Tibetan Royal Year of 2151 | Year of the Wood Dragon

བོད།

བླ་བྲང་བསང་ཆུ་རྫོང་ཁུལ་གྱི་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༡༥༥ སྟེང་ཕྱུགས་འཚོ་མི་ཆོག་པའི་བཙན་བཀའ་བཏང་བ།

རྒྱ་ནག་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་སྲིད་གཞུང་གིས་ཁུལ་དེའི་རྩྭ་ཐང་རྒྱ་མུའུ་ཁྲིད་ ༡༥༥ སྟེང་འབྲོག་པ་ཚོས་སེམས་ཅན་འཚོ་མི་ཆོག་པའི་བཙན་བཀའ་བཏང་འདུག ཉེ་ཆར་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བའི་ཐོག་བསང་ཆུ་རྫོང་གི་རྫོང་དཔོན་དབྱང་ཧའེ་ཆང་ཞེས་པའི་མིང་ཐོག་ནས་བཀོད་ཁྱབ་སྤེལ་བའི་ནང་ལྗོང་ཡོངས་སུ་ཕྱུགས་འཚོ་མི་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་ ༡༥༥ ཟིན་ཡོད་པ་དང་། དེའི་ནང་བླ་བྲང་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་ ༣ དང་། མདའ་མེད་ཤང་གི་མུའུ་ཁྲི་ ༢་༨ བང་གུར་ཐང་གྲོང་རྡལ་གྱི་མུའུ་ཁྲི་ ༤་༤  མར་ཐང་གྲོང་རྡལ་གྱི་མུའུ་ཁྲི་ ༥ ཆུ་སྔོན་གྲོང་བརྡལ་གྱི་མུའུ་ཁྲི་ ༤་༦ ཐང་དཀར་ནང་གྲོང་བརྡལ་གྱི་མུའུ་ཁྲི་ ༤་༢ ཙ་ཡུས་གྲོང་བརྡལ་གྱི་མུའུ་ཁྲི་ ༦་༥ འབོ་ར་གྲོང་རྡལ་གྱི་མུའུ་ཁྲི་ ༧་༥  སྒྱིས་ཚང་གྲོང་རྡལ་གྱི་མུའུ་ཁྲི་ ༧་༥ ཨ་མཆོག་གྲོང་རྡལ་གྱི་མུའུ་ཁྲི་ ༨་༥ ཡར་རི་རྒྱུད་དོན་གཅོད་ཁང་གི་མུའུ་ཁྲི་ ༡༠ ཁོ་ཚེ་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་ ༣༧་༥ བསང་ཁོག་གྲོང་རྡལ་གྱི་མུའུ་ཁྲི་ ༡༤་༡༨ རྒན་གྱ་གྲོང་རྡལ་གྱི་མུའུ་ཁྲི་ ༣༥ བསང་ཁོག་ལུག་གསོ་ཚད་ཡོད་ཀུང་སིའི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་ ༣་༣༢ བཅས་ཆགས་འདུག རྩྭ་ཐང་དེ་དག་ཐོག་ཟླ་ ༡༡ ཚེས་ ༡ ནས་བཟུང་སྟེ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ བར་ཕྱུགས་འཚོ་མི་ཆོག་པ་དང་། ཕྱུགས་འཚོ་མི་ཆོག་པའི་དུས་ཡུན་ནང་རང་དགར་ཕྱུགས་རིགས་འཚོ་མཁན་འབྱུང་ཚེ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས་པ་དང་། ཁྲིམས་འགལ་ཚབས་ཆེན་བྱས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་པ་དང་དུས་མཚུངས་གུན་སབ་གྱི་མ་དངུལ་མེད་པ་བཟོ་རྒྱུ་ཡིན་པ་འཁོད་པར་མ་ཟད། ལོ་གསུམ་གྱི་དུས་བཀག་རྗེས་སུ་ཞིང་ཆེན་དང་རྫོང་རིམ་པའི་ཆོག་མཆན་ཐོབ་པའི་བརྒྱུད་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་རྩྭ་ཐང་དེ་དག་རྩྭ་ཕྱུགས་དོ་སྙོམས་ཀྱི་དོ་དམ་ལ་བསྒྱུར་དགོས་པ་འཁོད་འདུག བཀོད་ཁྱབ་དེའི་ནང་ད་དུང་ཐེངས་འདིའི་ཐག་གཅོད་འདི་ནི་སྲིད་འཛིན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་དང་། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་བཞིན་བསང་ཆུ་རྫོང་གི་རྩྭ་ཐང་དོ་དམ་གྱི་ཁྲིམས་སྒྲིག་སོགས་ཀྱི་འོག་ནས་བཀའ་རྒྱ་འདི་ཡོངས་གྲགས་བྱེད་བཞིན་ཡོད་སྐོར་དང་འབྲེལ། གྲོང་རྡལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཁག་ནས་ཕྱུགས་འཚོ་མི་ཆོག་པའི་ལས་དོན་དེ་གནད་དགག་ཆེན་པོར་བརྩིེས་ཏེ་ལག་ལེན་དང་དྲིལ་བསྒྲགས་ནན་པོ་བྱེད་དགོས་པ་དང་། ལྟ་སྐུལ་དོ་དམ་ནུས་ལྡན་མ་བྱུང་བའི་རྐྱེན་གྱིས་ཕྱུགས་འཚོ་མི་ཆོག་པའི་ལས་དོན་དེ་རྣམ་པ་ཙམ་དུ་འགྱུར་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན་པ་འཁོད་ཡོད། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ཏེ་ཕྱི་ལོ་ ༡༩༩༠ གོ་གྲངས་ནས་བཟུང་སྟེ་འབྲོག་པ་གཞིས་སྤོས་ཀྱི་ལས་གཞི་སྤེལ་བའི་ཁྲོད་ད་བར་བོད་ཀྱི་ས་ཁུལ་གང་ས་ནས་འབྲོག་པ་ས་ཡ་གཉིས་ཙམ་ས་གནས་གཞན་དུ་གཞིས་སྤོས་བྱས་ཟིན་པ་དང་འབྲེལ། འབྲོག་པ་དེ་དག་གི་འཚོ་བ་སྐྱེལ་རྒྱུའི་མདུན་ལམ་མེད་པར་བཟོས་ཏེ་བུ་ལོན་དང་ལས་ཀ་མེད་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པའི་གནད་དོན་དང་འབྲེལ་བའི་ད་བར་སྙན་ཐོ་ཐོན་རིམ་ནང་དུ་འཁོད་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་འབྲོག་པའི་ས་ཆ་བཙན་འཕྲོག་བྱས་པ་དེ་དག་ཐོག་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་སོགས་ཀྱི་ལས་གཞི་སྣ་མང་སྤེལ་བའི་ཁྲོད་འབྲོག་མི་ཁག་གཅིག་གིས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་མེ་མདའ་བརྒྱབ་ནས་དྲག་གནོན་བྱས་པའི་གནས་ཚུལ་ཡང་ཐོན་མྱོང་ཡོད་པ་རེད། དེའི་ཁྲོད་རྒྱ་གཞུང་གིས་བླ་བྲང་ཕྱོགས་སུ་ཕྱི་ལོ་ ༢༠༡༦ ལོ་ནས་རྩྭ་ཐང་བཙན་འཕྲོག་དང་འབྲེལ་བའི་སྲིད་བྱུས་ཁག་སྤེལ་ཏེ། ཕྱི་ལོ་ ༢༠༢༡ ལོར་བསང་ཆུ་རྫོང་རྒན་གྱའི་རྩེ་དབུས་གྲོང་ཚོའི་ནང་རྒྱ་གཞུང་གིས་རྩྭ་ས་སྲུང་སྐྱོབ་ཀྱི་ལས་གཞིའི་འོག་འབྲོག་པ་ཚོར་ཕྱུགས་ཟོག་ལ་ཚོད་འཛིན་དགོས་པའི་བཙན་དཀའ་བཏང་བར་ས་གནས་འབྲོག་པ་ཚོས་འདོད་པ་མེད་པའི་རྣམ་འགྱུར་ཆེད་བཏོན་གནང་སྐབས་བོད་མི་ལྔ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད།    

ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམ་པས་བོད་རྒྱའི་དཀའ་རྙོག་སེལ་བར་འབད་བརྩོན་གནང་དགོས་པར་གསུངས།

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་འདི་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཛ་དྲག་གི་ངོ་བོར་གནས་ཡོད་པ་དང་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་གང་ཡང་ཆེད་བཏོན་གནང་མེད་པ་སོགས་གསལ་འདོན་གནང་འདུག ཁ་ཉིན་ཚེས་ ༡༦ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་རྣམ་གཉིས་དབུས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་དང་ལས་བྱེད་བཅས་ཀྱིས་ཕྱོགས་སྒྲིག་གནང་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་སྔ་ལོར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཤིན་ཅང་རང་སྐྱོང་གི་ས་ཁུལ། ཧོང་ཀོང་། བོད་ཀྱི་ས་ཁུལ་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་བཏང་བར་ཐེར་འདོན་གནང་ཡོད་པ་རེད། བོད་ཁུལ་དུ་མཚོན་ན་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་ཁར་བོད་མིའི་ཡུལ་གོམས་གཤིས་ལུགས་དང་འགྲོ་འདུག་སྤྱོད་གསུམ་བཅས་ལ་དམ་དྲག་བྱས་དང་བྱེད་བཞིན་རྐྱེན་གྱིས་ད་བར་བོད་མི་ ༡༥༤ ཙམ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་ཆེས་ཡ་ང་བའི་གནས་སྟངས་དང་ལྷག་པར་རྒྱ་གཞུང་གིས་བོད་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་རྨ་ཆེན་རྫོང་དང་དགའ་བདེ་རྫོང་གི་བོད་པའི་སྒེར་གཉེར་དང་ཕྱེད་སྒེར་གཉེར་གྱི་སློབ་གྲྭ་ཁག་གཅིག་བཙན་གྱིས་སྒོ་རྒྱག་བཅུག་ནས་བོད་ས་ཁྱོན་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་ཀྱི་ཡོད་པ་སོགས་མངོན་གསལ་གནང་འདུག དེ་བཞིན་སྙན་ཐོ་ནང་གཞིས་བཞུགས་རྩོམ་པ་པོ་དྷི་ལྷ་ལྡན་ལགས་དང་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཟུར་པ་རིན་ཆེན་སྐྱིད་ལགས། དེ་བཞིན་གྲྭ་བློ་བཟང་འཕྲིན་ལས་སོགས་ཀྱི་མཚོན་པའི་བོད་ཁུལ་དུ་གྲགས་ཆེ་བའི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་ཁག་གཅིག་གི་ལོ་རྒྱུས་སྙིང་བསྡུས་ཆེད་བཀོད་ཀྱིས་ཁོང་རྣམས་ལ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་པ་གསལ་འདོན་གནང་བར་མ་ཟད་བོད་ས་ཁྱོན་ཡོངས་ཀྱི་སྔོན་འགྲོའི་སློབ་གྲྭའི་སློབ་ཕྲུག་བརྒྱ་ཆ་བརྒྱད་ཅུ་ཙམ་བཙན་གྱིས་གཏན་སྡོད་སློབ་གྲྭར་བཅུག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་ཆ་རྒྱུས་མེད་པའི་བོད་མི་ཞིག་བཟོ་ཐབས་བྱེད་བཞིན་སྐོར་བཀོད་འདུག བོད་སྐོར་འཁོད་པའི་ཤོག་གྲངས་ ༡༨ ཅན་གྱི་ལོ་འཁོར་སྙན་ཐོ་ནང་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྟེ་ད་བར་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གཞུང་འབྲེལ་གྱི་གྲོས་མོལ་ཞིག་གནང་ཐུབ་མེད་པ་དང་གནད་དོན་དེའི་ཐད་ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབད་བརྩོན་གནང་བཞིན་ཡོད་ཅེས་གསུངས་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ད་བར་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་ཀྱི་འདུན་པ་ཙམ་ཡང་མངོན་གསལ་བྱས་མེད་པའི་ཁར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་ཀྱིས་༸གོང་ས་མཆོག་གིས་དབུས་པའི་བོད་མིིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བརྗོད་བཞིན་པ་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གིས་རྒྱ་ནག་གི་ནང་པའི་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྒྲིལ་གཞི་རྣམས་ལག་བསྟར་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་པར་ནན་བརྗོད་གནང་འདུག ཐེངས་འདིའི་སྙན་ཐོ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་དེ་སྔ་ཨ་རིའི་གྲོས་ཚོགས་ནང་འདོན་སྤེལ་གནང་བའི་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་བོད་ནང་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་སོགས་ཕེབས་བཅུག་དགོས་པ། རྒྱ་ནག་གིས་ཆེད་མངགས་བཙུགས་པའི་གཏན་སྡོད་སློབ་གྲྭ་ཁག་ལ་རྟོག་ཞིབ་ཀྱིས་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་སྟེ་བོད་མིའི་ཆོས་རིག་དང་སྐད་ཡིག་བཅས་པ་སྲུང་སྐྱོབ་གཙོས་བོད་མི་ཚོར་རང་ཉིིད་ཀྱི་འདོད་མོས་ལྟར་མ་འོངས་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་གདམ་རྒྱུའི་ཐོབ་ཐང་སྤྲོད་དགོས་པར་མ་ཟད་རྒྱ་གཞུང་ལ་བོད་རྒྱའི་དཀའ་རྙོ་སེལ་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ་སོགས་སྐུལ་མ་གནང་དགོས་པའི་དགོས་འདུན་བཏོན་ཡོད། ཐེངས་འདིའི་སྙན་ཐོ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐབས་ལམ་གཅིག་པོ་དེ་ཉིད་ཕྱོགས་གཉིས་དབར་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་འབྱུང་རྒྱུ་དེ་ཡིན་པར་ནན་བརྗོད་གནང་སྟེ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་གཙོས་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་དང་ཚོགས་ཆུང་གི་ཚོགས་མི་བཅས་ཀྱིས་བོད་ཐོག་ཛ་དྲག་གི་སྙན་ཐོ་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་དེ་འབྲེལ་ཚོགས་ཆུང་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་ཨ་རི་གཞུང་འཛིན་གྱི་ངོས་ནས་བོད་ཀྱི་གནད་དོན་ཐོག་གང་གསུངས་པ་ལྟར་དོན་དམ་པར་ཕྱག་ལེན་དོན་འཁྱོལ་གནང་དགོས་ཞེས་གསུངས་འདུག

ཡར་ཀླུངས་གཙང་པོའི་ཁ་ཕྱོགས་འགྱུར་ཐབས་ཐད་བློ་འཚབ་ཀྱི་རྣམ་པ་མངོན་གསལ།

རྒྱ་ནག་གིས་ཤིན་ཅང་ཡར་རྒྱས་ཀྱི་ལས་གཞི་ལ་ཁག་དཀྲིས་ཏེ་ཡར་ཀླུངས་གཙང་པོའི་ཁ་ཕྱོགས་འགྱུར་བཞིན་པའི་ལས་གཞི་དེ་རྒྱ་གར་ལ་གནོད་ཚབས་ཆེན་པོ་འབྱུང་རྒྱུ་ཡིན་པ་དང་འབྲེལ། བོད་ཀྱི་ཁོར་ཡུག་གི་གནད་དོན་དང་འབྲེལ་ནས་རྒྱལ་སྤྱི་ནས་ཀྱང་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་འདུགདེ་ཡང་ཁ་སང་ཕྱི་ཚེས་ ༡༦ ཉིན་ Firstpost  གསར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱིར་རྒྱ་ནག་གིས་རང་ཉིད་ཀྱི་དཔལ་འབྱོར་ཡར་རྒྱས་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་སྣ་མང་སྤེལ་བཞིན་ཡོད་པ་དང་འབྲེལ། ཐེངས་འདིར་ཤིན་ཅང་ནང་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ལ་ཁག་དཀྲིས་ཏེ་བོད་ཀྱི་ཡར་ཀླུངས་གཙང་པོ་དེ་ཉིད་ནུབ་ངོས་ཕྱོགས་སུ་ཁ་ཕྱོགས་གྱུར་ཏེ་སྤྱི་ལེ་ ༡༠༠༠ ལྷག་གི་ཕུག་ལམ་གསར་རྒྱག་གི་ལས་གཞི་དེ་འགོ་འཛུགས་བྱེད་བཞིན་ཡོད་པ་དང་། ལས་གཞི་དེ་ནི་འཛམ་གླིང་ནང་ཕུག་ལམ་རིང་ཤོས་གསར་རྒྱག་གི་ལས་གཞི་ཞིག་ཆགས་ཀྱི་ཡོད་ཅིང་། དེའི་བརྒྱུད་ནས་ལོ་ལྟར་ཆུ་གེལ་ལོན་ Gallon བྱེ་བ་ ༣༠༠ ཙམ་འོར་འདྲེན་བྱེད་འཆར་ཡོད་པ་དང་འབྲེལ། མ་འོངས་པར་རྒྱ་གར་གྱི་བྱང་ཤར་ཁུལ་གྱི་ཞིང་ལས་སོགས་ལ་གནོད་ཚབས་ཆེན་པོ་འབྱུང་གཞི་ཡིན་པ་གསལ་འདུག དེ་བཞིན་རྒྱལ་སྤྱིའི་རྟོག་ཞིབ་པ་རྣམས་ཀྱིས་ཕུག་ལམ་གྱི་ལས་གཞི་དེའི་བརྒྱུད་ནས་བོད་ཀྱི་སྐྱེ་དངོས་རྣམས་རྩ་གཏོར་འགྲོ་རྒྱུའི་ཉེན་ཁ་དང་། རིམ་པའི་ས་ཡོམ་སོགས་རང་འབྱུང་ཁམས་ཀྱི་གནོད་འཚེ་འབྱུང་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་སྦྲགས། ལས་གཞི་དེར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་ཡོད། དེ་བཞིན་འདས་པའི་ལོ་རྒྱུས་ཁྲོད་དུའང་དེ་འབྲེལ་ལས་གཞི་ཡི་རྐྱེན་པས་གནོད་ཚབས་ཆེན་པོ་ཆེན་པོ་བྱུང་ཡོད་སྐོར་བཀོད་འདུགརྒྱ་ནག་གིས་དེ་སྔོན་ཆུ་གློག་འཛུགས་བསྐྲུན་ཆེད་བོད་ཀྱི་ཡར་ཀླུངས་གཙང་པོར་ཆུ་རགས་ཧ་ཅང་ཆེན་པོ་བརྒྱག་པའི་རྐྱེན་གྱིས་དེར་རྒྱ་གར་གྱིས་ངོ་རྒོལ་གནང་ཡོད་པ་མ་ཟད། ཆུ་རགས་དེའི་རྐྱེན་པས་རྒྱ་གར་བྱང་ཤར་ཁུལ་དུ་ཆུ་ལོག་སོགས་ཀྱི་འཇིགས་པའི་དཀའ་ངལ་ཕྲད་བཞིན་ཡོད་པ་རེད། རྒྱ་གར་ནང་བོད་ནས་མཆེད་པའི་ཆུ་བོ་ཆེ་ཤོས་ནི་སེང་གེ་གཙང་པོ་དང་། ཡར་ཀླུངས་གཙང་པོ་གཉིས་ཡིན་པ་རེད། སེང་གེ་གཙང་པོ་ནི་རྒྱ་གར་ནུབ་བྱང་ཕྱོགས་སུ་རྒྱུག་གི་ཡོད་པ་དང་། ཡར་ཀླུངས་གཙང་པོ་ནི་རྒྱ་གར་གི་བྱང་ཤར་ཁུལ་ནས་མར་རྒྱུག་གི་ཡོད་པ་རེད།གཞི་རྩའི་བོད་མཐོ་སྒང་དེ་བཞིན་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་འབྱུང་གནས་ཡིན་པ་དང་། དེའི་གཤམ་འོག་མི་སེར་ཐེར་འབུམ་མང་པོའི་འཚོ་གནས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། ཁོར་ཡུག་གྱི་གནད་དོན་ཆ་ནས་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཀྱང་།  དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཐོག་ཆུ་རགས་བརྒྱབ་པ་དང། བོད་ཀྱི་ས་ཁུལ་ནང་དུ་ནགས་ཚལ་གཅོད་འབྲེག་བྱས་པ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པར་བརྟེན། བོད་མཐོ་སྒང་གི་འཁྱགས་རོམ་ཞུར་ཚད་ཆེ་རུ་ཕྱིན་པ་སོགས་དེའི་བརྒྱུད་ནས་གོ་ལ་ཁྱོན་ཡོངས་ལ་དཀའ་ངལ་རིམ་པ་འཕྲད་བཞིན་ཡོད་པ་རེད།

གྲྭ་འཇིགས་མེད་རྒྱ་མཚོ་ལགས་འཛིན་བཟུང་བཀག་ཉར་འོག་བཞུགས་མུས།

གྲྭ་འཇིགས་མེད་རྒྱ་མཚོ་ལགས་རྒྱ་དམར་གྱིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་རུང་ད་ལྟའང་ཁྲིམས་ཐག་བཅད་མེད་པར་བཀག་ཉར་འོག་བཞུགས་མུས་ཡིན་འདུགཁ་སང་བོད་མིའི་སྒྲིག་འཛུགས་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་ ༢༠༢༡ ཟླ་ ༦ པའི་ནང་གྲྭ་འཇིགས་མེད་རྒྱ་མཚོ་ལགས་དང་ཁོང་གི་ཕྱག་རོགས་ཁག་གཅིག་གིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་མ་ཁག་གཅིག་གིས་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐབས་སྙན་རྩོམ་དཔེ་དེབ་འགྲེམས་སྤེལ་གནང་རྐྱེན། མཚོ་སྔོན་ཞིང་ཆེན་གྱི་ཉེན་རྟོག་པས་ལོ་དེའི་ཧོར་ཟླ་ ༥ ཚེས་ ༡ ཉིན་ཤིང་བཟའ་དགོན་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཤེས་རྟོགས་བྱུང་བར་ད་ལྟའང་ཁོང་ལ་ཁྲིམས་ཐག་བཅད་མེད་པར་བཀག་ཉར་འོག་བཞུགས་མུས་ཡིན་འདུག རྩ་བའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ནི་ཡུལ་ཀན་རྫོང་། མདོ་གསུམ་ཤང་། ཐོང་སྐོ་སྡེ་བ་ནས་ཡིན་དང་། ད་ལྟའི་ཆར་ཁོང་རང་ལོ་ ༣༦ ཡིན་སྐད་འདུག ཁོང་ལ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༡ ཉིན་ལྷོ་ཁ་འཕྱོངས་རྒྱས་སྲིད་གཞུང་གི་གོ་སྒྲིག་འོག་བོད་མདོ་དབུས་ཁམས་གསུམ་ནས་ཐུ་བྷོད་སྙན་ངག་མཁས་པའི་འགྲན་སྡུར་ནང་རྩོམ་ཡིག་གི་བྱ་དགའ་ཐོབ་མྱོང་ཡོད་པ་དང་འབྲེལ། ཁོང་གི་མྱུག་མིང་ལ་ནུབ་རླུང་ཡིན་པ་རེད་འདུག གཞི་རྩའི་བོད་ནང་རྒྱ་དམར་གྱི་བཙན་གནོན་དང་གདུག་རྩུབ་འོག་བོད་མི་མང་དག་འཛིན་བཟུང་བྱས་དང་བྱེད་བཞིན་ཡོད་པ་ལྟར། དེའི་ཁྲོད་དེ་སྔོན་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་དང་། རྔ་བ་ཀིརྟི་དགོན་གྱི་རྭ་ཆུང་དགེ་འདུན་ལགས་གཉིས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཆེད་དུ་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་ཡུན་གཉིས་དང་། གསུམ་བཅས་རིམ་པར་ཁྲིམས་གཅོད་བཙོན་འཇུག་བྱས་ཡོད། པར་དབང་བོད་མིའི་སྒྲིག་འཛུགས།

རྭ་ཆུང་དགེ་འདུན་ལགས་ལ་ལོ་གསུམ་གྱི་ཁྲིམས་གཅོད་བཙོན་འཇུག་བྱས་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཆེད་དུ་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་རྔ་བ་ཀིརྟི་དགོན་གྱི་རྭ་ཆུང་དགེ་འདུན་ལགས་ལ་ལོ་གསུམ་གྱི་ཁྲིམས་གཅོད་བཙོན་འཇུག་བྱས་འདུགམཚན་བརྗོད་འདོད་མེད་པའི་བཙན་བྱོལ་དུ་གནས་བཞུགས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བར་འདི་ལོའི་ཕྱི་ཟླ་ ༧  ནང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་རྭ་ཆུང་ཐོགས་མེད་ལགས་ཀྱི་སྤུན་མཆེད་རྭ་ཆུང་དགེ་འདུན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་ལོ་ཡུན་གསུམ་རིང་བཙོན་འཇུག་ཁྲིམས་གཅོད་བྱས་པའི་གནས་ཚུལ་སྤྱི་ཚོགས་ནང་ཡོངས་གྲགས་བྱུང་བ་ཙམ་ལས་ད་བར་ཞིབ་ཕྲའི་གནས་ཚུལ་ཇི་ཆགས་སོགས་གསལ་རྟོགས་ཐུབ་མེད་པ་གསུངས་སོང་། གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་ཁོང་དང་འབྲེལ་བའི་མཁོ་སྤྲོད་གནང་བར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཞིས་ཀྱི་ཀིརྟི་དགོན་ཁག་རྣམས་ཀྱི་འཆད་ཉན་སློབ་གཉེར་གཅིག་གྱུར་མཛད་སྟངས་ཀྱི་ལམ་སྟོན་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་སྩལ་བའི་དགོངས་དོན་ལྟར་ཕྱི་ལོ་ ༢༠༡༧ ནས་དགེ་བཤེས་ཀྱི་རྒྱུགས་སྤྲོད་ལ་ཞུགས་ཏེ་དཀའ་བཅུ་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་ཀིརྟི་དགོན་ཁག་ལ་འགྲོ་བཞིན་པའི་སྐབས་ཕྱི་ལོ་ ༢༠༢༡ ཟླ་  ༤ ཚེས་ ༡ ཉིན་གྱི་མཚན་མོར་རྔ་ཡུལ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས་ནས་བཙོན་ཁང་དང་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ཟླ་ཤས་རྗེས་སུ་ནང་མི་རྣམས་ལ་ཁོང་བདེ་ཐང་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ལས་དངོས་སུ་ཐུག་འཕྲད་ཀྱི་གོ་སྐབས་གཅིག་ཀྱང་བྱུང་མེད་སྐོར་སོགས་གསུངས་སོང་།དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ནང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་རྭ་ཆུང་ཐོགས་མེད་ལགས་ཀྱི་སྤུན་མཆེད་རྭ་ཆུང་དགེ་འདུན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་ལོ་ཡུན་གསུམ་རིང་བཙོན་འཇུག་ཁྲིམས་གཅོད་བྱས་པ་སྤྱི་ཚོགས་ནང་ཡོངས་གྲགས་བྱུང་བ་ཙམ་ལས་ནང་མི་རྣམས་ནས་སྔ་ལོར་འཛིན་བཟུང་བྱེད་སྐབས་གང་མགྱོགས་ཕྱིར་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ནང་བཙོན་འཇུག་བྱས་པ་ཙམ་ལས་དེ་མིན་ཕྱི་ཚེས་དང་ས་གནས་གང་དུ་བཙོན་འཇུག་གི་ཁྲིམས་ཐག་གཅོད་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པར་གསུངས་སོང་། ཁོང་གིས་རྭ་ཆུང་ལགས་ད་ལམ་གཅིག་པུར་ཁྲིམས་གཅོད་བཙོན་འཇུག་བྱས་པ་ཙམ་མིན་པར་དེ་སྔ་ཕྱི་ལོ་ ༡༩༩༨ ཟླ་ ༥ པ་ནས་བཟུང་མདོ་སྨད་རྔ་བའི་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཆེས་ཐོག་མར་སྤེལ་ཡུལ་དུ་གྱུར་པ་རྔ་ཡུལ་ཀིརྟི་དགོན་དུ་རྔ་བ་ཁུལ་དང་རྫོང་རིམ་པའི་ལས་བྱེད་རྣམས་ཡོང་སྟེ། ལས་འགུལ་འདི་ནི་དགོན་པའི་འགྲིག་ལམ་དང་སངས་རྒྱས་ཀྱི་བསྟན་པ་གཙང་སེལ་བྱེད་པའི་ལས་འགུལ་ཞིག་ཡིན་པ་དང་ཁྲིམས་འགལ་གྱི་རིགས་དགོན་པར་གནས་སྡོད་བྱེད་མི་ཆོག་པ། ལོ་ན་བཅོ་བརྒྱད་མ་ལོན་པའི་གྲྭ་ཆུང་རྣམས་དགོན་པ་ནས་འགྲོ་དགོས་པ། དགོན་པར་ཡོད་པའི་གྲྭ་པ་རྣམས་ཀྱིས་གྲྭ་པའི་ཕྱག་འཁྱེར་ཞིག་ངེས་པར་དུ་བཟོ་དགོས་པ། ཀིརྟི་དགོན་དུ་དགེ་འདུན་འདུ་ཚོགས་ཆེ་སྐབས་དགེ་འདུན་པའི་ཞལ་གྲངས་སུམ་སྟོང་ལྷག་དང་། རྒྱུན་དུ་ཉིས་སྟོང་བརྒྱད་བརྒྱ་དང་དགུ་བརྒྱ་བར་གཏན་བཞུགས་ཆོག་པར་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་ལ་བརྩི་སྲུང་ཞུ་མི་ཆོག་པ་སོགས་བཤད་དེ་གྲྭ་མང་རྣམས་བཞུགས་བཟོད་མི་བདེ་བ་བཟོས་པ་མ་ཚད་པར་རྔ་བ་རྫོང་ཁོངས་སུ་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་མུས་ཀྱི་སྐབས་ཤིག་ལ་མཚན་མོར་གློ་བུར་དུ་རྭ་ཆུང་དགེ་འདུན་ལགས་ཀྱི་གྲྭ་ཤག་གི་ཐོག་ཁ་ནས་རྒྱ་གཞུང་ཉེན་རྟོག་པ་འགའ་མཆོངས་ཏེ་བསྔོག་བཤེར་རྩད་གཅོད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བཙན་འཕྲོག་བྱས་པ་སོགས་ཀྱི་གནས་སྟངས་བྱུང་མྱོང་ཡོད་པ་གསུངས་ཡོད། རྩ་བའི་རྭ་ཆུང་དགེ་འདུན་ལགས་ནི། རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕ་འདས་པོ་རྭ་ཆུང་ཀུ་ཡེ་དང་མ་ནོར་པོ་གཉིས་བུ་ཡིན་པ་དང་། ཆུང་དུས་སྐབས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་སྦྱོར་དགེ་ཨ་ཁུ་ཆོས་འཛིན་དང་ཨ་ཁུ་བློ་ཡེ་ (རྭ་ཁོའི་བློ་བཟང་བསོད་ནམས།) དགེ་བཤེས་བློ་བཟང་བཀྲ་ཤིས་སོགས་ཚུལ་བཞིན་དུ་བསྟེན་ནས་ནང་པའི་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་གནང་བའི་གཞོལ་ལ་དགོན་པའི་འདོན་ཆོས་སྤྱོད་ཀྱི་རིགས་བློ་འཛིན་དང་། ལྷག་དོན་གཞུང་ཆེན་བཀའ་པོད་ལྔ་ལས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། རྣམ་འགྲེལ་རྩ་བ། དྲང་ངེས་ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ། པཎ་ཆེན་ཕར་ཕྱིན་སྤྱི་དོན་སྐབས་དང་པོ་སོགས་བློ་འཛིན་གྱིས་དགོན་པའི་ཚོགས་འདུ་ལས་སྣེའི་མདུན་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་པོད་ལྔ་གར་འཆད་ཉན་གྱིས་སློབ་གཉེར་མཐར་ཕྱིན་གནང་ཡོད། ཁོང་ནི་འདི་ལོའི་ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པ་རྔ་བ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་གནང་མཁན་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་བཀྲ་ཕུན་ལགས་ཀྱི་ཚ་བུ་ཡང་ཡིན་པ་རེད།གཞི་རྩའི་འདི་ལོའི་ཕྱི་ཟླ་ ༧ ནང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་ལོ་ཡུན་གཉིས་རིང་ཁྲིམས་གཅོད་བཙོན་འཇུག་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་འདས་གྲོངས་སུ་གྱུར་བ།

ཕྱི་ལོ་ ༢༠༡༢ ལོར་བོད་ཁམས་དཀར་མཛེས་ཁུལ་བྲག་མགོ་རྫོང་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་མི་ལོ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ཟླ་ ༡༡ ཚེས་ ༡ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགརྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ནས་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡ ནང་བྲག་མགོ་རྫོང་ཐོག་ཏུ་བོད་མི་སེར་སྐྱ་མང་པོ་ཚང་འཛོམས་ཀྱིས་ཞི་བའི་སྒེར་ལངས་ཀྱི་གནད་དོན་བྱུང་ཡོད་པ་དང་སྐབས་དེར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བར་གང་བྱུང་མེ་མདའ་བརྒྱབ་པའི་ཁྲོད་བོད་མི་ཁག་གཅིག་དེ་གར་དམར་བསད་བཏང་བ་དང་མང་དག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་གནད་དོན་བྱུང་ཡོད་པར་མ་ཟད། ཉིན་ཤས་རྗེས་བྲག་མགོ་རྫོང་དུ་ཞིང་ཆེན་དང་ཁུལ་གྱི་ཉེན་རྟོག་པས་གསལ་བཤད་དང་འགྲེལ་བརྗོད་ཅི་ཡང་མེད་པར་ཁྲིན་ཏུ་གྲོང་ཁྱེར་སྒོ་ཆེན་དགོན་པའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་གཙོས་སློབ་དགེ་དང་རྩིས་པ། དེ་བཞིན་ཚོང་པ་གཅིག་བཅས་འཛིན་བཟུང་བྱས་པའི་ཁོངས་ནས་དགེ་བཤེས་དཔལ་བཟང་ལགས་ཟླ་བ་བཅུ་ལྷག་གི་རིང་ལ་གར་ཡོད་ཤེས་རྟོགས་མེད་པར་གྱུར་རྗེས་ལོ་དེའི་ཟླ་བ་ ༤ ཚེས་ ༢ ཉིན་ཁོང་ལ་བྲག་མགོའི་སེར་སྐྱ་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་སྣེ་ཁྲིད་པའི་ཉེས་མིང་འོག་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱེད་སྐབས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་རྡུང་རྡེག་ཚབས་ཆེན་ཡང་ཡང་བཏང་རྐྱེན་བཙོན་ཁང་ནང་ལོ་གསུམ་མ་ཟིན་ཙམ་ནས་ནད་གཅོང་དུ་གྱུར་ཏེ་དུས་ཐོག་ཏུ་སྨན་བཅོས་ཀྱི་གོ་སྐབས་མ་ཐུབ་པ་དང་ཟས་གོས་གནས་མལ་ཧ་ཅང་ཞན་པའི་ཁར་འཕྲོད་བསྟེན་ཞན་པའི་དབང་གིས་ན་ཚ་ཇེ་སྡུག་ཏུ་སོང་བ་སོགས་ངལ་བ་རིམ་འཕྲད་ཀྱིས་མཐར་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༤ ཚེས་ ༢ ཉིན་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པའི་གནས་བབ་ཐོག་ནས་གློད་བཀྲོལ་བཏང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༩ ཙམ་གྱི་གོང་ནས་སྔར་གྱི་ནད་རྙིང་རྣམས་འཕེལ་ཞིང་ཁོར་ཡུག་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག་སྨན་བཅོས་ཚད་ལྡན་ཞིག་མ་ཐོབ་པའི་དབང་གིས་འདས་གྲོངས་སུ་གྱུར་འདུག རྩ་བའི་དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་བསྟན་དགའ་ལགས་ནི། ཕྱི་ལོ་ ༡༩༦༥ ལོར་བྲག་མགོ་ནོར་བ་རུ་ཕ་དོན་འགྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་སུ་འཁྲུངས་ཤིང་། ཆུང་དུས་ས་གནས་སློབ་ཆུང་འགྲིམས་ཏེ་བོད་རྒྱ་གཉིས་ཀྱི་ཡིག་རིགས་ལ་སྦྱང་པ་གནང་མྱོང་ཡོད་པ་དང་། རྗེས་སུ་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་པའི་སྒྲིག་འོག་ནས་འདོན་ཆོས་སོགས་ལ་ལེགས་པར་སྦྱང་པ་གནང་བ་དང་། ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། སྔ་ཕྱིར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་ཕྱི་ལོ་ ༢༠༠༩ ལོར་དགེ་བཤེས་ཀྱི་མཚན་རྟགས་བཞེས་རྗེས་ལོ་དེར་ཕྱིར་རང་ཡུལ་ལ་ཕེབས་ཏེ་བྲག་མགོ་དགོན་པའི་ཕྱི་ནང་གི་ལས་དོན་རྒྱ་ཆེར་གནང་ཞིང་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས་མྱོང་ཡོད་པ་རེད།

དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལ་ལོ་གཉིས་ཀྱི་ཁྲིམས་གཅོད་ཀྱིས་བཙོན་འཇུག་བྱས་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཆེད་དུ་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལོ་ཡུན་གཉིས་རིང་ཁྲིམས་གཅོད་བཙོན་འཇུག་བྱས་འདུགམཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བར་འདི་ལོའི་ཕྱི་ཟླ་ ༧ ནང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་ལོ་ཡུན་གཉིས་རིང་ཁྲིམས་གཅོད་བཙོན་འཇུག་བྱས་པའི་གནས་ཚུལ་སྤྱི་ཚོགས་ནང་ཡོངས་གྲགས་བྱུང་བ་ཙམ་ལས་ཁོང་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་ཐུབ་མེད་པ་སོགས་གསུངས་སོང་། དེ་བཞིན་ཁོང་གིས་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་དང་ལྷན་དུ་དགེ་འདུན་པ་གཞན་ཞིག་ཀྱང་འཛིན་བཟུང་བྱས་ཡོད་སྐོར་གསུངས་པར་མ་ཟད་ད་སྐབས་ངལ་འཕྲད་རྐྱེན་གྱིས་རྗེས་སུ་དེ་འབྲེལ་ཁ་གསལ་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད།དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ནི། རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པ་ཚེ་རིང་ལགས་ཀྱི་བུ་ཡིན་ཞིང་། སྐུ་ན་ཕྲ་མོའི་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བློ་བསྟན་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་རིམ་པ་གནང་མཐར་རྔ་བ་ཀིརྟི་དགོན་ནས་དགེ་བཤེས་མཚན་བཏགས་བཞེས་ཡོད་པ་དང་། རྔ་ཡུལ་ཀིརྟི་དགོན་གྱི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པའི་ལས་འགན་སོགས་བཞེས་མྱོང་ཡོད་འདུག ཁོང་གིས་དགོན་པའི་ལས་འགན་སྔ་ཕྱི་བཞེས་པའི་རིང་རྫོང་དང་དགོན་པའི་དབར་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ངལ་བ་ཁག་གཅིག་འཕྲད་འདུག་ཀྱང་། གནད་དོན་དེ་དག་གདོང་ལེན་གྱིས་གྲྭ་མང་ལ་དཀའ་ངལ་མི་འཕྲད་པའི་ཐབས་ལམ་སྣ་ཚོགས་གནང་འདུག རྩ་བའི་ཁོང་དེ་སྔ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣ ཉིན་ཙམ་ལ་ཁོང་སི་ཁྲོན་ཞིང་ཆེན་ཁྲི་འདུ་རུ་གུང་སེང་ལ་བཞུགས་པའི་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་མྱོང་འདུག་པ་དང་། ཁོང་གི་སྲིང་མོ་རྒན་པ་ཚེ་རིང་ལྷ་མོ་ལགས་ལ་ནག་ཉེས་ཁ་གསལ་གང་ཡང་མེད་པའི་འོག་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་སོང་ཡོད་པ་དེ་ལྟར་ནའང་། ཁོད་གི་གཟུགས་གཞིའི་གནས་སྟངས་དང་བཙོན་འཇུག་ཁྲིམས་གཅོད་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཨ་ཆེན་གངས་རྒྱབ་ཀྱི་གནས་སྟངས་ཇི་ཆགས་ཐོག་བསྐྱར་ཞིབ་དགོས་པའི་ཞུ་སྐུལ།

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་པའི་བོད་ཀྱི་ཨ་ཆེན་གངས་རྒྱབ་ཀྱི་གནས་བབ་ཐོག་བསྐྱར་ཞིབ་དགོས་པའི་ཞུ་སྐུལ་གནང་འདུགའདི་ལོའི་ཟླ་ ༡༠ ནང་ World Heritage Watch ཞེས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ལྟ་ཞིབ་ཅེས་པའི་རྒྱལ་སྤྱིའི་དངོས་མིན་དངོས་མིན་རིག་གནས་ཤུལ་བཞག་ལ་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། སྙན་ཐོ་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་དཔྱད་ཞིབ་གྲུབ་དོན་ཁག་གཅིག་བཀོད་ཡོད་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་གྱི་རང་བྱུང་སྲུང་སྐྱོབ་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོ་འགོད་འབུལ་གྱི་ཁྲོད་རྒྱ་གཞུང་ལ་ཕྱི་ལོ་ ༢༠༢༤ བར་དུ་བོད་ཀྱི་ཨ་ཆེན་གངས་རྒྱབ་ཀྱི་གནས་བབ་ཐད་ལན་འདེབས་སྙན་ཐོ་ཕུལ་དགོས་ཀྱི་མེད་པར་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོར་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པའི་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་དེ་ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་པ་ནས་བཟུང་སྟེ་དེའི་གནས་བབ་ལ་བསྐྱར་ཞིབ་གཅིག་ཀྱང་གནང་མེད་པར་འགྲེལ་བརྗོད་དང་སྦྲགས་ཏེ། རྒྱལ་ཚོགས་ཀྱི་ UNESCO སྡེ་ཚན་གྱི་ལས་བྱེད་གཙོས་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་ཁྱད་ལས་སློབ་སྟོན་པ་རྣམས་ལ་ཡོང་རྒྱུའི་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ནང་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་སྤྱི་གླིང་དང་བོད་ཀྱི་སྲིད་བྱུས་གཉིས་ལ་ཆེས་གལ་ཆེན་ཆགས་ཀྱི་ཡོད་པ་གཙོས་ས་ཁུལ་དེར་ IUCN ཞེས་རང་བྱུང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་རྟོག་ཞིབ་ཇི་གནང་གསལ་དགོས་པར་མ་ཟད། དེ་བདག་གཅེས་ཀྱི་བདག་དབང་ཁྲོད་བོད་མིའི་ཐུན་མིན་ཆོས་རིག་དང་གོམས་སྲོལ་བཅས་པ་ཚུད་དགོས་པར་ནན་སྐུལ་གནང་འདུགདེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རང་བྱུང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཐུན་ཚོགས་ཀྱིས་འདོན་སྤེལ་གནང་བའི་ ༢༠༡༧ ལོའི་སློབ་སྟོན་སྙན་ཐོ་ལྟར་བྱས་ན་ཨ་ཆེན་གངས་རྒྱབ་དེ་མེས་པོ་མང་པོའི་སྐྱེལ་ཡུལ་དང་ལོ་རྒྱུས་ལ་གྲགས་པའི་ས་ཁུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་ལྷག་དོན་ཚོགས་པ་དེ་ཉིད་ཀྱིས་ཨ་ཆེན་གངས་རྒྱབ་ཐོག་དཔྱད་ཞིབ་གནང་བའི་ ༢༠༢༠ ལོའི་དངོས་མིན་རིག་གནས་ཤུལ་བཞག་གི་གྲུབ་དོན་ནང་ས་ཁུལ་དེ་བདག་གཅེས་གནང་ཕྱོགས་ཀྱི་ལས་དོན་ཁག་ནང་ས་གནས་བོད་མིའི་ཐེ་གཏོགས་དེ་ཉུང་ངུ་ཙམ་ལས་མེད་པར་ར་འཕྲོད་གནང་ཡོད་པ་བཅས་ལུང་འདྲེན་གནང་སྟེ། ཨ་ཆེན་གངས་རྒྱབ་ས་ཁུལ་བདག་གཅེས་དང་འབྲེལ་བའི་ཐོག་བསྐྱར་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་དགོས་པ་དང་། གཙོ་བོ་གནམ་གཤིས་འགྱུར་ལྡོག་དང་ཡུལ་སྐོར་སྤྲོ་འཆམ། འགྲིམ་འགྲུལ་བཅས་ཀྱི་ཐད་རྟོག་ཞིབ་ཀྱིས་བདག་གཅེས་ཀྱི་འཆར་གཞི་བཀོད་དགོས་པར་མ་ཟད། ས་ཁུལ་དེ་བདག་གཅེས་གནང་བར་དེའི་ནང་འཚོ་རྟེན་བྱེད་བཞིན་པའི་བོད་མི་འབྲོག་པ་རྣམས་ཀྱི་ཉིན་རེའི་འཚོ་བར་བརྟེན་པའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་ཀྱི་གནང་སྒོ་ཁག་གལ་གནད་ཇི་ཆགས་ཐད་འགྲེལ་བརྗོད་གནང་དགོས་པ་དང་ཁོང་རྣམ་པར་ཁྲིམས་མཐུན་སྒོ་ནས་ཞུ་གཏུག་བྱ་རྒྱུའི་ཐབས་ལམ་ཇི་ཡོད་ལ་དཔྱད་ཞིབ་དགོས་པ། ས་གནས་བོད་མིའི་མོས་མཐུན་མེད་པར་ཉེ་འཁོར་ལ་ཡོད་པའི་སྲུང་སྐྱོབ་ས་ཁུལ་གཞན་རྣམས་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་ཁོངས་སུ་ཚུད་ཐབས་ཀྱིས་ས་མཚམས་རྒྱ་བསྐྱེད་གཏོང་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུག

གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དོན་འཁྱོལ་སླད་བོད་མིས་གཙོས་མི་སེར་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་བཅུག་པ།

རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྩ་མེད་བཟོ་རྒྱུ་ལ་ཆེད་དམིགས་ཀྱིས་རིམས་ནད་ཀླ་ཀོར་གྱི་སྲིད་བྱུས་ཞེས་པ་རྒྱ་ནག་གིས་གཙོས་པའི་བོད་དང་ཤིན་ཅང་སོགས་གྲངས་མི་རིགས་ཀྱི་ས་ཁག་ཡོངས་ལ་ལག་བསྟར་བྱས་ཡོད་པ་དང་། སྲིད་བྱུས་དེ་ཉིད་དོན་འཁྱོལ་ཡོང་ཐབས་སུ་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པོའི་ནང་བོད་མི་དང་རྒྱ་ནག་གི་ཧན་མི་རིགས། ས་གནས་ཀྱི་ཁ་ཆེའི་གྲངས་ཉུང་མི་རིགས་སོགས་ཁྱོན་མི་སེར་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་བཅུག་པར་མ་ཟད་རིམས་ནད་དང་འབྲེལ་བའི་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་སོགས་ཀྱི་དམ་བསྒྲགས་ཁག་ཕྱིར་འཐེན་དགོས་ཞེས་ས་གནས་སྲིད་གཞུང་ལ་ངོ་རྒོལ་གནང་མཁན་གྱིས་དབུས་པའི་གཞི་རིམ་མི་མང་ཉིས་བརྒྱ་ལྷག་བཀག་ཉར་བྱས་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡ ཉིན་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་ China File ཞེས་པའི་གསར་ཁང་གིས་རྒྱ་ནག་གཞུང་གིས་རིམས་ནད་སྔོག་གི་ལས་གཞི་སྤེལ་བ་སྤྱི་དང་ལྷག་པར་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་དེ་རྒྱ་ནག་རྒྱལ་ནང་ཙམ་མ་ཚད་པར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་དང་གྲངས་ཉུང་མི་རིགས་ཀྱི་ས་གནས་སུ་ལག་བསྟར་ནན་པོ་བྱས་དང་བྱེད་བཞིན་ཡོད་སྐོར་ཕྱོགས་བསྡོམས་ཀྱི་གནས་ཚུལ་ཞིག་སྤེལ་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཡུལ་དེར་ཏོག་དབྱིབས་རིམས་ནད་ཕོག་མཁན་ཐོག་མར་བྱུང་སྐབས་ལྕག་ཤོག་ཁང་པ་ཟུར་འཛུགས་བྱས་ཏེ་རིམས་ནད་ལ་གདོང་ལེན་ཕྲན་བུ་བྱས་ཡོད་པ་དང་། བོད་ནང་ལ་ཆ་མཚོན་ན་རིམས་ནད་ཁྱབ་གདལ་མ་སོང་གོང་ནས་ཟུར་བཀག་གི་སྡོད་ཁང་གསར་རྒྱག་བྱས་ཏེ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྔོན་འགོག་ལས་དོན་ཚགས་ཚུད་བྱུང་ཡོད་སྐོར་སོགས་བཤད་ཡོད་ཀྱང་། དོན་དངོས་ཐོག་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ཤར་ཙམ་ལ་བོད་ནང་རིམས་ནད་ཕོག་མཁན་གྱི་གྲངས་འབོར་ཇི་མང་དུ་སོང་སྐབས་ས་གནས་མི་མང་རྣམས་ཟུར་བཀག་ཏུ་འཇོག་འགོ་བཙུགས་པར་མ་ཟད་ཟུར་བཀག་ཁང་དུ་ཉེར་མཁོ་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་མེད་པ་མངོན་གསལ་གནང་འདུག ལྷག་པར་ལྷ་ས་གཙོས་ཉེ་འཁོར་གྱི་ས་གནས་ཁག་ཏུ་ཡོད་པའི་རྒྱ་གཞུང་ལས་བྱེད་ཚོས་ཞི་ཅིན་ཕིང་གིས་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་གོང་མའི་བཀའ་རྒྱ་ལྟར་རིམས་ནད་ཀླ་ཀོར་གྱི་སྲིད་བྱུས་ཞེས་པ་དོན་འཁྱོལ་ཡོང་སླད་ས་གནས་བོད་མི་དང་རྒྱ་ནག་ཧན་མི་རིགས། ཁ་ཆེའི་གྲངས་ཉུང་མི་རིགས་སོགས་ཁྱོན་མི་སེར་སྟོང་ཕྲག་མང་པོ་རིམ་བཞིན་ཟུར་བཀག་ཏུ་བཅུག་ཡོད་པ་དང་། དེ་དག་གི་ཁྲོད་དུ་ཕྱིའི་མི་སེར་ཡིན་པ་ཞིག་ཀྱང་ཚུད་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་རང་ལ་གཞིགས་ཚེ་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་ཆེད་འཛུགས་བྱས་པའི་ཟུར་བཀག་ཏུ་མི་སེར་ ༤༢༩༣༧ ཡོད་པ་དང་། གྲངས་ཐོ་དེ་ནི་བོད་ནང་རིམས་ནད་ཐོག་མར་ཁྱབ་གདལ་བྱུང་སྐབས་ནས་བཟུང་ད་བར་གྱི་ཟུར་བཀག་བྱེད་སྟངས་ལ་གཞིགས་ཚེ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁོ་ནར་མི་སེར་ ༡༤༠༠༠༠ ལྷག་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་ཟུར་བཀག་ཁང་དུ་བཅུག་ཡོད་པ་དང་། མི་སེར་ ༧༠༠༠༠ ཙམ་རྒྱལ་ས་ལྷ་ས་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་མི་སེར་ཆགས་ཀྱི་ཡོད་པ་གསུངས་ཡོད། ས་གནས་མི་མང་རྣམས་སོ་སོའི་སྡོད་ཁང་སོགས་ཀྱི་ནང་ལ་ཟུར་བཀག་ཏུ་བཞུགས་བཞིན་པ་རྣམས་ཚུད་ཀྱི་མེད་པར་འགྲེལ་བརྗོད་དང་སྦྲགས་ཏེ། རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་ཟུར་བཀག་ནང་ཁྱོན་མི་བཞི་སྟོང་ལྷག་ཤོང་གི་ཡོད་པ་དང་། ལྷ་སའི་ནུབ་ཕྱོགས་ཀྱི་མཚམས་སུ་ཆགས་པའི་སྟོད་ལུང་བདེ་ཆེན་ཁུལ་གྱི་ཟུར་བཀག་ཏུ་བཞག་པའི་བུ་ཕྲུག་ཞིག་གིས་རང་ཉིད་ཀྱི་ཉིན་དེབ་ནང་ཁོང་ཡོད་སའི་ཟུར་བཀག་ཁང་དུ་ཁྱོན་མི་སེར་ ༦༠༠༠ ལྷག་ཡོད་པ་དང་། ཟུར་བཀག་དེར་ཉི་མ་རེ་ལ་ཟས་རག་པར་ཆུ་ཚོད་བཅུ་གཉིས་ཙམ་ངང་སྒུག་བྱེད་དགོས་པ་མ་ཚད་པར་ཟས་རིགས་འབྱོར་སྐབས་སུ་རྒན་གཞོན་མེད་པར་ཚང་མ་འཚང་ག་རྒྱག་བརྒྱབ་ཏེ་ལག་ལ་ཟས་རག་ཐབས་ལས་དེ་མིན་ལྟོགས་བཀྲེས་གནས་ལས་མ་འདས་སོ་ཞེས་བྲིས་པ་དང་། དེ་བཞིན་མི་བཞི་སྟོང་ཙམ་ཡོད་པའི་ཟུར་བཀག་ནང་སྡོད་མཁན་ཞིག་གིས་ཟུར་བཀག་དེ་དག་ཏུ་ནད་རྟགས་ཡོད་མེད་ལ་ལྟོས་མེད་མཉམ་བསྲེས་བྱས་ནས་བཞག་གི་ཡོད་པར་མ་ཟད། ཕག་ཚང་ལྟ་བུ་འདུག་ཅེས་འགྲེལ་བརྗོད་གནང་བ་བཀོད་འདུག གནས་ཚུལ་དེའི་ནང་རྒྱ་ནག་གཞུང་གིས་རིམས་ནད་སྔོན་འགོག་གི་ལས་དོན་ཁྲོད་བོད་ནང་གི་ལས་བྱེད་ཁག་གཅིག་ལས་གནས་ནས་ཕྱིར་ཕུད་བཏང་བ་དང་། ས་གནས་བོད་མི་དང་དགོན་སྡེ་ཁག་གི་ངོས་ནས་དཔལ་འབྱོར་སོགས་ཀྱི་རོགས་རམ་གནང་བ། དེ་བཞིན་ལས་བྱེད་ལ་ལས་གོང་མའི་བཀའ་རྒྱར་གདོང་ལེན་གནང་སྟེ་ས་གནས་ཀྱི་མི་སེར་རྒན་པ་ཁག་གཅིག་སོ་སོའི་ནང་ལ་སྡོད་བཅུག་པ། དམ་བསྒྲགས་ཀྱི་བཀག་སྡོམ་ཁྲོད་མི་སེར་ཁག་གཅིག་རང་སྲོག་བཅད་པའི་གནས་སྟངས་མི་ཉུང་བ་ཞིག་བྱུང་ཡོད་པར་འགྲེལ་བརྗོད་གནང་འདུག བརྒྱུད་ལམ་གཞན་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནང་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་རྣམས་སྒོ་རྒྱ་བསྡམས་པ་མཚམས་འཇོག་དགོས་ཞེས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བའི་གནས་ཚུལ་དང་འབྲེལ། ད་ཆ་ས་གནས་མི་མང་ ༢༠༠ ཙམ་སྐབས་དེའི་ལས་འགུལ་སྣེ་ཁྲིད་གནང་བ་དང་མཉམ་ཞུགས་གནང་བར་ཁག་དཀྲིས་ཏེ་བཀག་ཉར་བྱས་འདུག རྩ་བའི་ཞི་རྒོལ་བྱུང་རྗེས་རྒྱལ་ས་ལྷ་ས་ནས་ལས་མི་དང་ས་གནས་གཞན་གྱི་མི་མང་རྣམས་རང་གནས་སུ་ཕྱིར་ལོག་བྱེད་བཅུག་པ་དང་ས་གནས་ཁག་གཅིག་ཏུ་དམ་བསྒྲགས་ཀྱི་གནས་སྟངས་ཅུང་གུ་ཡངས་བཏང་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཁ་སང་དེ་རིང་རྒྱལ་ས་ལྷ་སའི་བར་སྐོར་ནང་ནས་ཕྱིར་འགྱར་བྱུང་བའི་བརྙན་པར་ལ་གཟིགས་ཚེ་ས་གནས་མི་མང་ཁག་གཅིག་ལ་ཆུ་ཚོད་གཅིག་ཙམ་རིང་ཕྱིར་ཐོན་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གནང་མི་ཆོག་པ་སོགས་སྤྱི་ཡོངས་ཀྱི་དམ་བསྒྲགས་གནས་སྟངས་རང་སོར་གནས་མུས་ཡིན་པ་རེད་འདུག

Latest news