Tibetan Royal Year of 2151 | Year of the Wood Dragon

བོད།

བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་འབྲེལ་ནས་ཆུ་དམར་ལེབ་རྫོང་ནས་བོད་མི་གཉིས་འཛིན་བཟུང་།

བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་འབྲེལ་ནས་བོད་ནང་སྤྱི་ཚོགས་དྲྭ་ལམ་སྐད་འཕྲིན་བརྒྱུད་སྲིད་སྐྱོང་སྐོར་གྱི་སྒྲ་སྒམ་ཞིག་བརྒྱུད་སྤེལ་གནང་བར་བརྟེན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་ཆུ་དམར་ལེབ་རྫོང་ནས་ཡིན་པའི་བོད་མི་གཉིས་འཛིན་བཟུང་དང་ཁག་ཅིག་ལ་འདྲི་རྩད་བྱས་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ། ཉེ་ལམ་ཕྱི་ཚེས་ ༦ ཉིན་མཚོ་སྔོན་ཞིང་ཆེན་ཡུ་ཤུལ་ཁུལ་གྱི་ཆུ་དམར་ལེབ་རྫོང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྲིད་སྐྱོང་སྐོར་གྱི་གནས་ཚུལ་ཞིག་བརྒྱུད་སྤེལ་གནང་བའི་ཉེས་མིང་འོག་ཚོགས་མི་ ༣༥༠ ཙམ་ཡོད་པའི་ཆིག་སྒྲིལ་ཚོགས་པ་ཞེས་པའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་བོད་མི་སྐ་ཁོ་ལགས་དང་། གནམ་ཡག་ལགས་རྣམ་གཉིས་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ལས་ཁུངས་སུ་འཁྲིད་འདུག་པར་མ་ཟད། འབྲེལ་ཡོད་མི་སྣ་ཁག་ཅིག་ལའང་འདྲི་རྩད་སོགས་བྱས་ཏེ་དཀའ་ངལ་འཕྲད་བཞིན་ཡོད་འདུག འཛིན་བཟུང་བྱས་པའི་བོད་མི་གཉིས་པོའི་སྐོར་ལ་ཞིབ་རྒྱས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག ས་གནས་མགོ་ཁྲིད་དང་ལས་མི་སོགས་གྲོང་སྡེ་དང་འབྲོག་ས་ཁག་ཏུ་སོང་ནས་མི་མང་ལ་གང་བྱུང་འདྲི་རྩད་དང་ཁ་པར་ནང་གི་སྐད་འཕྲིན་སོགས་ལ་སྔོག་བཤེར་བྱས་ཏེ་ས་གནས་དང་ཡུལ་ལྗོངས་ཀྱི་པར་རིས་ཙམ་ལས་མི་སྣ་སོགས་ཀྱི་པར་ཉར་ཚགས་མི་ཆོག་པར་ནག་གསུབ་དགོས་ ཡོད་སྐོར་བརྗོད་པར་འགྲེལ་བརྗོད་གནང་འདུག གཞི་རྩའི་བོད་དང་རྒྱ་ནག་ཏུ་དྲ་རྒྱའི་མ་ལག་ཡོད་ཚད་ལ་སྲིད་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད་སྟབས་བོད་ཁུལ་དུ་སྐད་འཕྲིན་ཚོགས་པ་སོགས་ལ་དུས་ནས་དུས་སུ་ཞིབ་བཤེར་གྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་མཁན་དང་༸གོང་ས་མཆོག་གི་༸སྐུ་པར་བརྒྱུད་སྐུལ་བྱེད་མཁན། དེ་བཞིན་དྲ་ལམ་ནས་ཕྱི་ཕྱོགས་སུ་ཡོད་པའི་གཉེན་ཉེ་ལ་འབྲེལ་བ་བྱེད་མཁན་སོགས་གང་བྱུང་དུ་བཀག་སྐྱིལ་གྱིས་བཙོན་འཇུག་བྱས་པའི་གནད་དོན་རིམ་པ་བྱུང་དང་འབྱུང་བཞིན་ཡོད་པར་མ་ཟད། ཉེ་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་དང་དྲ་རྒྱ་སྤྱད་དེ་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག་ཅེས་པའི་བརྡ་ཁྱབ་ཅིག་ཕྱིར་བསྒྲགས་ཀྱིས་བོད་མི་རྣམས་ཀྱིས་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོར་རང་སྲེག་གནང་མཁན་གྱི་གནད་དོན་གཞི་ནས་ཤེས་རྟོགས།

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་ད་བར་བོད་མི་ ༡༥༦ ཙམ་གྱིས་རང་ལུས་སྲེག་གནང་བའི་གནས་ཚུལ་ཐོན་ཡོད་པ་ལྟར་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་ལོ་ལྔའི་རྗེས་སུ་གཞི་ནས་ཤེས་རྟོགས་བྱུང་འདུགདེ་རིང་བོད་མིའི་སྒྲིགས་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོང་ཟེར་བའི་འབྲི་རུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་རྡལ་ནས་ཡིན་པ་བོད་མི་ཤུར་མོ་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ནག་ཆུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་རྡལ་དུ་སྤྱི་འཁོར་འབབ་ཚུགས་ཤིག་ཡོད་པ་དེའི་ཉེ་འཁྲིས་སུ་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་མངོན་གསལ་གནང་འདུག སྐབས་དེར་ཁོང་གིས་རང་ལུས་མེར་སྲེག་བཏང་མ་ཐག་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཤག་ཆུ་ཁ་ས་གནས་ཀྱི་སྨན་ཁང་དུ་འཁྱེར་ཡོད་ཀྱང་ཉིན་དེར་སྐུ་ཚེ་མ་ཟིན་པར་འདས་གྲོངས་སུ་གྱུར་འདུག དེ་རྗེས་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་གནད་དོན་དང་འབྲེལ་ནས་ཁོང་གི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཡོད་པ་དང་། བོད་མི་གསུམ་པོ་དེ་དག་ད་བར་བཙོན་ཁང་གང་གི་ནང་དུ་ཡོད་མེད་དང་ འདས་སོན་གང་ཡིན་གྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་འདུག ཤུར་མོ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་བོད་མི་མང་པོས་དངོས་སུ་མཐོང་ཡོད་ཀྱང་། རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་གནས་ཚུལ་ད་བར་ཕྱིར་བསྒྲགས་མེད་པར་ལུས་འདུག གཞི་རྩའི་བོད་ནང་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་རྗེས་རྒྱ་གཞུང་གིས་བོད་ཐོག་ཆེས་དྲག་གནོན་གྱི་སྲིད་བྱུས་འཛིན་པར་ངོ་རྒོལ་གྱིས་ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ པའི་ནང་བོད་མདོ་སྨད་རྔ་བ་ཁུལ་དུ་གྲྭ་བློ་བཟང་བཀྲིས་སམ་བཀྲ་སྦེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས་བཟུང་ད་བར་བོད་མི་ ༡༥༦ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་ད་བར་བོད་མི་དེ་དག་གི་མངོན་འདོད་གང་ཡིན་ཤེས་ཐབས་སུ་བོད་ནང་གི་གནས་སྟངས་ཡར་རྒྱས་ལས་ལྡོག་སྟེ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་འཇིགས་སྐུལ་བར་ངོས་འཛིན་གྱིས་བོད་མི་དེ་དག་དང་ནང་མི་ཉེ་འབྲེལ། དེ་བཞིན་གྲོང་ཚོ་དང་དགོན་པ་སོགས་ཡོངས་ལ་ཉེས་ཆད་བཏང་བའི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་རེད།

བོད་གཞིས་རྩེར་དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་ཆེ་གྲས་ཤིག་གསར་རྒྱག

རྒྱ་ནག་གཞུང་གིས་བོད་གཞིས་ཀ་རྩེའི་ལྷོ་ཕྱོགས་ས་ཁུལ་དུ་དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་ཆེ་གྲས་ཤིག་གསར་རྒྱག་བྱེད་བཞིན་ཡོད་པ་དང་རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ཅིག་གིས་དམག་སྒར་དེ་ནི་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་བར་དུ་རྒྱ་ནག་གི་དམག་དོན་ལས་གཞི་མཐུད་སྦྱོར་དང་སྔར་ལྷག་རྒྱ་སྐྱེད་བྱ་རྒྱུའི་ཆེད་ཡིན་པ་གསུངས་འདུགཁ་སང་གསང་བའི་ལས་དོན་གཉེར་མཁན་གྱི་སྡེ་ཁག་ detresfa ཞེས་པས་ཉེ་འཆར་ཟུང་སྐར་འཕྲུལ་ཆས་བརྒྱུད་རྒྱ་ནག་གཞུང་ནས་བོད་གཞིས་ཀ་རྩེའི་ལྷོ་ངོས་སུ་དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་ཆེ་གྲས་ཤིག་གསར་རྒྱག་བྱེད་བཞིན་པའི་པར་རིས་ཤིག་ཁྱབ་བཞིན་པ་དང་སྦྲགས། དམག་འགུལ་ཐབས་བྱུས་ཀྱི་ལྟེ་གནས་དེ་ནི་བོད་ཁུལ་དུ་ཡོད་པའི་རྒྱ་ནག་གི་དམག་མི་ལ་མཐུན་རྐྱེན་སྐྲུན་སའི་ལྟེ་གནས་གཙོ་གྲས་ཤིག་དང་དེ་བཞིན་ཁུལ་དེར་ཡོད་པའི་མེ་འཁོར་འབབ་ཚུགས་དང་། གནམ་ཐང་སོགས་འགྲུལ་བཞུད་ཀྱི་ས་ཚིག་ཁག་ལ་ཐད་ཀར་མཐུད་དེ་མ་འོངས་པར་རྒྱ་ནག་གི་དམག་གི་ལྟེ་བའི་ས་ཚིགས་ཤིག་བཟོ་འཆར་ཡོད་པ་བཀོད་འདུག གཞི་ཀ་རྩའི་ཁུལ་གྱི་དམག་འགུལ་ཐབས་བྱུས་ལྟེ་གནས་དེའི་ཉེ་ཁྲིས་སུ་ས་དོང་འབྲུ་ནས་ས་འོག་གི་དམག་དོན་ལས་གཞི་ཁག་ཅིག་ཀྱང་གྲ་སྒྲིག་བྱེད་བཞིན་པ་གསུངས་འདུག གནད་དོན་དེ་དང་འབྲེལ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་ཤུགས་རྐྱེན་ཞེས་པའི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པར་རྒྱ་ནག་གི་ཐབས་བྱུས་དེ་དག་ས་མཚམས་ཁུལ་དུ་དམག་གི་ནུས་ཤུགས་རྒྱ་སྐྱེད་གཏང་རྒྱུ་དང་བོད་ནང་ལ་རྒྱ་ནག་གི་དམག་དཔུང་སྟོང་ཕྲག་ ༥༠ ལྷག་བཏང་བ་དེས་བོད་ནང་ལ་རང་བཞིན་གྱིས་དམ་དྲགས་ཆེ་རུ་འགྲོ་ངེས་པར་མ་ཟད་ཧི་མཱ་ལ་ཡའི་ས་ཁུལ་སྤྱིའི་བདེ་འཇགས་དང་ཞི་བདེ་ལྷིང་འཇགས་ཐོག་ལའང་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་ཅེས་གསུངས་སོང་། དེ་བཞིན་རྒྱ་གར་གྱི་ Hindustan Times གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་ཡོ་རོབ་སྦེལ་འཇམ་ནང་གནས་བཞུགས་བདེ་འཇགས་དམག་གྱི་སྐོར་དཔྱད་ཞིབ་གནང་མཁན་ Sim Tack ལགས་ཀྱིས་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་རྒྱ་གཞུང་གིས་དམག་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་པ་དེ་ནི་ཆེས་ཐོག་མར་མིན་པར་དེ་སྔ་ནས་ཟུང་སྐར་འཕྲུལ་ཆས་བརྒྱུད་པར་ལེན་ཐུབ་པ་བྱུང་ཡོད་པ་དང་། དམག་སྒར་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་དེ་དག་ཨ་རུ་ནཱ་ཅལ་གཙོས་ བོད་དང་ས་འབྲེལ་ཆགས་པའི་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་ཁག་ལ་དམག་གི་གདོང་ལེན་ཚགས་ཚུད་གནང་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་འདུག ཁོང་གིས་ད་དུང་གཞིས་རྩེ་ཁུལ་དུ་གསར་རྒྱག་བྱེད་བཞིན་པའི་དམག་སྒར་དེ་མ་འོངས་དམག་གི་ལས་དོན་སྤེབ་ཕྱིར་གོ་མཚོན་དང་མེ་ཤུགས་འཕུར་མདའ་སོགས་གསོག་ཉར་སའི་ས་ཚིག་གཙོ་བོ་ཞིག་ཏུ་འགྱུར་སྲིད་སྐོར་གསུངས་འདུག སྔར་ལོ་དཔྱད་ཞིབ་པ་ Sim Tack ལགས་ཀྱིས་རྒྱ་ནག་གི་དམག་དོན་དང་འབྲེལ་བའི་སྙ་ཐོ་ཞིག་ཡོངས་གྲགས་གནང་པར་ཕྱི་ལོ་ ༢༠༡༧ ལོ་ནས་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་གྲོང་ཚོ་ལྔ་ལྷག་གསར་རྒྱག་བྱས་པ་མ་ཟད། དམག་སྦྱོང་བྱེད་ས་དང་། མེ་ཤུགས་འཕུར་མདའ་འབབ་ས་སོགས་དམག་དོན་དང་འབྲེལ་བའི་ལྟེ་གནས་མི་འདྲ་བ་ ༡༣ ཙམ་གསར་རྒྱག་བྱས་ཡོད་པར་མངོན་གསལ་གནང་ཡོད།

བོད་རིགས་དཔོན་རིགས་ཤིག་དམར་ཤོག་གི་ལས་གནས་ལས་གནས་དབྱུང་བཏང་འདུག

དེ་ཡང་ཟླ་འདིའི་ཚེས་ ༧ ཉིན་རྒྱ་ནག་གི་ Huan Xu Wang ཞེས་པའི་དྲ་གནས་སྟེང་གནས་ཚུལ་འཁོད་པ་ལྟར་ན། བོད་རིགས་བློ་བཟང་ཚེ་རིང་ཞེས་པའི་དམར་ཤོག་སྲིད་གཞུང་གི་ལས་བྱེད་ཅིག་གིས་དམར་ཤོག་སྲིད་གཞུང་ལ་ཡིད་ཆེས་དང་ལྷག་བསམ་ཉམས་པ། དེ་བཞིན་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པས་དམར་ཤོག་སྲིད་གཞུང་གི་ལས་གནས་ལས་གནས་དབྱུང་བཏང་ཡོད་ལུགས་འཁོད་འདུག

རྒྱ་ནག་གི་ཡ་ལན་ལས་བོད་མིའི་མང་གཙོའི་ནུས་བ་ཕྱིར་མངོན་པར་གསུངས་སོང་།

ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་ཁྱད་གསོད་དང་སྦྲགས་འོས་བསྡུའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་འདྲ་ཞིན་ཐོན་ཡང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ངོས་ནས་རྒྱ་ནག་གཞུང་གིས་གང་བཤད་པ་དེ་ལས། ༸གོང་ས་མཆོག་གིས་བོད་མིར་གསོལ་སྩལ་གནང་བའི་མང་གཙོར་ནུས་པ་ཇི་ཙམ་ཡོད་པ་གསལ་སྟོན་བྱེད་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་སོང་།དེའང་ཟླ་བ་འདིའི་ཚེས་ ༡ ནས་གསུམ་བར་རྒྱལ་སྤྱིའི་ཡུལ་གྲུ་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོར་ཆ་ཤས་བླངས་བའི་ཁྲོད། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Global Times གི་དྲ་གནས་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་སྲིད་སྐྱོང་ཞེས་པ་དེ་ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་གྱི་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པ་དང་། སྲིད་སྐྱོང་ཞེས་པ་དེ་ཐོག་མར་ ༢༠༡༡ ལོར་འདེམས་སྒྲུག་བྱས་ཡོད་ཀྱང་། དོན་ངོ་མར་དབང་ཚད་ཆ་ཚང་ད་ལྟ་ཡང་༸གོང་ས་མཆོག་དང་ཁོང་གི་ཉེ་འཁོར་གྱི་མི་སྣ་ཁག་ཅིག་ལ་ཡོད་སྐོར་བཤད་པ་མ་ཟད། བདམས་ཐོན་བྱུང་བའི་སྲིད་སྐྱོང་ཞེས་པ་དེས་ ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་སྐོར་བརྗོད་ཡོད་པ་རེད། དེ་རིང་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་གནད་དོན་དེའི་སྐོར་བཀའ་དྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་བོད་དང་འབྲེལ་བའི་གྲུབ་འབྲས་ལེགས་པོ་ཞིག་སྨིན་པ་ཡིན་ན་རྒྱ་ནག་གིས་དུས་རྒྱུན་ནས་གནད་དོན་དེའི་ལྡོག་ཕྱོགས་ནས་བྱ་བ་རྩོམ་གྱི་ཡོད་པ་ལུང་འདྲེན་དང་འབྲེལ།  བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དེ་བརྒྱུད་རྒྱ་ནག་གཞུང་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་དེ་ནས། ༸གོང་ས་མཆོག་གིས་བོད་མིར་བསྩལ་བའི་མང་གཙོར་ནུས་པ་ཇི་ཙམ་ཡོད་པ་གསལ་པོ་བསྟན་ཡོད་སྐོར་གསུངས་བ་མ་ཟད་། ཨ་རིའི་གཞུང་གིས་ཉེ་ལམ་ཁྲིམས་སུ་བཅས་པའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་འགྲེལ་བརྗོད་ནན་པོ་སྐྱོན་ཡོད་པ་དེར་རྒྱལ་སྤྱིའི་ཁྱོན་ནས་ཐུགས་སྣང་ཆེན་པོ་གནང་བ་དང་བཅས། སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཁ་ཕྱོགས་དེ་བོད་མིའི་མངོན་འདོད་ཀྱི་ཕྱོགས་སུ་གྱུར་ཡོད་སྟབས། རྒྱ་ནག་ངོས་ནས་འདི་ལྟ་བུའི་གཏམ་བཤད་མི་བྱེད་ཀ་མེད་ཡིན་པའི་འགྲེལ་བརྗོད་གནང་སོང་། རྩ་བའི་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ བའི་ཐོག  གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ཟུང་དྲུང་ཡན་གྱི་ལས་བྱེད་ཚང་འཛོགས་ཀྱི་ཐོག   སྲིད་སྐྱོང་མཆོག་གིས་ཉེ་ལམ་ཕྱི་ ༡༢ བའི་ཚེས་༢༧ ཉིན་ཨ་རིའི་སྲིད་འཛིན་གྱིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་བར་དགའ་བསུ་ཞུས་པ་དང་ལྷན་དུ།  ཁྲིམས་འཆར་དེ་གཏན་འབེབས་གནང་བར་ཕྱག་རོགས་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་བསམ་པར་ཕྱི་ལོག་ནས་བོད་དོན་དང་འབྲེལ་བའི་སྲིད་དོན་གྱི་འགྱུར་བ་འགྲོ་སྐབས་བོད་ནང་དུ་མི་མང་སྒེར་ལངས་སོགས་ཡོང་སྲིད་པར་སྙམ་ནས་རྒྱ་ནག་གིས་ཟླ་བ་ ༣ པ་མ་རྫོགས་བར་དུ་བོད་ནང་དུ་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ལས་འགུལ་ཡང་འདྲ་མིན་ཞིག་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་ཡང་གསུངས་སོང་། རྩ་བའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་གཅོད་རྒྱུ་དང་། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་སོགས་ཀྱི་གལ་ཆེའི་གནད་དོན་ཁག་གཅིག་འཁོད་ཡོད་པ་རེད།

འོས་བསྡུའི་གྲུབ་འབྲས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་འདུག

རྒྱ་གར་གཙོ་བོར་གྱུར་པའི་བོད་མི་གནས་ཡུལ་རྒྱལ་སྤྱིའི་ཡུལ་གྲུ་གང་སར་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ལས་རིམ་གནང་བཞིན་པ་དང་བསྟུན། ཁ་ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ Global Times གི་དྲ་གནས་ཐོག་གནས་ཚུལ་ཞིག་སྤེལ་བར་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་ཁྱད་གསོད་དང་སྦྲགས་འོས་བསྡུའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་འདྲ་ཞིན་ཐོན་ཡང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་འདུག བཙན་བྱོ་བོད་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་འགོ་ཁྲིད་དུ་གང་ཟག་སུ་ཞིག་བདམས་ཐོན་བྱུང་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས། དེ་བཞིན་ཨ་རི་གཞུང་ལ་བོད་ཀྱི་གནད་དོན་ཐོག་རྒྱ་ནག་དང་ལྷན་དུ་ཐབས་བྱུས་ལྡན་པའི་ཐོག་གླེང་སློང་གནང་རོགས་ཞེས་སོགས་འབོད་སྐུལ་ཞུ་རྒྱུ་གཙོས་པའི་གནད་དོན་མང་དག་ཅིག་ལ་གདོང་ལེན་གནང་དགོས་སྐོར་བཤད་པར་མ་ཟད། རྒྱ་ནག་གཞུང་གིས་སྔོན་ཚུད་ནས་བོད་ཀྱི་གནད་དོན་ཐོག་སྒྲིག་སྲོལ་དང་འཆར་གཞི་ཁག་གཏན་འབེབས་བྱས་ཡོད་སྟབས། འགྲོ་བཞིན་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གང་འདྲ་ཞིན་ཐོན་ཡང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཤད་འདུགལྷག་པར་དུ་རྒྱ་ནག་གི་བོད་གནད་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་ Xiao Jie ཟེར་བ་དེ་ཡིས་སྲིད་སྐྱོང་ཞེས་པ་དེ་ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་གྱི་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པ་དང་། སྲིད་སྐྱོང་ཞེས་པ་དེ་ཐོག་མར་ ༢༠༡༡ ལོར་འདེམས་སྒྲུག་བྱས་ཡོད་ཀྱང་། དོན་ངོ་མར་དབང་ཚད་ཆ་ཚང་ད་ལྟ་ཡང་༸གོང་ས་མཆོག་དང་ཁོང་གི་ཉེ་འཁོར་གྱི་མི་སྣ་ཁག་ཅིག་ལ་ཡོད་རེད་ཅེས་བཤད་འདུགདེ་བཞིན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ Zhu Weiqun ཟེར་བ་དེ་ཡིས་ཀྱང་བཙན་བྱོལ་བོད་གཞུང་ཟེར་བ་དེ་ད་ཆ་ལུང་ཚན་དང་ཆོས་ལུགས་འཐེན་འཁྱེར་སོགས་ཀྱི་དཀའ་ངལ་ནང་དུ་ལྷུང་ཞིང་། དུས་ནམ་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མ་ཟིན་པའི་གནས་སྟངས་བྱུང་སྐབས་ནང་འགལ་གྱི་དཀའ་རྙོག་དེ་མི་རབས་གཞོན་པ་ཚོས་གདོང་ལེན་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུགཐེངས་འདིར་རྒྱ་ནག་གིས་ཐེ་བྱུས་བྱེད་བཞིན་པའི་གནད་དོན་དང་འབྲེལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་པར་ང་ཚོའི་ངོས་ནས་རྒྱ་ནག་ཕྱོགས་ནས་སྐད་ཆ་དེ་འདྲ་ཞིག་བཤད་པར་སྔོན་དཔག་ཐུབ་ཀྱི་ཡོད་པ་དང་། རྒྱ་ནག་དེ་རྒྱལ་སྤྱིའི་འགྲོ་ལུགས་ལྟར་མང་གཙོའི་ཐོག་འགྲོ་ཐུབ་ཀྱི་མེད་སྟབས་ང་ཚོར་མི་འདོད་པའི་རྣམ་པ་ཁོ་ན་བསྟན་ནས་མ་བསྡད་པར་འཛམ་གླིང་ཀུན་གྱི་འགྲོ་སྟངས་མཐུན་ཞིང་། འགྲོ་བ་མིའི་གཞིའི་ཐོབ་ཐང་ངམ་ཁེ་དབང་ལོངས་སུ་སྤྱོད་རྒྱུར་བསམ་བློ་གཏོང་དགོས་ཞེས་བརྡ་ལན་གནང་སོང་།དེ་བཞིན་ཕྱི་ཚེས་ ༣ ཉིན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་ཆེན་མོ་གནང་སྐབས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱེས་འཁོད་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་གནས་ཀྱང་ཚང་མས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་འོས་བསྡུར་ཆ་ཤས་བཞེས་ཡོད་པ་དང་ལྷག་དོན་བོད་ནང་གི་བོད་མིའི་མངོན་འདོད་ནི་མང་གཙོ་ཡིན་པ་དང་། རྒྱ་ནག་ནང་ཡོད་པའི་རྒྱ་རིགས་མང་ཚོགས་རྣམས་ཀྱི་མངོན་འདོད་ཀྱང་མང་གཙོ་ཡིན་སྟབས། རྒྱ་གཞུང་གིས་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་བཟང་ཕྱག་བསྟར་གནང་ཕྱོགས་ལས་མིག་དཔེ་ལེན་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།

  པོ་ཏཱ་ལའི་མཁའ་དབྱིངས་སུ་ཐད་འཕུར་གནམ་གྲུ་བཏང་ནས་དམག་སྦྱོང་།

སྔར་ལོའི་ཕྱི་ཟླ་ ༡༢ ཀྱི་ཟླ་མཇུག་ཏུ་ཨ་རིའི་གྲོས་ཚོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་ཡུལ་དེའི་ཁྲིམས་སུ་བཅས་པའི་ཕྱིར་ཉིན་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་མཁའ་དབྱིངས་སུ་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་གནམ་གྲུ་ཁག་ཅིག་ཆེད་དུ་བཏང་ནས་འཇིགས་སྐུལ་གྱི་རྣམ་པ་བསྟན་འདུགབོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཕོ་བྲང་པོ་ཏཱ་ལའི་མཁའ་དབྱིངས་སུ་རྒྱ་ནག་གཞུང་གི་ངོས་ནས་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་གནམ་གྲུ་བཏང་ནས་དམག་སྦྱོང་བྱེད་བཞིན་པའི་འདྲ་པར་ཁག་ཅིག་བཞག་འདུག་པར་མ་ཟད་སྤྱི་ཚོགས་དྲ་ལམ་བརྒྱུད་འདྲ་པར་དེ་དག་བརྒྱུད་སྤེལ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། ཁ་སང་རྒྱ་གར་གྱི་གསར་ཁང་ Hindustan times གིས་གནས་ཚུལ་སྤེལ་བར་ཉེ་ལམ་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་མགོན་པོ་༸གང་ཉིད་མཆོག་དང་བོད་མི་ཁོ་ལས་གཞན་སུས་ཀྱང་ཐེ་བྱུས་བྱ་མི་ཆོག་པ་སོགས་ཁྲིམས་སུ་བཅས་པའི་ཕྱི་ཉིན་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་མཁའ་དབྱིངས་སུ་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་ནམ་གྲུ་ཁག་ཅིག་ཆེད་དུ་བཏང་ནས་འཇིགས་སྐུལ་བྱས་པ་དེས་བོད་མི་ཙམ་མ་ཟད། ཧི་མཱ་ལའི་ཁུལ་གྱི་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་གནང་མཁན་ཀུན་ལ་འཇིགས་སྐུལ་བྱས་པ་ཞིག་རེད་ཅེས་བརྗོད་འདུགརྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་ཐོག་ལ་ཉམས་ཞིབ་གནང་མཁན་ཞིག་གིས་གསར་ཁང་དེར་བརྗོད་དོན་ལྟར་ན། ཐེངས་འདིར་དྲག་པོའི་དམག་གི་རང་བཞིན་ལྡན་པའི་ཐད་འཕུར་གནམ་གྲུ་ཁག་ཅིག་རྒྱལ་ས་ལྷ་སའི་མཁའ་དབྱིངས་སུ་ཆེད་གཏོང་བྱས་པ་དེ་ཉེ་ལམ་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་ཁྲིམས་གཞི་དེ་དང་འབྲེལ་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་དེ་རྒྱ་སྡེར་བསྒྱུར་རྒྱུའིི་ཐད་ཤུགས་གནོན་འཕར་མ་སྤྲོད་བཞིན་པའི་སྣང་བརྙན་ཞིག་ཡིན་པར་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་ཨ་རི་གཞུང་གིས་ཁྲིམས་གཞི་དེ་དང་འབྲེལ་ནས་རོགས་འདེགས་བྱ་རྒྱུར་བཀག་འགོག་བྱས་པའི་རྣམ་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་གཞུང་གིས་བོད་མིར་གཅར་རྡུང་བྱས་པ་བཞིན་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུའི་ཉེན་ཁ་ཡོད་པར་འགྲེལ་བརྗོད་གནང་འདུག གསར་ཁང་དེས་མུ་མཐུད་བརྗོད་པར་བོད་དེ་རྒྱ་སྡེར་བསྒྱུར་རྒྱུ་ཞེས་པ་ནི་བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་བཅས་ཡོངས་སུ་རྒྱ་ནག་གཞུང་གི་ལྟ་སྤྱོད་དང་མཐུན་པའམ་རྒྱའི་ཁྱད་ཆོས་ལྡན་པ་ཞིག་ལ་བཟོ་རྒྱུ་དང་། སྔར་ལོ་ཕྱི་ཟླ་ ༨ ནང་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་འཚོ་བ། དེ་བཞིན་རང་བྱུང་ཁོར་ཡུག་དང་མཐའ་མཚམས་སྲུང་སྐྱོབ་བཅས་འགན་སྲུང་གི་གནད་དོན་བཞིའི་སྐོར་ལ་གཏམ་བཤད་སྤེལ་བའི་ཁྲོད་རྒྱལ་ཁབ་སྐྱོང་བའི་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བའི་སྔོན་ལ་བོད་ནང་བརྟན་ལྷིང་དགོས་པ། ལྷག་པར་དུ་ཁ་བྲལ་རིང་ལུགས་ལ་གདོང་ལེན་དང་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་གལ་ཡིན་པར་བཤད་པ་ལུང་འདྲེན་དང་འབྲེལ། རྒྱ་དམར་ཤོག་གཞུང་གིས་ལོ་རབས་བཅུ་ཕྲག་ཁ་ཤས་ཀྱི་རིང་བོད་མིར་དྲག་གནོན་ཇི་ཙམ་བྱས་ཀྱང་བོད་མིའི་སེམས་ཁོངས་སུ་༸གོང་ས་མཆོག་ལ་དད་གུས་གནང་རྒྱུ་གཙོས་དཀོན་མཆོག་དངོས་སུ་གཟིགས་ཚུལ་གྱི་རྣམ་པ་དེ་རྒྱ་ནག་གཞུང་གིས་འཇིགས་སྣང་བྱེད་ས་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཉེན་ཁ་ཞིག་དང་བོད་མི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་དེ་ཡང་དམར་པོའི་གཞུང་གི་ཁྲིམས་ལུགས་ལྟར་འགྲོ་དགོས་ཀྱི་ཡོད་པར་བརྗོད་ཀྱི་ཡོད་ཅེས་བཀོད་འདུགཕོ་བྲང་པོ་ཏཱ་ལའི་མཁའ་དབྱིངས་སུ་རྒྱ་ནག་གཞུང་གིས་ཐད་འཕུར་གནམ་གྲུ་བརྒྱུད་དྲག་པོའི་དམག་སྦྱོང་བྱེད་བཞིན་པའི་འདྲ་པར་དེ་དག་བོད་མི་ཚོས་སྤྱི་ཚོགས་དྲྭ་ལམ་ Face book དང་ twitter སོགས་ཀྱི་ནང་བརྒྱུད་སྤེལ་ཤུགས་ཆེར་གནང་སྟེ་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེར་སྟོན་གནང་བཞིན་འདུག

རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་ཞིག་བཟོ་རྒྱུའི་དུས་ལ་བབ་ཡོད།

ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཕྱི་ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་ཡུལ་དེའི་ཁྲིམས་སུ་བཅས་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། རྒྱ་གར་གྲོས་ཚོགས་ནང་མའི་བོད་དོན་རྒྱབ་ཚོགས་པའི་ངོས་ནས་བོད་དེ་རྒྱ་གར་གྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས་རྒྱ་གར་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་ཞིག་བཟོ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུགཕྱི་ཟླ་  ༡༢ ཚེས་ ༢༩ ཉིན་རྒྱ་གར་གྲོས་ཚོགས་ནང་མའི་བོད་དོན་རྒྱབ་ཚོགས་པའི་ངོས་ནས་རྒྱ་གར་གིས་ད་ལན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་ཚད་མཐོའི་རྒྱབ་སྐྱོར་ཐོག་ Tibet Policy and Support Act 2020 ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་གནང་རྒྱུ་དེ་༸གོང་ས་མཆོག་དང་བོད་མི་ཚོས་ཐུགས་ཐག་གཅོད་རྒྱུའི་བདག་དབང་ཡོད་པར་ངོས་འཛིན་དང་། ༸གོང་ས་མཆོག་གི་མང་གཙོ་གོང་འཕེལ་ཐད་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད། བོད་མིའི་སྒྲིག་འཛུགས་འདི་བཞིན་བཙོན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ངོས་འཛིན་གནང་སྐྱོང་ཡོང་བ་སོགས་ཀྱི་འབྲུ་དོན་ཁག་ཆེད་བཀོད་ཀྱིས་ཁ་སྣོན་གནང་བའི་ཁྲིམས་འཆར་དེ་གཏན་འབེབས་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམཔ་དང་ལྷག་དོན་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་མཚན་རྟགས་བསྐྱོན་ནས་དངོས་སུ་ཁྲིམས་བཅས་གནང་ཐུབ་པར་ལེགས་གསོལ་བསྔགས་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུགབསྒྲགས་གཏམ་དེའི་ནང་ད་རེས་བོད་དོན་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་གནང་ཡོད་པ་འདི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ལ་མཚོན་ན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་དང་དེས་བོད་ནང་གི་བོད་མིར་རེ་བ་དང་དྲང་བདེན་གྱི་འོད་སྣང་སྟོབས་ཆེན་ཞིག་སྦྱིན་པར་མ་ཟད་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་རང་དབང་། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ་བཅས་སྔར་ལྷག་སྲ་བརྟན་ཡོང་བར་རྒྱབ་སྐྱོར་དང་སྲུང་སྐྱོབ་གནང་བ་ཞིག་མཚོན་སྐོར་གསུངས་འདུག ལྷག་པར་དུ་རྒྱ་གར་གྲོས་ཚོགས་ནང་མའི་བོད་དོན་རྒྱབ་ཚོགས་པས་བོད་དེ་རྒྱ་གར་གྱི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས་རྒྱ་གར་གཞུང་གིས་བོད་ཐོག་པའི་འཛིན་པའི་སྲིད་བྱུས་ཁ་གསལ་ཞིག་བཟོ་དགོས་པའི་དུས་ལ་བབ་ཡོད་པར་གསུངས་པ་དང་ཆབས་ཅིག་ཏུ་ང་ཚོའི་ངོས་ནས་རྒྱ་གར་མི་མང་ཚོས་རྒྱ་གར་གཞུང་ལ་བོད་ཐོག་པའི་འཛིན་པའི་སྲིད་བྱུས་ཁ་གསལ་ཞིག་བཟོ་རྒྱུའི་ཐོག་ཤུགས་སྣོན་བསྐྱོན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་ནན་བརྗོད་གནང་འདུགབསྒྲགས་གཏམ་གྱི་མཇུག་ཏུ་ཨ་རིའི་གྲོས་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་གནང་ཐོག་གཏན་འབེབས་གནང་བ་དང་དེ་བཞིན་སྲིད་འཛིན་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་གིས་དངོས་སུ་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་བཅས་པར་བརྟེན་ཨ་རིའི་མང་ཚོགས་དང་ཨ་རིའི་སྲིད་གཞུང་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ལོ་མང་རིང་ནས་ཨ་རིས་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བ་ལྟར་སླད་མར་བོད་ལ་རང་དབང་མ་འཐོབ་ཀྱི་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ནན་སྐུལ་ཞུས་འདུག

བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གྱི་གལ་གནད་སྐོར་བཅར་འདྲི།

ཉེ་ལམ་ཨ་རིའི་སྲིད་འཛིན་ Donald Trump མཆོག་གིས་ Tibet Policy and Support Act  ༢༠༢༠ ཞེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་བཅས་ཡོད་པ་རེད། གཞི་རྩའི་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་དང་། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུ་དང་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ། དེ་བཞིན་བོད་ནང་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་སོགས་ཀྱི་དེ་སྔའི་འབྲུ་དོན་ཐོག་གལ་ཆེའི་གནད་དོན་ཁག་ཅིག་ཁ་སྣོན་གནང་བའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ། ༸གོང་ས་མཆོག་གི་མང་གཙོ་གོང་འཕེལ་ཐད་ཀྱི་མཛད་རྗེས་ལ་ངོས་འཛིན་དང་ཆེ་བསྟོད། དེ་བཞིན་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙོན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་དང་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་བཅས་ངོས་འཛིན་གནང་དགོས་པ།བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་གི་ལས་ཁུངས་མ་བཙུག་བར་དུ་ཨ་རིར་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་གསར་འཛུགས་མི་ཆོག་པ། བོད་ནང་ཚོང་འབྲེལ་བྱེད་མཁན་རྣམས་ནས་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་ཚོང་འབྲེལ་བྱེད་དགོས་པ། བོད་མཐོ་སྒང་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། བོད་ཕྱི་ནང་གཉིས་ཀྱི་བོད་མིར་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་གནང་ཕྱིར་ཕྱི་ལོ་ ༢༠༢༥ བར་རོགས་དངུལ་སྔར་བཞིན་གནང་སྐྱོང་ཡོང་བ་སོགས་ཀྱི་འབྲུ་དོན་ཁག་ཆེད་བཀོད་ཀྱིས་ཁ་སྣོན་གནང་ཡོད་པ་རེད།རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་བུ་ཆུང་ཚེ་རིང་ལགས་སུ་ཁྲིམས་འཆར་གཏན་འབབ་དང་འབྲེལ་ནས་བཀའ་འདྲི་ཁག་ཅིག་ཞུས་ཡོད།

Latest news