Tibetan Royal Year of 2151 | Year of the Wood Dragon

བོད།

ནད་ཡམས་དང་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ།

སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༤༦ ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོོབ་ཐང་གཙོ་འཛིན་ Michelle Bachelet མཆོག་གིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་ཏོག་དབྱིབས་ནད་ཡམས་ཀྱི་མིང་བྱང་འོག་ཁུལ་དེའི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མི་མང་གི་རང་དབང་རྡོག་རོལ་མུ་མཐུད་གཏོང་བཞིན་འདུག་ཅེས་གསུངས་འདུགཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ཐོག འཛམ་གླིང་ཡུལ་གྲུ་ཁག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གཏམ་བཤད་སྤེལ་བའི་སྐབས་རྒྱ་ནག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་ད་ལྟའི་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་ནད་ཡམས་ཀྱི་མིང་བྱང་འོག་ཁུལ་དེའི་ལས་འགུལ་བ་དང་ཁྲིམས་རྩོད་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན། དེ་བཞིན་འབྲེལ་ཡོད་ཕྱི་རྒྱལ་མི་རིགས་བཅས་ལ་ཉེས་མེད་ཉེས་འཛུགས་ཀྱིས་བཀག་ཉར་དང་། དྲང་བདེན་མེད་པའི་ཁྲིམས་གཤེར་བྱེད་བཞིན་པ་བཅས་ནི་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྡོག་རོལ་བཏང་བ་ཞིག་ཡིན་པར་བསྐྱར་ནན་གྱིས་གསུངས་འདུག ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཤར་ཏུར་ཀིས་ཐན་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ལྡན་པའི་དཔྱད་ཞིབ་བྱེད་དགོས་པར་མ་ཟད། རྒྱལ་ཚོགས་ལ་གཞུང་སྒེར་ཚོགས་སྡེ་ཁག་གིས་རྒྱ་གཞུང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཉེས་འཛུགས་བྱས་ཁག་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁུངས་ཀྱི་ངོས་ནས་མུ་མཐུད་ཞིབ་དཔྱད་གནང་བཞིན་ཡོད་ཅེས་གསུངས་འདུག་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཆེད་ཕེབས་གནང་རྒྱུའི་ཐད་རྒྱ་ནག་ཕྱོགས་གཅིག་གི་འདོད་མོས་ལྟར་མིན་པར་ཕྱོགས་གཉིས་ཀའི་གྲོས་མཐུན་འོག་ཕེབས་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་ཡོད། དེ་དང་ཕྱོགས་མཚུངས་ཉིན་དེར་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་འཛམ་གླིང་ནང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས་ཐོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གླེང་མོལ་གྱི་ལས་རིམ་ཐོག་འཇར་མ་ནིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Kia Mueller ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་ དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་མིང་བྱང་འོག་ད་ཆ་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་གཏོང་ཆེད་གྲོང་གསེབ་ཁུལ་གྱི་མང་ཚོགས་རྣམས་དམག་སྦྱོང་ལྟེ་གནས་ཁང་དང་རྒྱ་ནག་ནང་གི་བཟོ་གྲྭ་ཁག་ཏུ་གཏོང་བཞིན་ཡོད་པར་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་ནི་རྗེས་ལུས་དང་བོད་མི་རིགས་ནི་འཇོན་ཐང་མེད་པར་ངོས་འཛིན་གྱིས་བོད་མིར་མཐོང་ཆུང་ཁྱད་གསོད་བྱེད་བཞིན་པའི་གནད་དོན་ནི་ཁས་ལེན་བྱེད་ཐབ་བྲལ་བ་ཞིག་ཡིན་པར་གསུངས་འདུག དེ་བཞིན་རྒྱལ་ཚོགས་ཀྱི་ངོས་ནས་དབུལ་ཕོངས་དཀའ་ངལ་སེལ་ཐབས་ཐོག་གླེང་མོལ་གནང་སྐབས་འབྲེལ་ཡོད་ཚོས་ངེས་པར་དུ་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང། འཚོ་བ་དང་རིག་གཞུང་། གོམས་གཤིས་བཅས་ཀྱི་ཐོག་གུས་བརྩི་བྱེད་དགོས་པ་ལས་མང་ཚོགས་ཀྱི་འདོད་བློ་དང་མི་མཐུན་པར་བཙན་དབང་གིས་བྱ་སྤྱོད་སྤེལ་བཞིན་པ་ནི་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་དང་མཐུན་གྱི་མེད་པ་སོགས་འགྲེལ་བརྗོད་གནང་སྟེ་རྒྱལ་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་དུ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་སྙན་སེང་ཞུས་འདུག

ཁེ་ན་ཌ་གཞུང་ལ་ཕྱི་ལོ་ ༢༠༢༢ ལོའི་ཨོ་རྩེད་འགྲན་ཚོགས་ལས་ཕྱིར་འཐེན་གནང་དགོས་པའི་ལས་འགུལ་སྤེལ།

རྒྱ་ནག་ནང་གི་གྲོང་ཁྱེར་པེ་ཅིང་དུ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་འཚོགས་འཆར་གྱི་གནད་དོན་ཕྱི་ལ་ཐོན་མ་ཐག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དང་མང་གཙོ་ལས་འགུལ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་མང་དག་ཅིག་གིས་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་མ་བཏང་བར་དུ་རྒྱ་ནག་ཏུ་རྩེད་འགྲན་དེ་འཚོགས་རྒྱུའི་གོ་སྐབས་སྤྲོད་རྒྱུ་མེད་པར་སྐྱོན་བརྗོད་གནང་བཞིན་ཡོད་པ་ལྟར། ཁེ་ན་ཌ་ནང་དུ་རྟེན་གཞི་བྱས་པའི་ Canadian Friends of Hong Kong ཞེས་ཁེ་ན་ཌའི་ཧོང་ཀོང་མཛའ་འབྲེལ་ཚོགས་པ་དང་ Students for a Free Tibet Canada ཞེས་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ Uyghur Rights Advocacy Project ཞེས་ཡུ་གུར་ཞུ་གཏུག་ལས་འཆར་ཚོགས་པ་བཅས་ཀྱིས་ཁེ་ན་ཌ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་དང་ཡུ་གུར་མང་ཚོགས་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་མི་རིགས་རྩ་མེད། ངལ་རྩོལ་བསྒྱུར་བཀོད་སོགས་ཀྱི་སྲིད་བྱུས་ལག་བསྟར་ཁྲོད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོས་འཛིན་གྱིས་འཚོགས་ལ་ཉེ་བའི་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལས་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གྱི་ལས་འགུལ་སྤེལ་འདུགདེའང་ཁ་ཉིན་ཚེས་ ༢༣ ཉིན་ཡུ་གུར་ཞུ་གཏུག་ལས་འཆར་ཚོགས་པའི་དྲྭ་རྒྱར་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ན་ཌ་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོགས་ཁག་ཁྱོན་ཚོགས་སྡེ་ ༡༤༠ ཡི་མང་ཚོགས་ ༡༥༠ ལྷག་གིས་མཚན་རྟགས་ཆེད་བཀོད་ཀྱིས་རེས་གཟའ་མིག་དམར་ཉིན་ཁེ་ན་ཌ་གཞུང་ལ་རྒྱ་ནག་གཞུང་གིས་ཡུ་གུར་མང་ཚོགས་རྩ་མེད་བཟོ་བཞིན་པ་དང་། བོད་དང་ནང་སོག་ལ་དྲག་གནོན། ངལ་རྩོལ་བསྒྱུར་བཀོད། དེ་བཞིན་ལུས་པོའི་མ་ལག་ཕྱིར་འདོན་གྱིས་གཙོས་པའི་ཧོང་ཀོང་མང་གཙོ་དོན་གཉེར་བའི་ཐོག་དྲག་གནོན་དང་བཙོན་འཇུག་དོ་དམ་འོག་ཡོད་པའི་ཁེ་ན་ཌའི་ Michael Spavor དང་  Michael Kovrig གཉིས་ཀྱི་གནས་སྟངས་སོགས་ཆེས་མངོན་གསལ་གནང་སྟེ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་ལམ་པིག་འགྲན་ཚོགས་ལས་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།དེ་བཞིན་ Uyghur Rights Advocacy Project ཚོགས་པའི་མགྲིན་ཚབ་པ་ Ivy Li ཡིས་ང་ཚོའི་འདོད་པར་ཁེ་ན་ཌ་གཞུང་དང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཚོགས་ཆུང་གཉིས་ལ་ཁེ་ན་ཌའི་མང་ཚོགས་རྣམས་ཀྱི་དགོངས་པར་ཁེ་ན་ཌའི་རྒྱལ་ཁབ་དེ་ ༢༠༢༢ ལོའི་རྒྱ་ནག་གི་དགུན་དུས་ཨོ་རྩེད་འགྲན་ཚོགས་ལས་ཕྱིར་འཐེན་གནང་རྒྱུའི་འདུན་པ་ཡོད་པ་དང་དེ་ལྟར་མ་གནང་ཚེ་མང་ཚོགས་ཀྱིས་ངོ་རྒོལ་གནང་ངེས་ཡིན་པར་གསུངས་འདུག ད་དུང་ཁོང་གིས་མི་མང་མང་དག་ཅིག་གིས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིག་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་གཏན་འཁེལ་བ་ལས་ཕྱིར་བཤོལ་གནང་རྒྱུར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད་ཀྱང་། རྒྱ་ནག་ཏུ་ནང་མི་ཡོད་མཁན་དང་ཚོང་དོན་གྱི་འབྲེལ་བ་ཡོད་པའི་མང་ཚོགས་དེ་དག་གི་ངོས་ནས་རྒྱ་ནག་གི་གནོན་ཤུགས་ལ་འཇིགས་ནས་རང་ཉིད་ཀྱི་མིང་མངོན་གསལ་གནང་དཀའ་བའི་གནས་སྟངས་སུ་གྱུར་སྐོར་གསུངས་འདུག་པར་མ་ཟད། རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་དེའི་ཐོག་ནས་ང་ཚོའི་རྩེད་འགྲན་པ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྤེལ་བའི་ལག་ཆ་ཆགས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་ལྷག་དོན་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་རིང་ལུགས་ཀྱི་ནུས་ཤུགས་ཁྱབ་སྤེལ་བཅས་ལ་དམིགས་ནས་སྤྱོད་ཀྱི་ཡོད་པར་བརྗོད་འདུགགཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་ཁས་ལེན་རིམ་པ་བྱས་ཡོད་པ་ཁག་ལག་བསྟར་དོན་འཁྱོལ་མ་བྱུང་མ་ཟད། བོད་དང་ཤིན་ཅང་། ནང་སོག་དང་ཧོང་ཀོང་བཅས་ཀྱི་ནང་དུ་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་སྟབས། ཉེ་སྔོན་རྒྱ་ནག་གི་འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་བརྒྱ་ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་བསྒྲགས་གཏམ་སྤེལ་ཏེ་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་ནང་དུ་དགུན་དུས་ཀྱི་ཨོ་རྩེད་འཚོགས་འཆར་ལ་དགག་ལན་གནང་ཡོད་པར་མ་ཟད། རྒྱལ་སྤྱིའི་ཨོ་རྩེད་ལས་ཁུངས་ཀྱིས་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཀྱི་ཨོ་རྩེད་འགྲན་ཚོགས་དེ་ཕྱིར་བསྡུ་བྱེད་དགོས་བའི་རེ་སྐུལ་གནང་ཡོད་པ་རེད། དེ་བཞིན་ ༢༠༢༢ ལོའི་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་སྤིང་རྩེད་འགྲན་ཆེན་མོར་བོད་མི་རྣམས་ཀྱིས་སྣེ་ཁྲིད་དེ་ཤར་ཏུ་ཀི་སི་ཐན་དང་ནང་སོག ཐེ་ཝན། ཧོང་ཀོང་སོགས་ཀྱི་མང་ཚོགས་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་ ༡༨༠ ལྷག་མཉམ་རུབ་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་སྐྱོན་བརྗོད་ཀྱིས་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་སྐོང་གནང་རྒྱུའི་ཐོབ་ཐང་གནང་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་ཀྱང་། ད་བར་དུ་ཨོ་རྩེད་འགྲན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་དུ་ཨོ་རྩེད་འགྲན་ཚོགས་འཚོགས་གཏན་ཁེལ་བ་དེ་ཕྱིར་བཤོལ་བྱས་མེད་སྟབས། ད་ལྟའི་ཆར་ལས་འགུལ་གྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་རྩེད་འགྲན་པ་རྣམ་པར་ཞུ་སྐུལ་གནང་སྟེ་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་རྩེད་འགྲན་དེར་འཛུལ་ཞུགས་མི་གནང་བར་ངོ་རྒོལ་གནང་དགོས་བའི་གཞེན་སྐུལ་གནང་བཞིན་ཡོད་པ་རེད།

སྦྲག་ཐོག་བརྒྱུད་ནས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག

ད་ལྟའི་ཆར་རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ཡོ་རོབ་རྒྱལ་ཁབ་ཁག་ནང་དུ་རིང་མིན་གསུམ་བཅུའི་དུས་དྲན་ཉིན་སྔར་རྒྱུན་ལྟར་མང་ཚོགས་འདུ་འཛོམས་ཆེ་བའི་བོད་དོན་ལས་འགུལ་སྤེལ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་སྟབས་གནས་སྟངས་དེའི་ཁྲོད་སུད་སིར་གནས་བཞུགས་བོད་དོན་ལས་འགུལ་བ་བློ་བཟང་དར་རྒྱས་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་མཚན་ཐོག་ལ་དོན་ཚན་བཞི་ཅན་ཆེད་བཀོད་ཀྱིས་སྦྲག་ཐོག་བརྒྱུད་དེ་བོད་དོན་ཞུ་གཏུག་ལས་འགུལ་ཞིག་དབུ་འཛུགས་གནང་འདུགཐེངས་འདིའི་སྦྲག་ཐོག་ལམ་ནས་རྒྱལ་ཚོགས་ལ་དབུལ་རྒྱུའི་བོད་དོན་ཞུ་གཏུག་གི་སྙན་ཞུ་ནང་དོན་ཚན་བཞི་ཆེད་བཀོད་གནང་འདུག་ཅིང། རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་ནས་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐོག་ཞལ་བཙུམས་ནས་མ་བཞུགས་པར་ལྟ་སྲུང་བྱས་ཏེ་འཕྲལ་མར་རྟོག་ཞིབ་དང་བསྐྱར་ཞིབ་གནང་དགོས། རྒྱལ་ཚོགས་ཀྱི་ཁྱད་ལས་རྟོག་ཞིབ་མི་སྣ་བོད་ནང་བཀག་འགོག་མེད་པར་འགྲོ་སྐྱོད་ཆེད་རྒྱ་གཞུང་སྐུལ་མ་གནང་དགོས། རྒྱལ་ཚོགས་ནས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་གཞིར་བཟུང་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་དང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་བའི་ཐོག་ཐེ་བྱུས་བྱ་མཚམས་འཇོག་དགོས་པར་མ་ཟད། རྒྱལ་ཚོགས་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཀྱི་གནད་དོན་གཙགོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཁ་གསལ་ཡོང་བར་རྒྱ་ནག་གཞུང་ལ་ཤུགས་གནོན་སྤྲོད་དགོས་ཞེས་འཁོད་འདུག སྤྱིར་སུད་སི་གྲོང་ཁྱེར་སྦན་དུ་གནས་བཞུགས་བོད་དོན་ལས་འགུལ་བ་བློ་བཟང་དར་རྒྱས་ལགས་ནི་རྒྱུན་དུ་ནས་བོད་དོན་ལས་འགུལ་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་གཉེར་མཁན་ཞིག་ཡིན་ཞིང། སྔ་ལོའི་ཕྱི་ཟླ་ ༦ ནང་ཁོང་གིས་སྣེ་ཁྲིད་འོག་སུད་སི་རྒྱལ་ས་སྦན་ནས་ཇི་ནི་ཝར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེ་སྔ་ཕྱི་ལོ་ ༢༠༡༣་༡༤ ལོར་བོད་མིའི་གསུམ་བཅུའི་དུས་དྲན་སྐབས་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཞབས་སྟེགས་ཞབས་ཆག་ཐོག་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། སླར་ཡང་ཁོང་གིས་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་ནས་ད་ལྟའི་ཆར་ཉམ་ཆུང་རོགས་རམ་སྤྱི་ཚོགས་ཞབས་ཞུ་ཞེས་པ་ཆེད་འཛུགས་ཀྱིས་རྒྱ་གར་ནང་གི་བོད་མིའི་གཞི་ཆགས་ཁུལ་དུ་ཉམ་ཐག་བོད་མི་བགྲེས་སོང་ཁག་ལ་དཔལ་འབྱོར་གྱི་ཞབས་ཞུའི་ལས་དོན་གཉེར་བཞིན་ཡོད་པ་རེད།

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་རྒྱུའི་ཞུ་གཏུག་ལས་འགུལ་སྤེལ་བ།

རྒྱ་ནག་གཞུང་གིས་བོད་མིའི་མི་རབས་རྗེས་མ་དེ་བོད་སྐད་མ་ཤེས་པའི་མི་རིགས་ཤིག་ཆགས་ཐབས་སུ་བྱུས་ངན་གྱི་སྲིད་བྱུས་སྣ་ཚོགས་ཤིག་བརྩམས་དང་རྩོམ་བཞིན་པ་རྣམས་ཐེར་འདོན་དང་སྐྱོན་བརྗོད་གནང་སྟེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་རྒྱུའི་ཞུ་གཏུག་ལས་འགུལ་ཞིག་དབུ་འཛུགས་གནང་འདུགརྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ (International Tibet Network ) གིས་ཁ་སང་རྒྱལ་སྤྱིའི་མ་སྐད་ཉིན་མོ་དང་བསྟུན་དྲྭ་རྒྱའི་ཐོག་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྐད་ཡིག་སློབ་གཉེར་གནང་ས་ཕལ་མོ་ཆེར་རྒྱ་ནག་གཞུང་གི་ཁྱད་ཆོས་ལྡན་པའི་རྒྱ་སྐད་སློབ་གཉེར་བྱ་ཡུལ་ཞིག་ཏུ་བཟོས་ཡོད་པར་མ་ཟད། ཕ་མ་རྣམས་ལ་བཙནདབང་གིས་རང་གི་བུ་ཕྲུག་རང་དང་ཐག་རིང་བའི་རྒྱ་སྐད་སློབ་གཉེར་བྱ་ཡུལ་ལ་ཆེད་གཏོང་དགོས་པའི་བཙན་བཀའ་སོགས་བཏང་བ་བརྒྱུད་དེ་བོད་མིའི་མི་རབས་རྗེས་མ་དེ་དག་བོད་སྐད་མ་ཤེས་པའི་མི་རིགས་ཤིག་ཆགས་ཐབས་སུ་བྱུས་ངན་གྱི་སྲིད་བྱུས་སྣ་ཚོགས་ཤིག་བརྩམས་དང་རྩོམ་བཞིན་ཡོད་སྟབས། དྲྭ་ཐོག་ནས་རྒྱ་ནག་གཞུང་གི་སྲིད་བློན་གཞོན་པ་ Sun Chunlan དང་ཤེས་རིག་བློན་ཆེན་ Chen Baosheng གཉིས་ཀྱི་མིང་ཐོག་བོད་ཀྱི་སྐད་ཡིག་རང་དབང་སྲུང་སྐྱོབ་ཅེས་འཕྲིན་གཏོང་གི་ལས་འགུལ་ཞིག་སྤེལ་དང་སྤེལ་མུས་ཁྲོད་ད་བར་མི་མང་ ༡༥༠༠ ལྷག་ནས་མཉམ་ཞུགས་གནང་ཡོད་ཀྱང་། ལས་འགུལ་ཀྱི་ཐོག་མའི་དམིགས་ཚད་ལྟར་མི་མང་ ༢༥༠༠ ལྷག་ནས་མཉམ་ཞུགས་གནང་དགོས་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྐད་ཡིག་གཉིས་ལྡན་གྱི་སློབ་གསོ་སྤྲོད་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་བོད་ཡིག་སློབ་གཉེར་གནང་སའི་སློབ་གྲྭ་ཁག་ཕྱིར་བཤོལ་བྱས་པ་དང་སྔོན་འགྲོའི་སློབ་གྲྭར་བཙན་དབང་གིས་རྒྱ་སྐད་སྦྱོང་འཇུག་བཞིན་ཡོད་པ་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་མཚོན་ཆེད་སྐད་ཡིག་དང་རིག་གཞུང་དེ་དག་ཆེད་མངགས་རྩ་མེད་གཏོང་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ལ་རྒྱ་ནག་གཞུང་གིས་བོད་ཕྲུག་སློབ་གཉེར་གནང་སའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་རྒྱུ་དེ་རྩ་བ་ནས་མེད་པ་བཟོ་ཐབས་ལ་འབད་བརྩོན་བྱས་ཡོད་ཀྱང་སྐབས་དེར་བོད་རིགས་སློབ་མ་གཙོས་མི་མང་སྟོང་ཕྲག་མང་པོ་ཐང་ལ་ཕྱིར་ཐོན་ནས་ང་ཚོར་སྐད་ཡིག་གི་རང་དབང་དགོས་ཞེས་པའི་སྐད་འབོད་གནང་སྟེ་ངོ་རྒོལ་ཤུགས་ཆེ་གནང་བར་བརྟེན་རྒྱ་གཞུང་གི་བྱུས་ངན་པ་དེ་ལམ་ལྷོང་བྱུང་མེད་སྟབས། ད་ཆ་སླར་ཡང་རྒྱ་ནག་གཞུང་གིས་བྱ་ངན་དེ་བརྩམས་དང་རྩོམ་བཞིན་ཡོད་རྐྱེན་ཐེངས་འདིའི་རྒྱལ་སྤྱིའི་མ་སྐད་ཉིན་མོ་དང་བསྟུན་ང་ཚོའི་ནུས་པ་མཉམམ་སྤུངས་ཀྱིས་ལས་འགུལ་དེ་སྤེལ་དགོས་པའི་གཞེན་སྐུལ་གནང་འདུག

རྒྱ་གཞུང་ནས་བོད་མི་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས་ཀྱི་གནད་དོན་ཐད་འགན་འཁུར་དགོས།

རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་འོག་འདས་གྲོངས་སུ་གྱུར་བའི་བོད་མི་ཡུལ་སྐོར་སྣེ་ཤན་པ་ཆབ་སྲིད་བཙོན་ཟུར་དཀོན་མཆོན་སྦྱིན་པ་ལགས་ཀྱི་གནད་དོན་ཐད་འགན་འཁུར་དགོས་པར་ནན་བརྗོད་གནང་འདུགཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་བོད་མི་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན་འབྲི་རུ་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ནས་དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ་ཁོང་གིས་བོད་ཀྱི་ངོ་རྒོལ་གནས་ཚུལ་ཕྱིར་བསྒྲགས་གནང་སྐོར་བཤད་དེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་གནང་བའི་ཉེས་འོག་མི་ལོ་ ༢༡ རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཕྱི་ཟླ་ ༢ ཚེས་ ༦ ཉིན་ཁོང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་འདུག དཀོན་མཆོག་སྦྱིན་པ་ལགས་བཙོན་ཁང་ནས་ས་གནས་དེར་ཟླ་བ་གསུམ་ཙམ་གྱི་སྔོན་ནས་གནས་སྤོར་བྱས་ཡོད་པའི་གནས་ཚུལ་ཁོང་གི་ནང་མི་སུས་ཀྱང་ཤེས་རྟོགས་བྱུང་མེད་པ་དང་། ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་ནང་མི་རྣམས་ནས་ཁོང་ལྷ་སའི་སྨན་ཁང་ཞིག་ཏུ་ཛ་དྲག་གི་སྨན་བཅོས་གནང་བཞིན་པ་ཤེས་རྟོགས་བྱུང་རྗེས་འབྲེལ་ཡོད་བོད་མི་ཁག་ཅིག་གིས་སྨན་ཁང་དུ་ཁོང་ལ་ཁྲག་སྦྱིན་གནང་ཆེད་དུ་ཕྱིན་ཡོད་ཀྱང་ཁོང་དང་དངོས་སུ་ཐུག་འཕྲད་བྱུང་མེད་པའི་གནས་སྟངས་འོག་ཕྱི་ཟླ་ ༢ ཚེས་ ༦ ཉིན་འདས་གྲོངས་སུ་གྱུར་ཡོད་པ་དང་ས་གནས་ཀྱི་གནས་ཚུལ་ཁག་ལ་གཞིགས་ཚེ་ཁོང་བཙོན་འཇུག་གི་མནར་གཅོད་ཁྲོད་ཀླད་ཁྲག་འདྲེས་པ་དང་དབང་པོ་སྐྱོན་ཅན་དུ་གྱུར་ནས་འདས་གྲོངས་སུ་གྱུར་ཡོད་ཚུལ་བཀོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་དཀོན་མཆོག་སྦྱིན་པ་ནི་ཁྲིམས་འགལ་གྱི་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་ཉེས་རྡུང་སྣ་ཚོགས་ཕོག་རྐྱེན་འདས་གྲོངས་སུ་གྱུར་བའི་ཡ་ང་སྙིང་རྗེ་མེད་པའི་དཔེ་མཚོན་ཞིག་ཆགས་ཡོད་སྟབས་རྒྱ་གཞུང་གིས་བོད་མི་གང་བྱུང་དུ་འཛིན་བཟུང་བཙོན་འཇུག་གིས་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་གྱུར་བའི་འགན་འཁུར་དགོས་པར་སྐྱོན་བརྗོད་གནང་འདུག གཞི་རྩའི་དཀོན་མཆོག་སྦྱིན་པ་ལགས་ནི་ད་ལྟ་རང་ལོ་ ༥༡ ཡིན་ཞིང་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་སུམ་བརྒྱ་ཙམ་གྱི་སར་ཡོད་པའི་ནག་ཆུ་འབྲི་རུ་ནས་ཡིན་པ་རེད།

རྒྱ་གཞུང་གིས་ཆོས་དད་ཁྲིམས་སྒྲིག་དང་འབྲེལ་བའི་ལམ་སྟོན་གསར་པ་ཁག་ཅིག་ཡོངས་གྲགས་བྱས་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་ལྷག་པར་དུ་བླ་སྤྲུལ་འོས་འཛིན་གྱི་གནད་དོན་གཙོས་ཆོས་ཕྱོགས་ཀྱི་ལས་དོན་ཐོག་ཐེ་བྱུས་དང་སྦྲགས། དུས་ནས་དུས་སུ་དམ་དྲག་རང་བཞིན་གྱི་ཁྲིམས་སྒྲིག་གཏན་འབེབས་དང་ལམ་སྟོན་གསར་བཟོ་སོགས་བྱེད་བཞིན་ཡོད་པ་ལྟར་ཉེ་ཆར་བོད་ཀྱི་གནམ་ལོ་གསར་པའི་ཚེས་པ་གཅིག་ཟིན་ལ་ཉེ་བའི་ཉིན་གྲངས་གཉིས་ཀྱི་སྔོན་སྟེ་ཕྱི་ཟླ་ ༢ ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་ཆོས་དད་ཁྲིམས་སྒྲིག་དང་འབྲེལ་བའི་ལམ་སྟོན་གསར་པ་ཁག་ཅིག་ཡོངས་གྲགས་བྱས་འདུག ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་ནས་བརྩི་སྲུང་དགོས་པའི་ལམ་སྟོན་ཞེས་འཁོད་པའི་ཆོས་དད་ཁྲིམས་སྒྲིག་དང་འབྲེལ་བའི་ལམ་སྟོན་གསར་པ་དེའི་ནང་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་ནས་རྒྱལ་ཁབ་དང་མི་མང་གི་བདེ་འཇགས་ལ་བརྩི་སྲུང་དགོས་པ་དང་ཆོས་ལུགས་དང་འབྲེལ་བའི་ཁ་བྲལ་གྱི་ལས་དོན་ལ་ཁ་གཏད་གཅོག་དགོས་པ། དེ་བཞིན་ཆོས་ལུགས་སྤྱོད་ནས་རྒྱལ་ཁབ་ལ་ངོ་རྒོལ་རིགས་བྱེད་མི་ཆོག་པ། རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་སྒྲིག་འཛུགས་དང་ཚོགས་པ་ཁག་དང་ལག་འབྲེལ་གྱིས་ལས་དོན་རིགས་སྤེལ་མི་ཆོག་པ། ལྷག་པར་དུ་བོད་མིའི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཀྱི་ལམ་ལུགས་དེ་དག་དེ་སྔ་ནས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དང་བླ་སྤྲུལ་ངོན་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ཁག་དང་མཐུན་པར་བྱེད་དགོས་པ་སོགས་ཁྱོན་དོན་ཚན་མི་འདྲ་བ་ ༥༢ ཙམ་ཆེད་བཀོད་བྱས་འདུག་པ་དང་། དོན་ཚན་དེ་དག་རིང་མིན་ཕྱི་ཟླ་ ༥ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་འཆར་ཡིན་པར་བཤད་འདུག  གནད་དོན་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ལ་བཀའ་འདྲི་ཁག་ཅིག་ཞུས་པར་རྒྱ་ནག་གཞུང་གིས་ཉེ་ཆར་གཏན་འབེབས་ཀྱིས་ཡོངས་གྲགས་བྱས་པའི་ཆོས་དད་ཁྲིམས་སྒྲིག་དང་འབྲེལ་བའི་ལམ་སྟོན་གསར་པ་དེ་གཙོ་བོ་རྒྱ་ནག་གཞུང་ནས་ཆོས་ལུགས་ཁག་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བཟོ་བཞིན་པ་དེར་ཕྱིའི་ཤུགས་རྐྱེན་ཡོང་ཁག་ལས་སྲུང་སྐྱོབ་བྱེད་རྒྱུ་དང་ཁྲིམས་སྒྲིག་དེ་དག་མ་འོངས་ཆོས་ཕྱོགས་ཀྱི་ལས་དོན་རྣམས་ཁྲིམས་འགལ་རེད་ཅེས་ཁྲིམས་ལ་ཁ་གཡར་ས་ཡོད་པ་ཞིག་བཟོ་རྒྱུའི་འཆར་གཞི་ཡིན་པ་སོགས་གསུངས་སོང་། གཞི་རྩའི་རྒྱ་ནག་གཞུང་ནས་རྒྱལ་ཡོངས་ཆོས་དད་ལས་དོན་གྱི་ཁྲིམས་སྒྲིག་ཞེས་པ་ཞིག་ཐོག་མར་ཕྱི་ལོ་ ༢༠༠༥ དང་ ༢༠༠༦ ལོར་གཏན་འབེབས་བྱས་ཡོད་པ་དང་དེ་ནས་ཕྱི་ལོ་ ༢༠༡༧ ལོར་ཁྲིམས་སྒྲིགས་ཀྱི་དོན་ཚན་ཁག་ལ་ཁ་སྣོན་སོགས་རྒྱག་ཡོད་པ་རེད། རྒྱ་གཞུང་ལ་ཐོ་འགོད་བྱས་པའི་ཆོས་ལུགས་ཀྱི་སྒྲིག་འཛུགས་དང་མི་སྣ་ལས་གཞན་སུས་ཀྱང་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་མི་ཆོག་པར་མ་ཟད་ཆོས་ཕྱོགས་ཀྱི་སྒྲིགས་འཛུགས་ཁག་གི་དྲྭ་རྒྱ་རྒྱ་གཞུང་ལ་སྤྲོད་དགོས་པ་དང་སློབ་གྲྭ་ཁག་ཏུ་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་མི་ཆོག་པ་སོགས་འཁོད་ཡོད་པ་རེད།

རྒྱ་ནག་དང་ལྷན་ཆེས་ཐོག་མའི་ཞལ་པར་བརྒྱུད་བཀའ་མོལ་གནང་སྐབས་བོད་དོན་གླེང་བ།

ཨ་མི་རི་ཀའི་གཞུང་འཛིན་གསར་པའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་  Antony J. Blinken མཆོག་གིས་རྒྱ་ནག་དང་ལྷན་ཆེས་ཐོག་མའི་ཞལ་པར་གྱི་བཀའ་མོལ་ཁྲོད་ཨ་རིས་བོད་ནང་གི་བོད་མིར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐབས་ཐད་མུ་མཐུད་འབད་རྩོན་གནང་རྒྱུ་ཡིན་པར་གསུངས་འདུགཁ་སང་ཚེས་ ༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Blinken མཆོག་དང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ངེས་སྟོན་པ་ Yang Jiechi དབར་ཞལ་པར་བརྒྱུད་བཀའ་མོལ་གནང་སྐོར་ཨ་རི་ཕྱི་སྲིད་དྲུང་ཆེ་མཆོག་གི་མགྲིན་ཚབ་པས་བསྒྲགས་གཏམ་སྤེལ་བ་ཞིག་འདོན་སྤེལ་གནང་འདུག དེའི་ནང་སྐུ་ཞབས་ Blinken མཆོག་གིས་ཨ་རིའི་ངོས་ནས་ཤིན་ཅང་དང་བོད། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་གི་ཡིན་ཞེས་ནན་བརྗོད་གནང་སྟེ་གསུངས་འདུག་པར་མ་ཟད། ཨ་རི་དང་མཐུན་ཕྱོགས་ཀྱི་རྒྱལ་ཁབ་དབར་མཉམ་ལས་ཀྱིས་རྒྱ་གཞུང་ནས་ལྷོ་ཞི་བདེ་རྒྱ་མཚོ་ཁུལ་དུ་འཇིགས་སྐུལ་དང་རྒྱལ་སྤྱིའི་བཀོད་ཁྱབ་རྩ་འཛིན་གྱི་སྒྲིག་གཞི་རྩ་གཏོར་གཏོང་བཞིན་པ་དེ་དག་གི་འགན་ཁུར་དགོས་པ་ཞིག་བཟོ་ཐབས་གནང་རྒྱུ་ཡིན་ཞེས་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་ཕྱི་སྲིད་དྲུང་ཆེ་མཆོག་གིས་ Yang Jiechi དང་བཀའ་མོལ་གནང་སྐབས་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་སྐོར་གླེང་སློང་གནང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཕྱི་སྲིད་དྲུང་ཆེ་མཆོག་གིས་བདུན་ཕྲག་སྔོན་མར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་དང་དེ་བཞིན་སྲིད་འཛིན་བྷ་ཌན་མཆོག་གིས་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་སྐབས་བོད་དོན་སྐོར་གསུངས་པ་དེས་ང་ཚོར་ཨ་རི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་ལ་དོན་ཕན་ལྡན་པའི་ཕྱག་ལས་གནང་བའི་རེ་བ་སྦྱིན་གྱི་ཡོད་པ་གསུངས་པ་དང་ཆབས་ཅིག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་སྲིད་དྲུང་ཆེ་མཆོག་དང་ཨ་རི་གཞུང་འཛིན་ནས་བོད་དོན་ཐད་ཕྱག་ལས་དོན་འཁྱོལ་དང་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་དང་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ཕྱག་བསྟར་གནང་རྒྱུ། དེ་བཞིན་བོད་དོན་སྐུ་ཚབ་གང་མགྱོགས་བསྐོ་གཞག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག གཞི་རྩའི་ཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤ་རང་དབང་རླུང་འཕྲིན་ཁང་གི་དྲི་བ་ཁག་ཅིག་ལ་བཀའ་ལན་གནང་སྐབས་ཨ་རིའི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་མི་ལོ་བཅུ་ཙམ་ལ་རྒྱུན་ཆད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་ཐབས་ལ་ཤུགས་སྣོན་དང་རྒྱ་ནག་གི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་བསྐོ་གཞག་གནང་ཕྱོགས་ལ་ཐེ་བྱུས་བྱ་དབང་མེད་པར་སྐུལ་འདེད་དང་ཉེན་ཁའི་གནས་སུ་ལྷུང་བའི་བོད་ཀྱི་ཆོས་རིག་དང་སྐད་ཡིག བོད་ཀྱི་རང་བྱུང་ཁོར་ཡུག་བཅས་ལ་རྒྱ་ནག་གིས་གུས་བརྩི་ཞུ་དགོས་པ་སོགས་བོད་དོན་ཆེད་དུ་གནད་དོན་མང་དག་ཅིག་ལག་བསྟར་གནང་རྒྱུ་ཡིན་པ་གསུངས་ཡོད།   ཕྱོགས་མཚུངས་སུ་སྲིད་འཛིན་ Joe Biden མཆོག་གིས་དེ་སྔ་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་སྐབས་གལ་ཏེ་ཁོང་སྲིད་འཛིན་དུ་བདམ་ཐོན་བྱུང་ཚེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་འཕྲད་ཞུ་རྒྱུ་དང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པར་མ་ཟད། ཉེ་ལམ་སྲིད་འཛིན་མཆོག་གིས་ཕྱི་འབྲེལ་སྲིད་བྱུས་ཀྱི་གསུང་བཤད་གནང་སྐབས་སུ་ཨ་རིའི་ངོས་ནས་རྒྱ་ནག་ལ་གདོང་ལེན་གནང་རྒྱུ་ཡིན་པ་དང་ཅི་སྟེ་རྒྱ་ནག་དང་མཉམ་ལས་གནང་དགོས་བྱུང་ཚེ་དེའི་ཐད་གྲ་སྒྲིག་ཨང་གསར་ཡིན་ཞེས་གསུངས་ཡོད།  

རྒྱ་ནག་གིས་བོད་ནང་དུ་དམག་སྒར་གྱི་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད།

ཁ་སང་། རྒྱ་གར་གྱི་ Hindustan Times གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་བར་དུ་སྔར་ལོ་ནས་བཟུང་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་རིམ་པ་བྱུང་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར། རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་དང་དེའི་ཉེ་འཁོར་ས་གནས་ཁག་ཏུ་དམག་གི་ལྟེ་གནས་ལྟ་བུའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་ དང་སྦྲགས། མཐའ་མཚམས་ཀྱི་མི་སེར་རྣམས་ལ་དངུལ་དངོས་ཀྱི་འཚོ་བའི་མཐུན་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་འཕགས་བོད་མཐའ་མཚམས་ཁག་ཏུ་དེ་གའི་དམག་གི་སྟོབས་ཤུགས་སྲ་བརྟན་དུ་གཏོང་བཞིན་ཡོད་སྐོར་མངོན་གསལ་གནང་འདུག རྩ་བའི་ Stratfor ཞེས་ཨ་རིའི་བདེ་སྲུང་དང་གསང་ལས་ཀྱི་ཆེད་མཁས་ལྟེ་གནས་ཁང་གིས་སྔ་ལོ་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་གི་ནང་དུ། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་༢༠༢༠ བར་དུ་རྒྱ་གར་བྱང་རྒྱུད་དུ་འཁེལ་བའི་འཕགས་བོད་ས་མཚམས་ཁག་ཏུ་གནམ་ཐང་དང་ཐད་འཕུར་གནམ་གྲུ་སོགས་མཁའ་དམག་དང་འབྲེལ་བའི་ལས་གཞི་ལྡབ་གཉིས་ཀྱི་ཤུགས་ཆེ་རུ་བཏང་ཡོད་པ་ཡོངས་གྲགས་གནང་ཡོད་པ་རེད། གསར་ཁང་གིས་སྤེལ་བའི་ཐེངས་འདིའི་གནས་ཚུལ་གྱི་ནང་དུ། རྒྱ་ནག་གིས་རྙོག་གླེང་ཆེ་བའི་འཕགས་བོད་ས་མཚམས་གང་སར་དམག་མིའི་རྟེན་གཞི་རྒྱ་བསྐྱེད་བྱེད་ཀྱི་ཡོད་པའི་ཁྲོད་དུ། རྒྱ་གར་བྱང་ཕྱོགས་ལ་དྭགས་ཙམ་མ་ཡིན་པར། བྱང་ཤར་ཨ་རུ་ན་ཅལ་དང་འབྲུག་གི་ས་མཚམས་སོགས་སུ་འཛུགས་སྐྲུན་གྱི་ལས་གཞིར་ཤུགས་སྣོན་བྱེད་བཞིན་པ་མ་ཟད། ད་ཆ་མི་མེད་ལུང་སྟོང་གི་མཐའ་མཚམས་སུ་ཆེད་དུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་གཉེར་ནས་མི་མང་ཁུལ་སོ་སོར་གནས་སྤོར་གྱིས་གཞིས་ཆགས་གསར་འཛུགས་བྱེད་བཞིན་ཡོད་སྐོར་ཡང་མངོན་གསལ་གནང་འདུག ད་དུང་སྲུང་སྐར་བརྒྱུད་ནས་བླངས་བའི་འདྲ་པར་ལས་ཤེས་རྟོགས་བྱུང་བ་ཞིག་ནི། རྒྱ་ནག་གིས་ད་ཆ་བོད་ནང་གི་གྲོང་ཁྱེར་ཆེ་ཁག་དང་དམག་སྒར་སོགས་ཀྱི་འགྲུལ་ལམ་ཇེ་ལེགས་དང་འབྲེལ་མཐུད་སྟབས་བདེར་བསྒྱུར་ནས། མཐའ་མཚམས་ཁག་ཏུ་རྒྱ་ནག་གི་དམག་མི་དང་དམག་གི་ཡོ་ཆས་འབོར་འདྲེན་གྱི་ཆུ་ཚོད་ཇེ་ཉུང་དུ་བཏང་ཡོད་པར་ལུང་འདྲེན་དང་སྦྲགས། ལྷ་སའི་ནང་གི་གོང་དཀར་གནམ་ཐང་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་རྒྱ་ནག་གི་དམག་མིར་མཐུན་རྐྱེན་སྐྲུན་བཞིན་ཡོད་པ་མ་ཟད། གྱེན་འཕུར་གནམ་གྲུ་སོགས་ཀྱི་མཚོན་པའི་མཁའ་དམག་གི་བདེ་སྲུང་ལམ་ལུགས་ལ་ཤུགས་སྣོན་བྱེད་བཞིན་པར་ཡོངས་གྲགས་གནང་འདུག དེ་དང་ཆབས་ཅིག འདས་བའི་ཟླ་ངོ་ཁ་ཤས་ཀྱི་ནང་དུ་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་རྟེན་གཞི་བྱས་པའི་མཁའ་དམག་གི་ས་ཚིགས། Hotan ཞེས་པ་དེ་མགྱོགས་མྱུར་གྱི་ངང་ནས་རིམ་སྤོར་བྱས་ཡོད་པ་དང་། དེ་ནི་ཛ་དྲག་གི་དུས་སྐབས་སུ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་དམག་མིའི་འཐབ་ཇུས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སྟེ། སྔར་ལོ་ནས་རྒྱ་ནག་གིས་མཁའ་དམག་གི་ལྟེ་གནས་དེ་རུ་གྱེན་འཕུར་གནམ་གྲུ་དང་དམག་ཆས་མང་དུ་བཏང་ཡོད་པ་མ་ཟད། ལྟེ་གནས་ཁང་དེ་བོད་མཐོ་སྒང་གི་མེ་འཁོར་ལྕགས་ལམ་དང་སྦྲེལ་བཞིན་ཡོད་སྐོར་གསལ་འགྲེལ་གནང་འདུག དེ་བཞིན་རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལུང་འདྲེན་གནང་བའི་ནང་དུ། རྒྱ་ནག་གིས་རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་རྩོད་རྙོག་རིམ་པའི་ཁྲོད་དུ། རྒྱ་ནག་གི་དམག་སྒར་ལྟེ་གནས་ཁང་མང་པོ་བོད་མཐོ་སྒང་དང་ཤིན་ཅང་གི་བྱེ་ཐང་བརྒལ་ནས་མེ་འཁོར་ལྕགས་ལམ་དང་སྦྲེལ་བཞིན་པ་དེ་ནི། མཐའ་མཚམས་ཁག་ཏུ་དམག་འཐབ་དང་འབྲེལ་བའི་གོ་མཚོན་གྱི་རིགས་འབོར་འདྲེན་བྱེད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པར་བརྗོད་པ་ལུང་འདྲེན་གནང་འདུག རྒྱ་གར་གྱི་འཐབ་ཇུས་ཆེད་མཁས་བ། སྐུ་ཞབས་ Brahma Chellaney ལགས་ཀྱིས་གསར་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གིས་མཐའ་མཚམས་ཁག་ཏུ་འཛུགས་སྐྲུན་གྱི་ལས་དེ་དག་ནི་ཕྱི་ལོ་ ༢༠༡༧ ལོའི་འབྲོག་ལམ་གྱི་དོན་རྐྱེན་དང་བསྟུན་ནས་རིམ་སྤར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོ་ནས་ལས་གཞི་དེ་དག་སྔར་ལྷག་རྒྱ་བསྐྱེད་བྱེད་བཞིན་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་རྙོག་གླེང་རིམ་པའི་ཁྲོད་དུ། རྒྱ་ནག་གིས་དུས་འདའ་བར་བྱས་ཏེ་ག་ལེར་མཐའ་མཚམས་ཁག་སོ་སོར་དམག་མི་སྤར་ཤུགས་ཆེ་རུ་བཏང་ནས། རྒྱ་དཀར་རྒྱ་ནག་གི་དམག་མིའི་གནོན་ཤུགས་ཀྱི་འོག་ཏུ་འཇུག་ཐབས་བྱེད་བཞིན་པ་ཞིག་ཡིན་སྐོར་གསུངས་འདུག གཞི་རྩའི་སྔར་ལོའི་རྒྱ་ནག་གི་ཏོག་དབྱིབས་གཉན་དུག་ཁྱབ་བརྡལ་དང་འབྲེལ་ནས། རྒྱ་ནག་གིས་མཐའ་མཚམས་རྒྱ་སྐྱེད་ཀྱི་སྲིད་ཇུས་ཇེ་དོམ་དུ་བཏང་སྟེ། རྒྱ་གར་དང་བལ་ཡུལ། དེ་བཞིན་འབྲུག་ཡུལ་སོགས་ཀྱི་མཐའ་མཚམས་ཁག་ཏུ་སིམ་འཛུལ་བྱས་པའི་དོན་རྐྱེན་རིམ་པ་བྱུང་བའི་ཁྲོད་དུ། རྒྱལ་སྤྱིའི་དཔྱད་བརྗོད་པ་མང་པོས། རྒྱ་ནག་གི་མཐའ་མཐའ་མཚམས་རྒྱ་བསྐྱེད་ཀྱི་ལས་གཞི་དེ་ནི་སྔར་ལོ་རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱིས་མང་ཚོགས་ཀྱི་འཚོ་བ་དང་རྒྱུ་དངོས་ལ་དོ་ཕོག་ཆེན་པོ་ཐེབས་པ་དང་བསྟུན་ནས་སྲིད་གཞུང་ལ་སྡང་སྡུག་ཆེ་རུ་འགྲོ་བཞིན་པར་བརྟེན་ནས། རྒྱ་ནག་གིས་ཆེད་དུ་མང་ཚོགས་ཀྱི་མིག་སྔར་གྱི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐབས་དང་། རྒྱ་ནག་གི་སྟོབས་ཤུགས་ཕྱི་ལ་ངོམས་པའི་སླད་དུ་མཐའ་མཚམས་ཁག་སོ་སོར་ཆེད་དམིགས་ཀྱིས་རྙོག་གླེང་གི་རིགས་བཟོ་བཞིན་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། ཁ་སང་དྲ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། སྔར་ལོའི་རྒྱ་ནད་ཀྱི་རྐྱེན་གྱིས། རྒྱ་ནག་གི་ནང་གི་བཟོ་ལས་དང་ཚོང་ལས་ཁང་སོ་སོའི་ཆེད་གཉེར་གྱི་གཏན་འཇགས་ཀྱི་ལས་བྱེད་མང་པོ་ཞིག་གི་ལས་ཀ་ཤོར་ཡོད་པར་བརྟེན་ནས་མང་ཚོགས་ཀྱི་ཁྲོད་དུ་སེམས་འཚབ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ད་ཆ་རྒྱ་ནག་གི་ནང་དུ་རང་ལོ་ ༣༥ འོག་ཏུ་ཡོད་པའི་ན་གཞོན་གྱི་ལྟེ་ཁག་ལ་མ་གཏོགས་ལས་ཀའི་གོ་སྐབས་རག་གི་མེད་པར་ཡོངས་གྲགས། མང་ཚོགས་ཀྱི་ཁྲོད་དུ་མིག་སྔར་གྱི་འཚོ་བའི་དགོས་འདུན་ལ་གྱོང་གུད་ཆེན་པོ་ཐེབས་ཏེ། རྒན་རབས་པའི་ཁྲོད་དུ་ལས་ཀར་གསར་ཞུགས་ཀྱི་གོ་སྐབས་ཧ་ཅང་གིས་ཉུང་དུ་ཕྱིན་ཡོད་པར་སེམས་འཚབ་འཕར་མ་ཞིག་ཡོང་གི་ཡོད་པའི་གནས་ཚུལ་རིམ་པ་ཐོན་འདུག

ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ།

ཁ་སང་ཕྱི་ཚེས་ ༨ ཉིན་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་རྣམས་གློད་བཀྲོལ་དགོས་པའི་ཞུ་སྐུལ་དང་དེ་དག་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མཁའ་དབྱིངས་སུ་ལྒང་བཞུ་བཏང་སྟེ་ལས་འགུལ་སྤེལ་འདུགཞུ་སྐུལ་གྱི་ལས་འགུལ་དེའང་ཐེ་ཝན་གྱི་ Amnesty International Taiwan ཞེས་ཐེ་ཝན་གྱི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྣེ་ཁྲིད་འོག་རང་དབང་སྒོར་མོ་ཆེའི་མདུན་ཐང་དུ་སྤེལ་ཡོད་ཅིང་། ལས་འགུལ་དེའི་ཐོག་ Taiwan Association for Human Rights ཞེས་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ Human Rights Network for Tibet ཞེས་བོད་དོན་ཆེད་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་། དེ་བཞིན་ཐེ་ཝན་དང་ཧོང་ཀོང་གི་ཕྱི་གཞིས་ཚོགས་པ་སོགས་ཁྱོན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོགས་སྡེ་དགུས་མཉམ་ཞུགས་གནང་འདུག་པར་མ་ཟད། ལས་འགུལ་ནང་དངོས་སུ་མཉམ་ཞུགས་གནང་མཁན་ཚོས་རྒྱ་ནག་ནང་དུ་རྒྱ་གཞུང་གིས་བཙན་གནོན་འོག་ཏུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་རྣམས་གློད་བཀྲོལ་དགོས་པའི་རེ་སྐུལ་དང་རྒྱ་ནག་གི་སྲོལ་རྒྱུན་བྱེད་སྲོལ་གྱི་དང་མཐུན་པར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་དང་། ལྷག་དོན་མཁའ་དབྱིངས་སུ་ལྒང་བཞུ་བཏང་ནས་དྲག་གནོན་འོག་མནར་གཅོད་མྱངས་པའི་གང་ཟག་རྣམས་ཀྱི་མཚན་བཀོད་དེ་ཁོང་རྣམ་པའི་བསམ་དོན་ལྷུན་གྱིས་གྲུབ་པའི་ཤིས་སྨོན་དང་བཅས་གདུང་སེམས་མཉམ་བསྐྱེད་ཞུས་འདུག ཐེ་ཝན་གྱི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འགན་འཛིན་ལྕམ་སྐུ་ Chiu E-ling ལགས་ཀྱིས་ལོ་གསར་སྐབས་སུ་རྣམ་ཀུན་མང་ཚོགས་ཚོས་རང་ཉིད་ཀྱི་དགའ་ཉེ་སྤུན་མཆེན་རྣམས་ལྷན་འབོད་ཀྱིས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་དུས་ཚིགས་ཤིག་ཆགས་ཀྱི་ཡོད་ཀྱང་། རྒྱ་ནག་དམར་པོའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་རྣམས་མུ་མཐུད་ནས་བཙོན་འཇུག་འོག་བཀག་བསྐྱིལ་བྱས་ཡོད་པར་མངོན་གསལ་གནང་འདུག་པ་དང་སྦྲགས། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་དྲག་གནོན་ཕོག་མཁན་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ། དེ་བཞིན་རྒྱ་ནག་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་བབས་དང་འབྲེལ་ཏེ་ཕྱིར་བསྒྲགས་གནང་མཁན་གསར་འགོད་པ། ལྷག་དོན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ། ཧོང་ཀོང་ནས་ཕྱིར་ཕྱོགས་སུ་བྲོསལ་བྱོལ་ལ་ཕེབས་མཁན་དེ་དག་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་ཡོད་སྐོར་གསུངས་འདུག་པ་དང་ཆབས་ཅིག་ཏུ་ང་ཚོའི་ངོས་ནས་ཁོང་རྣམས་ནམ་ཡང་བརྗེད་རྒྱུ་མེད་ཅེས་གཞེན་སྐུལ་གནང་ཡོད་པ་རེད། ཐེ་ཝན་གྱི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་གདོང་ལེན་གནང་མཁན་རྣམ་པའི་རང་ཉིད་ཁྲིམས་རྩོད་པ་གླ་རྒྱུའི་རང་དབང་ཡོངས་རྫོགས་འཕྲོག་གི་ཡོད་པར་མ་ཟད། དེ་བཞིན་ཁྲིམས་རྩོད་པ་གླ་ནས་ཁྲིམས་ཀྱི་རྒྱལ་ཁ་ཐོབ་པར་སྡིགས་ར་སྐུལ་གྱི་ཡོད་པའང་ཆེས་གསལ་འདོན་གནང་འདུག རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ཀྱང་གོང་ཚེས་ཉིན་དེར་རྒྱ་དམར་པོའི་སྲིད་གཞུང་གིས་དམ་དྲག་འོག་རྒྱ་ནག་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་གནས་བབས་དང་འབྲེལ་ཏེ་ཕྱིར་བསྒྲགས་གནང་མཁན་གསར་འགོད་པ་བཅུ་འཛིན་བཟུང་བྱས་པ་ལས་བདུན་ད་དུང་ཡང་བཙོན་འཇུག་འོག་བཞག་ཡོད་པ་དེ་དག་འཕྲལ་མར་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་བ་དང་ལྷག་ཅིག རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་གནོན་ཤུགས་སྤྲོད་ཐབས་གནང་དགོས་པའི་བསྒྲགས་གཏམ་སྤེལ་འདུག གཞན་ཡང་བསྒྲགས་གཏམ་དེའི་ནང་ཆབ་སྲིད་ལམ་ལུགས་དེའི་འོག་འཛམ་གླིང་ནང་གི་གསར་འགོད་པ་གྲངས་འབོར་མང་ཤོས་འཛིན་བཟུང་མཁན་དང་གསར་འགོད་པའི་རང་དབང་དང་འབྲེལ་ནས་གསར་འགོད་པ་ ༡༡༩ བཀག་བསྐྱིལ་བྱས་པ་མངོན་གསལ་དང་སྦྲགས། འཛམ་གླིང་གསར་འགོད་པའི་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་རྒྱལ་ཁབ་དེ་ནི་འཛམ་གླིང་གི་རྒྱལ་ཁབ་ ༡༨༠ ཀྱི་ཐོ་གཞུང་ལས་གསར་འགོད་པའི་རང་དབང་ཆེས་ཞན་ཤོས་ཨང་ ༡༧༧ པ་དེ་ཆགས་ཡོད་པར་ཐེར་འདོན་གྱིས་ཆེད་བཀོད་གནང་འདུག  

Latest news