Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་ནག་ནི་ས་མཚམས་བརྒལ་ནས་རང་ཉིད་ཀྱི་མང་ཚོགས་ལ་དྲག་གནོན་བྱེད་མཁན་སྡུག་ཤོས་ཡིན་པར་ཐེར་འདོན།

ཨ་རིའི་རང་དབང་ཁང་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྲིད་གཞུང་ཁག་གིས་ས་མཚམས་ལས་བརྒལ་ནས་རང་ཉིད་ཀྱི་མི་སེར་ཐོག་གསང་ཞིབ་དང་དྲག་གནོན་བྱེད་བཞིན་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་དམར་ཤོག་སྲིད་གཞུང་ནི་བཙན་བྱོལ་དུ་ཡོད་པའི་བོད་མི་དང་ཡུ་གུར་མི་མང་། ནང་སོག་དང་ཧོང་ཀོང་སོགས་ཀྱི་མི་སེར་ལ་དངོས་ཤུགས་བརྒྱུད་གསུམ་ནས་དྲག་གནོན་ཤུགས་ཆེ་ཤོས་བྱེད་མཁན་ཞིག་ཡིན་པ་མངོན་གསལ་གནང་འདུག དེའང་རང་དབང་ཁང་པས་ཟླ་བ་འདིའི་ཚེས་༤ ཉིན་འདོན་སྤེལ་གནང་བའི་ Out of Sight, Not Out of Reach འམ། མཐོང་མ་ཐུབ་ཀྱང་སྙོབ་མ་ཐུབ་པ་མེད་ཅེས་པའི་སྙན་ཐོ་འདིའི་ནང་དུ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རང་ཉིད་ཀྱི་མང་ཚོགས་ཀྱི་རང་དབང་དང་འདྲ་མཉམ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ཀྱི་བྱེད་ལས་ལ་རྒྱལ་མཚམས་མེད་པར་ཕྱོགས་ཡོངས་ནས་དྲག་གནོན་བྱས་པའི་གནད་དོན་འདྲ་མིན་ ༦༠༨ ཙམ་ཕྱོགས་སྒྲིག་ཞུས་པའི་ཁོངས་སུ། རྒྱ་ནག་དང་། turkey, Rwanda, Saudi Arabia, དེ་བཞིན་ཨུ་རུ་སུ་དང་ཨེ་རན་བཅས་རྒྱལ་ཁབ་དྲུག་ནི་ཆེས་སྡུག་ཤོས་ཡིན་པ་འབུར་འདོན་བྱས་པ་མ་ཟད། རྒྱ་ནག་ནི་བོད་དང་ཡུ་གུར་མི་རིགས། དེ་བཞིན་རྒྱ་ནག་གི་མང་གཙོ་དོན་གཉེར་བ་སོགས་ལ་དྲག་གནོན་གྱིས་འཛིན་བཟུང་དང་མནར་གཅོད་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་སུ་མིང་འདོན་བྱས་འདུག སྙན་ཐོ་ནང་ ཕྱི་ལོ་༢༠༡༤ ནས་ཕྱི་ལོ་ ༢༠༢༡ བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་དུ་སྲིད་གཞུང་ཁག་གིས་རྒྱལ་མཚམས་མེད་པར་རང་ཉིད་ཀྱི་མི་མང་སྤྱི་དང་གསར་འགོད་པ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་ལ་སུན་གཙེར་དང་དྲག་གནོན་གྱི་གྱོད་དོན་༦༠༨ ཙམ་བྱུང་ཡོད་པའི་ཁྲོད་དུ། བརྒྱ་ཆ་གསུམ་ཆ་གཅིག་སྟེ། གྱོད་དོན་༢༡༤ རྒྱ་ནག་དང་འབྲེལ་བ་ཡོད་སྐོར་གསུངས་བ་མ་ཟད། དེའང་རྒྱ་ནག་གིས་དེང་དུས་ཚད་ལྡན་རང་བཞིན་སྒོ་ནས་གཙོ་བོ་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་མཚོན་པའི་ཆབ་སྲིད་ཐད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་རྣམས། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་གསར་འགོད་པ་སོགས་ལ་དམིགས་བཀར་གྱིས་དྲག་གནོན་བྱེད་བཞིན་པར་བརྗོད་འདུག སྙན་ཐོའི་ནང་དུ་ད་དུང་རྒྱ་ནག་གིས་བོད་མི་བཙན་བྱོལ་རྣམས་ལ་གནོད་ཤུགས་སྤྲོད་ཐབས་ཀྱི་ལས་གཞི་རྒྱ་བསྐྱེད་དང་ཡུ་གུར་མི་མང་ས་ཡ་ལྷག་བཀག་སྐྱིལ། དེ་བཞིན་ནང་སོག་གི་ཆོས་དང་རིག་གཞུང་རྩ་གཏོར། གཞན་ཡང་ཧོང་ཀོང་གི་ནང་དུ་བཙན་དབང་གིས་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་གྱིས་མི་མང་ལ་གནོན་ཤུགས་སྤྲད་དང་སྤྲོད་མུས་མ་ཟད། རྒྱ་ནག་གི་རྒྱལ་མཚམས་བརྒལ་ནས་བཙན་བྱོལ་བ་རྣམས་ལ་འཇག་རྒོལ་དང་ཁོང་ཚོའི་ནང་མི་རྒྱ་ནག་གི་ནང་དུ་ལྷག་པ་རྣམས་ཀྱི་རྒྱུ་ནོར་བཙན་འཕྲོག དེ་བཞིན་སྲིད་གཞུང་གིས་དམིགས་བཀར་གྱི་མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་ལག་འཁྱེར་བཀག་སྡོམ། དེ་བཞིན་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་མིང་ཐོག་ནས་རྒྱ་ནག་གི་དཔོན་རིགས་བརྒྱ་ཕྲག་ལ་དྲག་གནོན་བྱས་པ་སོགས་ཀྱི་མཚོན་པའི་དྲ་ཐོག་ནས་འཇིགས་སྐུལ་བྱས་པ་དང་གསང་ཉུལ་བ་བཏང་ནས་མང་ཚོགས་ལ་ལྟ་སྲུང་བྱས་པ། དེ་བཞིན་དེང་རབས་ཀྱི་འཕྲུལ་ལས་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་སྲིད་གཞུང་དང་འགལ་ཟླར་གྱུར་བ་རྣམས་ལ་གནོན་ཤུགས་སྤྲད་ཡོད་པ་ཡོངས་གྲགས་གནང་འདུག ཕྱོགས་མཚུངས་སྔོན་ཆད་བོད་ནས་བལ་ཡུལ་དང་རྒྱ་གར་དུ་ལོ་རེར་བོད་མི་བཙན་བྱོལ་བ་སྟོང་ཕྲག་ཁ་ཤས་ཡོང་གི་ཡོད་ནའང་། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་དང་རྒྱ་ནག་བར་ས་མཚམས་དོ་དམ་གྱི་གྲོས་མཐུན་བཞག་ཡོད་སྟབས། བལ་ཡུལ་གཞུང་ནས་བོད་མི་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་དང་། འདས་ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཉེན་རྟོག་པ་པད་མ་དར་རྒྱས་ཟེར་བས་ཨ་རིར་གནས་པའི་བོད་མིའི་ཐོག་གསང་མྱུལ་བྱས་ཡོད་པ། དེ་བཞིན། སི་ཝེ་ཌན་དང་སུ་སིད། ཁེ་ན་ཌ་བཅས་ཀྱི་ནང་བོད་མིའི་ཐོག་རྒྱ་ནག་གིས་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་སྐོར་སོགས་བཀོད་པ་བརྒྱུད། ཕྱི་ལོ་ ༢༠༡༩ ལོར་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ ༢༣ ལས་མེད་པ་དང་། དེ་བཞིན་ལོ་དེར་བོད་མི་ ༦ བལ་ཡུལ་དུ་འབྱོར་ཡོད་ནའང་བལ་ཡུལ་གཞུང་གིས་ཕར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་ལུགས་སོགས་ཀྱི་མཚོན་པས། རྒྱ་ནག་གིས་བོད་མི་རྣམས་ཀྱི་འགྲོ་འདུག་ལ་སྟངས་འཛིན་ནན་མོ་བྱེད་བཞིན་པ་མ་ཟད། ཉེ་འཁོར་གྱི་རྒྱལ་ཁབ་ཁག་ལ་གནོན་ཤུགས་ཀྱིས་བོད་མི་རྣམས་བཙན་བྱོལ་དུ་འབྲོ་བཞིན་པར་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་ལུགས་བརྗོད་ཡོད་པར་འཁོད་འདུག དེ་བཞིན་རྒྱ་ནག་གི་དྲག་གནོན་དང་གསང་བའི་མྱུལ་ཞིབ་ཀྱི་ལས་འགུལ་དེས། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ ༣༦ ཙམ་ནང་གནས་པའི་རྒྱ་རིགས་དང་གྲངས་ཉུང་མི་རིགས་ས་ཡ་མང་པོར་གནོན་ཤུགས་ཐེབས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་རྒྱ་ནག་གི་ཐབས་བརྒྱ་ཇུས་སྟོང་གི་དྲག་གནོན་ལས་འགུལ་མང་པོའི་ཤུགས་རྐྱེན་ཁྲོད་རྒྱ་རིགས་དམངས་གཙོའི་འཐབ་རྩོད་པ་ཙམ་མ་ཟད། མི་རིགས་གཞན་གྱི་མི་སེར་རྣམས་ལའང་གནོན་ཤུགས་ཐེབས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲིམས་ཀྱི་དབང་སྒྱུར་དང་རྒྱལ་སྤྱིའི་ཁྲིམས་སྲོལ་དང་འགྲོ་ལུགས་སོགས་རྒྱ་ནག་རང་གི་མངོན་འདོད་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཁམས་འབྲི་རུ་རྫོང་དུ་བོད་མི་ཞིག་ལ་མི་ལོ་ ༡༣ གྱི་ཁྲིམས་ཐག་བཅད་འདུག

རྒྱ་ནག་གིས་ ༢༠༡༣ ལོར་མིང་ལ་རྣམ་དག་ཅེས་པའི་སྐྱེས་པ་ཞིག་ལ་མི་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཞིག་ད་ཆ་གཞི་ནས་ཕྱི་འགྱར་བྱུང་འདུགདེ་རིང་གསར་ཁང་ལ་ཁམས་འབྲི་རུ་རྫོང་ནས་ཡིན་ཞིང་བཞུགས་སྒར་གནས་བཞུགས་གནང་མཁན་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ ༢༠༡༣ ཙམ་ལ་ཁམས་འབྲི་རུ་རྫོང་དུ་ཆབ་སྲིད་དང་འབྲེལ་བའི་རྙོག་གླེང་མང་པོ་བྱུང་ཡོད་པ་ལྟར་རྒྱ་ནག་གིས་སྐབས་དེར་འབྲི་རུ་རྫོང་ཙྭ་ལ་ཡུལ་ཚོ་མེ་རི་གྲོང་ཚོ་ནས་ཡིན་པའི་སྐྱེས་བ་རྣམ་དག་ལགས་ཀྱིས་རྒྱ་གར་དུ་བྲོས་བྱོལ་ལ་འགྲོ་མཁན་གྱི་བོད་མི་ཁག་ཅིག་ལ་རོགས་རམ་གནང་བའི་ཉེས་མིང་འོག་འཛིན་བཟུང་གིས་མི་ལོ་ ༡༣ རིང་ལ་བཙོན་འཇུང་གྱི་ཐག་བཅད་བྱས་ཡོད་པ་དང་། སྐབས་དེར་ཁོང་དང་ལྷན་དུ་ཁམས་འབྲི་རུ་རྫོང་གི་བོད་མི་དྲུག་བདུན་ཙམ་ཞིག་མཉམ་དུ་འཛིན་བཟུང་བྱས་ཡོད་ཀྱང་། བོད་མི་གཞན་དེ་དག་རྗེས་སུ་ཁྲིམས་ཐག་བཅད་པ་ཙམ་ལས་ཁོང་ཚོར་ཉེས་མིང་ཅི་ཞིག་གི་འོག་ཏུ་འཛིན་བཟུང་བྱས་པའི་སྐོར་ཤེས་རྟོགས་ཐུབ་ཀྱི་འདུག་ཅེས་གསུངས་སོང་། ཁོང་གིས་རྣམ་དག་ལགས་སུ་ཁྲིམས་ཐག་བཅད་རྗེས་ནང་མི་རྣམས་ཐེངས་འགར་ཐུག་འཕྲད་བྱེད་དུ་བཅུག་ཡོད་ཀྱང་། འདས་པའི་ལོ་གཉིས་ཙམ་གྱི་གོང་ནས་ཁོང་ལ་སྒྱུ་ལྷག་གི་ན་ཚ་ཡོད་པར་བརྗོད་དེ་ནང་མི་རྣམས་དང་མཉམ་དུ་ཐུག་འཕྲད་དང་འབྲེལ་གཏུག་གང་ཡང་བྱེད་དུ་བཅུག་མེད་སྐོར་ཤེས་རྟོགས་བྱུང་བ་ལས་ད་ལྟའི་ཆར་ཁོང་གི་འཕྲོད་བསྟེན་གྱི་གནས་བབ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་འགྲེལ་བརྗོད་གནང་ཡོད། ཁམས་འབྲུ་རི་རྫོང་དུ་སྔོན་ཆད་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་སྐྱེད་བྱེད་སྐབས་ས་གནས་ཀྱི་བོད་མི་རྣམས་ཀྱིས་རང་ས་སྲུང་སྐྱོབ་ཀྱིས་གཏེར་ཁ་སྔོག་ཏུ་མ་བཅུག་པར་བརྟེན་རྒྱ་ནག་གིས་སྡང་ཟུག་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༢༠༡༣ ཡས་མས་སུ་ཁམས་འབྲུ་རི་རྫོང་ཁོངས་སུ་ཆབ་སྲིད་ཀྱི་དོན་གནད་མང་དག་ཅིག་བྱུང་བའི་ཁྲོད་རྒྱ་ནག་གིས་ཁུལ་དེ་དམ་དྲག་དང་ལྟ་རྟོག་ནན་པོ་བྱ་ཡུལ་ཞིག་ཆགས་པར་བརྟེན་ད་ཆ་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་དམ་དྲག་གི་འོག་ཏུ་གནས་ཡོད་པར་འགྲེལ་བརྗོད་གནང་སོང་། གཞན་ཡང་ཁོང་གིས་རང་ཉིད་བཙན་བྱོལ་དུ་ཡོད་པའི་ཁམས་འབྲི་རུ་རྫོང་གི་ཡུལ་མི་ཞིག་ཡིན་པའི་ཆ་ནས་གཞིས་བཞུགས་རྣམས་ཀྱི་རང་ཉིད་ཀྱི་ཕ་མ་སྤུན་མཆེད་རྣམས་ཀྱིས་གཙོས་ཁུལ་དེའི་ཡུལ་མི་རྣམས་ཛ་དྲག་རང་བཞིན་གྱི་དམ་དྲག་འོག་ཡོད་པར་བློ་འཚབ་ཆེན་པོ་ཡོད་ཀྱང་།  རྒྱ་ནག་གིས་དུས་རྒྱུན་ནས་བཙན་བྱོལ་གྱི་བོད་མི་རྣམས་ཀྱི་བྱེད་ལས་ལ་ཁ་གཡར་ནས་ནང་མི་སྤུན་མཆེད་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་སྟབས་ཡུལ་མི་རྣམས་ཀྱི་བདེ་སྡུག་ལ་སེམས་ཁྲལ་བྱེད་རྒྱུ་ཙམ་ལས་རང་གི་ངོས་ནས་ནུས་པ་ཐོན་པའི་ལས་འགུལ་རིགས་གང་ཡང་སྤེལ་ཐབས་མེད་པར་ལྷག་ཡོད་སྐོར་ཡང་འགྲེལ་བརྗོད་གནང་ཡོད། གཞི་རྩའི་སྔར་ལོའི་ཟླ་༦ པའི་ནང་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བསྟན་འཛིན་ཐར་པ་དང་ཁོང་གི་སྤུན་མཆེད་ལྷ་མོ་གཉིས་རྒྱ་གར་དུ་སྒོར་མོ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་ཏེ་གཅར་རྡུང་མང་པོ་བཏང་བ་བརྒྱུད་བྱིས་པ་གསུམ་གྱི་ཨ་མ་ཡིན་པའི་ལྷ་མོ་ལགས་བཀག་སྐྱིལ་ཁང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་བཞིན་ཁུལ་དེའི་གཞོན་སྐྱེས་གླུ་བ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་བྱུས་ཁག་ལ་སྐྱོན་བརྗོད་ཀྱིས་ཞྭ་མོ་ནག་པོ་ཞེས་པའི་གླུ་གཞས་དེ་བླངས་པར་ཁ་གཡར་ཏེ་ཕྱི་ལོ་ ༢༠༡༩ ལོར་འཛིན་བཟུང་བཀག་སྐྱིལ་གྱིས་སྔར་ལོའི་ཟླ་ ༦ ནང་ཁོང་ལ་ལོ་༦ གི་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཚོགས་ཆུང་གི་ལས་ཁུངས་མདུན་དུ་ངོ་རྒོལ།

རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་རྩོད་ལེན་གནང་མཁན་ཚོགས་སྒེར་ཁག་གིས་འཚོགས་ལ་ཉེ་བའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་བཞིན་པའི་ཁྲོད་ཁ་སང་ཕྱི་ཚེས་ ༣ ཉིན་སུད་སི་གྲོང་ཁྱེར་ Lausanneདུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་མདུན་དུ་བོད་མི་ལས་འགུལ་བ་ཚོས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་དང་བོད་ནང་གི་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པར་དུ་ངོས་འཛིན་གནང་སྟེ་འཚོགས་ལ་ཉེ་བའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་པ་དང། རྩེད་འགྲན་དེར་ད་བར་རྒྱ་ནག་གཞུང་ལ་དཔལ་འབྱོར་དང་ཆེད་ལས་ལག་རྩལ་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་འབྲེལ་ཡོད་རྒྱལ་སྤྱིའི་གཞུང་སྒེར་ཚོགས་ཁག་གི་ངོས་ནས་རྒྱབ་སྐྱོར་གནང་རྒྱུ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་གནང་སྟེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག སྤྱིར་དེ་སྔ་ ༢༠༠༨ རྒྱ་ནག་གི་པེ་ཅིང་ཨོ་རྩེད་འགྲན་ཚོགས་སྔ་རྗེས་སུ་ཚོགས་སྐབས་སུའང་བོད་མི་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་ཁག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་ལ་ངོ་རྒོལ་ཤུགས་ཆེ་གནང་ཡོད་པར་མ་ཟད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་མངའ་འོག་ཏུ་ཡོད་པའི་བོད་དང་དེ་མིན་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ལྟར་ཡང། དོན་དངོས་ཐོག་ ༢༠༠༨ རྗེས་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་ཕྱོགས་ཡོངས་ནས་དམ་དྲག་ཆེས་ཆེར་བྱས་པར་བརྟེན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཕྱིན་ཡོད་སྟབས་ད་བར་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་བྱུང་ཡོད་པ་རེད།  ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་ཡང་རྒྱ་ནག་ཏུ་འཚོགས་གཏན་འཁེལ་ཟིན་པ་རེད། ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ལས་འགུལ་བ་རྣམས་ཀྱིས་ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་ནག་ཏུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འཚོགས་རྒྱུར་ལོ་གཅིག་ལྷག་ཡོད་པའི་དུས་སྐབས་དང་བསྟུན་སུད་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་མདུན་དུ་བོད་མི་ལས་འགུལ་བ་ཚོས་བོད་རང་དབང་ཞེས་འཁོད་པའི་སྟོད་གོས་གྱོན་པ་དང་ལག་ཏུ་བོད་ཀྱི་རྒྱལ་དར་དང་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ཟུར་ས་དང་སྐྱོན་བརྗོད་མཚོན་པའི་ཕྲེད་དར་འཁྱེར་ནས་མི་གསོད་ཁྲག་སྦྱོར་དང་འབྲེལ་བའི་རྩེད་འགྲན་དེ་རྒྱ་ནག་ཏུ་གནང་རྒྱུ་མེད་པ་དང་། ངོ་ཚ་ཁྲེལ་གཞུང་མེད་པའི་ཨོ་ རྩེད་ཚོགས་ཆུང། ཨོ་རྩེད་འགྲན་ཚོགས་ཆུང་གཉིད་ལས་སད་ཤོག དེ་བཞིན་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་འོག་རྒྱ་དམར་ཤོག་གཞུང་ལ་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱིས་ངོ་རྒལ་སྐད་འབོད་གནང་འདུག དེ་བཞིན་ལས་འགུལ་བ་རྣམས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་མདུན་དུ་རྒྱལ་སྤྱིའི་ཨོ་ལིམ་སྤིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་སྡེབ་གསོད་བྱེད་མཁན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བྱ་སྤྱོད་ལ་རྒྱབ་སྐྱོར་གྱིས་ལག་འབྲེལ་ཡོད་པའི་ཟུར་ཟའི་གཏམ་བརྗོད་བརྒྱུད་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་མི་རིགས་སྡེབ་གསོད་ཀྱི་འགྲན་ཚོགས་ཤིག་ཡིན་པར་མཚོན་ཐབས་གནང་ཡོད་པ་རེད།རྩ་བའི་ ༢༠༢༢ ལོའི་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་སྤིང་རྩེད་འགྲན་ཆེན་མོར་བོད་མི་རྣམས་ཀྱིས་སྣེ་ཁྲིད་དེ་ཤར་ཏུ་ཀི་སི་ཐན་དང་ནང་སོག ཐེ་ཝན། ཧོང་ཀོང་སོགས་ཀྱི་མང་ཚོགས་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་ ༡༨༠ ལྷག་མཉམ་རུབ་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་སྐྱོན་བརྗོད་ཀྱིས་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་སྐོང་གནང་རྒྱུའི་ཐོབ་ཐང་གནང་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་ཀྱང་། ད་བར་དུ་ཨོ་རྩེད་འགྲན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་དུ་ཨོ་རྩེད་འགྲན་ཚོགས་འཚོགས་གཏན་ཁེལ་བ་དེ་ཕྱིར་བཤོལ་བྱས་མེད་སྟབས། ད་ལྟའི་ཆར་ལས་འགུལ་གྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་རྩེད་འགྲན་པ་རྣམ་པར་ཞུ་སྐུལ་གནང་སྟེ་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་རྩེད་འགྲན་དེར་འཛུལ་ཞུགས་མི་གནང་བར་ངོ་རྒོལ་གནང་དགོས་བའི་གཞེན་སྐུལ་གནང་བཞིན་ཡོད་པ་རེད།

བོད་དང་ཧོང་ཀོང་སོགས་ཀྱི་ནང་སྲིད་ལ་ཐེ་བྱུས་གནང་དབང་མེད་པའི་ཉེན་བརྡ།

རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ངེས་སྟོན་པ་ Yang Jiechi ཡིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་གཞུང་འཛིན་གསར་པར་བོད་དང་ཧོང་ཀོང་སོགས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་འདུགཁ་ཉིན་ཚེས་ ༡ ཉིན་ཨ་རིའི་ New York གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ National Committee on US China Relations ཞེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཚོགས་ཆུང་གིས་གོ་སྒྲིག་འོག་དྲ་ཐོག་གླེང་མོལ་སྟེང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་མཐོ་གྲས་དང་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ངེས་སྟོན་པ་ Yang Jiechi ཡིས་སྐུ་ཞབས་ Doland Trump མཆོག་གི་གཞུང་འཛིན་འོག་ཨ་རིས་རྒྱ་ནག་ཐོག་སྲིད་བྱུས་ལོག་པ་འཛིན་པའི་རྐྱེན་གྱིས་རྒྱལ་ཁབ་ཕྱོགས་གཉིས་དབར་འབྲེལ་ལམ་ཐོག་མ་དབུ་འཛུགས་གནང་བ་ནས་ད་བར་གྱི་གནས་སྟངས་ཆེས་སྡུག་ཤོས་སུ་གྱུར་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་ངོས་ནས་ད་དུང་ཡང་ཞི་བདེ་དང་འཛུགས་སྐྲུན་ལ་ཡིད་ཆེས་བྱེད་བཞིན་པའི་ཁྲོད་ཞི་བདེ་མཉམ་གནས་གནང་རྒྱུ་དེས་ཕྱོགས་ཚང་མར་ཕན་ཐོགས་ཡོང་རྒྱུ་ཡིན་པ་ལྟར་ཚང་མས་དེ་དེ་བཞིན་འདོད་པར་ངོས་འཛིན་གྱི་ཡོད་སྐོར་བརྗོད་པ་དེ་ལྟར་ཡང་། ཨ་རི་གཞུང་གི་ངོས་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་གནང་དབང་མེད་པ་ལྟར་དེ་ལྟར་གནང་མཚམས་འཇོག་དགོས་པ་དང་། ཅི་སྟེ་མཚམས་འཇོག་མ་གནང་ཚེ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་གཞིར་འགྱུར་ངེས་ཡིན་པའི་ཉེན་བརྡ་བཏང་འདུགརྩ་བའི་སྲིད་འཛིན་ Trump མཆོག་གི་གཞུང་འཛིན་འོག་ཨ་རི་ངོས་ནས་རྒྱ་ནག་ལ་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་། བོད་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་དང་ཤིན་ཅང་བཅས་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་མཁྲེགས་པོ་འཛིན་ནས་བོད་དང་ཧོང་ཀོང་གི་གནད་དོན་ཐོག་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁག་ཅིག་གཏན་འབེབས་དང་ཤིན་ཅང་གི་གནད་དོན་དང་འབྲེལ་སྟེ་རྒྱ་ནག་གི་དཔོན་རིགས་ལ་ཉེས་ཆད་བཏང་བར་མ་ཟད། ཐེ་ཝན་དང་ལྷན་དུ་འབྲེལ་ལམ་བསྐྱར་གསོ་གནང་བ་སོགས་ད་བར་ཨ་རིའི་གཞུང་འཛིན་སྔར་རྣམས་ཀྱི་ངོས་ནས་གནང་མྱོང་མེད་པའི་ཕྱག་བསྟར་མང་དག་ཅིག་གནང་ཡོད་པ་ལྟར་དེང་སྐབས་ཚང་མས་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་རྒྱ་ནག་ཐོག་བཞེངས་ཕྱོགས་གང་འདྲ་ཡོད་མེད་ཐོག་དོ་སྣང་ཆེས་ཆེར་གནང་བཞིན་པ་རེད།ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་གཞུང་འཛིན་གསར་པའི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་བ་ནས་བཟུང་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཕྱོགས་ནས་སྐད་ཆ་བཤད་མཁན་ Yang Jiechi ཟེར་བ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། Yang Jiechi ཡིས་དྲ་ཐོག་གཏམ་བཤད་སྤེལ་བར་ Cooperation འམ་མཉམ་འབྲེལ་དང་མཉམ་ལས་སོགས་ཀྱི་ཚིག་བརྗོད་ཐེངས་ ༢༤ ཙམ་སྤྱོད་དེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཆེས་ཞན་པོ་ཆགས་པ་དེ་བསྐྱར་གསོ་བྱེད་དགོས་པའི་སྐུལ་མ་བསྐྱར་ནན་བྱས་འདུག རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འཛིན་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་དབང་ཆ་ཆེ་བ་ཡོད་པའི་ Yang Jiechi ཡིས་ད་དུང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཁྲོད་རྒྱལ་སྲུང་གི་གནད་དོན་ལ་མཐོང་ཆུང་གནང་རྒྱུ་མེད་པའི་ཉེན་བརྡ་ཡང་བཏང་འདུག

རྔ་བ་ཀིརྟི་དགོན་དུ་རྒྱ་ནག་དཔོན་རིགས་ཀྱི་པར་རིས་ཐང་ཀའི་ངོ་བོར་བཤམ་དུ་བཅུག་འདུག

དེ་རིང་འདི་གར་མིང་བརྗོད་འདོད་མེད་པ་ཞིག་གིས་པར་རིས་དང་མཉམ་དུ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་། རྒྱ་ནག་གིས་སྔོན་ཆད་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་རྒྱ་ནག་གི་དཔོན་རིགས་ཀྱི་པར་རིས་བཤམ་སྟོན་བྱེད་དགོས་བའི་བཙན་བཀའ་བཏང་བའི་ཁྲོད་རྔ་བ་ཀིརྟི་དགོན་དུ་ཡང་རྒྱ་ནག་གི་བཙན་དབང་གི་འོག་ནས་སྲིད་འཛིན་ཞི་ཅིན་ཕིང་གི་གཙོ་བྱས་པའི་སྲིད་འཛིན་གོང་མ་རྣམས་ཀྱི་པར་ཐང་ཀའི་ངོ་བོར་བཟོ་སྐྲུན་གྱིས་སྒྲིག་བཤོམ་བྱེད་དུ་བཅུག་འདུགགནས་ཚུལ་མཁོ་སྤྲོད་པས་བརྗོད་པར་རྔ་བ་ཀིརྟི་དགོན་གྱི་གྲྭ་མང་ལ་རྒྱ་ནག་གི་སྲིད་འཛིན་གྱི་གཙོ་བྱས་པའི་དཔོན་རིགས་ཁག་གི་པར་རིས་སྒྲིག་བཤོམ་བྱེད་དུ་བཅུག་པ་དེ་ནི་ཕལ་ཆེར་ཕྱི་ལོ་ ༢༠༡༩ ལོའི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྔ་རྗེས་སུ་འགོ་འཛུགས་བྱས་པ་ཞིག་ཡིན་པ་དེ་ལྟར་ཡང་། རྔ་བའི་ཁུལ་དུ་རྒྱ་ནག་གིས་སྔར་ལྟག་དམ་དྲག་བྱེད་མུས་ཡིན་པར་བརྟེན་གནས་ཚུལ་དེ་ད་བར་ཕྱི་ལ་ཐོན་མ་ཐུབ་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག གཞན་ཡང་ཁོང་གིས། རྒྱ་ནག་གིས་སྔོན་ཆད་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་བཙན་དབང་གིས་སྒྲིག་བཤོམ་བྱེད་དུ་བཅུག་པ་རྣམས་ནི་པར་རིས་ཀྱི་ངོ་བོར་བཟོས་ཡོད་ཀྱང་། ཐེངས་འདིར་རྔ་བ་ཀིརྟི་དགོན་གྱི་ནང་དུ་སྒྲིག་བཤོམ་བྱེད་དུ་བཅུག་པའི་རྒྱ་ནག་གི་དཔོན་རིགས་ཀྱི་འདྲ་པར་རྣམས་བོད་མིའི་སྲོལ་རྒྱུན་གྱི་ཐང་ཀའི་ངོ་བོར་བཟོས་ཡོད་པ་ཞིག་ཡིན་སྐོར་ལུང་འདྲེན་གྱིས་རྒྱ་ནག་གིས་བཙན་དབང་གི་ཐོག་ནས་རྒྱ་ནག་གི་དཔོན་རིགས་ཀྱི་པར་རིས་སྒྲིག་བཤོམ་བྱེད་དུ་འཇུག་དོན་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་མང་གི་བསམ་བློར་བསྒྱུར་བཅོས་གཏོང་ཐབས་སུ་དམིགས་ཡོད་པ་ཞིག་ཡིན་པར་མ་ཟད་བོད་མིའི་ཆོས་ལུགས་དད་མོས་ལ་རྡོག་རོལ་བཏང་བ་ཞིག་ཡིན་པར་ངོ་སྤྲོད་གནང་འདུགཁོང་གིས་རྒྱ་ནག་གིས་བོད་ཁུལ་དུ་བཙན་དབང་གིས་རྒྱ་ནག་གི་དཔོན་རིགས་ཀྱི་པར་ཐང་ཀའི་ངོ་བོར་བཟོས་ནས་སྒྲིག་བཤོམ་བྱེད་དུ་བཅུག་སྟེ་གྲྭ་མང་ནས་རྒྱལ་ཁབ་ལ་དགའ་ཞེན་ཡོད་པར་སྟོན་ཐབས་བྱས་པ་དེ་ནི་རྒྱ་ནག་གི་དཔོན་རིགས་དང་ཕྱི་ལོག་གི་ཡུལ་སྐོར་བ་རྣམས་ལ་མགོ་སྐོར་བཏང་བ་ཞིག་ཡིན་པ་དང་། རྒྱ་ནག་གི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལ་བཟུང་བའི་སྲིད་བྱུས་དེ་ནི་ནོར་འཁྲུལ་ཞིག་ཡིན་པར་འགྲེལ་བརྗོད་གནང་བར་མ་ཟད། རྔ་བ་ཀིརྟི་དགོན་ནི་བོད་ཁུལ་ནས་རྒྱ་ནག་ལ་ངོ་རྒོལ་གྱོ་ལས་འགུལ་སྤེལ་བའི་ལོ་རྒྱུས་རིང་ཤོས་ལྡན་པའི་ས་གནས་ཤིག་ཆགས་ཡོད་སྟབས་རྒྱ་ནག་གི་ད་ལྟའི་བྱེད་བབ་ལ་བརྟེན་ནས་ཁུལ་དེའི་ནང་མ་འོངས་པར་སྒེར་ལངས་བྱུང་སྲིད་པ་རེད་ཅེས་གསུངས་འདུགགཞི་རྩའི་སྔ་ལོའི་ཕྱི་ཟླ་བཞི་པའི་ནང་བོད་གནས་ལྟ་ཞིབ་ཁང་ལ་བོད་ནས་རག་སོན་བྱུང་བའི་འདྲ་པར་ཁག་ཅིག་གི་ནང་རྒྱ་ནག་གཞུང་གིས་བོད་ཁམས་མཛོད་དགེ་རྫོང་དུ་མང་ཚོགས་ལ་བཙན་དབང་གིས་བསྡུ་སྐོང་བྱས་པ་དང་སྦྲགས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་པར་འགྲེམས་སྤེལ་བྱེད་བཞིན་པ་ར་སྤྲོད་བྱུང་ཡོད་པ་རེད། སྐབས་དེར་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་ཡོངས་སུ་རྒྱ་ནག་གི་སྲིད་འཛིན་གྱི་པར་སྒྲོམ་ ༡༤༠༠༠ ལྷག་ཙམ་བགོ་འགྲེམས་བྱས་འདུག རྒྱ་ནག་གི་སྲིད་བྱུས་ཉམས་ཞིབ་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དེ་སྔོན་འདི་ག་རླུང་འཕྲིན་ཁང་གི་བཅར་དྲིར་ལན་འདེབས་གནང་སྐབས་རྒྱ་ནག་གིས་བོད་ཁུལ་དུ་བཙན་དབང་གིས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཀྱི་པར་རིས་སྒྲིག་བཤོམ་བྱེད་དུ་འཇུག་བཞིན་པ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་ཞིག་ཡིན་པར་མ་ཟད། རྒྱ་ནག་གིས་བོད་དེ་ཁྲིམས་ཀྱི་དབང་སྒྱུར་བྱེད་བཞིན་ཡོད་པར་བརྗོད་བཞིན་པའི་གནས་བབ་དེ་ལག་ལེན་གྱི་ཁྲོད་དུ་མེད་པའི་ལྡོག་ཕྱོགས་ཀྱི་གནས་བབ་ཅིག་ཡིན་པར་ངོ་སྤྲོད་ཀྱིས་རྒྱ་ནག་གིས་བྱེད་བབ་དེས་མི་མང་གི་སེམས་ངོས་སུ་རྒྱ་ནག་ལ་འཁོན་འཛིན་གྱི་བློ་དེ་བས་ཤུགས་ཆེ་རུ་བསྐྲུན་རྒྱུ་ཡིན་པར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་རྒྱ་ནག་གིས་བོད་ཁུལ་དུ་རྒྱ་ནག་གི་དཔོན་རིགས་ཀྱི་པར་རིས་སྒྲིག་བཤོམ་བྱེད་དུ་བཅུག་པ་དེས་བོད་ཁུལ་གྱི་མིང་མང་གི་སེམས་ངོས་སུ་༸གོང་ས་མཆོག་ལ་དད་གུས་ཀྱི་འདུན་ཤུགས་ཆེས་ཆེར་ཡོད་པ་གསལ་སྟོན་བྱས་པ་ཞིག་ཆགས་སྐོར་འགྲེལ་བརྗོད་གནང་སྟེ་རྒྱ་ནག་གིས་ད་བར་མི་མང་གི་སེམས་ངོས་ནས་༸གོང་ས་མཆོག་ལ་དད་གུས་ཀྱི་འདུན་ཤུགས་ཡོད་པ་དེ་གཙང་སེལ་བྱེད་ཐབས་བྱས་ཀྱང་གནད་དོན་དེ་ལམ་ལྷོང་བྱུང་མེད་པར་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བོད་ཁུལ་དུ་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རབས་དང་རིམ་པ་སྤེལ་བཞིན་པ་རྣམས་ཀྱི་རྐྱེན་རྩ་གཙོ་བོ་དེ་རྒྱ་ནག་རང་གི་བྱེད་བབ་ལ་ཐུག་ཡོད་པ་ཞིག་རེད་ཅེས་ཡོངས་གྲགས་གནང་ཡོད་པ་རེད། ཐེངས་འདིར་ཨ་མདོ་རྔ་པའི་ཀིརྟི་དགོན་དུ་རྒྱ་ནག་གི་སྲིད་འཛིན་རིམ་པའི་པར་རིས་ཐང་ཀའི་ངོ་བོར་བཟོས་ནས་བཤམ་སྟོན་བྱེད་བཅུག་པའི་གནད་དོན་དེ་དང་འབྲེལ་ནས་གསར་འགོད་པས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱིས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་མ་ཀ་ཉག་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཀྱང་ཁོང་གིས་ད་ཆ་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ཐད་དམ་དྲག་ཡོད་སྟབས་གནས་ཚུལ་དེའི་སྐོར་ཤེས་རྟོགས་བྱུང་མེད་པར་གསུངས་སོང་།  

བཀྲིས་དབང་ཕྱུག་ལགས་ལ་རང་དབང་ལོངས་སུ་སྤྱོད་འཇུག་དགོས།

བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གི་བཙོན་ཁང་ནང་ལོ་ལྔ་རིང་བཙོན་འཇུག་གི་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་པ་དང་འབྲེལ་ཉེ་ཆར་ཡོ་རོབ་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་གཞུང་གིས་བཀྲིས་དབང་ཕྱུག་ལགས་བཙོན་གྲོལ་ཐོབ་རྗེས་ཁོང་ལ་ཆ་རྐྱེན་གང་ཡང་མེད་པར་རང་དབང་ཆ་ཚང་ལོངས་སུ་སྤྱོད་འཇུག་དགོས་ཞེས་གསུངས་འདུག ཡོ་རོབ་མཐུན་ཚོགས་ཀྱིས་བཀྲིས་དབང་ཕྱུག་ལགས་བཙོན་གྲོལ་ཐོབ་པ་དང་འབྲེལ་ཟླ་བ་འདིའི་ཕྱི་ཚེས་ ༢༩ ཉིན་སྤེལ་བའི་བསྒྲགས་གཏམ་ནང་དུ་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ Nabila MASSRALI ལགས་ཀྱིས་སྤྱིར་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་གནང་བར་མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྒྲིག་ནང་དུའང་གྲངས་ཉུང་མི་རིགས་ཚོར་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་དང་གོང་འཕེལ་བྱ་རྒྱུའི་ཐོབ་ཐང་ཡོད་ཅེས་གསལ་པོ་འཁོད་ཡོད་པ་དེ་ལྟར་ཡང། རྒྱ་ནག་གཞུང་གིས་དེ་ལས་ལྡོག་ནས་བོད་མིའི་སྐད་ཡིག་རང་དབང་སྲུང་སྐྱོབ་དང་རྩོད་ལེན་གནང་མཁན་གྱིས་མཚོན་པའི་ཆོས་དད་རང་དབང་སྲུང་སྐྱོབ་གནང་མཁན་ཐོག་ཏུ་དམ་དྲག་བྱེད་བཞིན་ཡོད་པར་མ་ཟད། ད་བར་དེ་འབྲེལ་མི་སྣ་མང་པོ་ཞིག་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་བཀག་སྐྱིལ་འོག་འདས་གྲོོངས་སུ་ཕྱིན་པའི་གནས་ཚུལ་རིམ་པ་འཐོན་བཞིན་ཡོད་ཅེས་རྒྱུ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་ཡོད། སྤྱིར་རྒྱ་ནག་གཞུང་གིས་དུས་རྒྱུན་བོད་མིའི་ཆབ་སྲིད་བཙོན་པ་སུ་འདྲ་ཞུ་བཙོན་གྲོལ་བཏང་རྗེས་ཁོང་རྣམ་པའི་འགྲོ་སྡོད་སྤྱོད་གསུམ་ཀྱི་རང་དབང་ལ་ཚོད་འཛིན་དང། ཉིན་རེའི་འཚོ་བར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་དང་བྱེད་བཞིན་ཀྱི་ཡོད་པ་རེད། དེས་ན་ཡོ་རོབ་མཐུན་ཚོགས་ཀྱིས་ད་ལན་གྱི་བསྒྲགས་གཏམ་དེ་སྤེལ་ནས་རྒྱ་ནག་གཞུང་ལ་བཀྲིས་དབང་ཕྱུག་ལགས་གློན་བཀྲོལ་བཏང་བའི་རྗེས་སུ་ཆ་རྐྱེན་གང་ཡང་མེད་པར་ཁོང་ལ་འགྲོ་བ་མིའི་གཞི་རྩའི་རང་དབང་སྟེ་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཆ་ཚང་ལོངས་སུ་སྤྱོད་བཅུག་དགོས་ཞེས་ནན་བརྗོད་གནང་བ་འདུག་པར་མ་ཟད། ཁོང་དེ་སྔ་བཀག་ཉར་བྱས་པའི་དུས་ཡུན་ཁྲོད་ཁོང་སྡུག་སྦྱོང་མནར་གཅོད་བཏང་བའི་གནད་དོན་ཐོག་རྒྱ་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཙོར་ཞིབ་འཇུག་ནན་པོ་བྱེད་དགོས་པའི་སྐུལ་མ་བསྐྱར་ནན་གནང་འདུག ཐེངས་འདིའི་བསྒྲམས་བརྒྱུད་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ད་ལྟའི་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོ་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་པ་དང། བཀག་ཉར་བྱས་པ་ཚོ་ཁྲིམས་མཐུན་ཐོག་ཕྱི་གསལ་ནང་གསལ་གྱིས་ཁྲིམས་གཏུག་གནང་རྒྱུའི་རང་དབང་སྤྲོད་དགོས་པ། ལྷག་དོན་རང་རང་དབང་རྩོད་ལེན་པ་ཚོར་བཙོན་ཁང་དུ་ཁྲིམས་མཐུན་གྱི་ཁྲིམས་ཆད་བཏང་བ་ལས་མནར་གཅོད་དང་སྡུག་སྦྱོང་གི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་ཞེས་སྐུལ་མ་གནང་འདུག ཆབས་ཅིག་ཏུ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་ལྷན་དུ་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་གནང་རྒྱུ་ཡིན་ཞེས་བཀོད་འདུག རྩ་བའི་བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གི་འཛིན་བཟུང་བཙོན་འཇུག་སྔ་རྗེས་བརྒྱུད་རིམ་ནང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་ཁོང་གློད་བཀྲོལ་དགོས་པའི་སྐུལ་མ་ལས་མང་གནང་ཡོད་པར་མ་ཟད། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རིམ་པར་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་གླེང་སློང་ཡང་གནང་ཡོད་པ་རེད།

མགོ་ལོག་དར་ལག་རྫོང་ནས་བོད་མི་ཞིག་འཛིན་བཟུང་བྱས་འདུག

ཟླ་བ་སྔོན་མའི་ཚེས་བཅོ་བརྒྱད་ཀྱི་ཉིན། མཚོ་སྔོན་ཞིང་ཆེན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་བོད་མི་ཞིག་དཀྲོགས་གཏམ་སྤེལ་བའི་ཉེས་མིང་གི་འོག་འཛིན་བཟུང་བྱས་འདུགདེ་ཡང་སྐད་འཕྲིན་གྱི་འཕྲིན་སྟེགས། བོད་ལྗོངས་གསར་འཕྲིན་ཞེས་པའི་ཐོག་ཏུ་ཚུལ་ཐོན་པ་ལྟར་ན། མགོ་ལོག་དར་ལག་རྫོང་གི་བོད་མི་མིང་ལ་ཚེ་ག་གེ་མོ་ཟེར་བ་ཞིག་གིས་འདི་ལོའི་ཟླ་བ་ ༡ པོའི་ཚེས་ ༡༥ ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་སྐད་འཕྲིན་ཚོགས་པ་དང་གྲོགས་ཚོམས་ཁ་ཤས་ནང་བརྙན་ཐུང་ལྟར་བཟོས་ཡོད་པའི་བོད་སྐད་ཀྱི་སྐད་ཆ་དུམ་བུ་འགའ་བརྒྱུད་སྐུར་བྱས་ཡོད་པ་དང་། དེའི་ནང་དོན་མདོར་བསྡུས་ན་ཉེ་ཆར་མགོ་ལོག་དར་ལག་རྫོང་དུ་མཚོ་ལྷོ་ནས་ཡིན་པའི་མི་གཉིས་ཀྱིས་ཁྱེར་ཡོང་བའི་སྐམ་ཤར་ནད་དུག་འགོས་ཡོད་པ་མ་ཟད། དེ་ཟས་ནས་མི་འདས་གྲོངས་སུ་ཕྱིན་ཡོད་པའི་དཀྲོགས་གཏམ་སྤེལ་ཡོད་པར་བརྗོད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་ལྔར་གཞིགས་ནས་བོད་མི་ཞིག་འཕྲལ་དུ་འཛིན་བཟུང་བྱས་ཡོད་པར་འཁོད་འདུགདེ་བཞིན་འཕྲིན་སྟེགས་དེར་བཀོད་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྤྱི་བདེ་ལས་ཁུངས་དྲ་བའི་བདེ་འཇགས་རུ་ཆེན་གྱིས་འཕྲལ་མར་གོང་རིམ་འགོ་ཁྲིད་ལ་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་གོང་རིམ་གྱི་བཀོད་སྒྲིག་ལྟར་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་དྲ་བའི་བདེ་འཇགས་ཀྱི་ཉིང་ལག་རུ་ཁག་དང་འབྲེལ་བ་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཚོད་འཛིན་བྱས་པ་དང་ཆབས་ཅིག་ཏུ་དར་ལག་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱིས་གནས་ཚུལ་དེ་ནི་དཀྲོག་གཏམ་ཡིན་པའི་གནས་ཚུལ་འཕྲལ་མ་ཉིད་དུ་གཞུང་ཕྱོགས་ཀྱི་འཕྲིན་སྟེགས་ཁག་གི་ནང་དུ་བརྒྱུད་སྐུར་བྱས་ཡོད་པར་བཀོད་འདུག གཞི་རྩའི་རྒྱ་ནག་གིས་སྔར་ལོའི་ཏོག་དབྱིབས་གཉན་རིམས་ལ་ཁ་གཡར་ནས་བོད་ཁུལ་དུ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་གནས་ཚུལ་རིམ་པ་ཐོན་པ་ལྟར། ཁ་སང་འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གིས་འདི་ལོར་བོད་ནང་དུ་ལོ་གསར་གཏོང་མི་མང་དགྱེས་འཛོམས་སོགས་ཀྱི་མཚོན་པའི་ཞིང་ཆེན་ཁག་ལ་ལོ་གསར་གྲྭ་སྒྲིག་གི་ཚོང་ལས་ཉོ་རུ་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་ལྟར། མཚོ་སྔོན་བྲག་དཀར་རྫོང་ཁོངས་སུ་འདི་ལོའི་ལོ་གསར་ལ་གྲ་སྒྲིག་གང་ཡང་མང་མེད་པར་ལྷག་ཡོད་པ་དང་། གཅིག་བྱས་ན་སྲིད་གཞུང་གི་བཀའ་རྒྱ་དང་། དེ་བཞིན་རིམས་ནད་ཀྱི་རྐྱེན་གྱིས་ས་ཕྱོགས་གང་སར་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་ཡིན་མིན་གང་ཞིག་ལ། མང་ཚོགས་ཀྱི་ཁྲོད་དུ་འདི་ལོའི་བོད་ལུགས་ཀྱི་ལོ་གསར་འ་དབྱིངས་གང་ཡང་བྱེད་ཀྱི་མེད་པར་ཁུ་སིམ་པོར་གནས་ཡོད་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་ཉེ་སྔོན་ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན་སྟེགས་ཟེར་བར་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ལོ་གསར་དང་སྟབས་བསྟུན་གྱིས་བོད་རིགས་མང་ཚོགས་གྲོང་ཁྱེར་ཆེ་ཁག་ནས་ཕྱིར་ཕ་ཡུལ་དུ་ལོག་སྐབས་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ཕྱིར་ཕ་ཡུལ་དུ་ལོག་པའི་མི་སྣའི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་བརྡ་ཁྱབ་ཅིག་སྤེལ་ཡོད་པའི་ནང་དུ། ཞིང་ཆེན་ཕྱི་ནས་ཕྱིར་ལོག་པའི་མི་སྣ་དང་། ཞིང་ཆེན་ནང་ཁུལ་གྱི་འདྲེན་འཁྱགས་ཉར་ཟས་རིགས་ཀྱི་ལས་གཉེར་མི་སྣ། དེ་བཞིན་འགག་སྒོའི་ཐད་གཏོགས་ནང་འདྲེན་ཚོང་ཟོག་ལས་བཟོ་བ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་གཉེར་མི་སྣ་ཚོགས་བོད་ཁུལ་དུ་ཕྱིར་ཕྱིར་ལོག་དུས་བརྟག་དཔྱད་རིམ་པ་བྱེད་དགོས་བ་མ་ཟད། རང་ཁྱིམ་དུ་ཟུར་བཀག་ཉིན་ ༡༤ ལ་བཞུགས་དགོས་བ་དང་དོན་དག་མེད་པར་འཁྱམ་ཉུལ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་འདུག གཞན་ཡང་།་ལོ་གསར་སྐབས་སུ་དགོས་ངེས་མིན་པའི་དགྱེས་འཛོམས་རིགས་མི་ཆོག་པའི་རྩ་དོན་ལྟར།  གཅིག་འདུས་རང་བཞིན་གྱི་བྱ་འགུལ་ཚོད་འཛིན་ནན་མོ་བྱེད་དགོས་པ་དང་། ཆོས་ཚོགས་དང་རིག་རྩལ་འཁྲབ་སྟོན། ཕྱིར་ཚོང་སོགས་ཀྱི་བྱ་འགུལ་ཚོད་འཛིན་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ་གྱི་ཚོང་རའི་གཞི་ཁྱོན་དང་གྲངས་ཀ་ཉུང་དུ་གཏོང་བ་དང་། མི་སྣའི་འགྲོ་འོང་ཚོད་འཛིན་བྱེད་དགོས་པ། ཆོས་ལུགས་ཀྱི་བྱ་འགུལ་དང་ཚོགས་ར་ཚོད་འཛིན་དོ་དམ་གྱི་བླང་བྱ་རྒྱུན་འཁྱོང་བྱས་ནས།  རིམས་ནད་སྔོན་འགོག་ཚོད་འཛིན་གཏན་འབེབས་ལག་བསྟར་བྱེད་དགོས་པ། དེ་བཞིན་མི་མང་གིས་འདུ་ཚོགས་སོགས་གཅིག་འདུས་ཀྱི་ཅན་གྱི་བྱ་འགུལ་མི་སྤེལ་བར། ཞིང་འབྲོག་མང་ཚོགས་ཀྱིས་ལོ་གསར་སྐབས་ཁྱིམ་མཚེས་བར་འགྲོ་རྒྱུ་ཚད་འཛིན་གྱིས། སྒོ་ཁྱིམ་ཕྱི་རུ་འགྲོ་བ་ཇེ་ཉུང་དུ་བཏང་ནས། གཉེན་སྟོན་དང་འདས་མཆོད་སོགས་སྟབས་བདེ་ཅན་དུ་གཏོང་དགོས་བའི་བཀའ་རྒྱ་བཀྲམས་འདུག

པེ་རིས་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མིས་ངོ་རྒོལ་ལས་འགུལ་སྤེལ་བ།

རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་ཏེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་བསྟན་འཛིན་ཉི་མ་ལགས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་ཆེད་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཡོ་རོབ་རྒྱལ་ཁབ་ཕ་རན་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱལ་ས་པ་རི་སི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་གྱིས་སྐད་འབོད་ལས་འགུལ་ཞིག་སྤེལ་འདུག ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགོ་ཁྲིསྒྲིག་འོག་ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལག་དུ་བོད་ཀྱི་རྒྱལ་དར་དང་རྒྱལ་གཅེས་པ་བསྟན་འཛིན་ཉི་མ་ལགས་ཀྱི་སྐུ་པར། དེ་བཞིན་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་དང་ཤོག་བྱང་བསྣམས་པར་མ་ཟད། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང། བདེན་ཚིག་སྨོན་ལམ་གསུང་འདོན་གྱིས་རྒྱལ་གཅེས་པ་བསྟན་འཛིན་ཉིན་མ་ལགས་དམ་དེ་ཉིད་ཀྱིས་གཙོས་པའི་ད་བར་བོད་དོན་ཆེད་སྐུ་ལུས་བློས་བཏང་གནང་མཁན་རྣམས་ལ་མྱ་ངན་གུས་འདུད་ཀྱི་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་འཚམས་འཇོག་དགོས་པ་དང་བོད་ལ་རང་དབང་དགོས་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་འབོད་སྐུལ་གྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་རླུང་འཕྲིན་ཁང་གིས་ལས་འགུལ་གོ་སྒྲིག་གནང་ཁན་ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དབྱངས་སྐྱིད་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་མང་ཚོགས་ཀྱི་ངོས་ནས་ས་གནས་སུ་ནད་ཡམས་ཁྱབ་གདལ་གྱི་ངལ་བའི་གནས་སྟངས་ལ་ལྟོས་མེད་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་དང་གོ་རྟོགས་སྤེལ་རྒྱུ་དེ་གཙིགས་ཆེར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་སོང་། བོད་མི་བསྟན་འཛིན་ཉི་མ་ལགས་ཀྱིས་ ༢༠༡༩ ཟླ་ ༡༡ ནང་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་སེལ་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོའི་རྒྱ་གཞུང་ལས་ཁུངས་མདུན་དུ་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་གནང་བར་བརྟེན་ནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་རྗེས་སུ་བཙོན་ཁང་ནང་གཅར་རྡུང་གི་རྐྱེན་གྱིས་ནད་གཅོང་དུ་གྱུར་ཏེ་སྔར་ལོའི་ཟླ་ ༡༢ ཚེས་ ༡ ཉིན་འདས་གྲོངས་སུ་གྱུར་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་བཏང་ཡོད་ཀྱང་སྔར་བཞིན་ལྟ་སྲུང་གི་འོག་ཏུ་ཡོད་པར་སེམས་འཚབ།

བོད་མིའི་་སྐད་ཡིག་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཁ་སང་བཙོན་གྲོལ་བཏང་བ་དང་འབྲེལ། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག  བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བཀྲིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་བྱས་པར་རྒྱ་ནག་སྲིད་གཞུང་གིས་འཛིན་བཟུང་བཙོན་འཇུག་གིས་ལོ་ལྔ་ཡི་ཁྲིམས་ཐག་བཅད་དེ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་སྐོར་ནས་གཏམ་རྒྱུད་ཅིག་འཁྲབ་སྟོན་གནང་སོང་།

Latest news