Tibetan Royal Year of 2151 | Year of the Wood Dragon

བོད།

ལྷ་ས་དང་ཉིང་ཁྲི་བར་གྱི་ལྕགས་ལམ་ཟམ་ཆེན་གྱི་ལས་གཞི་ཡོངས་མཇུག་སྒྲིལ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲི་དབར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞིའི་འོག་ཟམ་ཆེན་འདྲ་མིན་ ༡༢༠ གསར་རྒྱག་གི་ལས་འཆར་ཡོད་པ་ལྟར་ལས་གཞི་དེའི་ཁྲོད་ཟམ་ཆེན་མཐའ་མ་དེ་ཉེ་ལམ་རེས་གཟའ་སྤེན་པའི་ཉིན་མཇུག་སྒྲིལ་ཟིན་པ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཁོངས་སུ་གསར་རྒྱག་བྱས་པའི་ཟམ་ཆེན་དེ་ནི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེ་ནས་རྒྱང་ཐག་སྤྱི་ལེ་ ༣༠ ཙམ་ལས་མེད་པའི་ས་མཚམས་ཁུལ་དུ་ཆགས་ཡོད་པ་རེད་འདུགརྒྱ་གར་གྱི་ The Hindustan Times གསར་ཁང་གིས་གནས་ཚུལ་སྤེལ་བར་འཛུགས་སྐྲུན་གྱི་རྨང་འཛུགས་ཕོན་ཆེར་བཙུགས་པ་བརྒྱུད་བོད་ནས་ཆས་པའི་རྟ་མཆོག་ཁ་འབབ་བམ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་ཏུ་གསར་རྒྱག་བྱས་པའི་མེ་འཁོར་བཞུད་ལམ་གྱི་ཟམ་པ་དེའི་རིང་ཚད་ནི་མི་ཊར་ ༥༢༥ ཡོད་པ་དང་འབྲེལ་ཡོད་ཉམས་ཞིབ་པ་རྣམས་ནས་རྒྱ་གཞུང་གིས་ཟམ་པ་དེ་དྲག་པོའི་དམག་དང་སྤྱི་དམངས་གཉིས་ཀའི་ཁེ་ཕན་སླད་བེད་སྤྱོད་བྱ་ངེས་ཡིན་པར་འགྲེལ་བརྗོད་དང་འབྲེལ། ལྷ་ས་དང་ཉིང་ཁྲི་དབར་གྱི་ལྕགས་ལམ་གྱི་ལས་གྲྭ་ཡོངས་སུ་ཟིན་པ་དང་ཆབས་ཅིག ལྕགས་ལམ་དེ་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་བར་སླེབས་རྒྱུ་ཡིན་སྟབས་དེ་ནི་ཐབས་བྱུས་ཐད་རྒྱ་གར་ལ་གནད་འགག་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་འདུགགཞི་རྩའི་ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ Hu Jintao ཡིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཟི་ལང་ནས་རྒྱལ་ས་ལྷ་སའི་བར་རིང་ཚད་ལ་སྤྱི་ལེ་ ༡༩༥༦ ཡོད་པའི་མེ་འཁོར་ལྕགས་ལམ་ཐོག་མར་ཤར་གཏོང་བྱས་པ་ནས་བཟུང་འཛུགས་སྐྲུན་གྱི་ལས་གཞི་ཞེས་པའི་མིང་བྱང་འོག་ཆུ་གློག་དང་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་ཡོད་པ་ལས་གཙོ་བོ་བོད་ནང་གི་རང་བྱུང་ཐོན་ཁུངས་ཁག་རྒྱ་ནག་ཏུ་འབོར་འདྲེན་བྱེད་རྒྱུ་དང་། བོད་མཐོ་སྒང་དེ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཁྱམ་གྱི་ས་གནས་ཤིག་ཏུ་བསྒྱུར་ནས་རྒྱ་ནག་གི་མི་འབོར་མང་པོ་བོད་ཁུལ་དུ་འབོར་འདྲེན་གྱིས་བོད་མི་རྣམས་རང་ས་ནས་གྲངས་ཉུང་མི་རིགས་སུ་བསྒྱུར་རྒྱུ་ཙམ་དུ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་གཙོས་སྐད་ཡིག་དང་བཅས་པ་རྒྱར་བསྒྱུར་བྱེད་རྒྱུ་དམིགས་པ་ཞིག་ཡིན་པ་རེད། ཕྱི་ལོ་ ༢༠༡༤ ལོ་མཇུག་ནས་འཛུགས་སྐྲུན་འགོ་འཛུགས་བྱས་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེའི་ཐོག་ལས་མི་ཁྲི་གཉིས་ལྷག་ཙམ་གླ་གཡར་བྱས་ཡོད་པ་དང་ལས་གཞི་དེ་ཕྱི་ལོ་ ༢༠༢༡ ལོར་ཡོངས་སུ་མཇུག་སྒྲིལ་དང་འབྲེལ་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད། རྒྱ་ནག་གཞུང་ནས་ལས་གཞི་འདི་དང་འབྲེལ་རྒྱ་ནག་གི་འབྱོར་ལྡན་ཞིང་ཆེན་གཞན་ཁག་ལ་བོད་རང་སྐྱོང་ལྗོངས་དང་ལྷག་པར་ཉིང་ཁྲི་ཁུལ་དུ་མ་རྩ་ཕོན་ཆེ་འཇོག་དགོས་པའི་སྐུལ་དད་བྱེད་བཞིན་པ་མ་ཚད་འདས་པའི་གཟའ་འཁོར་གཉིས་ཙམ་གྱི་གོང་དུ་ཉིང་ཁྲིའི་ནང་གཞུང་ལམ་གསར་རྒྱག་དང་སྤྱི་ཚོགས་ཞབས་ཞུ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་བཅས་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་ ༢༦ ཙམ་འགོ་འཛུགས་བྱས་ཡོད་པ་རེད།

རྒྱ་ནག་གིས་བོད་ཁུལ་དུ་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན་གོ་སྒྲིག

ཟླ་འདིའི་ཚེས་ ༡༩ ཉིན། ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གཉིས་ཀྱི་གོ་སྒྲིག་གི་འོག་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་ བོད་བརྒྱུད་ནང་བསྟན་སློབ་གླིང་དུ་“བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན”ཞེས་པ་ཞིག་གོ་སྒྲིག་བྱས་ཏེ་བདེ་ཆེན་ཁུལ་གྱི་རྒྱ་ནག་གི་དཔོན་རིགས་དང་ཁུལ་དེའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཀྲང་མེའོ་ཧྥ་སོགས་འགྲེམས་སྟོན་དེའི་མཛད་སྒོར་ཞུགས་ནས་བོད་ནང་གི་སྤྲུལ་སྐུའི་ལམ་སྲོལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ཐད་ནས་སྲིད་གཞུང་གི་དྲིལ་བསྒྲགས་གཏམ་བཤད་བྱས་འདུག སྐབས་དེའི་མཛད་སྒོའི་ཐོག་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ལོ་རྒྱུས་ཞིབ་འཇུག་ཚན་པའི་འགོ་བ་གཞོན་པ་དང་ཞིབ་འཇུག་པ་ཧྥེང་ཀྲི་ཡིས་གཏམ་བཤད་སྤེལ་ཏེ་བདེ་ཆེན་ཁུལ་གྱི་“བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན”གྱི་་དཔྱད་གཞི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་མཁོ་འདོན་བྱས་པ་ཞིག་ཡིན་པ་དང་། ཐེངས་འདིའི་འགྲེམས་སྟོན་གྱིས་རྒྱ་ཆེའི་གཟིགས་མོ་བ་རྣམ་པས་སྔར་ལས་ཆ་ཚང་བ་དང་གསོན་ཉམས་ལྡན་པ། བདེན་པ་བདེན་ཐུབ་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་སྲོལ་ལ་ཤེས་རྟོགས་ཐུབ་པ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་ཡོད་འདུག དེ་དང་འབྲེལ་ནས་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཆོས་ལུགས་ཐད་ཀྱི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་སུ་ཐེངས་འདིའི་རྒྱ་ནག་གི་དྲིལ་བསྒྲགས་དང་འབྲེལ་ནས་དྲི་བྱ་ཞུས་པར་ཁོང་གིས་རྒྱ་ནག་གིས་ལོ་རྒྱུས་རྫུན་སྒྲིག་བྱས་ནས་ཆོས་ལུགས་དང་འབྲེལ་བའི་སྲོལ་ཡིག་མང་པོ་ཞིག་འདོན་སྤེལ་བྱེད་དོན་ནི་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་དམིགས་ཡོད་པ་ཞིག་ཡིན་པར་ངོ་སྤྲོད་འདི་ལྟར་གནང་བ་དང་འབྲེལ། སྤྱི་ལོ་ ༢༠༠༨ ལོའི་ས་བྱི་ལོའི་ཞི་རྒོལ་གྱི་རྗེས་ནས་བཟུང་རྒྱ་ནག་གིས་བོད་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ཡོད་ཡང་ངོ་སྤྲོད་གནང་སོང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དུས་རྒྱུན་ནས་རྒྱ་ནག་གིས་བོད་ཁུལ་དུ་སྲོལ་ཡིག་ག་འདྲ་ཞིག་གཏན་འབེབས་བྱས་ན་ཡང་དེར་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་དགག་གཞག་གནང་གི་ཡོད་པ་དང་། སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་ནག་གིས་སྤྲུལ་སྐུའི་ལམ་གྱི་ཐད་ནས་བདེན་པ་མིན་པའི་འཁྱོགས་བརྗོད་ཀྱི་དྲིལ་བསྒྲགས་བྱེད་བཞིན་པར་དགག་སྒྲུབ་ཀྱི་ལས་གཞི་ཞིག་གྲ་སྒྲིག་གནང་གི་ཡོད་པར་གསུངས་ཡོད། གཞི་རྩའི་ཐེངས་འདིའི་རྒྱ་ནག་གི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་སྲོལ་གྱི་ཆེད་དོན་འགྲེམས་སྟོན་པའི་ནང་དུ།  སྤྲུལ་སྐུའི་ལམ་སྲོལ་གྱི་བྱུང་ཚུལ་དང་། འགྱུར་ལྡོག  ལོ་རྒྱུས་ཀྱི་ངེས་སྲོལ། ད་ལྟའི་གནས་བབ་བཅས་ཕྱོགས་བཞི་ནས་འཁྱོགས་བརྗོད་ཀྱི་དྲིལ་བསྒྲགས་སྤེལ་ཏེ།  གཙོ་བོ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་༸པཎ་ཆེན་རིན་པོ་ཆེ་མཆོག་གཉིས་ཀྱི་ཡང་སྲིད་ངོས་འཛིན་ཚུལ་ངོ་སྤྲོད་བྱས་ཡོད་ལུགས་འཁོད་འདུག

རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་དང་ཞི་བའི་རྔམ་སྟོན།

རིང་མིན་འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ ཐོག་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་གླེང་སློང་གནང་དགོས་པའི་རེ་སྐུལ་འོག་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་སོང་།དེ་རིང་ཕྱི་ཚེས་ ༡༩ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ངོས་སུ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཞབས་སྟེགས་ཞབས་ཆག་མདུན་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྣི་ཁྲིད་དེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་བ་དང་བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དགོས། དེ་བཞིན་རྒྱལ་ཚོགས་གཉིད་སད་དགོས་པ་བཅས་ཀྱི་དགོས་མདུན་འཁོད་པའི་ཤོག་བྱང་བསྣམས་ཏེ་ཞི་བའི་རྔམ་སྟོན་གནང་ཡོད་པ་རེད།ལས་འགུལ་འདི་ནི་སུད་སི་ནང་དུ་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་ནས་ཟླ་བ་གསུམ་ལྷག་སོང་རྗེས་ཁྱིམ་སྡོད་བཀའ་རྒྱ་ལྷོད་ཡངས་གནང་བ་ལྟར་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གིས་བོད་དོན་དང་འབྲེལ་ཏེ་རྒྱལ་ཚོགས་ལ་ཞུ་གཏུག་དང་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།དེ་རིང་ལས་འགུལ་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་གཙོས་པའི་ཡོ་རོབས་ཀྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས། ཡོ་རོབ་གཞོན་ནུ་མཐུན་ཚོགས། དེ་བཞིན་སུད་བོད་མཐུན་ཚོགས་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ་འཐུས་མི་སོགས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་སོང་།སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༤ པ་དེ་ཟླ་ ༦ ཚེས་ ༣༠ ལ་དབུ་འཛུགས་གནང་གི་ཡོད་སྟབས་བོད་མི་ཚོའི་ངོས་ནས་འཚོགས་ལ་ཉེ་བའི་ཚོགས་འདུ་དང་བསྟུན་དེ་རིང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ལ་རིང་མིན་ལྷན་ཚོགས་ཐོག་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་བའི་རེ་སྐུལ་དོན་ཚན་ལྔ་ཅན་ཞིག་ཡོད་པ་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་བོད་ནང་གི་ཆོས་དད་རང་དབང་། སྐད་ཡིག་རང་དབང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་བྱེད་མཁན་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་བཅས་ཞུ་གཏུག་བརྒྱུད་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་ནང་གི་བོད་མིར་རང་དབང་དང་དྲང་བདེན་གྱི་ཁྲིམས་གཏུག་གནང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ། བོད་ནང་རང་དབང་ཐོག་རྟོག་ཞིབ་མི་སྣ་ཆེད་ཕེབས་གནང་འཇུག་དགོས་པར་འབོད་སྐུལ་ཡང་ཞུས་འདུག

རོང་བྲག་རྫོང་སྒོ་ལུང་གྲོང་བརྡལ་ནས་ཆུ་རུད་རྐྱེན་གྱིས་ཆུ་འདབས་ཀྱི་གྲོང་པར་གནོད་སྐྱོན།

ཁ་སང་ཕྱི་ཚེས་ ༡༧ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༣ ཡོལ་ཙམ་ལ་བོད་མདོ་ཁམས་རོང་བྲག་རྫོང་སྒོ་ལུང་གྲོང་བརྡལ་ལ་འདམ་རྡོའི་ཆུ་རུད་བྱུང་བར་བརྟེན་རྒྱལ་ལམ་  ༣༥༠ ཡི་ལམ་ཁུགས་ཡོད་སའི་ལམ་ཁག་བཅད་ནས་ཨ་ཉག་གྲོང་རྡལ་གྱི་རི་ཉིལ་འདུགདེ་རིང་བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་རོང་བྲག་རྫོང་སྒོ་ལུང་གྲོང་བརྡལ་ན་འདམ་རྡོའི་ཆུ་རུད་བྱུང་བར་བརྟེན་ཨ་ཉག་གྲོང་སྡེའི་རི་ཉིལ་བའི་གནས་ཚུལ་བྱུང་འདུག་པ་མ་ཟད་ཁ་སང་སྔ་དྲོ་ཆུ་ཚོད་ ༦ ཡས་མས་སུ་ཆུ་རུད་རྐྱེན་པས་ཆུ་འདབས་ཀྱི་གྲོང་པ་དང་། སློབ་གྲྭ་བཞི། འཕྲོད་བསྟེན་ཁང་གསུམ།  དགོན་པ་གཉིས་བཅས་ལ་གནོད་སྐྱོན་ཕོག་ཡོད་པ་མ་ཟད། དེ་བཞིན་མེ་ལུང་གློག་ཁང་གི་འཕྲུལ་འཁོར་ 2000KW ཆུས་ཁྱེར་ཟིན་པ་དང་ཨ་ཉག་ལུང་པའི་གློག་ཁང་གི་འཕྲུལ་འཁོར་ 3200KW ལ་ཉེན་ཁ་ཆགས་འདུགདོན་རྐྱེན་དེའི་ཁྲོད་ཡུལ་མི་ ༥༨༠༠ ལྷག་ཡུལ་གཞན་དུ་བྲོས་དགོས་པ་བྱུང་ནས་ཆུ་རུད་དེས་མི་རྒྱུ་གཉིས་ཀར་དཀའ་ངལ་ཧ་ཅང་མང་པོ་སྤྲད་འདུག སྤྱིར་ད་ཆ་མྱུར་སྐྱོབ་རུ་ཁག་ཡོང་སྟེ་མི་ཁག་ཅིག་སྐྱོབ་ཐུབ་པ་བྱུང་འདུག་ཀྱང་དོན་རྐྱེན་དེའི་འོག་མི་གཅིག་རྙེད་མེད་པ་རེད་འདུགདེ་བཞིན་དོན་རྐྱེན་ཁྲོད་སྨན་བཅོས་མྱུར་སྐྱོབ་སོགས་དང་འབྲེལ་མི་ ༢༠༠ ལྷག་གིས་རྫོང་དང་གྲོང་རྡལ་སོགས་ས་གནས་སོ་སོར་མྱུར་སྐྱོབ་བྱེད་བཞིན་པར་བརྗོད་འདུག གཞི་རྩའི་བོད་ཁུལ་དུ་འདས་པའི་དུས་ཡུན་ནང་ཆུ་རུད་དང་རི་ཉིལ་སོགས་ཀྱི་དོན་རྐྱེན་མང་དག་འབྱུང་བཞིན་པ་དང་རྒྱལ་སྤྱིའི་དཔྱད་ཞིབ་པ་ཚོས་དོན་རྐྱེན་དེ་དག་ཡོང་རྐྱེན་གཙོ་བོ་ནི་རྒྱ་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་གང་བྱུང་དུ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག དེ་བཞིན་ཆུ་མཛོད་གསར་རྒྱག འབྲོག་པ་གནས་སྤོར་སོགས་གང་ལྟར་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་རྐྱེན་ཡིན་པར་ཡོངས་གྲགས་གནང་ཡོད་པ་རེད།

ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་གཏུག་ཡིག་ཆ་ཕྱིར་སློག་བྱས་འདུག 

རྒྱ་ནག་གིས་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པའི་བོད་ཀྱི་ཁོར་ཡུག་གི་ལས་འགུལ་བ།  ཨ་ཉག་སེང་སྒྲ་ལགས་སུ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཁོང་གིས་དེར་ངོས་ལེན་མ་བྱས་པར། སླར་ཡང་ཁྲིམས་ཁང་གོང་མར་ཞུ་གཏུགས་བྱས་པ་དེ་ལྟར་ཡང་།  ཁ་སང་ཚེས་ ༡༧ ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་བཤེར་ཁང་གིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་གཏུག་གི་ཡིག་ཆ་རྣམས་ཕྱིར་སློག་བྱས་ཏེ། ཁོང་ལ་ཉེ་སྔོན་ལོ་བདུན་གྱི་ཁྲིམས་ཐག་བཅད་པ་དེ་རང་སོར་གནས་ཡོད་པའི་བཅད་ཁྲ་ཕྱིར་བསྒྲགས་བྱས་འདུག དེ་རིང་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ། རྒྱ་རིགས་ལེའུ་ཆེ་ལགས་ཀྱིས་ཁོང་སྒེར་གྱི་Twitter ་དྲ་གནས་སུ་གནས་ཚུལ་བཀོད་པའི་ནང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ཐེངས་འདིར་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་ལ་ངོས་ལེན་མ་གནང་བར། ཁོང་གི་ཁྲིམས་གཏུག་ཕྱིར་སློག་བྱས་ཏེ། སྔར་གྱི་ཁྲིམས་ཆད་རང་སོར་གནས་དགོས་བའི་ཁྱབ་བསྒྲགས་བཏང་ཡོད་པའི་གནས་ཚུལ་དང་འབྲེལ་ནས། ཁོང་ཨ་ཉག་སེང་སྒྲ་ལགས་ཀྱི་དག་འབུད་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ནས་བློ་ཕམ་ཆེན་པོ་བྱུང་སོང་ཞེས་འཁོད་འདུག གཞི་རྩའི་རྒྱལ་སྤྱིའི་སྟེང་གི་འགྲོ་བ་ཐོབ་ཐང་ཚོགས་པ་འདྲ་མིན་གྱིས་རྒྱ་ནག་གིས་ཨ་ཉག་སེང་སྒྲ་ལགས་སུ་ནག་ཉེས་གང་ཡང་མེད་བཞིན་དུ་ཉེས་འཛུགས་རྫུན་འགེབས་བྱས་ཏེ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་པར་བརྟེན། ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་བའི་རེ་སྐུལ་མང་པོ་བྱས་ཡོད་པ་རེད། ཨ་ཉག་སེང་སྒྲ་ལགས་སུ་ཁྲིམས་ཐག་བཅད་པའི་གནད་དོན་དང་འབྲེལ་ནས། བཙན་བྱོལ་དུ་གཉེར་བཞིན་པའི་ཁྲིམས་གླེང་ཞེས་པའི་འཕྲིན་སྟེགས་ཀྱིས།  མགོ་ལོག་ཁུལ་གྱི་དཔོན་ངན་ཁག་གིས་ཁྱི་སྤྱང་ངན་འབྲེལ་གྱིས་ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་མཁན་ཁོང་འདི་ལྟར་ཁྲི་མུན་དུ་བཅུག་པ་ནི་ཁྲིམས་སྐྱོང་དང་སྤྱི་དམངས་ཀྱི་ཐོབ་ཐང་མགོ་ལོག་ཁུལ་ནས་རྐྱེན་ལམ་དུ་བཏང་ཚར་བའི་མཚོན་རྟགས་ཤིག་ཡིན་པས།  ཁྲིམས་གླེང་འཕྲིན་སྟེགས་ཀྱིས་མགོ་ལོག་ཁྲིམས་སྐྱོང་ལ་མྱ་ངན་ཞུ། དེ་དང་ཆབས་ཅིག་ཏུ་བཙོན་ཁང་དུ་ལྷུང་བའི་ཨ་ཉག་སེང་སྒྲ་འཁོར་དང་ཁོང་གི་མི་ནང་མི་རྣམས་ལ་སེམས་གསོ་ཞུ་ཞེས་འཁོད་འདུག དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་པའི་བོད་རང་དབང་ཚོགས་པས་དྲིལ་བསྒྲགས་དོ་དམ་པ་སྐུ་ཞབས་ John Jones ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་དང་འབྲེལ་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ད་ཆ་བོད་ནི་དྲང་བདེན་གྱིས་སྟོང་བའི་གནས་བབ་ཅིག་ཏུ་ལྷག་ཡོད་སྐོར་བསྒྲགས་པ་དང་འབྲེལ། རྒྱ་ནག་གིས་བོད་ཁུལ་དུ་ཁོར་ཡུག་གཏོར་བཅོམ་དང་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། ཨ་ཉག་སེང་སྒྲ་ལགས་ལ་གཞི་རྩ་གང་ཡང་མེད་པར་འཛིན་བཟུང་བྱས་པ་དེ་ནི་ངོ་ཚ་དགོས་བ་ཞིག་ཡིན་པར་མངོན་གསལ་གནང་བ་དང་ཆབས་ཅིག་ཏུ་ཨ་ཉག་སེང་སྒྲ་ལགས་འཕྲལ་དུ་གློད་བཀྲོལ་བཏང་ནས་ཁོང་ཉིད་སྔར་འཇིགས་སྣང་མེད་པའི་ཐོག་ནས་རང་གི་སྤྱི་ཚོགས་ཀྱི་ཕྱག་ལས་དེར་འཇུག་ཐུབ་པ་བཟོ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

ཡུ་རོབ་རྒྱལ་ཁབ་བཅུ་དགུའི་གྲོས་འཐུས་ང་བདུན་གྱིས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པ་གསུངས་འདུག

ཁ་སང་ཡུ་རུབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་ཕ་རན་སི། འཇར་མ་ནི། ལཊ་ཝི་ཡ། བྷལ་ཇམ། སུད་སི། ཨི་ཊ་ལི། པོར་ཆཱུ་གྷལ། དེ་བཞིན་སུད་ཌན། དབྱིན་ཡུལ་སོགས་ཡུ་རོབ་རྒྱལ་ཁབ་༡༩ ཡི་གྲོས་ཚོགས་འཐུས་མི་མཁྱོན་ ༥༧ གྱི་མཚན་རྟགས་བཀོད་པའི་དགོས་འདུན་ཡིག་ཆ་ཞིག་ཡུ་རོབ་བརྒྱུད་ལམ་ཁག་གི་ཐོག་ཡོངས་གྲགས་གནང་བའི་ནང་ཡུ་རོབ་རྒྱལ་ཁབ་རྣམས་ནས་རྒྱ་ནག་གི་དཔོན་རིགས་དང་སྐུ་ཚབ་རུ་ཁག དེ་བཞིན་མང་ཚོགས་སྒེར་བཅས་ལ་ཡུ་རོབ་ནང་བསྐྱོད་རྒྱུའི་ཐོངས་མཆན་སྤྲད་པ་མ་ཟད། ཡུ་རོབ་ནང་ཁོང་རྣམས་ཀྱི་འགྲུལ་སྐྱོད་ལ་དམ་དྲག་རིགས་གང་ཡང་བྱེད་ཀྱི་མེད་པ་ལྟར། རྒྱ་ནག་གཞུང་གི་ངོས་ནས་ཀྱང་ཡུ་རོབ་ཀྱི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཡུ་རོབ་ཁུལ་དུ་གནས་བཞུགས་བོད་མི་རྣམས་ལ་བཀག་སྡོམ་དང་དམ་དྲག་མེད་པར་བོད་ནང་རང་དབང་ཐོག་བསྐྱོད་འཇུག་དགོས་པ་གསུངས་འདུགཁ་སང་ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་བརྒྱུད་ལམ་ཁག་གི་དྲ་གནས་ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱི་མཚན་རྟགས་བཀོད་པའི་དགོས་འདུན་ཡིག་ཆ་དེ་འདོན་སྤེལ་གནང་འདུག་པ་དང་རྒྱ་ནག་གཞུང་གིས་འཁྱོག་བཤད་དྲིལ་བསྒྲགས་དང་གནས་ཚུལ་དམ་དྲག་རྐྱེན་པས་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་མུས་ཡིན་པ་བཞིན་རྒྱ་ནག་གཞུང་གིས་བོད་དེ་ཕྱི་ལ་སྒོ་མོ་རྒྱག་ནས་ཁེར་རྐྱང་བཞག་པ་དེས་མ་འོངས་པར་གོ་ལ་སྤྱི་ལ་གནོད་པའི་ཛ་དྲག་གནས་སྟངས་ཤིག་ཆགས་ཉེན་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་བྱ་སྤྱོད་དེར་ངོས་ལེན་བྱེད་ཐབས་མེད་པ་གསུངས་འདུག དེ་བཞིན་ཡུ་རོབ་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་གི་མི་སེར་རྣམས་ལ་ཡུ་རོབ་ནང་དུ་རང་དབང་ཐོག་བསྐྱོད་འཇུག་བཞིན་ཡོད་ཀྱང་། ཡུ་རོབ་ཀྱི་མེ་སེར་བོད་ནང་བསྐྱོད་པར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་ཐེར་འདོན་དང་འབྲེལ།  རྒྱ་ནག་གིས་བོད་ཀྱི་གནད་དོན་ལ་ཐུག་སྐབས་ཡུ་རོབ་དང་ལྷན་ཕན་ཚུན་རང་དབང་འདྲ་མཉམ་གྱི་གནས་བབ་ཐོག་འབྲེལ་བ་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད་རྒྱ་གཞུང་གི་གཞུང་འབྲེལ་མི་སྣ་ཡུ་རོབ་ཁུལ་དུ་སླེབས་སྐབས་’ཁྱོག་བཤད་དྲིལ་བསྒྲགས་མང་དག་ཅིག་མཉམ་དུ་ཁྱེར་ནས་ཡོང་གི་ཡོད་པ་དང་། ཡུ་རོབ་ནང་དུ་ཡོད་པའི་རྒྱ་ནག་གཞུང་གི་སྟངས་འཛིན་བྱས་ནས་བརྒྱུད་ལམ་ཁག་གི་ངོས་ནས་ཁོ་ཚོར་མཐུན་འགྱུར་ཡང་སྦྱོར་འཇུག་གི་ཡོད་པ་རེད། འོན་ཀྱང་ཡུ་རོབ་ཀྱི་གསར་འགོད་པ་སོགས་བོད་ནང་བསྐྱོད་དགོས་ན་དམིགས་བསལ་ཆོག་མཆན་ཞུ་དགོས་པ་དང་དེའང་ཧ་ཅང་རག་དཀའ་བ་ཡོད་པ་སོགས་ལུང་འདྲེན་གནང་འདུག དེ་བཞིན་བོད་ནང་ནང་མི་ཉེ་འབྲེལ་ཡོད་པའི་བཙན་བྱོལ་བོད་མི་རྣམས་རང་གི་ཕ་མ་རྒན་གྲས་དང་སྤུན་མཆེད་ཐུག་པར་འགྲོ་བར་ཐོངས་མཆན་ཞུ་བར་བསྐྱོད་སྐབས་རྒྱ་ནག་གཞུང་ཚབ་མི་སྣས་ཆེས་དབྱེ་འབྱེད་དང་མཐོང་ཆུང་སོགས་བྱེད་ཀྱི་ཡོད་པ་མངོན་གསལ་དང་སྦྲགས། མང་ཆེ་བར་ཐོངས་མཆན་རྩ་བ་ནས་སྤྲད་ཀྱི་མེད་པ་ལུང་འདྲེན་དང་རྒྱ་གཞུང་གིས་བོད་དེ་ཕྱི་ལ་སྒོ་མོ་རྒྱག་པ་དེ་རྩ་བ་ནས་འགྲིག་ཀྱི་མེད་པ་མ་ཟད་ལྷག་པར་དུ་བོད་མི་རྣམས་ལ་དམིགས་བསལ་གྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་འབྲེལ། གོ་ལ་སྤྱི་ལ་གནོད་པའི་གནད་དོན་ཞིག་མ་ཆགས་པའི་སྔོན་ལ་གསང་རྒྱ་དང་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་རྒྱ་ནག་དམར་ཤོག་གཞུང་ལ་གདོང་ལེན་བྱེད་དགོས་པ་གསུངས་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལམ་སྟོན་འོག་ནས་བོད་མི་རྣམས་ཀྱི་ཞི་བའི་ཐོག་རང་གི་རྩ་དོན་རྩོད་བཞིན་ཡོད་སྟབས། ད་ཆ་༸གོང་ས་མཆོག་དགུང་ལོ་ ༨༥ ཕེབས་པ་དང་བསྟུན་རྒྱ་ནག་གི་༸སྐུའི་ཡང་སྲིད་ལ་ཐད་བྱུས་བྱེད་བཞིན་པ་ལྟར་མ་འོངས་པར་བོད་ནང་ཟིང་ཆ་ཆེན་པོ་ལངས་ཉེན་ཡོད་པ་དང་། དེས་བོད་ཙམ་མ་ཟད་དེ་ལས་རྒྱ་ཆེ་བའི་ས་ཁོངས་ཀྱི་བརྟན་ལྷིང་ལ་གནོད་འཚེ་བཟོ་ཉན་ཡོད་པ་ལྟར་བོད་ཀྱི་གནད་དོན་འདིས་ཏོག་དབྱིབས་རིམས་ནད་ལྟ་བུའི་གནོད་འཚེ་བཟོ་མི་སྲིད་ཀྱང་། དེས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གི་རིན་ཐང་ལ་ཉེན་ཆ་ཆགས་པ་སོགས་གསུངས་ཏེ་ང་ཚོའི་ངོས་ནས་དབང་ཆ་གཅིག་བསྡུས་དང་གསང་རྒྱ་ལྡན་པའི་རྒྱ་ནག་དམར་པོའི་གཞུང་གིས་གོ་ལ་སྤྱི་ལ་ཁྱབ་པའི་གནོད་འཚེ་མ་བཟོ་བའི་སྔོན་ལ་བཀག་འདོད་ཡོད་ཚེ་དེ་སྔོན་ཡུ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ལྕམ་ Federica Mogherini ལགས་ཀྱིས་རྒྱ་ནག་ལ་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་དགོན་འདུན་ཆེད་བཏོན་གནང་བ་ལྟར་ཡུ་རོབ་རྒྱལ་ཁབ་ཡོངས་ནས་དེ་ལྟར་གནང་དགོས་པ་གསུངས་འདུག ལྷག་པར་དུ་ཉེ་སྔོན་ཨ་རིའི་གཞུང་གིས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་ཁྲིམས་གཞི་གཏན་འབེབས་གནང་བ་དང་དེས་འབྲུ་དོན་རྣམས་ལུང་འདྲེན་དང་འབྲེལ། དེ་ནི་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་རྒྱུན་ཤེས་ཀྱི་ལན་འདེབས་ཤིག་ཆགས་ཡོད་སྟབས་ཡུ་རོབ་རྒྱལ་ཁབ་རྣམས་ནས་ཀྱང་དེ་བཞིན་གནང་དགོས་པ་དང་། བོད་དེ་སྒོ་མོ་རྒྱག་ནས་ཁེར་རྐྱང་བཞག་པ་དེར་ངོས་ལེན་མེད་པའི་བརྡ་ལན་ནན་པོ་ཞིག་སྤྲད་དགོས་པ་མ་ཟད། བོད་ནང་བསྐྱོད་རྒྱུའི་རང་དབང་དགོས་པའི་དགོས་འདུན་ཆེད་བཏོན་དང་འབྲེལ། ཡུ་རོབ་དང་རྒྱ་ནག་དབར་འབྲེལ་ལམ་བསྐྱར་གཟོ་བྱེད་དགོས་པ་གསུངས་འདུགཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ Access Denied ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དང་དེའི་ནང་རྒྱ་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་ལྷན་དུ་འབྲེལ་ལམ་བྱེད་མུས་ཁྲོད་བོད་ནང་འགྲུལ་སྐྱོད་ལ་དམ་དྲག་བྱེད་བཞིན་པ་འཐེར་འདོན་དང་འབྲེལ། ཨ་རིའི་གཞུང་གིས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་གཞི་གཏན་འབེབས་གནང་བ་བཞིན་ཡུ་རོབ་གཞུང་མང་ཁྲོད་ལ་ཡང་དེ་ལྟར་ཡོང་བར་དགོས་འདུན་ཤུགས་ཆེ་གནང་བཞིན་ཡོད་པ་མངོན་གསལ་གནང་འདུག དེ་ཡང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་དེ་སྔ་ཕྱི་ལོ་ ༡༩༨༨ ཕྱི་ ༦ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Strasbourg ནང་ཡུ་རོབ་གྲོས་ཚོགས་ཀྱི་འདུན་དུ་ མ་འོངས་བོད་ཀྱི་གནས་བབ་སྐོར་བཀའ་སློབ་བསྩལ་བ་དྲན་གསོ་དང་འབྲེལ། རྒྱ་གཞུང་གིས་བོད་ནང་ཚད་ལས་འགལ་བའི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་སྦས་ཐབས་དང་ བོད་ནང་ཕྱིའི་གཞུང་དང་མི་སྒེར་སོགས་བསྐྱོད་རྒྱུར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ལྟར་ཁྲིམས་གཞི་དེ་བརྒྱུད་ནས་བོད་དེ་སྒོ་མོ་ཕྱེ་ཚེ་ས་གནས་ས་ཐོག་གི་གནས་སྟངས་གང་ཡིན་ཕྱི་གསལ་ནང་གསལ་ཆགས་རྒྱུ་དང་རྒྱ་གཞུང་ནས་རྒྱལ་སྤྱིར་ལན་འདེབས་ཤིག་བྱེད་ཀྱི་ཡོད་པ་ཆགས་རྒྱུ་ཡིན་སྟབས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་གནད་དོན་ཡང་བཀག་སྡོམ་བྱེད་ཐུབ་རྒྱུ་ཡིན་པར་མངོན་གསལ་གནང་འདུག ལྷག་པར་དུ་འདས་པའི་ལོ་ ༡༠ ནང་ནུབ་ཕྱོགས་ཀྱི་སྐུ་ཚབ་རུ་ཁག་ཁག་ཅིག་རྒྱ་གཞུང་གི་སྟངས་འཛིན་ནན་པོའི་འོག་བོད་ནང་ཕེབས་རྒྱུ་བྱུང་ཡང་དེ་ལས་ལྡབ་གསུམ་གྱིས་མང་བ་བོད་རང་སྐྱོང་ལྗོང་ཟེར་བའི་སྐུ་ཚབ་ཕྱིའི་རྒྱལ་ཁབ་ལ་བསྐྱོད་དེ་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་དང་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་ལུང་འདྲེན་དང་འབྲེལ། དེ་སྔོན་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ Federica Mogherini མཆོག་དང་དེ་རྗེས་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Josep Borrell ལགས་གཉིས་ཀྱིས་རྒྱ་ནག་ལ་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཐོབ་ཐང་དགོས་པའི་དགོས་འདུན་ཆེད་བཏོན་དང་འབྲེལ། དེང་སྐབས་ཡུ་རོབ་ནང་དུ་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་འཆར་དགོས་པ་གསུང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འཐེར་འདོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྡེ་ཚན་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་ སྙན་ཐོའི་ནང་གི་འབྲུ་དོན་ལུང་འདྲེན་དང་སྦྲགས། འདྲ་མཉམ་གྱི་གནས་བབ་དེ་ཚོང་འབྲེལ་གཅིག་པོའི་ནང་མིན་པར་རང་དབང་དང་ཐོབ་ཐང་གི་ཐོག་ལ་དེ་ལྟར་དགོས་གནད་ཡིན་སྟབས་ཡུ་རོབ་རྒྱལ་ཁབ་རྣམས་ནས་རྒྱ་གཞུང་དང་ལྷན་དུ་འདྲ་མཉམ་མེད་པའི་འབྲེལ་ལམ་དེ་ཡོ་བསྲང་བྱ་ཕྱིར་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ལ་སྒོ་མོ་རྒྱག་པའི་བོད་ཙམ་མ་ཟད་རང་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་རང་དབང་ཆེད་དུ་ཕན་ཚུན་འབྲེལ་ལམ་ཐོག་འདྲ་མཉམ་གྱི་རང་དབང་དགོས་པ་གསུངས་འདུག

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ།

དེ་རིང་ཉིན་རྒྱབ་ཏུ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤྱི་ལོ་ ༢༠༡༩ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཤོག་གྲངས་བརྒྱ་ལྷག་ཡོད་པ་ཞིག་འདོན་སྤེལ་བྱས་ཏེ། རྒྱ་ནག་གིས་ཕྱོགས་ཡོངས་ནས་བོད་པའི་ཆོས་རིག་དང་སྐད་ཡིག་སོགས་སྤྱི་ཡོངས་ནས་རྒྱ་བསྒྱུར་བྱེད་བཞིན་ཡོད་པ་གསལ་འདོན་གནང་འདུག ཐེངས་འདིའི་ལོ་འཁོར་སྙན་ཐོའི་བསྒྲགས་ཡིག་གི་ནང་དུ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དེ་སྔ་མོས་མཐུན་མིང་རྟགས་དང་ལག་བསྟར་ཆོག་མཆན་བཀོད་ཟིན་པའི་རྒྱལ་སྤྱིའི་གྲོས་ཆོད་ཁག་བརྩིས་མེད་གདལ་བཤིག་བཏང་ནས། བོད་ནང་དུ་དྲག་གནོན་དབང་སྒྱུར་གྱི་བསམ་སྦྱོར་དང་དེ་འབྲེལ་རྒྱལ་སྤྱི་རིམ་པའི་འགན་འཁྲི་ཁག་སྣང་མེད་དུ་དོར་ཏེ།  བོད་ཀྱི་ཆབ་དཔལ་རིག་གསུམ་ངོ་བོ་དང་བཅས་པ་རྩ་གཏོར་གཏོང་ཐབས་སུ་དུས་རྒྱུན་དུ་སྲིད་ཁྲིམས་བེད་སྤྱད་ནས་རྒྱ་གཞུང་རང་གི་ཆབ་སྲིད་ཀྱི་ལྟ་སྤྱོད་དང་འགལ་བ་ཚང་མར་ཡ་ང་བའི་དྲག་གནོན་བྱས་དང་བྱེད་བཞིན་པའི་གནས་སྟངས་འཁོད་འདུག སྙན་ཐོ་དེ་སྤྱི་ཡོངས་ཀྱི་ཆ་ནས་ཆབ་སྲིད་སློབ་གསོ་དང་སྐད་ཡིག་གི་རང་དབང་། ཆོས་ལུགས་དད་མོས་ཀྱི་རང་དབང་དང་ཁོར་ཡུག་གནད་དོན། གཞན་ཡང་སྨྲ་བརྗོད་དང་འགྲོ་འདུག་རང་དབང་བཅས་དོན་ཚན་ཆེན་པོ་ལྔ་ཡི་ནང་དུ་བསྡུས་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཅར་དྲི་ཞུ་སྐབས། ཁོང་གིས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་རང་གི་རྩ་ཁྲིམས་སུ་འཁོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་ཚབ་ཆེན་གཏོང་གི་ཡོད་པ་ར་སྤྲོད་བྱས་ཏེ། རྒྱ་ནག་གི་ཁྲིམས་ཡིག་དང་ལག་ལེན་གཉིས་ལྡོག་ཕྱོགས་སུ་གྱུར་ཡོད་ལུགས་ངོ་སྤྲོད་གནང་སོང་། དེ་བཞིན་པདྨ་རྒྱལ་གྱིས།  སྔར་ལོ་རྒྱ་ནག་གིས་རྒྱལ་ཡོངས་རིམ་པའི་ལས་འགུལ།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཟེར་བའི་རྡུང་རྡེག་ཚ་ནན་གཏོང་ཐབས་བེད་སྤྱད་ནས། བོད་དོན་ཞི་རྒོལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཚོར་ཁྱབ་ཆེ་ཞིང་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་དབང་ཡོད་གཉའ་གནོན་དང་སྡུག་སྦྱོང་མནར་གཅོད་བཏང་སྟེ་དྲག་རྡུང་འཐབ་རྩོད་ལས་འགུལ་ཤུགས་ཆེར་བཏང་བའི་ཁྲོད་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་འགུལ་རིགས་ཚང་མ་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བཙན་སྒྱུར་བྱས་པར་ངོ་སྤྲོད་ཀྱིས།  མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་ཟེར་བ་སོགས་སུ་བོད་མི་༦༠༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ཡང་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་གིས་སྤྱི་ཡོངས་ནས་སྔར་ལོའི་ལོ་འཁོར་སྙན་ཐོར་སྡོམ་རྒྱབ་པ་ཡིན་ན། གཅིག་ནས་རྒྱ་ནག་གིས་བོད་ཁུལ་དུ་བཟོ་ལས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་ནས་བོད་མི་མང་ཚོགས་ཀྱི་རྩ་བའི་འཚོ་ཐབས་ལ་གཏོར་བཅོམ་ཐེབས་པ་དང་། ཕྱོགས་གཞན་ཞིག་ནས་བོད་ཁུལ་དུ་ཆབ་སྲིད་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་ནས་བོད་མིའི་ཆོས་རིག་སྐད་ཡིག་དང་བཅས་བ་རྒྱ་བསྒྱུར་གྱི་ལས་འགུལ་སྤེལ་ཏེ་བོད་མིའི་བསམ་བློ་རྒྱ་བསྒྱུར་བྱེད་ཀྱི་ཡོད་པར་ཐེར་འདོན་གནང་བ་དང་སྤྲགས། སྤྱི་ཡོངས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཡོད་པར་གསུངས་སོང་།

ཨ་ཉག་སེང་སྒྲ་ལགས་སུ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས།

ཁ་སང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་དེ་རིང་མགོ་ལོག་དགའ་བདེ་ཁུལ་གྱི་བོད་ཀྱི་ཁོར་ཡུག་གི་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་ལགས་སུ་ལོ་བདུན་གྱི་ཁྲིམས་ཐག་བཅད་པའི་ཐོག་ནས་ཁྲིམས་བཤེར་བྱེད་ཀྱི་ཡོད་པར་བརྟེན་རྒྱ་ནག་སྲིད་གཞུང་གིས་ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱེད་དགོས་པའི་རེ་སྐུལ་གནང་འདུག མགོ་ལོག་དགའ་བདེ་ཁུལ་ནས་ཡིན་པའི་ཨ་ཉག་སང་སྒྲ་ལགས་ཀྱིས་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་དང་རྒྱ་ནག་གི་ཁྲིམས་དང་མི་མཐུན་པའི་གཏེར་ཁ་སྔོག་འདོན་བྱས་ཏེ་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཐེབས་བཞིན་ཡོད་ལུགས་ཕྱིར་བསྒྲགས་བྱས་ཡོད་པ་ལྟར་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༡༢ ནང་ཁོང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་ཁོར་ཡུག་སྲུང་སྐྱོབ་ཞེས་པའི་སྐད་འཕྲིན་གྱི་ཚོགས་པ་གཉིས་བཙུགས་ནས་མི་མང་བསྡུ་སྐོང་བརྒྱུད་སྲིད་གཞུང་གི་བཀའ་རྒྱ་ལ་གཏོར་བཤིག་དང་དེ་བཞིན་མང་ཚོགས་ཁྲོད་དཀྲོག་རྐྱེན་བཟོས་པའི་ཉེས་མིང་གི་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་རྒྱ་ནག་གཞུང་གིས་ཁོང་ལ་འཛུགས་པའི་ཉེས་འཛུགས་དེ་དག་ནི་དུས་རྒྱུན་ནས་བོད་མིའི་ལས་འགུལ་བ་དང་ཁོར་ཡུག་སྲུང་སྐྱོབ་པ་རྣམས་ལ་འབུར་འཇོམས་གཏོང་ཆེད་བེད་སྤྱོད་བྱེད་སྲོལ་ཡོད་པ་མངོན་གསལ་གནང་བ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ལྔས་རྒྱ་ནག་གིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་མཐུན་གྱི་བྱེད་ལས་དེ་ནག་ཉེས་ཅན་དུ་བསྒྱུར་བར་སྐྱོན་བརྗོད་ཀྱིས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་བརྩི་སྲུང་བྱས་པའི་ཐོག་ཁོང་ལ་ཉེས་འདོགས་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་ལུགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ཁོང་གི་འཕྲོད་བསྟེན་གྱི་གནས་བབ་ཧ་ཅང་ཞན་པོ་ཡོད་པར་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་པ་རེད།རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བློ་བཟང་གཡང་མཚོ་ལགས་ཀྱིས་རྒྱ་ནག་གིས་དུས་རྒྱུན་ལས་གཡོ་བྱུས་ལྡན་ཐོག་གཞིས་ལུས་བོད་མི་རྣམས་ལ་ཉེས་འཛུགས་བྱེད་ཀྱི་ཡོད་ལུགས་དང་། དམིགས་བསལ་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བོད་ཁུལ་གྱི་བོད་མི་མང་པོ་ཉེས་འཛུགས་སྣ་མང་འོག་འཛིན་བཟུང་བྱེད་ཆོག་པའི་ཁྲིམས་སྒྲིག་ཅིག་ལག་བསྟར་བྱས་པ་དངསྔ་ལོར་རྒྱ་ནག་གིས་ནག་ཉེས་ཀྱི་དཔང་རྟགས་གཅིག་ཀྱང་སྟོན་རྒྱུ་མེད་པར་བོད་མི་ ༤༠༠ ལྷག་འཛིན་བཟུང་བྱས་པའི་ཁྲོད་ནས་ཨ་ཉག་སེང་སྒྲ་ལགས་ཡོད་པར་ཕྱིར་བསྒྲགས་གནང་འདུག དེ་བཞིན་ཁོང་གིས་རྒྱ་ནག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ པ་ནས་བཟུང་བོད་ཁུལ་དུ་ནག་ཚོགས་གཙང་བཟོ་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར་ནག་ཚོགས་ཞེས་པའི་ནང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་དང་རྒྱ་ནག་སྲིད་གཞུང་དང་ལྟ་བ་མི་མཐུན་མཁན། དེ་བཞིན་བོད་མིའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སྲུང་སྐྱོབ་པ་ཚང་མ་ཚུད་ཡོད་པ་ཡང་ཕྱིར་བསྒྲགས་གནང་ཡོད། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free TIbet ཞེས་པའི་བོད་དོན་ལས་འགུལ་ཁང་གི་དྲིལ་བསྒྲགས་དོ་དམ་པ་སྐུ་ཞབས་ John Jones ལགས་ཀྱིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་བཤེར་དང་འབྲེལ་ནས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ད་ཆ་བོད་ནི་དྲང་བདེན་གྱིས་སྟོང་བའི་གནས་བབ་ཅིག་ཏུ་ལྷག་ཡོད་སྐོར་བསྒྲགས་པ་དང་འབྲེལ། རྒྱ་ནག་གིས་བོད་ཁུལ་དུ་ཁོར་ཡུག་གཏོར་བཅོམ་དང་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་ཨ་ཉག་སེང་སྒྲ་ལགས་ལ་གཞི་རྩ་གང་ཡང་མེད་པར་འཛིན་བཟུང་བྱས་པ་དེ་ནི་ངོ་ཚ་དགོས་བ་ཞིག་ཡིན་པར་མངོན་གསལ་གནང་བ་དང་། ཆབས་ཅིག་ཏུ་ཨ་ཉག་སེང་སྒྲ་ལགས་འཕྲལ་དུ་གློད་བཀྲོལ་བཏང་ནས་ཁོང་ཉིད་སྔར་འཇིགས་སྣང་མེད་པའི་ཐོག་ནས་རང་གི་སྤྱི་ཚོགས་ཀྱི་ཕྱག་ལས་དེར་འཇུག་ཐུབ་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུག གཞི་རྩའི་ཨ་ཉག་སེང་སྒྲ་ལགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ནས་ཡིན་པ་དང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་རྒྱ་ནག་སྲིད་གཞུང་གིས་ཁོང་གིས་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གནང་ནས་ལོ་གཅིག་འཁོར་བར་བོད་མི་མཉམ་ཞུགས།

འདས་ལོར་ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གྱིས་རྩོད་རྙོག་ཅན་གྱི་ཉེས་ཅན་རྩིས་སྤྲོིད་ཀྱི་ཁྲིམས་འཆར་འདོན་སྤེལ་བྱས་པ་དང་སྦྲགས་ཏེ་ཧོང་ཀོང་མང་ཚོགས་སྟོང་ཕྲག་མང་པོས་ཟླ་ཤས་རིང་དེར་ངོ་རྒོལ་གནང་བ་དང་ཕྱིས་སུ་ཁྲིམས་འཆར་དེ་ཕྱིར་འཐེན་བྱས་ཡོད་ཀྱང་། མང་ཚོགས་ཀྱིས་བསྟུད་མར་དགོས་འདུན་ཁག་ཅིག་ཆེད་འདོན་གྱིས་གཞུང་ལ་ངོ་རྒོལ་གནང་ཡོད་པ་རེད།ཉེ་ལམ་ཟླ་ ༦ ཚེས་ ༡༢ ཉིན་ཁྲིམས་འཆར་དེ་འདོན་སྤེལ་དང་མང་ཚོགས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་ངོ་རྒོལ་གནང་ནས་ལོ་འཁོར་མོ་གཅིག་འཁོར་བར་ཧོང་ཀོང་མང་ཚོགས་ཀྱིས་དུས་ཚིགས་དེ་རྗེས་དྲན་ཞུས་པའི་ཐོག་བོད་མི་རྣམས་ཀྱིས་ལས་འགུལ་དེར་མཉམ་ཞུགས་གནང་འདུག ཕྱི་ཚེས་ ༡༢ ཉིན་ཧོང་ཀོང་གི་ Mong Kok ཁྲོམ་ར་དང་ Causeway Bay ཁུལ་དེ་བཞིན་ས་ཁུལ་གཞན་ཁག་ཏུ་དགོང་མོ་མང་ཚོགས་སྟོང་ཕྲག་འདུ་འཛོམས་ཀྱིས་ངོ་རྒོལ་གྱི་གླུ་གྱེར་ནས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འདོན་སྤེལ་བྱས་ཏེ་ལོ་འཁོར་མོ་འཁོར་བའི་དུས་ཚིགས་དྲན་གསོ་ཞུས་ཡོད་པ་མ་ཟད། ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འབོད་སྒྲ་སྣ་མིན་འཁོད་པའི་སྦྱར་པང་བསྣམས་ཏེ་ངོ་རྒོལ་གནང་ཡོད་ཀྱང་། ཉེན་རྟོག་པས་འདུ་འཛོམས་དེ་ཁྲིམས་འགལ་ཡིན་པར་ཉེན་བརྡ་བཏང་བ་དང་ཆབས་ཅིག་ལས་འགུལ་བ་ ༣༥ ལྷག་འཛིན་བཟུང་བྱས་འདུག དེ་ཉིན་ཉིན་དགུང་ཙམ་ལ་མི་བརྒྱ་ལྷག་འདུ་འཛོམས་ཀྱིས་ཧོང་ཀོང་ལ་རང་བཙན་དགོས་ཞེས་པའི་དར་ཆ་བསྣམས་འདུག་པ་དང་མང་ཚོགས་ནས་འཆི་རྒྱུར་ཞེད་སྣང་མེད་པས་གཞུང་ནས་དེ་འབྲེལ་གྱི་འཇིགས་སྐུལ་ཅི་ཕྱིར་བྱེད་ཀྱི་ཡོད་ཅེས་པའི་འཕྲེད་དར་སོགས་བསྣམས་ཏེ་ངོ་རྒོལ་བྱས་ཡོད་པ་རེད། གཞི་རྩའི་ཧོང་ཀོང་གི་ལས་འགུལ་ལ་བོད་མི་གཙོས་པའི་ཐེ་ཝན་དང་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱ་གཞུང་ལ་སྐྱོན་བརྗོད་དང་འབྲེལ། ཧོང་ཀོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་ཡོད་པ་དང་ཉེ་ལམ་ཡང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འདོན་སྤེལ་གྱིས་ལོ་གཅིག་འཁོར་བའི་དུས་ཚིགས་སུ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་བོད་མི་གཙོས་ཚོགས་པ་འདྲ་མིན་ནས་ཉིན་མོ་དེ་རྗེས་དྲན་ཞུས་ཡོད་པ་དང་། ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མིས་བོད་ཀྱི་རྒྱལ་དར་བསྣམས་ཏེ་བོད་དང་ཤིན་ཅང་། ཧོང་ཀོང་། དེ་བཞིན་རྒྱ་ནག་ལ་རང་དབང་དགོས་ཞེས་པའི་སྦྱར་པང་སོགས་བསྣམས་འདུག  ལས་འགུལ་གོ་སྒྲིག་གནང་མཁན་ནས་དགོས་འདུན་བཞིའི་སྒོ་ནས་གསར་འགོད་བསྒྲགས་གཏམ་སྤེལ་འདུག་པ་དང་དེ་བརྒྱུད་ཧོང་ཀོང་ནི་ཧོང་ཀོང་གི་མི་རིགས་ལ་བདག་གི་ཡོད་པས་རྒྱ་གཞུང་ལ་ངེས་པར་དུ་ངོ་རྒོལ་བྱེད་དགོས། ཐེ་ཝན་ནས་ཧོང་ཀོང་གི་ཉེན་རྟོག་པར་ཐེ་ཝན་ནང་ཡོང་རྒྱུར་བཀག་འགོག་དང་དེ་བཞིན་ཐེ་ཝན་ནས་ཧོང་ཀོང་གི་ཡུལ་མི་ཁུལ་དེར་གནས་སྤོ་སླད་ད་ལྟ་ནས་གྲ་སྒྲིག་གནང་དགོས་ཞེས་བཤད་འདུག ཨོ་གླིང་གི་བྷིར་སི་བྷན་ནང་ཧོང་ཀོང་རྒྱབ་སྐྱོར་བ་ཨོ་གླིང་གི་མི་རིགས་དང་བོད་མི། དེ་བཞིན་ཡུ་གུར། ཝེ་ཏི་ནམ་སོགས་ནས་ཉིན་མོ་དེ་དྲན་གསོ་དང་སྦྲགས། རྒྱལ་སྤྱིའི་གཞུང་ཁག་ནས་རྒྱ་གཞུང་ནས་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེ་དག་ཐད་གང་ཡང་མ་གསུང་པར་བཞུགས་ན་འགྲིག་ཐབས་མེད་པ་དང་།  ད་ཆ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་རྣམས་ངེས་པར་དུ་འགན་ཁུར་བ་ཞིག་བཟོ་དགོས་པས་དེ་འབྲེལ་ཐད་ཨོ་གླིང་ནས་ Magnitsky Act ཞེས་པའི་ཁྲིམས་འཆར་གཏན་འབེབས་གནང་དགོས་ཞེས་གསུངས་ཏེ་དགོས་འདུན་ཆེད་བཏོན་གྱིས་ལས་འགུལ་སྤེལ་འདུག རྩ་བའི་ཧོང་ཀོང་མང་ཚོགས་ནས་འདས་ལོའི་ཟླ་བ་ ༦ པའི་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གནང་སྟེ་རིམ་པས་ངོ་རྒོལ་དེ་དགོས་འདུན་བཞི་ཆེད་བཏོན་ཐོག་ངོ་རྒོལ་བསྟུད་མར་སྤེལ་ཀྱང་འདས་ལོར་ཟླ་མཇུག་ནས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ལས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་དུ་སོང་བ་དང་བསྟུན་བར་ལམ་ལས་འགུལ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།  འོན་ཀྱང་ཉེ་ལམ་རྒྱ་ནག་གཞུང་ནས་ཧོང་ཀོང་བདེ་འཇགས་ཟེར་བའི་ཁྲིམས་འཆར་དེ་འདོན་སྤེལ་སྐབས་སླར་ཡང་ཧོང་ཀོང་ནང་མི་མང་གིས་ངོ་རྒོལ་ལས་འགུལ་དེ་དབུ་འཛུགས་གནང་ཡོད། སྤྱིར་རྒྱ་ནག་གི་ཁྲིམས་འཆར་གསར་པ་དེའི་ཐོག་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་། རྒྱ་ནག་ནས་དུས་རྟག་ཏུ་ཧོང་ཀོང་གི་གནད་དོན་དེ་རྒྱ་ནག་ནང་མོལ་གྱི་གནད་དོན་ཡིན་པས་དེར་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་བརྗོད་ཀྱི་ཡོད་པ་རེད། དེའི་ཁྲོད་བྱེས་བཞུགས་བོད་མི་ལས་འགུལ་བ་ཁག་ཅིག་གིས་རྒྱ་གཞུང་ནས་ཏོག་དབྱིབས་གཉན་རིམས་ཀྱི་དུས་ཚིགས་དམ་འཛིན་གྱིས་ཧོང་ཀོང་ཐོག་དབང་ཆ་དྲག་ཏུ་གཏང་རྒྱུ་བྱེད་བཞིན་ཡོད་པ་གསུངས་འདུག རྒྱ་གར་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རྒྱ་གཞུང་ནས་ཧོང་ཀོང་ཐོག་བཀོད་ཁྱབ་གཏོང་བའི་སྲིད་བྱུས་དེ་དག་བོད་ལྟ་བུའི་ནང་དེ་སྔ་ནས་བཀོལ་སྤྱོད་བྱས་ཡོད་པ་དང་། ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་དེ་དག་ང་ཚོའི་ངོས་ནས་ཡག་པོ་ཞིག་ཤེས་ཀྱི་ཡོད་སྟབས་ང་ཚོས་དུས་རྟག་ཏུ་ཧོང་ཀོང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་འདུགད་དུང་ཁོང་གིས་རྒྱ་གཞུང་ནས་བོད་མི་མང་གཙོ་དོན་གཉེར་བ་དང་ཁོར་ཡུག་སྲུང་སྐྱོབ་གནང་མཁན་ཡོངས་ཀྱི་འབོད་སྒྲ་ལ་སྣང་མེད་བཏང་དང་གཏོང་མུས་ཡིན་པ་དང་ཆབས་ཅིག་ཏུ་ད་ཆ་རྒྱ་གཞུང་ནས་གཉན་རིམས་ཀྱི་དུས་ཚིགས་དམ་འཛིན་གྱིས་ཧོང་ཀོང་གཙོས་བོད་དང་ཤར་ཏུར་ཀི་སི་ཏན་སོགས་ལ་དྲག་གནོན་ཇེ་ཆེར་བྱེད་བཞིན་ཡོད་པ་སོགས་གསུངས་འདུག དེ་མཚུངས་སུ་བོད་མིའི་ལས་འགུལ་ཁག་ཅིག་གིས་རྒྱ་ནག་ནས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་འཆར་གསར་པ་གཏན་འབེབས་བྱས་པ་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རིམ་བཞིན་རྒྱལ་ཁབ་གཞན་དབང་སྒྱུར་ཐབས་ཀྱི་སྲིད་བྱུས་འཛིན་པར་ངོས་འཛིན་དང་ལྷག་པར་དུ་ཐབས་བྱུས་འདི་ལྟ་བུ་ཞིག་གི་འོག་ནས་མང་གཙོ་དོན་གཉེར་བར་སྔར་ལྷག་དམ་དྲག་བྱེད་ངེས་ཡིན་པར་སེམས་ཚབས་ཆེན་པོ་གནང་བཞིན་འདུག

Latest news