྱ་བརྒྱུད་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞིབ་དཔྱོད་བྱ་རྒྱུའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབ་བྱས་རྗེས་མཚོ་སྔོན་ཁུལ་གྱི་ཆོས་ཕྱོགས་དང་འབྲེལ་བའི་སྐད་འཕྲིན་ཚོགས་པ་ཁག་ཅིག་འཕྲལ་དུ་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཕྱི་ལ་ཐོན་ཡོད།

Latest news