Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་ནག་གིས་བོད་མིའི་རང་བསྲེགས་ཀྱི་ཞི་རྒོལ་ལ་འཇིགས་སྐུལ།

ཁ་སང་། འདི་གའི་རླུང་འཕྲིན་ཁང་ལ་མིང་བརྗོད་འདོད་མེད་པའི་་མི་སྣ་ཞིག་གིས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།   རྒྱ་ནག་དམར་ཤོག་གཞུང་གི་དབང་འཛིན་ལས་ཁུངས་ཀྱིས་ལོ་ཤས་གོང་ནས་བཟུང་བོད་རིགས་ས་ཁུལ་དུ་རང་བསྲེགས་ངོ་རྒོལ་ལ་ཉེས་ཆད་གཅོད་རྒྱུའི་རྩ་འཛིན་གྱི་དེབ་ཆུང་ཞིག་འགྲེམས་སྤེལ་གྱིས།  བོད་རིགས་མང་ཚོགས་ལ་གལ་ཏེ་རང་བསྲེགས་གཏོང་བ་དང་། རང་བསྲེགས་གཏོང་མཁན་ལ་གཞོགས་འདེགས་བྱེད་པ། ཡང་ན་རང་བསྲེགས་གཏོང་མཁན་གྱི་པར་རིས་དང་བརྙན་སོགས་གནས་ཚུལ་ཕྱི་ལོགས་སུ་བརྒྱུད་བསྒྲགས་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ན་ཆད་པ་གཅོད་རྒྱུ་སོགས་འཁོད་ཡོད་པ་ངོ་སྤྲོད་ཀྱིས། རྒྱ་ནག་གི་བསྒྲགས་ཡིིག་དེའི་དམིགས་ཡུལ་ནི་བོད་མི་མང་ཚོགས་ལ་འཇིགས་སྐུལ་གྱིས་རང་བསྲེགས་དང་རྔམ་སྟོན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བྱེད་རྒྱུ་དེ་ཡིན་པར་མངོན་གསལ་གནང་ཡོད།གནས་ཚུལ་མཁོ་སྤྲོད་པས་འདི་གར་བཏང་བའི་རྒྱ་ནག་གིས་རང་བསྲེགས་པར་འཇིགས་སྐུལ་གྱི་དེབ་ཆུང་གི་མིང་ལ་༼ ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱ་དགོས། ༽ཞེས་འཁོད་འདུག  སྤྱི་ལོ་༢༠༡༥ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཨ་མདོ་མཚོ་སྔོན་ཁུལ་དུ་ཞིང་འབྲོག་མང་ཚོགས་ལ་དཔེ་དེབ་དེ་མཁོ་སྤྲོད་བྱས་ཡོད་པ་དང་།  དེའི་ནང་དུ་རྐང་བཙུགས་ནས་མི་གསོད་པའི་ཚོགས་པ་དང་ལྐོག་འབྲེལ་བྱེད་པ་དང་། རྒྱ་ནག་གི་ཕྱི་རོལ་དུ་རང་བསྲེགས་མི་སྣའི་འདྲ་པར་དང་བརྙན་རིས་ཀྱི་གནས་ཚུལ་བརྒྱུད་སྤྲོད་བྱེད་པ་དེ་ནི་རྒྱ་ནག་གི་ཉེས་ཁྲིམས་ཀྱི་དོན་ཚན་༣༢༣ ནང་གཏན་འབེབས་བྱས་པ་ལྟར། རྐང་བཙུགས་ནས་མི་བསད་པའི་གྱོད་དོན་གྱི་ནག་ཉེས་སུ་ངོས་འཛིན་བྱེད་རྒྱུ་ཡིན་པར་འཁོད་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས།  རྒྱ་ནག་གིས་བོད་ཁུལ་དུ་རང་བསྲེགས་དང་འབྲེལ་བའི་ཉེས་དོན་གྱི་དཔེ་དེབ་དེ་འགྲེམས་སྤེལ་བྱས་པ་དེ་ནི་རྒྱ་ནག་གིས་བོད་མིས་རྔམ་སྟོན་དང་རང་བསྲེགས་ལ་གཞོགས་འདེགས་བྱེད་པ། དེ་བཞིན་ཕྱི་ཕྱོགས་སུ་རང་བསྲེགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་པའི་མི་སྣ་ལ་ཉེས་འཛུགས་བྱ་ཐབས་གསར་ཤོས་ཤིག་ཡིན་པར་ངོ་སྤྲོད་ཀྱིས།  གཙོ་བོ་བོད་མི་རྣམས་ཀྱིས་རང་བསྲེགས་ཀྱི་ལས་འགུལ་དེ་མཇུག་སྒྲིལ་ཐབས་སུ་འཇིགས་སྐུལ་བྱས་པ་ཞིག་ཡིན་པར་ངོ་སྤྲོད་གནང་ཡོད།གཞི་རྩའི་ཉེ་བའི་ལོ་འགའི་རིང་ནས་བཟུང་།  རྒྱ་ནག་གིས་བོད་ཁུལ་དུ་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ལ་ལྟ་རྟོག་ནན་པོ་བྱེད་བཞིན་པར་བརྟེན། རང་བསྲེགས་ཀྱི་གནད་དོན་མང་པོ་ཞིག་དུས་ཐོག་ཏུ་ཕྱི་ལོགས་སུ་མཁོ་སྤྲོད་བྱེད་རྒྱུར་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་རེད། དཔེར་ན་བོད་ཨ་མདོ་རྔ་བ་ནས་ཡིན་པའི་བོད་མི་རྡོ་རྗེ་ཡིས་ཕྱི་ལོ ༢༠༡༢ ལོའི་ཟླ་ ༣ པའི་ཚེས་༥  ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་གྱིས་རང་བསྲེགས་གནང་སྟེ་དེ་གར་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་ནའང་།  སྔར་ལོ་བར་དུ་ཁོང་གི་འདྲ་པར་ཕྱི་ལོགས་སུ་མཁོ་འདོན་བྱེད་ཐུབ་མེད་པ་རེད།གཞི་རྩའི་རྒྱ་ནག་དམར་ཤོག་གཞུང་གིས་ཁྲིམས་འགལ་གྱིས་བོད་ས་བཙན་བཟུང་བྱས་པ་མ་ཟད། ད་དུང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བ་དང་ཆབས་ཅིག་བོད་ཁུལ་དུ་རང་བྱུང་ཐོན་ཁུངས་སྔོག་འདོན་ཤུགས་ཆེར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་པར་བརྟེན།  བོད་མི་རྣམས་ཀྱིས་རྒྱ་ནག་གི་བྱེད་བབ་དེར་ཉིན་རེ་ནས་ཉིན་རེར་སྡང་སེམས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། ༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དུས་དང་རྣམ་པ་རྣམ་ཀུན་དུ་བོད་མིའི་འཐབ་རྩོད་ཀྱི་ཁྲོད་དུ་འཚེ་མེད་ཞུ་བའི་ལྟ་གྲུབ་ཕྱག་བསྟར་གནང་དགོས་བའི་བཀའ་སློབ་ལམ་སྟོན་གནང་གི་ཡོད་པར་བརྟེན། བོད་མི་རྣམས་ཀྱིས་རྒྱ་ནག་གི་གཉའ་གནོན་འོག་ཏུ་གཞན་ལ་འཚེ་བའི་ལས་མི་རྩོམ་པར་རང་ཉིད་ཀྱི་ཚེ་སྲོག་མེ་ལ་སྒྲོན་ནས་རྒྱ་ནག་གི་དབང་བསྒྱུར་ལ་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།

ནིའུ་ཛ་ལན་ཌིའི་གསར་ཤོག་གིས་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བར་སྐྱོན་བརྗོད།

ཉེ་ཆར་ནིའུ་ཛ་ལན་ཌི་ནང་གི་གསར་ཤོག་ཆེ་གྲས་ཤིག་གིས་ས་གནས་རྒྱ་ནག་གཞུང་ཚབ་ལས་ཁང་གི་དྲིལ་བསྒྲགས་ཁག་ཅིག་སྤེལ་བར་བརྟེན་ས་གནས་ཀྱི་ཡུལ་མི་དང་ལྷག་པར་ཁུལ་དེར་གནས་སྡོད་ཧོང་ཀོང་མང་ཚོགས་རྣམས་ནས་དེ་ནི་རྒྱ་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་དང་རྫུན་གཏམ་ཁོ་ན་ཡིན་པར་སྐྱོན་བརྗོད་གནང་བཞིན་འདུགདེའང་ནིའུ་ཛ་ལན་ཌིའི་ Christchurch ཞེས་པའི་གསར་ཁང་གིས་རྣམ་ཀུན་ནས་དེ་གའི་གསར་ཤོག་ཐོག་ས་གནས་རྒྱ་ནག་གཞུང་ཚབ་ལས་ཁང་གི་དྲིལ་བསྒྲགས་སྤེལ་མུས་ཡིན་པ་དེ་ལྟར་ཡང་། ཉེ་བའི་ཆར་གསར་ཤོག་དེའི་ངོས་ནས་ཧོང་ཀོང་ནང་གི་གནད་དོན་དང་ཏོག་དབྱིབས་གཉན་རིམས་ ༡༩ པ། དེ་བཞིན་ཡུ་གུར་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་རང་དབང་སོགས་དང་འབྲེལ་བའི་དྲིལ་བསྒྲགས་ཁག་ཅིག་སྤེལ་ཡོད་པ་རེད་འདུག RNZ ཞེས་པའི་ས་གནས་ཀྱི་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་གསལ་ Christchurch གསར་ཁང་གིས་འདས་པའི་ལོ་གཉིས་དང་ཕྱེད་ཀ་ཙམ་ནས་དེའི་བདུན་རེའི་གསར་ཤོག་ཐོག་ས་གནས་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་དྲིལ་བསྒྲགས་རིགས་སྤེལ་སྲོལ་ཡོད་པ་དང་། གསར་ཁང་གི་ངོས་ནས་ཐེངས་འདིའི་ལས་དོན་གཉེར་བ་དེ་འགྲིག་པར་སྒྲུབ་བྱེད་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་སྐོར་བཤད་པ་མ་ཟད། རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ནས་ཀྱང་གསར་ཤོག་དེའི་ཐོག་དྲིལ་བསྒྲགས་གང་སྤེལ་བ་དེ་དག་ཡོངས་རྫོགས་བདེན་པ་རང་ཡིན་ཞེས་བཤད་འདུག Christchurch གསར་ཤོག་གཉེར་མཁན་ Star Media ཚོང་ལས་ཁང་ས་གནས་འགན་འཛིན་སྐུ་ཞབས་ Steve McCaughan ལགས་ཀྱིས་གསར་ཤོག་དེའི་ངོས་ནས་ཕྱོགས་ཚང་མར་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས་པ་དང་། ཚོང་གཉེར་བ་གང་ཞིག་གིས་དེའི་གསར་ཤོག་ཐོག་ཁྱབ་བསྒྲགས་བྱས་ཡོད་ཀྱང་དེ་ནི་ནིའུ་ཛ་ལན་ཌི་གཞུང་གི་ལམ་སྟོན་ནང་ཚུད་ལྟར་གནང་ཚེ་དེར་ངོས་བཞེས་གནང་གི་ཡོད་སྐོར་བཤད་འདུག རྩ་བའི་ Christchurch གསར་ཤོག་ཐོག་ཐེངས་འདིར་སྤེལ་བའི་གཞུང་ཚབ་ཁང་གི་དྲིལ་བསྒྲགས་ནང་ཤིན་ཅང་ནང་གི་ཡུ་གུར་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པ་དེ་ནི་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོད་བྱེད་ཡིན་པར་ཆེད་བཀོད་བྱས་པ་དང་། ཧོང་ཀོང་ནང་དུ་ཁྲིམས་གཞི་གསར་པ་བསྡམས་པ་དེས་ཕུགས་རྒྱང་རིང་པོར་ཞི་བདེ་ལྡན་པ་ཞིག་བསྐྲུན་ཕྱིར་ཡིན་པ་སོགས་བཀོད་ཡོད་པ་རེད་འདུགནིའུ་ཛ་ལན་ཌི་ནང་དུ་ཡོད་པའི་ཧོང་ཀོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོགས་པ་ཁག་ནས་མངོན་ཐོན་གྱིས་བཀའ་མོལ་གནང་བར་ཞེད་སྣང་གནང་སྟེ་ RNZ གསར་ལས་ཁང་ལ་རྒྱ་གཞུང་གིས་གང་བཤད་པ་དེ་རྣམས་འཁྱོག་བཤད་འབའ་ཞིག་དང་ནིའུ་ཛ་ལན་ཌིའི་ཧོང་ཀོང་མི་མང་ནས་དེ་ལྟར་བཀའ་མོལ་གནང་བར་འཇིགས་ཞུམ་གནང་གི་ཡོད་སྐོར་སོགས་ཀྱང་བཀོད་འདུག ནོར་ཝེ་ Tromso གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་པ་དང་རྒྱ་ནག་རིག་པའི་མཁས་དབང་སྐུ་ཞབས་ Marc Lanteigne ལགས་ཀྱིས་ New Zealand གཞུང་གི་ངོས་ནས་རྒྱ་ནག་དང་འབྲེལ་བའི་དྲིལ་བསྒྲགས་རིགས་ལ་དོ་སྣང་བྱེད་དགོས་པ་དང་ཉེ་ཆར་རང་རྒྱ་ནག་གིས་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱེད་མུས་དང་འབྲེལ་ནིའུ་ཛ་ལན་ཌི་གཞུང་འཛིན་གྱིས་དེ་སྔ་ཧོང་ཀོང་དང་ལྷན་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་མཐུན་ཕྱིར་འཐེན་གནང་ཡོད་སྟབས། ད་ལན་འཁྱོག་བཤད་དྲིལ་བསྒྲགས་དེ་ནི་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་གནད་དོན་གལ་འགངས་ཅན་ཞིག་ཡིན་པ་གསུངས་འདུག

ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་གྱུར་འདུག

བོད་ཀྱི་སྙན་གྲགས་ཆེ་བའི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་རྟ་དཔོན་ཚང་ལགས་དེ་རིང་ཐོ་རངས་མེག་གྷན་གྱི་རང་ཤག་ཏུ་སྐུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགམི་ལོ་ ༢༧ ཙམ་གྱི་རིང་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཆད་མྱངས་མྱོང་མཁན་དགུང་ལོ་ ༩༢ ལ་ཕེབས་པའི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་དེ་རིང་ཕྱི་ཟླ་ ༨ ཚེས་ ༣ ཉིན་གྱི་ཐོ་རངས་ཚོུད་  ༢༌༤༠ ཡས་མས་ཙམ་ལ་རྡ་སར་མེག་གྷན་དུ་རྟེན་གཞི་བྱས་པའི་སྣེ་ལེན་ཁང་དུ་སྐུ་འདས་གྲོངས་སུ་གྱུར་འདུག་པ་དང་། ཨ་མ་ཨ་བདེ་ལགས་ཀྱིས་སྤུན་མཆེད་མཚན་བརྗོད་འདོད་མེད་པ་ཞིག་གིས་རླུང་འཕྲིན་ཁང་ལ་ཉིན་ཤས་ནས་འདས་པོ་ཁོང་ཞལ་ལག་ལ་སོགས་མཆོད་པར་ཅུང་དཀའ་ངལ་འཕྲད་པ་མ་གཏོགས་ནད་གཞི་དམིགས་བསལ་གང་ཡང་མེད་པར་འགྲེལ་བརྗོད་དང་། སྤྱིར་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་འདས་པོ་ཁོང་འདྲེད་བརྡར་ཤོར་རྐྱེན་ཕྱིས་སུ་ཞབས་ཐང་ཕེབས་རྒྱུར་ངལ་བ་འཕྲད་ཡོད་པ་གསུངས་སོང་། རྡ་སར་ཡོད་པའི་ཁོང་གི་སྤུན་མཆེད་ཀྱིས་འདས་པོ་ཁོང་ལ་དུས་རྒྱུན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་གཟིགས་རྟོག་ཡག་པོ་གནང་གི་ཡོད་པ་དང་། སྤྱིར་བཙན་བྱོལ་དུ་འདས་པོ་ཁོང་ལྟ་བུ་ཆབ་སྲིད་བཙོན་ཟུར་མང་པོ་ཡོད་སྟབས་ཚོགས་སྐྱིད་དང་ལས་ཁུངས་གཞན་ནས་དེར་དཔེ་བླངས་ནས་སྐུ་ངལ་འཕྲད་མཁན་དག་ལ་རོགས་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།རྩ་བའི་ཨ་མ་ཨ་བདེ་ལགས་དམ་པ་དེ་ཉིད་ཁོང་ཁམས་ཉག་རོང་དུ་ཡབ་རྡོ་རྗེ་རབ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་མོར་འཁྲུངས་པ་དང་།  ཕྱི་ལོ་ ༡༩༥༠ འི་ནང་རྒྱ་ནག་གིས་བོད་བཙན་འཛུལ་སྐབས་འདས་པོ་ཁོང་གིས་སྣེ་ཁྲིད་པའི་འོག་ཁུལ་དེའི་བུད་མེད་ ༣༠༠ ཙམ་ཞིག་གིས་རྒྱ་གཞུང་ལ་ཁ་གཏད་ཀྱིས་འཐབ་རྒོལ་གནང་ཡོད་པའི་ཁྲོད་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་།  མི་ལོ་ ༢༧ ཙམ་རིང་གི་བཙོན་འཇུག་ཁྲོད་བུད་མེད་ ༣༠༠ ཡོད་པའི་ཁོངས་མཐར་ཨ་མ་ཨ་བདེ་གཙོས་བུད་མེད་བཞི་བཙོན་ཁང་ནས་གསོན་པོར་ལོག་ཐུབ་པ་མ་གཏོགས་གཞན་རྣམས་གནས་སྟངས་འདྲ་མིན་འོག་འདས་གྲོངས་སུ་གྱུར་ཡོད་པ་རེད། ཁོང་རྒྱ་གཞུང་གིས་འཛིན་བཟུང་སྐབས་དགུང་ལོ་ ༢༧ ལས་མིན་ཀྱང་རྒྱའི་དམག་མིར་བློ་སྤོབས་ལྡན་པའི་སྒོ་ནས་འདྲ་འདྲ་འཐབ་རྒོལ་གནང་མཁན་གྱི་ལོ་རྒྱུས་ཁྲོད་བུད་མེད་འཐབ་རྩོད་པ་སྙན་གྲགས་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་རེད།ཕྱི་ལོ་ ༡༩༨༧ ལོར་དམ་པ་ཁོང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་དང་སྦྲགས། ཁོང་ནས་རང་ཉིད་ཀྱིས་གཙོས་པའི་གཞིས་བཞུགས་བོད་མི་རྣམས་ཀྱི་བརྗོད་མི་ཐུབ་པའི་དཀའ་སྡུག་དེ་འཛམ་གླིང་སྤྱིར་མཁྱེན་རྟོགས་སླད་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དང་། དེ་བཞིན་རང་ཉིད་ཀྱི་ལོ་རྒྱུས་གཞིར་བཟུང་ཐོག་ The Voice that remembers ཞེས་དྲན་འོས་པའི་ཨ་མ་ཨ་བདེའི་འབོད་སྒྲ་ཞེས་པའི་ཕྱག་དེབ་ཅིག་འདོན་སྤེལ་གནང་ཡོད་པ་རེད། འདས་པོ་ཁོང་གི་སྐུ་ཕུང་གནངས་ཕྱི་ཚེས་ ༥ ཉིན་གྱི་སྔ་ཐོག་བཞུགས་འབུལ་གནང་རྒྱུ་ཡིན་པ་དང་། དེ་རིང་ཁོང་སྐུ་འདས་གྲོངས་སུ་གྱུརབའི་གནས་ཚུལ་ཐོན་མ་ཐག་ངོ་དེབ་སོགས་ཀྱི་བརྒྱུད་བོད་མི་མང་ཚོགས་དང་། རྒྱལ་སྤྱིའི་ཁྲོད་ཁོང་དང་ཐུག་འཕྲད་གནང་མྱོང་མཁན། ངོ་ཤེས་མཁན་ཚོས་ཁོང་ལ་མྱ་ངན་ཞུ་བཞིན་འདུག དེའི་ཁྲོད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཁོང་གི་སྙིང་སྟོབས་ལ་ཡི་རང་ཞུས་པ་དང་སྦྲགས་དམ་པ་ཁོང་གི་རྒྱལ་གཅེས་ཀྱི་ལྷག་བསམ་དང་སྙིང་སྟོབས་དེ་དག་དུས་ནམ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ངེས་རེད་ཞེས་སོགས་ཞུས་ཏེ་གདུང་སེམས་མཉམ་བསྐྱེད་ཞུས་འདུག དེ་རིང་ཕྱི་དྲོ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་གོ་སྒྲིག་འོག་ཨ་མ་ཨ་བདེ་ལགས་དམ་པ་དེ་ཉིད་ཀྱི་མཛད་རྗེས་ཁག་ལ་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མར་མེ་ཁྲོམ་སྐོར་ཞིག་གནང་རྒྱུ་རེད་འདུག  

རྒྱ་གཞུང་གིས་ཕྱི་ཕྱོགས་སུ་གསང་ལས་དང་རྨོངས་དད་ལ་ཁ་གཏད་གཅོག་རྒྱུ་ཞེས་པའི་ལས་འགུལ་སྤེལ་མུས།

རྒྱ་ནག་གཞུང་གིས་བོད་ཤར་ངོས་སུ་མང་ཚོགས་ལ་གོ་རྟོགས་དང་བདེ་འཇགས་ཞེས་ཁར་ཁྱེར་ནས་ཕྱི་ཕྱོགས་སུ་གསང་བའི་ལས་དོན་དང་ཆོས་ལུགས་རྨོངས་དད་སོགས་ལ་ཁ་གཏད་གཅོག་རྒྱུ་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་པ་དེ་མུ་མཐུད་ནས་ནར་འགྱངས་བྱེད་ཀྱི་ཡོད་པ་རེད་འདུགདེ་རིང་ཕྱི་ཟླ་ ༨ ཚེས་ ༣ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བར་རྒྱ་ནག་གཞུང་གིས་མི་མང་ལ་གོ་རྟོགས་སྤེལ་རྒྱུ་ཞེས་པའི་ལས་འགུལ་དེ་ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་མཚོ་སྔོན་ཞིང་ཆེན་མང་ར་རྫོང་གི་བྱ་མདོ་ཡུལ་ཚོ་རུ་འགོ་བཙུགས་ཡོད་པ་དང་། ལས་འགུལ་དེའི་ཁྲོད་ཕྱི་ཕྱོགས་སུ་གསང་བའི་ལས་དོན་དང་ཆོས་ལུགས་རྨོངས་དད་སོགས་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད་དེ་ཡིག་ཆ་ ༣༥༠ ཙམ་བགོ་འགྲེམས་བྱས་ཡོད་པ་མ་ཟད་ལས་དོན་དེ་དང་འབྲེལ་ཕྱི་ཟླ་ ༣ ཚེས་ ༤ དང་ ༥ ཉིན་རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཉེན་རྟོག་པས་དྲ་རྒྱ་ཞིབ་འཇུག་ཞེས་བརྗོད་དེ་མང་ར་ཁུལ་གྱི་གྲོང་གསེབ་ ༡༦ དང་དགོན་སྡེ་ཁག་ལྔར་མྱུལ་ཞིབ་བྱས་ཏེ་ Wechat འམ་སྐད་འཕྲིན་ཚོགས་པ་ ༧༥ སྒོ་རྒྱབ་ཡོད་པ་རེད་འདུག སྐད་འཕྲིན་ཚོགས་པ་ ༢༩༨ ཐོ་འགོད་བྱས་ཏེ་ཚོགས་པ་ ༢༢༣ ལ་བཙན་དབང་གིས་སྤྱི་ཚོགས་དཀྲུག་པའི་ལས་དོན་ཁག་གཉེར་རྒྱུ་མིན་པའི་འགན་ཡིག་བཞག་བཅུག་ཡོད་པ་སོགས་ཆེད་བཀོད་གནང་ཡོད།བོད་རང་དབང་ཚོགས་པས་མང་རའི་ཁུལ་གྱི་ལས་འགུལ་དེའི་རང་བཞིན་ནི་རྒྱལ་ཡོངས་སུ་ཁྱབ་པའི་ལས་འགུལ་ཞིག་ཡིན་པ་མ་ཟད་ཕྱི་ཕྱོགས་སུ་གསང་བའི་ལས་དོན་དང་ཆོས་ལུགས་རྨོངས་དད་སོགས་ལ་ཁ་གཏད་གཅོག་རྒྱུ་ཞེས་པའི་ལས་འགུལ་དེ་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་འགོ་བཙུགས་པ་ཞིག་དང་། ལས་འགུལ་དེའི་རྐྱེན་གྱིས་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་པའི་གནད་དོན་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཀྱང་རྒྱ་ནག་གཞུང་གི་ལས་འགུལ་དེ་ནི་ཆབ་སྲིད་གྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། བོད་མིའི་ཞི་བའི་ངོ་རྒོལ་གནང་བ་དང་གཞུང་ལ་སྐྱོན་འཛུགས་བྱེད་མཁན་དག་ལ་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཏེ་རང་གི་ལས་དོན་གཉེར་བཅུག་པ་དང་ནག་ཚོང་རྒྱག་པ་སོགས་ཀྱི་ནག་ཉེས་ལ་བརྩིས་ནས་ཁྲིམས་ཐག་གཅོད་ཀྱི་ཡོད་པ་ལུང་འདྲེན་གནང་འདུག

སྐུ་ཞབས་ Pompeo མཆོག་གིས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཐོག་ལྷན་ཞུགས་ཀྱིས་བོད་དོན་གླེང་བ།  

ཁ་སང་ཨ་རི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་རྒྱ་ནག་གིས་བོད་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་གླེང་སློང་དང་སྦྲགས་ཏེ་ཨ་རི་ཕྱི་སྲིད་ལྷན་ཁང་དང་རྒྱལ་ཁབ་ཀྱི་ནོར་སྲིད་ལྷན་ཁང་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོའི་གནད་དོན་དང་འབྲེལ་ལྷན་ཁང་གཉིས་མཉམ་མཐུན་གྱིས་དེ་འབྲེལ་ཐད་ཐག་གཅོད་གནང་བཞིན་ཡོད་པ་གསུངས་འདུག སྐུ་ཞབས་ Pompeo མཆོག་གིས་ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཐོག་ལྷན་ཞུགས་ཀྱིས་རྒྱ་ནག་དང་འབྲེལ་གནད་དོན་གླེང་སློང་གནང་སྐབས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Cory Gardner ལགས་ཀྱིས་རྒྱ་ནག་གིས་ཡུ་གུར་གྱི་ཁ་ཆེ་མི་རིགས་རྣམས་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་བཀག་ཉར་བྱས་པ་དང་། དེ་བཞིན་བོད་མིའི་ཐོག་དྲག་གནོན་བྱས་པ། ལྷག་པར་དུ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་རྒྱ་ནག་ནས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་གྲོས་མོལ་གནང་རྒྱུར་ཁས་ལེན་བྱེད་ཀྱི་མེད་པ་སོགས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་ཚུལ་ཁག་ལུང་འདྲེན་གྱིས་ཨ་རི་ནས་དེ་འབྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་སྲིད་དོན་གྱི་ཉེས་ཆད་བཀལ་རྒྱུར་ཐག་གཅོད་གནང་ཡོད་ཀྱང་། སྲིད་གཞུང་ནས་ད་དུང་དེ་འབྲེལ་རྒྱ་ནག་གི་དཔོན་རིགས་ཚོར་ Global Magnitsky  ཁྲིམས་འཆར་འོག་ཉེས་ཆད་འགེལ་རྒྱུའི་ཐད་གང་གནང་གི་ཡོད་མེད་དྲིས་པར་སྐུ་ཞབས་ Pompeo མཆོག་གིས་གནད་དོན་འདིའི་ཐད་ཨ་རི་ཕྱི་སྲིད་ལྷན་ཁང་དང་རྒྱལ་ཁབ་ཀྱི་ནོར་སྲིད་ལྷན་ཁང་གཉིས་ནས་མཉམ་མཐུན་གྱིས་ཕྱག་ལས་གནང་བཞིན་ཡོད་སྐོར་གསུངས་འདུག གཞི་རྩའི་ཉེ་བའི་ཟླ་ཤས་ནས་ཨ་རྒྱ་གཉིས་ཀྱི་དབར་ཆབ་སྲིད་ཀྱི་རྩོད་རྙོག་མི་ཉུང་བ་བྱུང་ཡོད་པ་མ་ཟད་ཉེ་ལམ་ཨ་རི་སྲིད་གཞུང་ནས་ཡུལ་དེའི་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་སླད་ཨ་རིར་གསང་བའི་གནད་དོན་ལ་སོ་མྱུལ་བྱེད་པོ་གཙོ་བོ་ཧུས་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་སྒོ་བརྒྱབ་པའི་བཀའ་རྒྱ་བཏང་བ་དང་། ཨ་རིའི་བྱེད་ཕྱོགས་དེར་འཁོན་ལན་ཚུལ་དུ་རྒྱ་ནག་གིས་ཁྲན་ཏུའི་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་སྒོ་བརྒྱབ་ཡོད་པ་རེད། སྤྱིར་དེ་སྔ་ཏོག་དབྱིབས་གཉན་རིམས་༡༩ ཁྱབ་གདལ་སྐབས་ཨ་རི་ནས་རྒྱ་ནག་གི་ནད་ཡམས་དེ་སྟངས་འཛིན་ལེགས་པོ་བྱེད་ཀྱི་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། ཨ་རི་ནས་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་འདོན་གནང་རྒྱུ་གསལ་བསྒྲགས་གནང་ཡོད་པ་རེད།

བོད་མི་ཁེར་རྐྱང་གིས་རྒྱ་ནག་གཞུང་ཚབ་མདུན་དུ་ལྷག་དཀར་ལས་འགུལ་དབུ་འཛུགས།

ཡོ་རོབ་རྒྱལ་ཁབ་སྦེལ་འཇམ་ནང་གནས་སྡོད་བོད་མི་མིག་དམར་ཚེ་རིང་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་ཁུལ་དེའི་རྒྱ་ནག་གཞུང་ཚབ་མདུན་དུ་དགོས་འདུན་དོན་ཚན་ལྔ་ཅན་ཆེད་འདོན་གྱིས་རྒྱ་གཞུང་གིས་བྱ་སྤྱོད་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་དབུ་འཛུགས་གནང་འདུགཉེ་ཆར་བོད་རིགས་གནས་ཡུལ་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་དུ་རྒྱ་གཞུང་གྱི་བྱ་སྤྱོད་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་བརྒྱུད་སྤེལ་བཞིན་ཡོད་པའི་ཁྲོད་འདིར་ཁ་སང་རེས་གཟའ་ལྷག་པ་སྟེ་༸སྐུའི་བླ་གཟའ་ལྷག་དཀར་ཉིན་མོར་སྦེལ་འཇམ་ནང་གནས་སྡོད་བོད་མི་མིག་དམར་ཚེ་རིང་ལགས་ཀྱིས་སྦེལ་འཇམ་གྱི་རྒྱལ་ས་སྦར་སིལ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོས་སུ་ལྷག་དཀར་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག སྐབས་དེར་ཁོང་གིས་བོད་མིའི་ངོ་བོ་མཚོན་པའི་སྟོད་ཐུང་གྱོན་ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། དེ་བཞིན་རྒྱ་གཞུང་ནས་༸གོང་ས་མཆོག་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་འཕྲལ་མར་གློད་བཀྲོལ་དགོས་པ། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྒྱུ་རྐྱེན་ཡོངས་རྫོགས་རྒྱ་གཞུང་ནས་ངོས་ལེན་བྱེད་དགོས་པ། རྒྱ་གཞུང་ནས་ཁོར་ཡུག་གཏོར་བཤིག་གི་བྱ་སྤྱོད་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་ཅན་ཆེད་འདོན་གྱིས་ཞི་བའི་ལས་འགུལ་སྤེལ་ཡོད་པ་རེད།མིག་དམར་ཚེ་རིང་ལགས་ཀྱིས་རླུང་འཕྲིན་ཁང་ལ་ཁོང་ནས་རྒྱ་ནག་གཞུང་ཚབ་མདུན་ངོས་སུ་བོད་དོན་ལས་འགུལ་སྤེལ་བ་དེ་ནི་བོད་དོན་བདེན་མཐའ་མ་སེལ་བར་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་དེ་ལྟར་སྤེལ་ངེས་ཡིན་པ་གསུངས་སོང་། རྩ་བའི་རྒྱ་ནག་གཞུང་ཚབ་མདུན་དུ་ལྷག་དཀར་ཉིན་བོད་དོན་ལས་འགུལ་སྤེལ་བ་དེ་ས་གནས་སྦེལ་འཇམ་བོད་རིགས་ཚོགས་པ་དང་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཐུན་འགྱུར་འོག་མིག་དམར་ཚེ་རིང་ལགས་ཁེར་རྐྱང་གིས་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། ཁ་སང་ལས་འགུལ་དབུ་འབྱེད་སྐབས་སྦེལ་འཇམ་བོད་རིགས་ཚོགས་པའི་སྐུ་ཚབ་འཐུས་མི་སོགས་ནས་ནས་མཉམ་ཞུགས་གནང་ཡོད།

དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་གནང་བ།

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་ནམ་ཡིན་སྐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ལྟར། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་དགོས་པ་ལྟར། ཁ་སང་ཉིན་རྒྱབ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་གྱི་ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༢༤ པའི་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཐོག་ནས་བདམས་ཐོན་བྱུང་འདུགདེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་དོན་ཚན་ ༩༧ གྱི་ནང་གསེས་ ༢ པའི་ཀ་པ་དང་ཁ་པ་གཉིས་སུ་གསལ་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། དེ་བཞིན་སྲིད་སྐྱོང་བཅས་ལས་བགྲུབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་འོས་བསྡུའི་འགན་འཛིན་ལས་འཕར་གྱི་འོས་དམིགས་ཁོངས་སུ་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་བདེ་ལེགས་དབང་མོ་ལགས་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་མི་བསྟན་འཛིན་དོན་ཡོད་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། སྨན་རྩིས་ཁང་གི་སྨན་རམས་པ་ཆོས་ལོ་ཐར་ལགས་བཅས་འཆར་འབུལ་གནང་པའི་ཐོག ཁ་སང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་སྒྲོལ་མ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཀྱིས་བདམས་ཐོན་བསྐོ་བཞག་གནང་འདུགད་རེས་བསྐོ་གཞག་བྱུང་བའི་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ནི་བསླེབ་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོར་དམིགས་པ་ཞིག་ཡིན་པ་ལྟར། ཁོང་རྣམ་པའི་ལས་ཡུན་ནི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གྱི་བར་དུ་ཆགས་ཀྱི་ཡོད་པ་རེད།དེ་རིང་འདི་ག་རླུང་འཕྲིན་ཁང་གིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོག་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེར་འབྲེལ་བཀའ་དྲི་ཁག་ཅིག་ཞུ་སྐབས། དབུས་འོས་བསྡུ་ལས་ཁང་གིས་དེ་སྔ་ནས་བོད་མི་གནས་ཡུལ་ས་གནས་ཁག་ཏུ་ཟབ་སྦྱོང་དང་། དེ་བཞིན་རིམ་པས་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་བསྐོ་བཞག་སོགས་ཀྱི་ཐད་ལ་འབྲེལ་བ་ཞུས་ཟིན་པ་དང་། དེ་ནས་རིམས་པས་ཁ་སང་བསྐོ་བཞག་བྱུང་བའི་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱི་དམ་འབུལ་གྲུབ་མཚམས་སུ་འོས་བསྡུའི་ལས་དོན་ཁག་ཁ་གསལ་ཆགས་རྒྱུ་དང་། ལྷག་པར་དུ་ད་ལྟའི་ཏོག་དབྱིབས་རིམ་ནད་ཀྱི་ཛ་དྲགས་གནས་སྟངས་ལ་ལྟོས་མེད་འོས་བསྡུའི་ལས་རིམ་ཁག་དུས་ཐོག་ལ་འགྲོ་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་སོང་།

ཡུ་རོབ་ཕྱི་འབྲེལ་ལྷན་ཚོགས་ཀྱིས་བོད་ནང་གི་གནད་དོན་ཐད་མུ་མཐུད་ཐུགས་སྣང་གཟབ་ནན་གནང་རྒྱུ་མངོན་གསལ།

ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Isabel Santos ལགས་ཀྱིས་ཡིག་ཐོག་བརྒྱུད་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Josep Borrell མཆོག་ལ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་སྐྱོང་གི་གནས་བབ། དེ་བཞིན་བལ་ཡུལ་དང་རྒྱ་ནག་གི་གྲོས་ཆོད་སོགས་ཀྱིས་བོད་མིར་ཉེན་ཚབས་ཡོད་མེད་སོགས་ཀྱི་དྲི་བ་དྲིས་པར་ཕྱི་སྲིད་བློན་ཆེན་མཆོག་གིས་ཟླ་ ༧ ཚེས་ ༢༤ ཉིན་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་མཐུན་ཚོགས་ཀྱིས་དུས་རྒྱུན་ནས་རྒྱ་ནག་དང་ལྷན་དུ་གོ་སྐབས་ནམ་བྱུང་ཁྲོད་བོད་མིའི་གནད་དོན་གླེང་སློང་བྱེད་ཀྱི་ཡོད་པ་དང་། མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ངོས་ནས་བོད་ནང་གི་གནད་དོན་ལ་མུ་མཐུད་ཐུགས་སྣང་གཟབ་ནན་གནང་རྒྱུ་དང་། རྒྱ་ནག་གིས་བོད་མིའི་ཐོབ་ཐང་ལ་གུས་བརྩི་ཡོང་བའི་ཐུགས་རེ་མུ་མཐུད་ནས་གནང་བཞིན་ཡོད་པ་གསུངས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་ཡུ་རོབ་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Isabel Santos ལགས་ཀྱིས་རྒྱ་ནག་གིས་འདི་ལོའི་ལོ་འགོར་བོད་ནང་དུ་གྲངས་ཉུང་མི་རིགས་མཐུན་སྒྲིལ་ཞེས་པའི་ཁྲིམས་སྒྲིག་ཅིག་བཟོས་ཏེ་བོད་ཁུལ་གྱི་སྔོན་འགྲོ་སློབ་གྲྭ་ཁག་ཏུ་བྱིས་པ་རྣམས་ཀྱི་ནང་མི་དང་མི་སྒེར་གྱི་ཐོབ་ཐང་ལ་ཐེ་བྱུས་བྱས་ཏེ་ལྟ་གྲུབ་ཀྱི་དྲིལ་བསྒྲགས་སྤེལ་གྱི་ཡོད་པ་ཡོངས་གྲགས་ཀྱིས་སྐུ་ཞབས་ Josep Borrell མཆོག་ལ་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་བོད་མིའི་རང་སྐྱོང་གི་གནས་བབ་དང་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐད་ཐུགས་འགན་གང་བཞེས་ཀྱི་ཡོད་དམ་ཞེས་དྲི་བ་ཞུས་ཡོད་པ་རེད། དེའི་བཀའ་ལན་དུ་ཕྱི་འབྲེལ་བློན་ཆེན་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཟླ་ ༦ ཚེས་ ༢༢ ཉིན་འཚོགས་པའི་ཡུ་རོབ་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་དང་། དེའི་གོང་ཚེས་ ༩ ཉིན་ཚོགས་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་སྐུ་ཞབས་ Borrell ལགས་གཉིས་དབར་གྱི་འཐབ་བྱུས་དང་འབྲེལ་བའི་ལྷན་ཚོགས། གཞན་ཡང་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་སོགས་ཕྱི་ནང་གསང་གསུམ་གྱི་གོ་སྐབས་ནམ་བྱུང་ཁྲོད་བོད་ཀྱི་གནད་དོན་གླེང་སྟེ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་བཀག་སྡོམ་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གི་ཐད་ནས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་པ་མ་ཟད། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྤྱི་དང་བོད་ཁུལ་དུ་འདྲ་མཉམ་འགྲོ་སྐྱོད་གྱི་ཐོབ་ཐང་མེད་པའི་གནད་དོན་བཅས་ཀྱི་ཐོག་ཐུགས་སྣང་གནང་གི་ཡོད་པའི་ལན་འདེབས་གནང་འདུགདེ་བཞིན་ཁོང་གིས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་གྲོས་ཆོད་བཞག་པར་བརྟེན་བོད་མི་རྣམས་ཀྱི་འགྲོ་འདུག་ལ་དོ་ཕོག་གཏོང་གི་ཡོད་མེད་ཀྱི་ཐོག་བཀའ་འདྲི་ཞུས་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྔར་ལོར་བལ་ཡུལ་དུ་འབྱོར་དུས་ཕྱོགས་གཉིས་ཀྱི་བར་དུ་གྲོས་ཆོད་གང་ཡང་བཞག་མེད་ནའང་། སྐབས་དེར་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་གནས་ཚུལ་བརྗེ་ལེན་བྱེད་ཕྱོགས་ཀྱི་ཐོག་ནས་མཉམ་ལས་བྱེད་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད་པ་ལས་དམིགས་བསལ་གྱི་གྲོས་ཆོད་གང་ཡག་བཞག་མེད་པར་ལན་འདེབས་གནང་བ་དང་སྦྲགས། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་འབྲེལ་ལམ་ཇེ་བཟང་དུ་བཏང་བ་དེས་གཅིག་བྱས་ན་བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་དོ་ཕོག་འགྲོ་སྲིད་པར་བརྟེན་ཡུ་རོབ་ཕྱི་འབྲེལ་ལྷན་ཚོགས་ཀྱིས་གནད་དོན་དེར་ཞིབ་ཚགས་ཀྱིས་ཐུགས་སྣང་གནང་གི་ཡོད་པར་ལན་འདེབས་གནང་ཡོད་པ་རེད། གཞི་རྩའི་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་ Borrell མཆོག་གིས་ཟླ་བ་འདིའི་ཟླ་སྟོད་དུ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པར་ངོ་རྒོལ་ཡོད་པ་དང་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཡུ་རོབ་མཐུན་ཚོགསནས་རྒྱ་ནག་སྲིད་གཞུང་ལ་མུ་མཐུད་གནོན་ཤུགས་སྤྲད་དེ་བོད་ནང་དུ་རང་དབང་གིས་འདྲ་མཉམ་འགྲུལ་སྐྱོད་ཡོང་ཐབས་སླད་འབད་བརྩོད་གནང་རྒྱུ་ཡིན་སྐོར་གསུང་མྱོང་ཡོད་པ་རེད།

བོད་ནང་དུ་དྲང་བདེན་གྱི་ཁྲིམས་བཤེར་ལག་བསྟར་བྱེད་ཀྱི་མེད་པའི་སྙན་ཐོ་འདོན་སྤེལ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་སྲིད་གཞུང་གི་ཁྲིམས་ཀྱི་ལམ་ལུགས་ནང་དྲང་བདེན་གྱི་ཁྲིམས་བཤེར་ལག་བསྟར་བྱེད་ཀྱི་མེད་པ་དེ་ནི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་བཞིན་པའི་རྒྱུ་རྐྱེན་ཆེ་གྲས་ཤིག་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། དྲང་བདེན་གྱི་ཁྲིམས་བཤེར་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་སེམས་འཚབ་ཀྱིས་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ལྟེ་གནས་ཁང་དེས་དེ་རིང་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་རྒྱ་ནག་གིས་བོད་མི་རྣམས་གང་བྱུང་བཀག་སྐྱིལ་དང་འཛིན་བཟུང་བྱས་པ། དེ་བཞིན་བོད་མི་རྣམས་ཀྱི་རང་དབང་ལ་བཀག་སྡོམ་དང་བཙན་དབང་གི་ནག་ཉེས་ཁས་ལེན་བྱེད་དུ་བཅུག་པ། ཁྲིམས་བཤེར་གྱི་ཐོབ་ཐང་མེད་པ་དང་ཁྲིམས་ལུགས་ཀྱི་རང་དབང་བྲལ་བ་སོགས་ཀྱི་གནད་དོན་ཁག་ཅིག་འབུར་འདོན་གནང་སྟེ། བོད་ནང་དུ་ཉེས་དོན་ཁྲིམས་བཤེར་གྱི་ལམ་ལུགས་ལ་བསྐྱར་བཅོས་བྱས་ཏེ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་དགོངས་ཚུལ་བཏོན་པ་མ་ཟད། ཨ་ཉག་སེང་སྒྲ་དང་བཀྲིས་དབང་ཕྱུག་ལགས་ཀྱི་སླད་ཁྲིམས་རྩོད་གནང་མྱོང་ཡོད་མཁན་ Lin Qilei ལགས་ཀྱིས་གཙོས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁག་ཅིག་ལ་བཅར་འདྲི་ཞུས་པ་བརྒྱུད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་ལ་དཀའ་ངལ་ཇི་ཙམ་འཕྲད་བཞིན་པའི་གནད་དོན་སྐོར་གསལ་འདོན་གནང་ཡོད་སྐོར་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་ཡོད།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཐེངས་འདིར་འདོན་སྤེལ་གནང་བའི་སྙན་ཐོའི་སྔོན་གླེང་ནང་བོད་ནང་དུ་ཕྱི་ལོ་ ༢༠༠༨ ཀྱི་ས་བྱི་ལོའི་བོད་ས་ཡོངས་ཀྱི་ཞི་རྒོལ་བྱུང་ནས་མི་ལོ་ཧྲིལ་པོ་བཅུ་གཉིས་ཕྱིན་པའི་དུས་སྐབས་འདིར་ཡང་རྒྱ་ནག་གིས་བོད་ཁུལ་དུ་བོད་མི་ག་ཚོད་ཅིག་འཛིན་བཟུང་བྱས་པ་དང་། བཙོན་ཁང་དུ་ག་ཚོད་ཤི་བ་དང་ཁྲིམས་ཐག་བཅད་པ་སོགས་ཀྱི་གཞུང་འབྲེལ་གྱི་གྲངས་ཐོ་ཕྱིར་འདོན་བྱས་མེད་པར་ཡོངས་གྲགས་གནང་བ་མ་ཟད། ༢༠༡༩ ལོར་བོད་གནས་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་མི་ ༨༠ ཙམ་འཛིན་བཟུང་བྱས་ནས་ལོ་བཅུ་ཙམ་འགོར་གྱི་ཡོད་ཀྱང་། རྒྱ་ནག་གིས་དུས་ད་ལྟའང་ཁོང་ཚོའི་ནག་ཉེས་དང་གར་ཡོད་ཀྱི་གནས་སྟངས་ཕྱིར་བསྒྲགས་བྱས་མེད་པར་ལྷག་ཡོད་པ་ཕྱིར་བསྒྲགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་གནད་དོན་འདིར་འདྲི་ཞིབ་གནང་དགོས་ལུགས་འཁོད་འདུག ལྟེ་གནས་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ས་གནས་ཀྱི་ཐོབ་ཐང་ཚོགས་པ་ཁག་གིས་ཉེས་དོན་ཁྲིམས་བཤེར་དང་དེ་བཞིན་ཁྲིམས་སྒྲིག་དང་འཛིན་སྐྱོང་སོགས་ཀྱི་གནད་དོན་ཅི་འདྲ་ཞིག་ལ་ཁྲིམས་བཤེར་མ་བྱས་སྔོན་ནས་དྲང་བདེན་གྱི་ཁྲིམས་བཤེར་ཡོང་བར་ཁག་ཐེག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་སུ་ཡང་ཁྲིམས་ལུགས་དབང་སྒྱུར་གྱི་ཆ་རྐྱེན་ཁག་གསལ་ཡོད་ནའང་རྒྱ་ནག་དམར་ཤོག་ཚོགས་པས་རྩ་ཁྲིམས་ལས་བརྒལ་བའི་ཆེས་མཐོ་ཡི་དབང་ཚད་ལོག་པར་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་སྲུང་དང་སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་མིང་ཐོག་ནས་གྱོད་དོན་ཡོད་ཚད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པར་བརྟེན་ཁྲིམས་རྩོད་པ་རྣམས་ནས་དྲང་བདེན་གྱི་ཁྲིམས་བཤེར་བྱེད་ཐུབ་ཀྱི་མེད་པར་འཁོད་འདུག བོད་ཀྱི་ཆབ་སྲིད་བཙོན་པ་ཨ་ཉག་སེང་སྒྲ་དང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སླད་དུ་ཁྲིམས་རྩོད་གནང་མྱོང་ཡོད་མཁན་ Lin Qilei ལགས་ཀྱིས་སྙན་ཐོ་དེའི་ནང་རྒྱ་ནག་གི་ཁྲིམས་ཁང་ནི་དམར་ཤོག་ཚོགས་པའི་ལས་ཁུངས་ལྟ་བུ་ཡིན་པ་དང་། དེའང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་དྲག་གནོན་བྱས་པ་ཁོ་ན་མ་གཏོགས། དེའི་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཡོང་ཐུབ་ཐབས་མེད་སྐོར་གསུངས་པ་མ་ཟད། ཨ་རིར་གནས་བཞུགས་རྒྱ་རིགས་ཁྲིམས་རྩོད་པ་ Ting Biao ཡིས་བོད་མི་དང་འབྲེལ་བའི་ཁ་མཆུ་ཅི་འདྲ་ཞིག་ཡིན་རུང་དེ་དག་ཧ་ལམ་ཡོངས་རྫོགས་ཆབ་སྲིད་དང་འབྲེལ་བ་འདོགས་ཀྱི་ཡོད་སྟབས་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ཀྱིས་ཁ་མཆུ་དེའི་རིགས་ཁས་ལེན་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ཁ་མཆུ་ཁས་ལེན་བྱེད་མཁན་ཁྲིམས་རྩོད་པ་རྣམས་རྙོག་གྲ་སློང་མཁན་དང་གཞུང་དང་ལྟ་བ་མི་མཐུན་མཁན་ལ་ངོས་འཛིན་བྱས་པ་མ་ཟད། ཁྲིམས་དཔོན་རྣམས་ཀྱང་རང་དབང་མེད་པར་དཔོན་རིགས་གོང་མའི་ཤུགས་རྐྱེན་འོག་གནས་བཞིན་པ་མངོན་གསལ་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་གིས་ཐེངས་འདིའི་སྙན་ཐོ་བརྒྱུད་ནས་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་གྲོས་མཐུན་ལ་ཁས་ལེན་ལག་བསྟར་དགོས་པ་དང་། དྲང་བདེན་གྱི་ཁྲིམས་བཤེར་གཙོ་བོར་བཟུང་པའི་ཁྲིམས་ཀྱི་ལམ་ལུགས་ལག་བསྟར་དགོས་པ། དེ་བཞིན་བཙན་དབང་གི་ནག་ཉེས་ངོས་ལེན་གྱི་ལས་དོན་མཚམས་འཇོག་དང་ཁྲིམས་གཏུག་བརྒྱུད་བདེན་པ་ར་སྤྲོད་མ་བྱས་གོང་དུ་ཉེས་ཅན་པར་ངོས་འཛིན་ཆོག་གི་མེད་པ། ལྷག་དོན་ཞི་བའི་སྒོ་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་རྐྱེན་གྱིས་གང་བྱུང་འཛིན་བཟུང་བྱས་པའི་བོད་མི་ཡོངས་རྫོགས་གློད་བཀྲོལ་དགོས་པ་སོགས་ཀྱི་འབོད་སྐུལ་དོན་ཚན་ཁག་ཅིག་ཆེད་འདོན་གནང་འདུག

Latest news