Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་ནག་ནང་གི་ངོ་རྒོལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་རྒོལ་གནང་བ།

བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞིའི་གོ་སྒྲིག་འོག་བཞུགས་སྒར་དྷརྨ་སཱ་ལཱའི་མེག་གྷན་བཞི་མདོར་རྒྱ་ནག་ནང་ཉེ་ལམ་ཤོག་བུ་དཀར་པོའི་ལས་འགུལ་ཞེས་རྒྱ་ནག་དམར་པོའི་གཞུང་དང་ཞི་ཅིན་ཕིང་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་ལས་འགུལ་ཞིག་སྤེལ་སོང་།གདུང་སེམས་མཉམ་བསྐྱེད་ཀྱི་ལས་ཞི་བའི་ལས་འགུལ་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་ཚོགས་གཙོ་གཙོས་ཚོགས་མི་རྣམ་པ་དང་། ལྷག་པར་དུ་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སྐུ་ཞབས་ Drew Pavlou ལགས་མཉམ་ཞུགས་གནང་ཡོད། དེ་རིང་གི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེའི་ཁྲོད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་ལགས་ཀྱིས་དེང་གི་ཆར་རྒྱ་ནག་ནང་གཞོན་སྐྱེས་མང་པོས་མང་གཙོའི་གལ་གནད་ཤེས་པའི་ཐོག་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་བརྒྱུད་ཤོག་བུ་དཀར་པོའི་སྒེར་ལངས་ཀྱི་ཞི་རྒོལ་དེ་ལྟར་གནང་ཡོད། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་དེ་མཚུངས་སུ་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པར་ང་ཚོས་དེར་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ནི་ཆེས་གནད་འགག་ཆེན་པོ་ཆགས་ཡོད་པ་སོགས་གསུངས་སོང་། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་བཙན་དབང་འོག་ཡོད་པའི་གྲངས་ཉུད་མི་རིགས་སུ་འདྲ་ཞིག་ལ་ངལ་བ་འཕྲད་ཚེ་ང་ཚོ་བོད་མི་རྣམས་ཀྱིས་དེར་གདུང་སེམས་མཉམ་བསྐྱེད་གནང་དགོས་གལ་ཡིན་པ་གསུངས་ཡོད།རྒྱ་གར་རྒྱལ་ཡོངས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོལ་ལགས་ཀྱིས་དེ་རིང་གི་ལས་འགུལ་དེ་དང་འབྲེལ་ཏེ་གསུངས་པར་དེ་སྔ་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༦ པར་པེ་ཅིང་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་བྱུང་རྗེས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཧ་ཅང་དཀོན་པོ་ཡིན་སྟབས། ད་ཆ་རྒྱ་ནག་ནང་དེ་ལྟ་བུའི་ལས་འགུལ་སྤེལ་བཞིན་ཡོད་སྐབས་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་གལ་ཡིན་པ་དང་། ལྷག་པར་དུ་ཤོག་བུ་དཀར་པོའི་སྒེར་ལངས་བརྒྱུད་ནས་དམར་ཤོག་སྲིད་གཞུང་མཚམས་འཇོག་དགོས་པ་དང་ཞི་ཅིན་ཕིང་སྲིད་དབང་ནས་རྩ་དགོངས་ཞུ་དགོས་པ། དེ་བཞིན་མང་གཙོ་དང་རང་དབང་དགོས་ཞེས་འབོད་སྒྲ་དེ་དག་ལ་གཞིགས་ན། རྒྱ་ནག་ནང་གི་མི་མང་དང་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་སྲིད་གཞུང་ལ་མི་འདོད་པའི་རྣམ་པ་ཆེས་མངོན་གསལ་གནང་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཀྱང་རྒྱ་ནག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཁོ་ནའི་དབང་གིས་བྱུང་བ་ཞིག་མིན་པར་མང་གཙོ་དང་རང་དབང་བཅས་ཐོག་ནས་སྤེལ་བ་ཞིག་ཡིན་སྟབས། བོད་མི་ལས་འགུལ་བ་རྣམས་ཀྱི་ངོས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཡིན་པ་སོགས་གསུངས་སོང་།ལྷག་པར་དུ་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཨོ་སི་ཊོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Drew Pavlou ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་ཐབས་བྱུས་འདྲ་མིན་ཇི་ཙམ་སྤེལ་མིན་ལ་ལྟོས་མེད་མིའི་སེམས་ཁམས་ལ་འགྱུར་ལྡོག་གཏང་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་ཆབས་ཅིག་མང་གཙོ་དོན་གཉེར་ཅན་དང་དྲང་བདེན་ལ་ཡིད་ཆེས་ཡོད་པ་རྣམས་ནམ་ཞིག་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ལས་ཡོངས་སུ་རྣམ་པར་རྒྱལ་ངེས་ཡིན་པའི་བརྡ་ལན་གནང་ཡོད།

རྩོམ་པ་པོ་སྒོ་ཡོན་གློད་བཀྲོལ་ཐོབ་ཟིན་ཀྱང་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་གཞན་ཁག་གཅིག་ལ་བཙོན་འཇུག་ཁྲིམས་ཆད་ལྕི་མོ་བཏང་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་སྔ་ལོའི་ཕྱི་ཟླ་ ༡༢ ནང་ཁམས་བྲག་མགོ་ནས་ཡིན་པའི་བོད་ནང་གི་རྩོམ་པ་པོ་སྒོ་ཡོན་སོགས་འཛིན་བཟུང་བྱས་ཏེ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ད་ཆ་ཁོང་ཉིད་གློད་བཀྲོལ་ཐོབ་ཟིན་པའི་ཚོད་དཔག་དང་། ཉེ་ལམ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་པ་བོད་མི་དྲུག་ཙམ་ལ་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”བྱས་པ་དང་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་”བཟོས་པ་སོགས་ཀྱི་ཉེས་མིང་འོག་ཁྲིམས་ཆད་ལྕི་མོ་བཏང་ཡོད་སྐོར་སྤེལ་འདུག ཁམས་བྲག་མགོ་ནས་ཡིན་པའི་བོད་ནང་གི་རྩོམ་པ་པོ་སྒོ་ཡོན་ལགས་སྔ་ལོའི་ཕྱི་ཟླ་བཅུ་གཉིས་ནང་འཛིན་བཟུང་བྱས་ཏེ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་སྐབས་ལྟེ་གནས་ཁང་གིས་ཁོང་དང་ན་གཞོན་ཤེས་ཡོན་པ་ས་བུ་ཆེ། སྙན་ངག་པ་རོང་བོ་དགེ་འདུན་ལྷུན་འགྲུབ་དང་རོང་བོ་གངས་དཀར་སོགས་ཀྱི་གནས་བབ་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚན་ཁག་ལ་སྙན་སེང་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ས་བུ་ཆེ་དང་རོང་བོ་དགེ་འདུན་ལྷུན་འགྲུབ་གཉིས་འཛིན་བཟུང་བྱས་ཟིན་པ་ངོས་ལེན་བྱས་ཡོད་པ་མ་གཏོགས་སྒོ་ཡོན་གྱི་སྐོར་ལ་གསལ་བཤད་གང་ཡང་བྱས་མེད་པ་རེད། འོན་ཀྱང་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་ཁོང་ཉིད་གློད་བཀྲོལ་ཐོབ་ཡོད་ཚུལ་གྱི་གནས་ཚུལ་དང་ལྷག་པར་དུ་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་སྒོ་ཡོན་གྱི་སྐད་འཕྲིན་གྱི་རྒྱབ་ངོས་སུ་“ལོ་ངོ་གཉིས་ལྷག་ལ་དྲྭ་ལམ་དང་བྲལ་ཏེ། ད་ལྟ་ལེགས་སྐྱེས་ཆུང་ཆུང་འདི་འདྲ་ཞིག་འཁྱེར་ནས་ཐོན་ཡོད་”ཅེས་ཁོང་ཉིད་ཀྱིས་གསར་དུ་བསྒྱུར་བའི་“སྐྱེས་ཐོབ་ཀྱི་གསོ་བྱེད་ Healing Without Medicine” ཞེས་པའི་འཚོ་བཅུད་རིག་པའི་འགྱུར་དེབ་ཅིག་གསར་དུ་ཐོན་ཡོད་པ་གསལ་བསྒྲགས་བྱས་པ་དེས་ཁོང་ཉིད་གློད་བཀྲོལ་ཐོབ་ཟིན་པ་དངོས་བདེན་ཡིན་པར་ཚོད་དཔག་གནང་གི་འདུག འོན་ཀྱང་རྒྱ་གཞུང་གིས་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”བྱས་པ་དང་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་”བཟོས་པ་སོགས་ཀྱི་ཉེས་མིང་འོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་པ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ལ་ལོ་ ༡༤ ཡི་དུས་བཀག་བཙོན་འཇུག་དང་བསམ་འགྲུབ་དང་གངས་ཚེ་རིང་སྒྲོལ་མ་ལགས་ལ་ལོ་ ༨ གངས་བུ་གཡུ་བྷྲུཾ་ལགས་ལ་ལོ་ ༧  སྲས་རྣམ་ལགས་ལ་ལོ་ ༦ བྲག་མགོ་ནས་ཡིན་པའི་པདྨ་རིན་ཆེན་ལགས་ལ་ལོ་ ༤ བཅས་བོད་མི་དྲུག་ཙམ་ལ་ཁྲིམས་ཆད་ལྕི་མོ་བཏང་ཡོད་པ་ཁུངས་ལྡན་གནས་ཚུལ་དང་སྦྲགས། ཐེངས་འདིར་ཁྲིམས་ཆད་ལྕི་མོ་ཕོག་པའི་ཆབ་སྲིད་བཙོན་ཟུར་རྣམས་ལ་སྔོན་ནས་ཀྱང་བཙོན་འཇུག་ཁྲིམས་ཆད་དང་མནར་གཅོད་ཡང་ཡང་ཕོག་མྱོང་མཁན་ཤ་སྟག་ཡིན་པར་མ་ཟད་སྔོན་ཆད་གློད་བཀྲོལ་ཐོབ་པའི་གནས་སྐབས་སུ་སུན་གཙེར་སྣ་ཚོགས་བྱས་ཏེ་འགྲོ་འདུག་རང་དབང་དང་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཁག་རྩ་ནས་སྤྲད་ཡོད་མ་རེད་ཅེས་བཀོད་འདུག གོང་གསལ་གནད་དོན་དང་འབྲེལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་ནི་“མནར་གཅོད་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་ཉེས་ཆད་སོགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་”དེ་ཉིད་ལ་མཚན་བཀོད་དང་ལག་བསྟར་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཤེས་ལྡན་མི་སྣ་སོགས་ལ་ཉེས་མེད་ཉེས་འགེལ་བྱས་ཏེ་འདི་ལྟར་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་ཉེས་ཆད་གཏོང་བཞིན་པ་དེ་ནི་སྤྱི་ཆིངས་དང་ཡོངས་སུ་འགལ་ཡོད་པ་མ་ཚད་པར་དྲང་བདེན་མིན་པའི་ཁྲིམས་ཆད་དེ་དག་ཕྱིར་ལྡོག་བྱས་ཏེ་ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས་པ་དང་། ཧ་ཅང་ཛ་དྲག་ཅན་གྱི་གནད་དོན་འདི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གཙོས་འབྲེལ་ཡོད་སྡེ་ཁག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་དང་སྤྱི་སྒེར་རྣམས་ནས་ངེས་པར་དུ་ཐུགས་སྣང་བཞེས་པའི་ཐོག་ནས་རྒྱ་གཞུང་ལ་མངོན་སུམ་འཛེམས་མེད་ཀྱིས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད།

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་ལ་ཁྲིམས་ཐག་བཅད་པ།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་མགོ་ཙམ་ལ་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རང་ལོ་ ༣༩ ཡིན་པ་བློ་བཟང་ཆོས་འཕེལ་ལགས་ལོ་གཉིས་དང་ཟླ་དྲུག་གི་བཙོན་བཅུག་ཁྲིམས་ཐག་བཅད་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་རྔ་བ་རྫོང་གཅའ་ཁོག་ཕྱུགས་ལས་འགབ་མ་ནས་ཡིན་པའི་ཕ་དགའ་ཚེ་དང་མ་གནས་སྐྱིད་གཉིས་ཀྱི་བུ་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ཆུང་དུས་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ་ཕྱི་ལོ་ ༢༠༡༡ ལོར་རྔ་བ་ཀིརྟི་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་ཟླ་མང་རིང་སྤེལ་བར་དང་ལེན་མ་བྱས་རྐྱེན་ཉིན་མང་པོར་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་འདི་ལོའི་དབྱར་ཁར་རྔ་བ་ཀིརྟི་དགོན་པའི་ནང་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཉེ་ཆར་བཙོན་བཅུག་ཁྲིམས་ཐག་བཅད་ཡོད་པ་ཙམ་ལས་རྒྱུ་མཚན་ཅི་ཡིན་དང་བཙོན་ཁང་གང་དུ་བཅུག་ཡོད་པ་སོགས་གནས་ཚུལ་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག གཞི་རྩའི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལགས་ཀྱི་ཕ་མ་གཅིག་པའི་སྤུན་ཆུང་བ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ལགས་ཀྱང་དེ་སྔོན་བཙོན་བཅུག་བྱས་མྱོང་ཡོད་པ་རེད་འདུག

རྒྱལ་ཚོགས་ལ་བོད་ནང་གི་བཅའ་སྡོད་སློབ་གྲྭར་རྟོག་ཞིབ་དགོས་པའི་ཞུ་སྐུལ།

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་བཙན་གྱིས་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་གཏན་འཇགས་སློབ་གྲྭར་བཅུག་གི་ཡོད་པ་དེ་འབྲེལ་ཐད་ངེས་པར་དུ་རྟོག་ཞིབ་གནང་དགོས་ཞེས་གསུངས་འདུགཁ་སང་ཕྱི་ཚེས་ ༣༠ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གཙོ་འཛིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley མཆོག་དང་ཚོགས་ཆུང་གི་གཙོ་འཛིན་གཞོན་པ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern རྣམ་གཉིས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Volker Türk ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཕུལ་བར་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་འདས་ལོར་བཅའ་སྡོད་སློབ་གྲྭའི་སྐོར་སྙན་ཐོ་འདོན་ཁག་ལུང་འདྲེན་གྱིས་བོད་ནང་ལོ་ན་ ༦ ནས་ ༡༨ དབར་གྱི་བོད་ཕྲུག་བརྒྱ་ཆ་ ༨༠ ཙམ་ཞིག་འཆར་གཞི་ལྡན་པའི་ཐོག་ནས་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་མིའི་ངོ་བོ་རྩ་བརླག་གཏོང་ཕྱིར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ་བརྒྱུད་ནས་བཅའ་སྡོད་སློབ་གྲྭར་གཏོང་གི་ཡོད་པ་དང་།   རྒྱ་གཞུང་གིས་བྱེད་ཕྱོགས་དེས་མཇུག་འབྲས་སུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་རྡོག་རོལ། སྐད་ཡིག་རྩ་མེད་འགྲོ་གི་ཡོད་སྟབས། རྒྱལ་ཚོགས་ཀྱིས་བོད་ནང་གི་གནད་དོན་ཐད་རྟོག་ཞིབ་གནང་རོགས་ཞེས་ཞུ་སྐུལ་གནང་འདུགལྷག་པར་དུ་ཕྱག་བྲིས་ནང་བོད་ནང་གི་བོད་ཕྲུག་ཚོའི་ཕ་མ་རྣམས་ལ་བཅའ་སྡོད་སློབ་གྲྭར་བོད་ཕྲུག་གཏོང་མིན་ཐད་གདམ་ཀ་གང་ཡང་མེད་པ་དང་ཆབས་ཅིག་བོད་ནང་གི་སློབ་གྲྭ་ཁག་གཅིག་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་སྐོར་ལུང་འདྲེན་གནང་སྟེ་རྒྱ་ནག་གཞུང་གི་སྲིད་བྱུས་དེས་བོད་ཕྲུག་རྣམ་པའི་ཤེས་ཡོན་གྱི་གདམ་ཀ་དང་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་གསུངས་འདུག  International Covenant on Economic, Social, and Cultural Rights ཞེས་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཐོག་གི་གྲོས་མཐུན་ནང་གང་ཟག་སུ་ཞིག་གིས་རིག་གཞུང་སྲུང་བརྩི་དང་འབྲེལ་ཏེ་སྤེལ་བའི་བྱེད་སྒོར་གཞུང་ནས་ཐེ་གཏོགས་མི་ཆོག་པ་འཁོད་ཡོད་པ་དང་སྒོས་དེ་འབྲེལ་གྱི་ཐོབ་ཐང་འདི་ཤེས་ཡོན་གྱི་ཐོབ་ཐང་དང་འབྲེལ་བ་ཡང་ཆགས་ཡོད་པས་རྒྱ་ནག་ནས་དེར་ངེས་པར་དུ་གུས་བརྩི་ཞུ་དགོས་པར་གསུངས་འདུག རྒྱ་ནག་གཞུང་གིས་བོད་ཕྲུག་ཚོའི་རང་ཉིད་ཀྱི་ནང་མི་དང་སྤྱི་ཚོགས་ཀྱི་འཚོ་བའི་ནང་མཉམ་ཞུགས་གནང་རྒྱུར་ཐེ་གཏོགས་བྱས་པ་དེས་རྒྱ་ནག་གིས་མོས་མཐུན་བྱས་པའི Convention on the Rights of the Child འམ་བྱིས་པའི་ཐོབ་ཐང་གི་གྲོས་མཐུན་དེ་བརྩི་མེད་བཏང་ཡོད་པར་གསུངས་ཏེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་སྐོར་དོ་སྣང་དང་ལྷག་པར་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༣ ནང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གནད་དོན་འདི་དོ་སྣང་གཙོ་ཆེར་གནང་ཡུལ་ཞིག་ལ་ངོས་འཛིན་རོགས་ཞེས་གསུངས་འདུག ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་མཆོག་གིས་ཤེས་ཡོན་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་། རིག་གཞུང་གི་ཐོབ་ཐང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་སྐུ་ཚབ་རྣམས་བོད་ཁུལ་དུ་འཚམས་གཟིགས་ལ་ཕེབས་ཏེ་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དང་སློབ་གྲྭའི་བོད་ཕྲུག་དང་ཕ་མ། རིག་གཞུང་སྤྱི་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་མེད་ཐད་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཞུ་རོགས་ཞེས་གསུངས་ཡོད། མཐའ་དོན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཐད་སེམས་འཚབ་ཡོད་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུ་གཅིག་པུ་མིན་པར་བྱང་ཨ་རིའི་གཞུང་གི་སྐུ་ཚབ་གནང་བའི་ཐོག་ནས་ལོ་རྒྱུས་བསྐྱར་ཟློས་བྱས་པར་ལྟ་འདོད་མེད་པར་མ་ཟད། དེ་སྔ་ཨ་རི་དང་ཁེ་ན་ཌ་གཉིས་ནང་གཞུང་གིས་ཡུལ་དེ་གར་སྐྱེས་པའི་ཕྲུ་གུ་རྣམས་ནང་མི་དང་ཁ་བྲལ་བཏང་ནས་བཙན་གྱིས་གཏན་འཇགས་སློབ་གྲྭར་བཏང་སྟེ་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་སྐོར་འགྲེལ་བརྗོད་དང་ཆབས་ཅིག་རྒྱལ་སྤྱིའི་ཚོགས་སྡེས་སྲིད་བྱུས་དེ་བོད་ནང་ལག་བསྟར་བྱེད་མི་ཆོག་པ་བཟོ་དགོས་ཞེས་གསུངས་འདུག

རྒྱལ་ཁབ་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་བའི་ཉེས་མིང་འོག་ཐུབ་བསམ་ལགས་འཛིན་བཟུང་བྱས་འདུག

རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་དཀར་མཛེས་ཁུལ་ནས་ཡིན་པའི་བོད་པའི་ན་གཞོན་ཐུབ་བསམ་ལགས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་བའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུགཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁམས་དཀར་མཛེས་ཁུལ་སེར་ཤུལ་རྗོང་འབུམ་སྙིང་སྡེ་བ་ནས་ཡིན་པའི་བོད་པའི་ན་གཞོན་ཐུབ་བསམ་ལགས་ཀྱིས་རྒྱལ་ཁབ་གྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་གནང་བའི་ཉེས་མིང་འོག་ཁོང་འཛིན་བཟུང་བྱས་པ་མ་ཚད་པར་དཀར་མཛེས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་དུས་ཡུན་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་དོན་ལ་འདི་ལོའི་ཕྱི་ཟླ་ ༥  ཚེས་ ༣ ཉིན་ཐུབ་བསམ་ལགས་དཀར་མཛེས་ཁུལ་ཀྱི་ཟ་ཁང་ཞིག་ཏུ་འགྲོ་སྐབས་རྒྱ་གཞུང་ཉེས་རྟོག་པས་འཛིན་བཟུང་བྱས་པ་དང་རྒྱ་གཞུང་ཉེན་རྟོག་པས་ཁྱེད་ཀྱིས་འདི་ལོའི་ཕྱི་ཟླ་ལྔ་པ་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་ལ་སྐད་འཕྲིན་བརྒྱུད་འབྲེལ་བ་གནང་སྟེ་རྒྱལ་ཁབ་གྱི་གནས་ཚུལ་མང་པོ་མཁོ་སྤྲོད་གནང་ཡོད་སྟབས་ཁོང་བཙོན་འཛུག་བྱས་ཡོད་སྐོར་བཤད་འདུག་ཅེས་གསུངས་སོང་། ཁོང་བཀག་བསྐྱིལ་ཁང་དུ་བཅུག་ནས་འདྲི་རྩད་མང་དག་ཅིག་བྱས་ཏེ་ཉེས་རྡུང་བཏང་ཡོད་པ་མ་ཚད་པར་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་དཀར་མཛེས་ཁུལ་གྱི་ཁྲིམས་ཁང་དུ་ཁོང་གི་སྤུན་མཆེད་རྣམས་དང་བཟའ་ཟླ་བཅས་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་སྐད་བཏང་སྟེ་ཐུབ་བསམ་ལགས་ཀྱིས་རྒྱལ་ཁབ་གྱི་བདེ་འཇགས་མ་སྲུང་བར་རྒྱལ་ཁབ་ཀྱི་གསང་གནས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་འདུག་སྟབས་དུས་ཡུན་ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་བཤད་འདུག གཞི་རྩའི་རང་ལོ་  ༢༢ སོན་པའི་ཐུབ་བསམ་ལགས་ནི། བཟོ་རིགས་ལ་མཁས་ཞིང་ཁྱིམ་ཚང་གི་འཚོ་བ་དེ་ཁོང་གི་ལག་ཤེས་སྒྱུ་རྩལ་ལ་རྟེན་གྱི་འདུག ཁོང་གི་ཁྱིམ་ལ་ཕ་མ་གཉིས་དང་སྤུན་མཆེད་གཅིག བཟའ་མི་གཉིས་ཀྱི་བུ་མོ་ལོ་ལྔ་ལ་སོན་པ་ཞིག་འདུག

Thermofisher ནས་རྒྱ་གཞུང་གིས་བོད་མིར་གཉའ་གནོན་བཏང་བ་བརྒྱུད་ཚོང་གི་ཁེ་ཕན་ལེན་རྒྱུ་མཚམས་འཇོག་བྱེད་དགོས།  

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ཁེ་ན་ཌའི་ Citizenlab གཉིས་ཀྱིས་ཉེ་སྔོན་ཕྱི་ཟླ་དགུ་པའི་ནང་རྒྱ་ནག་སྲིད་གཞུང་གིས་བོད་མིར་སྟངས་འཛིན་སྔར་ལྷག་བྱ་ཕྱིར་བཙན་གྱིས་རིགས་རྫས་བསྡུ་རུབ་བྱེད་བཞིན་ཡོད་པའི་སྙན་ཐོ་བཏོན་ཡོད་པ་དང་བོད་མིའི་རིགས་རྫས་བསྡུ་རུབ་ཆེད་ Thermo Fisher ཞེས་ཨ་རི་ Massachusetts ནང་ཡོད་པའི་བཟོ་ཚོང་ཁང་གིས་རྒྱ་ནག་ཉེན་རྟོག་ལས་ཁང་ལ་དངོས་ཟོག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་ཡོད་སྟབས། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་བཟོ་ཚོང་ཁང་དེས་རྒྱ་གཞུང་ལ་རིགས་རྫས་བསྡུ་རུབ་ཀྱི་ཡོ་ཆས་བཙོང་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུགབོད་རང་དབང་ཚོགས་པས་ Thermo Fisher བཟོ་ཚོང་ཁང་དང་བཟོ་ཚོང་ཁང་གི་གཙོ་འཛིན་སྐུ་ཞབས་ Marc Casper ལགས་སུ་ཞུ་ཡིག་ཕུལ་བའི་ལས་འགུལ་གཉེར་འདུག་པ་དང་ཞུ་ཡིག་ནང་ Thermo Fisher བཟོ་ཚོང་ཁང་གིས་རྒྱ་ནག་ལ་བོད་ནང་གི་བོད་མིའི་རིགས་རྫས་བསྡུ་རུབ་ཆེད་དེ་འབྲེལ་དངོས་ཟོག་ཕྱིར་བཙོང་གནང་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། རྒྱ་ནག་གིས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཚད་མེད་བྱེད་བཞིན་པ་དང་སྒོས་འདས་པའི་ལོ་དུས་ནང་རྒྱ་གཞུང་གིས་རིགས་རྫས་བསྡུ་རུབ་ཀྱི་གཞི་རྒྱ་ཆེ་བའི་ལས་གཞི་སྤེལ་བ་བརྒྱུད་དམ་དྲག་དང་ལྟ་སྲུང་སྔར་ལྷག་བྱས་པ་ནི་ཆེས་བློ་ཚབས་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་གསུངས་འདུག རྒྱ་གཞུང་གིས་ལས་གཞི་དེའི་འོག་བྱིས་པ་ལོ་ལྔ་ཚུན་ཆད་ནས་ཁྱོན་བོད་མི་ས་ཡ་ ༡ ལྷག་ཙམ་གྱི་རིགས་རྫས་བསྡུ་རུབ་བྱས་ཡོད་པར་འགྲེལ་བརྗོད་ཀྱིས་ལས་གཞི་དེས་གཙོ་བོ་བོད་མིར་དབྱེ་འབྱེད་བྱས་པའི་ཐོག་ནས་སྲིད་གཞུང་དང་ཉེན་རྟོག་པས་བོད་མི་ཚོར་སྟངས་འཛིན་སྔར་ལྷག་བྱ་བར་གོ་སྐབས་སྤྲད་པ་ཞིག་ཆགས་ཡོད་ལ། Thermo Fisher བཟོ་ཚོང་ཁང་ནས་རྒྱ་ནག་སྲིད་གཞུང་ལ་དངོས་ཟོག་ཕྱིར་བཙོང་བྱས་པ་དེས་རྒྱ་གཞུང་གིས་བོད་མིར་སྡུག་སྦྱོང་གཏོང་རྒྱུར་རོགས་རམ་བྱས་ཡོད་པ་དང་གཅིག་མཚུངས་ཡིན་སྐོར་གསུངས་འདུགརྒྱ་ནག་གཞུང་གི་དྲ་ཚིགས་སུ་ལྷ་སའི་ཉེན་རྟོག་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ པའི་ནང་ Thermo Fisher ཚོང་ལས་ཁང་གི་རིགས་རྫས་མཁོ་སྒྲུབ་དང་འབྲེལ་དངོས་ཟོག་ཉོ་ཕྱིར་ཨ་སྒོར་ ༡༧༣།༠༠༠ འགྲོ་གྲོན་བཏང་ཡོད་པ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཉེན་རྟོག་པས་ཀྱང་ཕྱི་ལོ་ ༢༠༢༡ ཟླ་ ༨ པའི་ནང་དེ་འབྲེལ་དངོས་ཟོག་ཉོས་ཡོད་པ་འཁོད་ཡོད་པ་རེད།  Thermo Fisher  བཟོ་ཚོང་ཁང་ནས་བོད་ནང་རིགས་རྫས་མཁོ་སྒྲུབ་ཀྱི་དངོས་ཟོག་བཙོང་རྒྱུ་མཚམས་འཇོག་བྱེད་དགོས་པའི་ཐད་ལ་ཉེ་ལམ་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་ཐོག་བརྒྱུད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་ཡང་སྤེལ་ཡོད།

རྒྱ་གཞུང་གི་འགོ་ཁྲིད་ལ་སྐྱོན་བརྗོད་བྱས་པའི་ཉེས་མིང་འོག་དབྱངས་སྒྲོན་ལགས་འཛིན་བཟུང་།

གཅེས་ཕྲུག་གཉིས་ཀྱི་མ་དང་བོད་འདམ་གཞུང་རྫོང་ནས་ཡིན་པའི་བོད་པའི་བུད་མེད་དབྱངས་སྒྲོན་ལགས་ལ་རྒྱ་གཞུང་ཉེན་རྟོག་པས་སྤྱི་ཚོགས་དྲྭ་ལམ་བརྒྱུད་སྲིད་གཞུང་གི་འགོ་ཁྲིད་དང་ལས་བྱེད་རྣམས་ལ་སྐྱོན་བརྗོད་བྱས་འདུག་ཅེས་ཁག་དཀྲི་པའི་ཉེས་མིང་འོག་གློ་བུར་དུ་འཛིན་བཟུང་བྱས་ཏེ་ད་ཆ་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་མེད་པར་གྱུར་འདུགཟླ་ ༡༡ ཚེས་ ༡༥ ཙམ་ལ་དབྱངས་སྒྲོན་ལགས་འདམ་གཞུང་རྫོང་ཐོག་ཏུ་ཅ་ལག་ཉོ་བར་འགྲོ་སྐབས་གློ་བུར་དུ་ཁྲོམ་གཞུང་དཀྱིལ་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་གསུངས་པར་གཞིགས་ན་འདམ་གཞུང་རྫོང་ཁོངས་ནས་ཡིན་པའི་དབྱངས་སྒྲོན་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་བདེ་སྤྱོད་བྱས་ཏེ་དེང་སྐབས་རྒྱ་གཞུང་གི་འགོ་ཁྲིད་དང་ལས་བྱེད་རྣམས་ཀྱིས་རང་གི་དབང་ཚད་སྤྱོད་ནས་བོད་མི་རྣམས་ལ་དཀའ་ངལ་རབ་དང་རིམ་པ་སྤྲོད་བཞིན་ཡོད་པའི་གནས་ཚུལ་དྲ་ཐོག་ཏུ་སྤེལ་འདུག་ཅེས་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་པར་གསུངས་ཡོད། ཁོང་འཛིན་བཟུང་བྱས་ནས་ད་ཆ་བདུན་ཕྲག་འགའ་ཤས་སོང་ཡོད་ཀྱང་ས་གནས་དང་བཙོན་ཁང་གང་དུ་བཙན་ཁྲིད་བྱས་ཡོད་མེད་གཙོས་གཟུགས་གཞིའི་གནས་སྟངས་སོགས་ཤེས་རྟོགས་མེད་པར་གྱུར་བར་བརྟེན་ཁོང་སྐུ་ཟླ་དང་ནང་མི་ཚོས་རྫོང་གི་ཉེན་རྟོག་ཁང་ལ་ཐེངས་ཕྱིན་ནས་ཁོང་གི་གནས་སྟངས་ཇི་ཆགས་ཐད་ལ་འདྲི་རྩད་ཞུས་སྐབས་ ་ཉེན་རྟོག་པས་དེར་ལན་འདེབས་གང་སྤྲད་མེད་པ་དང་ཉེན་རྟོག་ཁང་ལ་ཡང་ཡང་བཅར་མི་ཆོག་པའི་ བཀག་སྡོམ་བཀའ་རྒྱ་བཏང་འདུག དེ་སྔ་བོད་ས་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་སོང་བའི་དཀའ་ངལ་འཕྲད་སྐབས་རྒྱ་གཞུང་གི་ཏོག་དབྱིབས་ཀླད་ཀོར་གྱི་སྲིད་བྱུས་ལག ་བསྟར་བྱས་ནས་བོད་མི་རྣམས་ལ་མི་སྤྱོ་ལས་འདས་པའི་སྡུག་པོ་མང་དུ་ཅིག་བཏང་ཡོད་སྟབས། བོད་མི་རྣམས་ཀྱིས་དེར་མ་བཟོད་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ངལ་འཕྲད་ཀྱི་གནས་སྟངས་སྐོར་གསུང་མཁན་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་། ད་ཆ་ཁོང་རྣམ་པའི་བདེ་འཇགས་དང་གནས་སྟངས་ཇི་ཆགས་སོགས་དང་འབྲེལ་བའི་གནས་སྟངས་སྐོར་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་རེད། དབྱངས་སྒྲོན་ལགས་ནི། དམའ་རིམ་དང་འབྲེང་རིམ་སློབ་གྲྭ་ཆ་ཚང་སློབ་ཐོན་ཟིན་རྗེས་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་སྦྱོང་གནང་མྱོང་བའི་བོད་རིགས་ཤེས་ལྡན་པ་ཞིག་ཆགས་ཡོད་སྟབས། ཁོང་གིས་སྤྱི་ཚོགས་དྲ་ལམ་ནང་བོད་ནང་གི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་བཀའ་མོལ་གནང་སྐབས་དེར་རྒྱབ་སྐྱོར་དང་དགའ་རྟགས་གནང་མཁན་མང་དག་ཅིག་བྱུང་ཡོད་པ་དང་དེ་སྔ་ཁྱིམ་སྡོད་བཀའ་རྒྱ་སྐབས་སུའང་དབྱངས་སྒྲོན་ལགས་དང་ཁོང་གི་སྐུ་ཟླ་རིན་ཆེན་བཀྲ་ཤིས་ལགས་རྣམ་གཉིས་ཀྱིས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་མ་འཛེམས་པར་ས་གནས་ཀྱི་བོད་མི་རྣམས་ལ་བཟའ་འབྲུ་སོགས་གནང་སྟེ་རོགས་སྐྱོར་མང་པོ་གནང་ཡོད། ལོ་གཅིག་ཙམ་གྱི་སྔོན་ནས་ཁོང་བཟའ་ཚོ་གཉིས་པོས་འདམ་གཞུང་རྫོང་ཐོག་ཏུ་ཉི་འོད་ཟ་ཁང་ཞེས་པ་ཞིག་གཉེར་ཡོད། ཁོང་བཟའ་ཚོ་གཉིས་ལ་བུ་ཕྲུག་གཉིས་འདུག

བླ་བྲང་བསང་ཆུ་རྫོང་ཁུལ་གྱི་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༡༥༥ སྟེང་ཕྱུགས་འཚོ་མི་ཆོག་པའི་བཙན་བཀའ་བཏང་བ།

རྒྱ་ནག་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་སྲིད་གཞུང་གིས་ཁུལ་དེའི་རྩྭ་ཐང་རྒྱ་མུའུ་ཁྲིད་ ༡༥༥ སྟེང་འབྲོག་པ་ཚོས་སེམས་ཅན་འཚོ་མི་ཆོག་པའི་བཙན་བཀའ་བཏང་འདུག ཉེ་ཆར་ཟླ་ ༡༡ ཚེས་ ༡༨ ཉིན་རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བའི་ཐོག་བསང་ཆུ་རྫོང་གི་རྫོང་དཔོན་དབྱང་ཧའེ་ཆང་ཞེས་པའི་མིང་ཐོག་ནས་བཀོད་ཁྱབ་སྤེལ་བའི་ནང་ལྗོང་ཡོངས་སུ་ཕྱུགས་འཚོ་མི་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་ ༡༥༥ ཟིན་ཡོད་པ་དང་། དེའི་ནང་བླ་བྲང་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་ ༣ དང་། མདའ་མེད་ཤང་གི་མུའུ་ཁྲི་ ༢་༨ བང་གུར་ཐང་གྲོང་རྡལ་གྱི་མུའུ་ཁྲི་ ༤་༤  མར་ཐང་གྲོང་རྡལ་གྱི་མུའུ་ཁྲི་ ༥ ཆུ་སྔོན་གྲོང་བརྡལ་གྱི་མུའུ་ཁྲི་ ༤་༦ ཐང་དཀར་ནང་གྲོང་བརྡལ་གྱི་མུའུ་ཁྲི་ ༤་༢ ཙ་ཡུས་གྲོང་བརྡལ་གྱི་མུའུ་ཁྲི་ ༦་༥ འབོ་ར་གྲོང་རྡལ་གྱི་མུའུ་ཁྲི་ ༧་༥  སྒྱིས་ཚང་གྲོང་རྡལ་གྱི་མུའུ་ཁྲི་ ༧་༥ ཨ་མཆོག་གྲོང་རྡལ་གྱི་མུའུ་ཁྲི་ ༨་༥ ཡར་རི་རྒྱུད་དོན་གཅོད་ཁང་གི་མུའུ་ཁྲི་ ༡༠ ཁོ་ཚེ་གྲོང་རྡལ་གྱི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་ ༣༧་༥ བསང་ཁོག་གྲོང་རྡལ་གྱི་མུའུ་ཁྲི་ ༡༤་༡༨ རྒན་གྱ་གྲོང་རྡལ་གྱི་མུའུ་ཁྲི་ ༣༥ བསང་ཁོག་ལུག་གསོ་ཚད་ཡོད་ཀུང་སིའི་ཕྱུགས་འཚོ་མི་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་ ༣་༣༢ བཅས་ཆགས་འདུག རྩྭ་ཐང་དེ་དག་ཐོག་ཟླ་ ༡༡ ཚེས་ ༡ ནས་བཟུང་སྟེ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ བར་ཕྱུགས་འཚོ་མི་ཆོག་པ་དང་། ཕྱུགས་འཚོ་མི་ཆོག་པའི་དུས་ཡུན་ནང་རང་དགར་ཕྱུགས་རིགས་འཚོ་མཁན་འབྱུང་ཚེ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས་པ་དང་། ཁྲིམས་འགལ་ཚབས་ཆེན་བྱས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་པ་དང་དུས་མཚུངས་གུན་སབ་གྱི་མ་དངུལ་མེད་པ་བཟོ་རྒྱུ་ཡིན་པ་འཁོད་པར་མ་ཟད། ལོ་གསུམ་གྱི་དུས་བཀག་རྗེས་སུ་ཞིང་ཆེན་དང་རྫོང་རིམ་པའི་ཆོག་མཆན་ཐོབ་པའི་བརྒྱུད་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་རྩྭ་ཐང་དེ་དག་རྩྭ་ཕྱུགས་དོ་སྙོམས་ཀྱི་དོ་དམ་ལ་བསྒྱུར་དགོས་པ་འཁོད་འདུག བཀོད་ཁྱབ་དེའི་ནང་ད་དུང་ཐེངས་འདིའི་ཐག་གཅོད་འདི་ནི་སྲིད་འཛིན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་དང་། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། དེ་བཞིན་བསང་ཆུ་རྫོང་གི་རྩྭ་ཐང་དོ་དམ་གྱི་ཁྲིམས་སྒྲིག་སོགས་ཀྱི་འོག་ནས་བཀའ་རྒྱ་འདི་ཡོངས་གྲགས་བྱེད་བཞིན་ཡོད་སྐོར་དང་འབྲེལ། གྲོང་རྡལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཁག་ནས་ཕྱུགས་འཚོ་མི་ཆོག་པའི་ལས་དོན་དེ་གནད་དགག་ཆེན་པོར་བརྩིེས་ཏེ་ལག་ལེན་དང་དྲིལ་བསྒྲགས་ནན་པོ་བྱེད་དགོས་པ་དང་། ལྟ་སྐུལ་དོ་དམ་ནུས་ལྡན་མ་བྱུང་བའི་རྐྱེན་གྱིས་ཕྱུགས་འཚོ་མི་ཆོག་པའི་ལས་དོན་དེ་རྣམ་པ་ཙམ་དུ་འགྱུར་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན་པ་འཁོད་ཡོད། རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ཏེ་ཕྱི་ལོ་ ༡༩༩༠ གོ་གྲངས་ནས་བཟུང་སྟེ་འབྲོག་པ་གཞིས་སྤོས་ཀྱི་ལས་གཞི་སྤེལ་བའི་ཁྲོད་ད་བར་བོད་ཀྱི་ས་ཁུལ་གང་ས་ནས་འབྲོག་པ་ས་ཡ་གཉིས་ཙམ་ས་གནས་གཞན་དུ་གཞིས་སྤོས་བྱས་ཟིན་པ་དང་འབྲེལ། འབྲོག་པ་དེ་དག་གི་འཚོ་བ་སྐྱེལ་རྒྱུའི་མདུན་ལམ་མེད་པར་བཟོས་ཏེ་བུ་ལོན་དང་ལས་ཀ་མེད་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པའི་གནད་དོན་དང་འབྲེལ་བའི་ད་བར་སྙན་ཐོ་ཐོན་རིམ་ནང་དུ་འཁོད་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་འབྲོག་པའི་ས་ཆ་བཙན་འཕྲོག་བྱས་པ་དེ་དག་ཐོག་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་སོགས་ཀྱི་ལས་གཞི་སྣ་མང་སྤེལ་བའི་ཁྲོད་འབྲོག་མི་ཁག་གཅིག་གིས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་མེ་མདའ་བརྒྱབ་ནས་དྲག་གནོན་བྱས་པའི་གནས་ཚུལ་ཡང་ཐོན་མྱོང་ཡོད་པ་རེད། དེའི་ཁྲོད་རྒྱ་གཞུང་གིས་བླ་བྲང་ཕྱོགས་སུ་ཕྱི་ལོ་ ༢༠༡༦ ལོ་ནས་རྩྭ་ཐང་བཙན་འཕྲོག་དང་འབྲེལ་བའི་སྲིད་བྱུས་ཁག་སྤེལ་ཏེ། ཕྱི་ལོ་ ༢༠༢༡ ལོར་བསང་ཆུ་རྫོང་རྒན་གྱའི་རྩེ་དབུས་གྲོང་ཚོའི་ནང་རྒྱ་གཞུང་གིས་རྩྭ་ས་སྲུང་སྐྱོབ་ཀྱི་ལས་གཞིའི་འོག་འབྲོག་པ་ཚོར་ཕྱུགས་ཟོག་ལ་ཚོད་འཛིན་དགོས་པའི་བཙན་དཀའ་བཏང་བར་ས་གནས་འབྲོག་པ་ཚོས་འདོད་པ་མེད་པའི་རྣམ་འགྱུར་ཆེད་བཏོན་གནང་སྐབས་བོད་མི་ལྔ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད།    

ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམ་པས་བོད་རྒྱའི་དཀའ་རྙོག་སེལ་བར་འབད་བརྩོན་གནང་དགོས་པར་གསུངས།

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་འདི་ལོའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བར་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་ཛ་དྲག་གི་ངོ་བོར་གནས་ཡོད་པ་དང་རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་འདུན་པ་གང་ཡང་ཆེད་བཏོན་གནང་མེད་པ་སོགས་གསལ་འདོན་གནང་འདུག ཁ་ཉིན་ཚེས་ ༡༦ ཉིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་རྣམ་གཉིས་དབུས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམ་པ་དང་ལས་བྱེད་བཅས་ཀྱིས་ཕྱོགས་སྒྲིག་གནང་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དང་། དེའི་ནང་སྔ་ལོར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་ཤིན་ཅང་རང་སྐྱོང་གི་ས་ཁུལ། ཧོང་ཀོང་། བོད་ཀྱི་ས་ཁུལ་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། དེ་བཞིན་འཛིན་བཟུང་དོ་དམ་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཏེ་ས་ཁུལ་དེ་དག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་བཏང་བར་ཐེར་འདོན་གནང་ཡོད་པ་རེད། བོད་ཁུལ་དུ་མཚོན་ན་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་ཁར་བོད་མིའི་ཡུལ་གོམས་གཤིས་ལུགས་དང་འགྲོ་འདུག་སྤྱོད་གསུམ་བཅས་ལ་དམ་དྲག་བྱས་དང་བྱེད་བཞིན་རྐྱེན་གྱིས་ད་བར་བོད་མི་ ༡༥༤ ཙམ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་ཆེས་ཡ་ང་བའི་གནས་སྟངས་དང་ལྷག་པར་རྒྱ་གཞུང་གིས་བོད་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་རྨ་ཆེན་རྫོང་དང་དགའ་བདེ་རྫོང་གི་བོད་པའི་སྒེར་གཉེར་དང་ཕྱེད་སྒེར་གཉེར་གྱི་སློབ་གྲྭ་ཁག་གཅིག་བཙན་གྱིས་སྒོ་རྒྱག་བཅུག་ནས་བོད་ས་ཁྱོན་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་སློབ་ཀྱི་ཡོད་པ་སོགས་མངོན་གསལ་གནང་འདུག དེ་བཞིན་སྙན་ཐོ་ནང་གཞིས་བཞུགས་རྩོམ་པ་པོ་དྷི་ལྷ་ལྡན་ལགས་དང་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཟུར་པ་རིན་ཆེན་སྐྱིད་ལགས། དེ་བཞིན་གྲྭ་བློ་བཟང་འཕྲིན་ལས་སོགས་ཀྱི་མཚོན་པའི་བོད་ཁུལ་དུ་གྲགས་ཆེ་བའི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་ཁག་གཅིག་གི་ལོ་རྒྱུས་སྙིང་བསྡུས་ཆེད་བཀོད་ཀྱིས་ཁོང་རྣམས་ལ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་པ་གསལ་འདོན་གནང་བར་མ་ཟད་བོད་ས་ཁྱོན་ཡོངས་ཀྱི་སྔོན་འགྲོའི་སློབ་གྲྭའི་སློབ་ཕྲུག་བརྒྱ་ཆ་བརྒྱད་ཅུ་ཙམ་བཙན་གྱིས་གཏན་སྡོད་སློབ་གྲྭར་བཅུག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་ཆ་རྒྱུས་མེད་པའི་བོད་མི་ཞིག་བཟོ་ཐབས་བྱེད་བཞིན་སྐོར་བཀོད་འདུག བོད་སྐོར་འཁོད་པའི་ཤོག་གྲངས་ ༡༨ ཅན་གྱི་ལོ་འཁོར་སྙན་ཐོ་ནང་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་སྟེ་ད་བར་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གཞུང་འབྲེལ་གྱི་གྲོས་མོལ་ཞིག་གནང་ཐུབ་མེད་པ་དང་གནད་དོན་དེའི་ཐད་ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འབད་བརྩོན་གནང་བཞིན་ཡོད་ཅེས་གསུངས་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ད་བར་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་ཀྱི་འདུན་པ་ཙམ་ཡང་མངོན་གསལ་བྱས་མེད་པའི་ཁར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་ཀྱིས་༸གོང་ས་མཆོག་གིས་དབུས་པའི་བོད་མིིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་སྐོར་བརྗོད་བཞིན་པ་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གིས་རྒྱ་ནག་གི་ནང་པའི་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྒྲིལ་གཞི་རྣམས་ལག་བསྟར་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་པར་ནན་བརྗོད་གནང་འདུག ཐེངས་འདིའི་སྙན་ཐོ་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་དང་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་དེ་སྔ་ཨ་རིའི་གྲོས་ཚོགས་ནང་འདོན་སྤེལ་གནང་བའི་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ནས་བོད་ནང་རང་དབང་ལྡན་པའི་རྟོག་ཞིབ་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་སོགས་ཕེབས་བཅུག་དགོས་པ། རྒྱ་ནག་གིས་ཆེད་མངགས་བཙུགས་པའི་གཏན་སྡོད་སློབ་གྲྭ་ཁག་ལ་རྟོག་ཞིབ་ཀྱིས་དམིགས་བསལ་སྙན་ཐོ་འདོན་སྤེལ་གནང་སྟེ་བོད་མིའི་ཆོས་རིག་དང་སྐད་ཡིག་བཅས་པ་སྲུང་སྐྱོབ་གཙོས་བོད་མི་ཚོར་རང་ཉིིད་ཀྱི་འདོད་མོས་ལྟར་མ་འོངས་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་གདམ་རྒྱུའི་ཐོབ་ཐང་སྤྲོད་དགོས་པར་མ་ཟད་རྒྱ་གཞུང་ལ་བོད་རྒྱའི་དཀའ་རྙོ་སེལ་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་གློད་བཀྲོལ་དགོས་པ་སོགས་སྐུལ་མ་གནང་དགོས་པའི་དགོས་འདུན་བཏོན་ཡོད། ཐེངས་འདིའི་སྙན་ཐོ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐབས་ལམ་གཅིག་པོ་དེ་ཉིད་ཕྱོགས་གཉིས་དབར་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་འབྱུང་རྒྱུ་དེ་ཡིན་པར་ནན་བརྗོད་གནང་སྟེ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་གཙོས་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ལགས་དང་ཚོགས་ཆུང་གི་ཚོགས་མི་བཅས་ཀྱིས་བོད་ཐོག་ཛ་དྲག་གི་སྙན་ཐོ་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་དེ་འབྲེལ་ཚོགས་ཆུང་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་དང་ཨ་རི་གཞུང་འཛིན་གྱི་ངོས་ནས་བོད་ཀྱི་གནད་དོན་ཐོག་གང་གསུངས་པ་ལྟར་དོན་དམ་པར་ཕྱག་ལེན་དོན་འཁྱོལ་གནང་དགོས་ཞེས་གསུངས་འདུག

Latest news