Tibetan Royal Year of 2151 | Year of the Wood Dragon

བོད།

གཞིས་ཀ་རྩེ་ནས་བོད་མི་གསུམ་འཛིན་བཟུང་།

རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོངས་ལྗོངས་ཁུལ་གྱི་གཞིས་ཀ་རྩེ་ནས་ཡིན་པའི་གཞོན་སྐྱེས་གསུམ་རྒྱ་གར་དུ་འབྲོས་རྩིས་བྱེད་ཀྱི་འདུག་ཟེར་བའི་ཉེས་མིང་འོག་ས་གནས་རྒྱ་ནག་གཞུང་གི་དམག་མིས་འཛིན་བཟུང་བྱས་ཏེ་ད་ཆ་ཉིན་གྲངས་ ༡༥ ལྷག་འགྲོ་བཞིན་འདུགའདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་གཞིས་ཀ་རྩེ་ནས་ཡིན་པའི་བོད་པའི་གཞོན་སྐྱེས་གསུམ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་དང་ས་ཐག་ཉེ་བའི་མི་ལའི་སྲས་མཁར་མཇལ་དུ་སོང་ཡོད་པ་དང་། སྐབས་དེར་ལམ་བར་དུ་སེང་གེ་ཁ་འབབ་དམག་མིས་འཛིན་བཟུང་བྱས་ཏེ་ཁོང་རྣམས་རྒྱ་གར་ལ་འབྲོས་རྩིས་བྱེད་ཀྱི་འདུག་ཟེར་བའི་ཉེས་མིང་འོག་ད་ལྟའི་ཆར་གཞིས་ཀ་རྩེའི་རྒྱལ་མཚམས་དོ་དམ་སྲུང་སྐྱོབ་ལས་ཁུངས་ཟེར་བ་ཞིག་ཏུ་བཀག་ཉར་བྱེད་བཞིན་ཡོད་པ་གསུངས་སོང་། མ་ཟད་ད་ལྟའི་ཆར་ཁོང་རྣམ་པ་འཛིན་བཟུང་བཀག་ཉར་བྱས་ནས་ཉིན་གྲངས་ ༡༥ ལྷག་འགྲོ་བཞིན་ཡོད་ཀྱང་། ཁོང་རྣམ་པའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག གཞི་རྩིའི་རྒྱ་གར་ལ་འབྲོས་རྩིས་བྱེད་ཀྱི་འདུག་ཟེར་བའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་མི་གསུམ་པོ་ནི་ལོ་ན་ ༤༠ ཡས་མེད་ཙམ་ཡིན་པ་དང་། ཁོང་གསུམ་པོ་ནི་དགྲ་འདུལ་ལགས་དང་བསོད་ནམས་རྒྱ་མཚོ་ལགས། དེ་བཞིན་མགོན་སྐྱབས་ལགས་བཅས་ཡིན་འདུག པར་དབང་བོད་ཀྱི་དུས་བབ།

བོད་མི་ཞིག་གིས་རྒྱ་ནག་གི་ཁྱིམ་སྡོད་བཀའ་རྒྱ་མ་བཟོད་པར་ངོ་རྒོལ་གྱིས་རང་སྲོག་བློས་བཏང་གནང་འདུག

རྒྱ་ནག་གཞུང་ནས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལག་བསྟར་གྱིས་ས་གནས་མི་མང་སྟོང་ཕྲག་མང་པོ་ཁྱིམ་སྡོད་བཀའ་རྒྱའི་དམ་དྲག་འོག་གནས་དགོས་བྱུང་ཡོད་པ་དང་འབྲེལ། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་མདོ་ཆུ་དམར་ལེབ་རྫོང་ནས་ཡིན་པའི་བོད་མི་ཞིག་ཁྱིམ་སྡོད་བཀའ་རྒྱའི་དམ་དྲག་ལ་མ་བཟོད་པར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་གནང་འདུག འདི་ག་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་རང་ལོ་ ༥༠ ཡིན་པའི་མཚན་ལ་སྐར་རྣམ་ཞེས་པ་ཞིག་གིས། རྒྱ་ནག་གཞུང་གིས་ས་གནས་སུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཏེ་ནང་མི་ཚོར་བཟའ་ཆས་མ་རག་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས། ས་གནས་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ཚོར་དཀའ་ངལ་དེ་དག་ལེན་མང་ཞུ་སྐུལ་གནང་ཡོད་ཀྱང་ཡ་ལན་གང་ཡང་མ་བྱས་པར་བརྟེན། ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་གྱི་མཚན་མོར་ཁོང་འུ་ཐུག་ཐབས་ཟད་ཀྱིས་ཆུ་དམར་ལེབ་རྫོང་རྩེད་ཐང་གི་གློག་སྒྲོན་ངོས་སུ་སྐེ་བཏགས་ཏེ་རང་སྲོག་བཅད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཞོགས་པ་ས་གནས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་དམ་པ་ཁོང་གི་ཕུང་པོ་བཙན་འཁྱེར་བྱས་ནས་ནང་མི་ཚོར་སྤྲད་མེད་པ་མ་ཟད། ནང་མིས་གཙོས་པའི་ཁྱིམ་མཚེས་རྣམས་ནས་གནས་ཚུལ་དེའི་སྐོར་གཞན་ལ་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག གཞི་རྩའི་སྐར་རྣམ་ལགས་ནི་ཆུ་དམར་ལེབ་རྫོང་རྫ་སྐྱ་སྡེ་བ་ནས་ཡིན་པ་དང་། ཁོང་གི་བཟའ་ཟླ་ནི་ད་ཆ་རང་ལོ་ ༤༠ ཙམ་དང་། ཁོང་གཉིས་ལ་རང་ལོ་ ༢༠ ཙམ་ཡིན་པའི་བུ་ཕྲུག་གཉིས་དང་། ལོ་ན་༨༠ ལྷག་ཡིན་པའི་ཨ་ཕ་ཞིག་ཡོད་འདུག པར་དབང་བོད་ཀྱི་དུས་བབ།

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་ཨ་རྒྱལ་ཚེ་རིང་ལགས་དགོངས་པ་རྫོགས་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༠ ལོར་མཚོ་སྔོན་ཞིང་ཆེན་སྐྱེ་དགུ་མདོ་ནས་ཐོག་མར་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་ཨ་རྒྱལ་ཚེ་རིང་ལགས་ཟླ་བ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨།༡༥ སྟེང་དགུང་ལོ་ ༧༡ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགབོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༣ ཚེས་ ༨ ཉིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཆབ་སྲིད་བཙོན་ཟུར་དམ་པ་ཁོང་མཚོ་སྔོན་ཞིང་ཆེན་སྐྱེ་དགུ་མདོ་ནས་ཐོག་མར་འཛིན་བཟུང་བྱས་ཡོད་པ་དང་། དེའི་རྗེས་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་འཕྲིན་ཕྱོགས་སྒྲིག་གི་དཔེ་དེབ་དང་། བོད་རང་བཙན་སྐོར་གྱི་འགྲེམས་ཤོག་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་ཟླ་བ་ ༡༨ རིང་བཙོན་འཇུག་གིས་སྡུག་སྦྱོང་མནར་ཚད་མེད་མྱངས་དགོས་བྱུང་ཡོད། ཕྱི་ལོ་ ༡༩༩༩ ཟླ་ ༡༠ ཚེས་ ༢༤ ཉིན་སླར་ཡང་དམ་པ་ཁོང་དང་། དགེ་འདུན་པ་དགེ་བཤེས་བསོན་ནམ་ཕུན་ཚོགས་ལགས་དང་བསོད་ནམས་ཆོས་འཕེལ་ལགས་བཅས་འཛིན་བཟུང་བཙོན་འཇུག་བྱེད་ཡོད་པར་བརྟེན། ལོ་དེའི་ཟླ་ ༡༠ ཚེས་ ༣༡ ཉིན་མི་མང་ ༣༠༠༠ ལྷག་དཀར་མཛེས་རྫོང་དུ་འདུ་འཛོམས་ཀྱིས་ཁོང་གསུམ་གློད་བཀྲོལ་དགོས་པའི་ཞི་བའི་ངོ་རྒོལ་ཤུགས་ཆེར་གནང་ཡོད་པ་དང་འབྲེལ། རྒྱ་གཞུང་གིས་ངོ་རྒོལ་ལས་འགུལ་དེ་མཚམས་འཇོག་བྱེད་ཐབས་སུ་ཉེན་རྟོག་པས་མང་ཚོགས་ཁྲོད་མེ་མདའ་བརྒྱབ་ཏེ། བོད་མི་ ༨༠ ཙམ་འཛིན་བཟུང་བྱས་ཤིང་སྐབས་དེར་དམ་པ་ཁོང་ལ་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་རེད།རྩ་བའི་དམ་པ་ཁོང་གི་ཕྱག་རོགས་ནག་ཚང་ནུ་ལུ་ཡི་མི་ཚེའི་ལོ་རྒྱུས་ནང་གསལ་ལྟར་དམ་པ་ཁོང་གིས་ཆུ་དམར་ལེབ་རྫོང་ཐོག་ཏུ་རིས་མེད་ཐུབ་བསྟན་ཆོས་འཁོར་དར་རྒྱས་གླིང་ཞེས་མ་ཎི་དུང་འཁོར་སོགས་བཞེངས་བསྐྲུན་ཆེད་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་འགན་ཁུར་གཙོ་བོ་སོགས་བཞེས་གནང་འདུག གཞི་རྩའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དམ་པ་ཨ་རྒྱལ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༥༢ ལོར་བོད་ཁམས་དཀར་མཛེས་རྫོང་རོང་པ་ཚ་ཇོ་རི་གྲོང་ཚོའི་ནང་འཁྲུངས་ཤིང་། ཏྲེ་ཧོར་དར་རྒྱས་དགོན་དུ་ཆོས་བཞུགས་གནང་། ཁོང་ལ་གྲྭ་ཨ་རྒྱལ་ཚེ་རིང་ངམ་ཡོངས་གྲངས་སུ་ཨ་ཕོ་ཨ་རྒྱལ། གཞན་ཡང་བླ་མ་བློ་བཟང་ངམ་བློ་བཟང་བསྟན་འཛིན་བཅས་མཚན་འབོད་གནང་གི་ཡོད་པ་རེད་འདུག

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཁོང་གློད་བཀྲོལ་ཡོངས་ཐབས་སུ་སླར་ཡང་ཞི་བའི་ངོ་རྒོལ་གནང་འདུག

རྒྱ་ནག་གིས་ཚེ་བཙོན་ཁྲིམས་ཆད་འོག་གནས་མུས་ཡིན་པའི་གཞིས་བཞུགས་ཚོང་པ་དང་། གཞན་ཕན་གྱི་བསམ་བློ་ཅན་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གཅེན་མོ་མགོན་སྐྱིད་ལགས་ནས་ཁོང་གློད་བཀྲོལ་ཡོང་ཐབས་སུ་ལྷ་སའི་མི་མང་ཁྲིམས་ཁང་གི་མདུན་དུ་སླར་ཡང་ཞི་བའི་ངོ་རྒོལ་གནང་འདུགཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་དུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་མི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་གསུམ་གཅིག་བཞི་ཟེར་བའི་དོན་རྐྱེན་འོག་ཁོང་གི་གཅུང་པོར་ཐོག་མར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་མི་མང་ཁྲིམས་ཁང་ནས་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེ་དྲང་བདེན་གྱི་ཁྲིམས་གཅོད་ཅིག་བྱུང་མེད་པར་སྐྱོན་བརྗོད་ཀྱིས་སླར་ཡང་ལྷ་སའི་མི་མང་ཁྲིམས་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་གནང་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་རག་གསོན་བྱུང་བར་གཞིགས་ན། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཁྲིམས་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་སྐར་མ་ ༡༥ ལྷག་ཙམ་གནང་ཡོད་པ་དང་དེའི་རྗེས་ཉེན་རྟོག་པ་ཁག་ཅིག་གིས་ངོ་རྒོལ་དེ་མཚམས་འཇོག་བྱས་འདུག །མགོན་སྐྱིད་ལགས་ཀྱིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་རྒྱ་ཡིག་ཐོག་བྲིས་པའི་འཕྲད་དར་ཞིག་བསྣམས་ཏེ། དེའི་ནང་ཁོང་གི་གཅུང་པོ་ཉེས་མེད་ཡིན་པ་འཁོད་འདུག་པ་མ་ཟད། ཞི་རྒོལ་གྱི་བརྙན་པར་འགའ་ཕྱིར་གྱར་བྱུང་ཡོད་པར་བརྙན་པར་ལེན་མཁན་ཁག་གཅིག་གིས་བོད་སྐད་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ཁོང་ལ་དྲང་བདེན་གྱི་ཁྲིམས་གཅོད་དགོས་པ་གསུངས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་འཁོད་འདུག སྤྱིར་འདི་ལོའི་ཕྱི་ཟླ་ ༨ པའི་ནང་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེར་བྱུང་རྗེས་ཟླ་བ་གསུམ་ལྷག་སྒོ་རྒྱ་བསྡམས་ཏེ་བོད་མི་རྣམས་ལ་དཀའ་ངལ་ཧ་ཅང་འཕྲད་ཡོད་པ་དང་། ད་ཆ་ཏོག་དབྱིབས་གཉན་རིམས་གཙང་སེལ་གྱི་སྲིད་བྱུས་ཅུང་གུ་ཡངས་སུ་ཕྱིན་ཡོད་སྟབས། གོ་སྐབས་འདི་དང་བསྟུན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་སླར་ཡང་ལྷ་ས་མི་མང་ཁྲིམས་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཞིག་ཆགས་ཀྱི་འདུགརྩ་བའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ལྷ་སའི་མི་མང་ཁྲིམས་ཁང་གི་མདུན་དུ་དེ་འབྲེལ་ཞི་བའི་ལས་འགུལ་སྤེལ་བ་མ་ཟད། སྐབས་དེར་བརྙན་པར་བརྒྱུད་ཁོང་གི་གཅུང་པོར་བུ་ལོན་གཡོ་ལེན་བྱས་པའི་ཉེས་འཛུགས་བྱས་པ་དེ་དང་འབྲེལ་ནས་དངུལ་ཁང་ལ་ཕར་བུ་ལོན་སྤྲོད་འཇལ་ཟིན་སྐོར་གསལ་བཤད་དང་འབྲེལ། གཅུང་པོར་ཁྲིམས་ཐོག་ནས་དྲང་བདེན་གྱི་ཐག་གཅོད་མ་བྱུང་བར་དུ་ངོ་རྒོལ་གནང་རྒྱུ་ཡིན་པ་གསུངས་ཡོད་སྟབས་མི་མང་བདེ་འཇགས་ལས་ཁུངས་དང་ས་གནས་ཉེན་རྟོག་འགོ་དཔོན་གྱིས་དེ་ལྟར་བྱས་ཚེ་འཛིན་བཟུང་བྱེད་སྲིད་པའི་ཉེན་བརྡའང་བཏང་ཡོད་པ་སོགས་གསལ་བཤད་གནང་ཡོད། དེ་བཞིན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཁོང་གི་གཅུང་པོར་ཚེ་བཙོན་གྱི་ཁྲིམས་ཆད་དེ་དྲང་བདེན་ཞིག་བྱུང་མེད་པར་ཁུངས་སྐྱེལ་ར་སྤྲོད་གནང་སྟེ་གཞུང་འབྲེལ་གྱི་འབྲེལ་ཡོད་ཚན་པ་ཁག་ལ་ལོ་མང་རིང་ཞུ་གཏུག་ཡང་ཡང་གནང་སྟེ། དོན་སྙིང་ལྡན་པའི་མཇུག་འབྲས་སོན་མེད་པ་དང་འབྲེལ། རྡོ་རྗེ་བཀྲ་ཤིས་ལགས་སུ་བུ་ལོན་གཡོ་ལེན་བྱས་པའི་སྐྱོན་འཛུགས་དང་དེ་འབྲེལ་ཉེས་ཆད་བཏང་བ་དེ་ཁྲིམས་མཐུན་མིན་པ་སོགས་བཀོད་དེ་རྒྱ་གཞུང་ལ་ཡོངས་ཁྱབ་ཀྱི་ཞུ་ཡིག་ཕུལ་ཡོད།བོད་རིགས་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ལགས་ནི་ད་ལྟའི་ཆར་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲྭ་བཞི་བཙོན་ཁང་ནང་ཡོད་པ་དང་། ཁོང་གི་ཚེ་བཙོན་ཁྲིམས་ཆད་ཀྱི་གནད་དོན་དང་འབྲེལ། ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱིས་གནད་དོན་དེར་བླ་འཚབ་མངོན་གསལ་གནང་ཡོད་པ་མ་ཟད། འདི་ལོའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ ཐོག་ཡོ་རོབ་མཐུན་ཚོགས་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་གཙོས་པའི་ཆབ་སྲིད་བཙོན་པ་གཞན་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་དང་། ཨ་རིའི་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་རྡོ་རྗེ་བཀྲ་ཤིས་ལགས་བཀག་སྐྱིལ་ཁང་དུ་མྱོང་བཞིན་ཡོད་པའི་གནད་དོན་མངོན་གསལ་གནང་ཡོད་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཁོང་གློད་བཀྲོལ་ཡོངས་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག མགོན་སྐྱིད་པར་དབང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་ལྷན་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་འདུག

ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་འགོ་འཛུགས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་དུས་སྐབས་དང་བསྟུན་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ Penny Wong མཆོག་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། ཁ་སང་ཁོང་གིས་རྒྱ་ནག་གྱི་ཕྱི་སྲིད་བློན་ཆེན་ Wang Yi གཙོས་པའི་གཞུང་འབྲེལ་གནས་ཡོད་མི་སྣ་ཁག་དང་ཐུག་འཕྲད་གནང་སྐབས་བོད་དང་ཤིང་ཅང་། དེ་བཞིན་ཧོང་ཀོང་བཅས་ཀྱི་གནས་སྟངས་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུགཁ་སང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་ཐུག་འཕྲད་དང་གྲོས་བསྡུར་གྱི་ལས་རིམ་ཁག་གྲུབ་སྟེ་གསར་འགོད་ལྷན་ཚོགས་སྐབས་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ Penny Wong མཆོག་གིས། ཐེངས་འདིའི་འཚམས་གཟིགས་ནི་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་བར་འབྲེལ་བ་བསྐྱར་གསོ་གནང་རྒྱུར་དམིགས་པ་ཞིག་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་མ་ཚོང་དང་དཔལ་འབྱོར། བདེ་འཇགས་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཐད་ལ་གྲོས་བསྡུར་ཡག་པོ་བྱུང་སོང་ཞེས་གསུངས་འདུག སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་བྱུང་ཡོད་མེད་བཀའ་འདྲི་ཞུ་སྐབས། ཕྱི་སྲིད་བློན་མཆོག་ནས་ཨོ་སི་ཊོ་ལི་ཡའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་འགྲོ་བ་མིའི་ཡོངས་ཁྱབ་ཀྱི་རང་དབང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་པ་ལྟར། ཐེངས་འདིའི་འཚམས་གཟིགས་ཁྲོད་རྒྱ་ནག་གི་འགོ་ཁྲིད་དང་ཐུག་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཤིང་ཅང་དང་བོད། དེ་བཞིན་ཧོང་ཀོང་བཅས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུགའོན་ཀྱང་སྐབས་དེར་བློན་ཆེན་མཆོག་ནས་གནད་དོན་བྱེ་བྲག་གང་དང་གང་གི་ཐོག་ལ་གླེང་སློང་གནང་ཡོད་མེད་ཞིབ་ཕྲ་གང་ཡང་གསུངས་མི་འདུག །ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡ་བོད་དོན་ལྷན་ཁང་གིས་ Twitter དྲ་ལམ་ཐོག་ཕྱི་སྲིད་བློན་ཆེན་ Penny Wong མཆོག་ནས་ཨོ་སི་ཊོ་ལི་ཡ་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཐོག་བཞེངས་ཕྱོགས་མངོན་གནས་དང་སྦྲགས། བོད་ཅེས་པའི་མིང་ཙམ་ཞིག་གསུངས་འདུག་པ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཡང་། འདི་ནི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རིན་ཐང་དང་བརྩི་བཀུར་ཞུ་མཁན་ཨོ་སི་ཊོ་ལི་ཡའི་མི་མང་ལ་ཡིད་ཆེས་འཕེར་བའི་འགན་ལེན་བཞེས་སྟངས་ཤིག་མ་རེད་ཅེས་གསུངས་འདུག གཞི་རྩའི་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་ Penny Wong མཆོག་ད་རེས་རྒྱ་ནག་ཕེབས་པ་འདི་ནི་ལོ་ངོ་གསུམ་གྱི་རྗེས་སུ་ཨོ་སི་ཀྲོ་ལི་ཡའི་བློན་ཆེན་ཞིག་རྒྱ་ནག་ནང་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཐུག་འཕྲད་བརྒྱུད་རྒྱལ་ཁབ་གཉིས་ཀྱི་དབར་འཕྲད་བཞིན་པའི་ཚོང་དང་དཔལ་འབྱོར་གྱི་དཀའ་ངལ་ཁག་སེལ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་འདུག

བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གསར་པར་རྒྱ་རིགས་བསྐོ་བཞག་བྱས་པ་ནི་བོད་རྒྱ་སྡེར་འགྱུར་རྒྱུའི་ལས་གཞི་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་མངོན་གསལ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། དེ་བཞིན་ཆབ་མདོ་བཅས་བོད་རང་སྐྱོང་ལྗོངས་ཟེར་བའི་གྲོང་ཁྱེར་ཆེ་ཁག་གསུམ་གྱི་ནང་དུ་གྲོང་ཁྱེར་སྤྱི་ཁྱབ་གསར་པ་གསུམ་བསྐོ་བཞག་བྱས་པའི་ཁོངས་ནས་ལྷ་ས་དང་གཞིས་ཀ་རྩེ་གཉིས་ཀྱི་སྤྱི་ཁྱབ་གསར་པར་རྒྱ་རིགས་བསྐོ་བཞག་བྱས་ཡོད་པ་དང་འབྲེལ། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས། གནད་དོན་དེ་ནི་བོད་རྒྱ་སྡེར་འགྱུར་རྒྱུའི་སྲིད་བྱུས་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་མངོན་གསལ་བྱེད་ཀྱི་ཡོད་སྐོར་གསུངས་འདུགཁ་ས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྔ་ལོའི་ལྷ་ས་གྲོང་ཁྱེར་གྱི་སྐབས་ ༡༢ པའི་དམངས་འཐུས་ཚོགས་ཆེན་དང་པོའི་ཐོག་ཕྱི་ལོ་ ༢༠༡༦ ནས་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་པའི་བོད་རིགས་གོ་གོ་ཟེར་བ་དེ་མུ་མཐུད་བསྐོ་བཞག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་།  ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ལྷ་ས་གྲོང་ཁྱེར་གྱི་སྐབས་ ༡༣ པའི་དམངས་འཐུས་ཚོགས་ཆེན་ཐེངས་གསུམ་པའི་ཐོག་རྒྱ་རིགས་ Wang Qiang ཟེར་བ་ཞིག་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་པ་དང་།  ད་ལྟའི་ཆར་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གཙོས་པའི་སྤྱི་ཁྱབ་གཞོན་པ་ ༡༤ ཁོངས་ནས་མི་ ༡༡ རྒྱ་རིགས་ཡིན་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་སྲིད་གཞུང་ནང་དུ་རྒྱ་རིགས་བརྒྱ་ཆ་ ༧༩ དང་བཅས་ལྷ་ས་གྲོང་ཁྱེར་སྟངས་འཛིན་གྱི་ལས་དོན་ཡོངས་རྫོགས་རྒྱ་རིགས་ཀྱི་ལག་ཏུ་བཟུང་ཡོད་པ་གསུངས་འདུག མ་ཟད་ཚེས་ ༡༣ ཉིན་གཞིས་ཀ་རྩེ་ནང་དུའང་རྒྱ་རིགས་ Zhou Feng ཟེར་བ་ཞིག་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་ཡོད་པ་ལྟར། གཞིས་ཀ་རྩེ་དང་ཆབ་མདོའི་ནང་དུའང་ད་ཆ་བོད་རིགས་འགོ་ཁྲིད་རྒྱ་ཆ་ ༣༠ ལས་མེད་པ་དང་འབྲེལ། གྲོང་ཁྱེར་དེ་དག་ཀྱང་རྒྱ་རིགས་ཀྱིས་སྟངས་འཛིན་བྱེད་བཞིན་པ་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ནང་དུ། གྲོང་ཁྱེར་སྤྱི་ཁྱབ་རྣམས་ས་གནས་གྲོས་ཚོགས་ཀྱིས་བསྐོ་བཞག་བྱེད་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། བོད་ཀྱི་ས་ཁུལ་ནང་དུ་གྲོང་ཁྱེར་སྤྱི་ཁྱབ་རྣམས་ཐད་ཀར་རྒྱ་ནག་དམར་ཤོག་ཚོགས་པས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་མངོན་གསལ་གནང་བ་མ་ཟད། རྒྱ་ནག་གི་གྲང་ཉུངས་མི་རིགས་ཀྱི་ས་གནས་རང་སྐྱོང་ཁྲིམས་སྒྲིག་ནང་དུ། རང་སྐྱོང་ལྗོངས་དང་ཁུལ། དེ་བཞིན་རྫོང་རིམ་པའི་འགོ་ཁྲིད་རྣམས་གྲངས་ཉུང་མི་རིགས་ཁོངས་ནས་ཡིན་དགོས་པ་འཁོད་ཡོད་ཀྱང་། བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུ་ཆ་མཚོན་ན་ཕྱི་ལོ་ ༡༩༨༠ ནས་བཟུང་ལྷ་སའི་སྤྱི་ཁྱབ་ཏུ་བོད་རིགས་བསྐོ་བཞག་བྱེད་མུས་ཡིན་ཀྱང་། ཞི་ཅིན་ཕིང་གིས་གཞུང་འཛིན་འོག་འགྱུར་བ་མང་དག་ཅིག་ཐེབས་བཞིན་ཡོད་པ་གསུངས་འདུག བོད་ཀྱི་རྒྱལ་ས་ལྷ་སའི་མང་ཚོགས་ཁག་གཅིག་གིས་འགྲེལ་བརྗོད་ལ་གཞིགས་ན། དེ་སྔོན་སྤྱི་ཁྱབ་གོ་གོ་ཟེར་བ་དེ་ད་ལྟའི་ཆར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐད་ཞིབ་འཇུག་འོག་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ཁོ་པར་དགའ་མོས་དེ་ཙམ་བྱེད་ཀྱི་མེད་ཀྱང་། ད་ཆ་ཁོ་པའི་ཚབ་ཏུ་རྒྱ་རིགས་ཤིག་བསྐོ་བཞག་བྱས་པར་དེ་བས་ཀྱང་དགའ་མོས་བྱེད་ཀྱི་མེད་པ་རེད་འདུག

བོད་རིགས་བོུ་ལྔ་པོའི་གནས་སྟངས་ཁ་གསལ་བཟོ་དགོས་པ་གསུངས་འདུག

རྒྱ་ནག་གི་ཤོག་བུ་དཀར་པོའི་ལས་འགུལ་ཁྲོད་འཛིན་བཟུང་བྱས་པའི་བོད་རིགས་བེུད་ལྔའི་གནས་སྟངས་ཇི་ཆགས་ཁ་གསལ་མེད་པར་སེམས་འཚབ་གནང་བཞིན་འདུགདེའང་ཟླ་བ་འདིའི་མགོ་སྟོད་དུ་རྒྱ་གཞུང་གིས་བོད་དར་མདོ་རྫོང་ཁོངས་དང་ལྷ་ས་ནས་ཡིན་པའི་བོད་རིགས་བེུད་ལྔ་ཏོག་དབྱིབས་བཀག་སྡོམ་གྱི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ནས་ད་ཆ་བདུན་ཕྲག་གཉིས་ལྷག་འགྲོ་བཞིན་པའི་མཚམས་སུ་དེ་རིང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་རིགས་བེུད་ལྔ་པོ་དེ་དག་གི་གནས་ཚུལ་གསལ་བཏོན་གྱིས་ཁོང་རྣམས་ཀྱི་གནས་སྟངས་ཇི་ཆགས་ཁ་གསལ་བཟོ་དགོས་པའི་རེ་འདུན་བཏོན་བཞིན་ཡོད་པར་དེའི་ཁོངས་སུ་ཡོ་རོབ་རྒྱལ་ཁབ་ Spain ནང་དུ་གནས་བཞུགས་རྒྱ་ནག་ཉམས་ཞིབ་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་རང་ཉིད་ཀྱི་དྲྭ་ཚིགས་ཐོག་རྒྱ་ཡིག་ནང་དེ་འབྲེལ་དཔྱད་རྩོམ་ཞིག་སྤེལ་འདུག ཁོང་གིས་དཔྱད་རྩོམ་ནང་གཙོ་བོ་བོད་རིགས་བེུད་ལྔ་པོ་དེ་དག་འཆི་གསོན་གང་ཡིན་གྱི་གནས་སྟངས་ཇི་ཆགས་ཁ་གསལ་མེད་པར་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་དང་བཅས། རྒྱ་གཞུང་ནས་ཐེངས་འདིའི་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་དང་འབྲེལ། སློབ་ཕྲུག་གཙོ་བོར་གྱུར་པའི་མང་ཚོགས་སྟོང་ཕྲག་དུ་མ་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་མཚམས་འདིར་རྒྱ་གཞུང་ངོས་ནས་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཐོག་ལ་དྲག་གནོན་ཤུགས་ཆེར་བྱེད་ཀྱི་ཡོད་ནའང་རྒྱ་རིགས་མང་ཚོགས་དང་མི་རིགས་གཞན་གྱི་ཐོག་ལ་དྲག་སྤྱོད་བྱེད་སྟངས་ཁྱད་པར་ཆེན་པོ་ཡོད་པ་བོད་མི་རྣམས་ཀྱིས་ཤེས་བཞིན་པ་མ་ཟད། བོད་གཙོས་ཤིན་ཅང་དང་ནང་སོག་མི་རིགས་རྣམས་ཀྱི་ཐོག་ལ་དྲག་གནོན་དང་བཙོན་འཇུག་ཁྲམས་ཆད་ཉིས་ལྡབ་བསྐྱེལ་ཀྱི་ཡོད་པ་འགྲེལ་བརྗོད་གནང་སྟེ། ཐེངས་འདིའི་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་ལ་ཁག་དཀྲིས་ཏེ་འཛིན་བཟུང་བྱས་པའི་བོད་རིགས་བེུད་ལྔའི་གནས་སྟངས་ཆེས་ཛ་དྲག་གི་རང་བཞིན་དུ་གྱུར་ཡོད་སྟབས། ང་ཚོས་རྒྱ་གཞུང་ལ་བེུད་ལྔ་པོ་དེ་དག་གི་ཇི་ཆགས་གནས་སྟངས་གསར་ཤོས་ཁ་གསལ་བཟོ་དགོས་པ་དང་། དུས་མཚུངས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལའང་བོད་རིགས་བེུད་རྣམས་ཉེན་ཁ་ལས་བསྐྱབ་དགོས་པའི་དགོས་འདུན་བཏོན་དགོས་ཞེས་ནན་སྐུལ་གནང་འདུག ཁོང་གིས་ད་དུང་དེ་སྔ་ཕྱི་ལོ་ ༡༩༤༩ ལོར་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འགོ་བཙུགས་པ་ནས་བཟུང་། བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་ཀྱང་རྒྱ་གཞུང་གིས་ད་བར་བོད་མིར་བཟང་ཕྱོགས་ཀྱི་ཡ་ལན་བྱ་རྒྱུ་ལས་ལྡོག་སྟེ་བཙན་གནོན་དང་མནར་གཅོད་ཧ་ཅང་བྱེད་ཡོད་སྟབས། ད་ཆ་རྒྱ་གཞུང་ངོས་ནས་ངེས་པར་དུ་བོད་མིའི་དཀའ་སྡུག་ལ་བཟང་ཕྱོགས་ཀྱི་ཡ་ལན་གནང་དགོས་པ་དང་ཆབས་ཅིག བོད་མི་ངོ་རྒོལ་བ་རྣམས་ཉེན་ཁ་ལས་སྐྱོབ་ཐབས་དང་། དེར་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རྒྱ་གཞུང་གི་རིམས་ནད་བཀག་སྡོམ་འོག་ལོ་ན་གཉིས་ལ་སོན་པའི་བྱིས་པའི་ཚེ་སྲོག་ཤོར་བ།

རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་བྱུས་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་རྣམ་འགྱུར་བསྟན་ཡང་ཉེ་ལམ་ཡུལ་ཤུལ་ནང་ཆེན་ནས་ཡིན་པ་དང་རང་ལོ་ ༥༨ ཡས་མས་ཡིན་པའི་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་མི་རྣམས་རིམས་ནད་མེད་བཞིན་དུ་ཟུར་བཀག་དུ་བཞག་ནས་མཐར་རང་ཉིད་ཀྱི་ཚ་བོ་ལོ་ན་གཉིས་ལ་སོན་པ་ཞིག་རིམས་ནད་ཕོག་སྟེ་ཛ་དྲག་གི་གནས་སྟངས་འོག་འདས་གྲོངས་སུ་གྱུར་འདུགབཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་ཟླ་སྔོན་མའི་ཚེས་ ༣༠ ཉིན་གྱི་མཚན་མོར་ཡུལ་ཤུལ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ལས་ཁུངས་ཀྱིས་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་མི་ཚང་མར་རིམས་ནད་བརྟག་དཔྱད་བྱས་ནས་ནད་རྟགས་གང་ཡང་མེད་ཀྱང་རིམས་ནད་ཕོག་ཡོད་ཚུལ་གྱི་བརྡ་འབྱོར་ཏེ་ཟུར་བཀག་ཏུ་བཙན་ཁྲིད་བྱས་འདུག་པ་དང་། ཉིན་འགའི་རྗེས་སུ་ལོ་ན་གཉིས་ལ་སོན་པའི་ནང་ཆེན་བཀྲ་ཤིས་ལགས་ཀྱི་ཚ་བོ་ལ་རིམས་ནད་ཕོག་ནས་ཁ་ལུད་ཡང་ཡང་བསགས་ཏེ་དབུགས་གཏོང་དཀའ་བའི་གནས་སྟངས་བྱུང་ཡོད་པར་བརྟེན་སྨན་པར་བསྟེན་ཐབས་བྱས་ཀྱང་། རིམས་ནད་ལ་ཁ་གཡར་ནས་ཕྱིར་མ་བཏང་བ་མ་ཟད། སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མ་སྦྱར་བར་ཉིན་འགར་ལྷག་ནས་མཐར་ཕྲུ་གུའི་ཚེ་སྲོག་ཤོར་ཡོད་པ་བཀོད་དེ་ནང་ཆེན་བཀྲིས་ལགས་ཀྱི་ཚ་བོ་འདས་གྲོངས་སུ་གྱུར་བའི་འགན་ཡོད་ཚད་ཡུལ་ཤུལ་སྲིད་གཞུང་ལ་ཡོད་པ་དང་། རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་ལ་བརྩེས་ཏེ་ཡུལ་ཤུལ་སྲིད་གཞུང་གི་རུལ་སུངས་ཅན་གྱི་འབྲེལ་ཡོད་དཔོན་རིགས་ཚོར་ཐག་གཅོད་ནན་པོ་བྱ་དགོས་པར་མ་ཟད་ནང་ཆེན་བཀྲ་ཤིས་ལགས་སུ་ཚུལ་བཞིན་གུད་གསབ་སྤྲད་དགོས་ཞེས་འབོད་སྐུལ་ཞུས་འདུག ལྟེ་གནས་ཁང་གིས་ད་དུང་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་ཟུར་བཀག་ཁང་མིག་ ༡༣༡ ནས་ ༡༧༦ བར་ཞེས་པའི་སྐད་འཕྲིན་ཚོགས་པར་ནང་ཆེན་བཀྲ་ཤིས་ལགས་ཀྱིས་ཕྱི་ཚེས་ ༣༠ ཉིན་རང་གི་ཁྱིམ་མི་གང་པོ་ན་ཚ་མེད་བཞིན་དུ་ཟུར་བཀག་ཁང་དུ་ཁྲིད་སོང་། ཟུར་བཀག་ཁང་དུ་ངའི་བུ་མོའི་ཕྲུ་གུ་ལོ་ན་གཉིས་ལ་སོན་པ་ཞིག་ལ་རིམས་ནད་ཕོག་སྟེ་ཛ་དྲག་གི་གནས་སུ་གྱུར་སྐབས་ཁ་པར་བཏང་ནས་སྨན་པར་བསྟེན་པར་ཁྲིད་རོགས་ཞེས་རེ་བ་ཞུས་ཀྱང་འགོ་ཁྲིད་ཚོས་ཁྲིད་རོགས་མ་བྱས་པར་ཕྲུ་གུ་ཤི་ཤོར་སོང་ཞེས་དང་། ཁྱིམ་དུ་ནད་མེད་ནའང་སྨན་ཁང་དུ་ཁྲིད་རྗེས་རིམས་ནད་ཕོག་གི་འདུག བྱིས་པ་དང་རྒན་རྒོན་ཚོས་དམིགས་བསལ་གཟབ་གཟབ་དགོས་ས་རེད། ང་ནང་ཆེན་བཀྲ་ཤིས་ཀྱིས་མས་ཚོགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་ཕར་བཤད་དུས་ཆབ་སྲིད་པ་དེ་ཚོས་ང་རྐུན་མ་རེད། ཁྲམ་པ་རེད་ཅེས་ཚུར་བཤད་ཀྱི་ཡོད་པ་རེད། དམངས་ཚོགས་ལ་དེ་འདྲ་དཀའ་ངལ་འཕྲད་ཡོང་དུས་ཅུང་ཙམ་བཤད་དགོས་ཐུག་སོང་ཞེས་པའི་སྒྲ་སྒམ་ནང་དུ་ནང་ཆེན་བཀྲིས་ལགས་ཀྱི་བཀའ་མོལ་ལུང་འདྲེན་གནང་འདུགནང་ཆེན་བཀྲིས་ལགས་ཀྱིས་སྐད་འཕྲིན་ཚོགས་པ་ནང་ད་དུང་རིམས་ནད་སྔོན་འགོག་གི་འགོ་འཛིན་ཉི་མ་བཀྲ་ཤིས་དང་གྲོང་ཁྱེར་འགོ་དཔོན། རྒྱ་འགོ་ཁྲིད་དེ་ཚོས་རང་གི་གོ་གནས་དང་མི་རིགས་དབྱེ་འབྱེད་མ་གཏོགས་མང་ཚོགས་ཀྱི་སྡུག་བསྔལ་ལ་ལྟ་རྟོག་གི་ཕན་ཐོགས་མི་འདུག དེ་ཚོས་མང་ཚོགས་ལ་འཇིགས་སྐུལ་བྱེད་པ་དང་ལྟ་སྟངས་ངན་པ་འཛིན་རྒྱུ་བཞག་ནས་དམངས་ཀྱི་བདེ་སྡུག་ལ་ལྟ་རྟོག་ཡག་པོ་བྱེད་དགོས་ས་རེད་ཅེས་གསུངས་པ་སོགས་བཀོད་འདུག ཛ་དྲག་གི་གནད་དོན་དེའི་ཐད་ནང་ཆེན་བཀྲ་ཤིས་ལགས་ཀྱི་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་གནས་ཚུལ་ཞིག་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྒྱུད་སྤེལ་གནང་ཡོད་པ་དང་། ནང་ཆེན་བཀྲིས་ལགས་ཀྱིས་སྐད་འཕྲིན་ཚོགས་པའི་ནང་གི་སྒྲ་སྒམ་ལྟར་བཀོད་འདུག་པར་མ་ཟད། ལོ་ན་གཉིས་ལ་སོན་པའི་ཕྲུ་གུར་ཕྱིས་སུ་རིམས་ནད་ཕོག་ནས་ཛ་དྲག་གི་དུས་ཚོད་ལ་སླེབས་སྐབས་ཨ་མ་འུ་ཐུག་སྟེ་ཕྲུ་གུ་ཁུར་ནས་སྨན་ཁང་དུ་འགྲོ་ཐབས་བྱས་ཀྱང་ཟུར་བཀག་ཁང་གི་སྒོ་ཁར་སླེབས་དུས་དོ་དམ་པས་བཀག་ནས་གོང་རིམ་ལ་ཡར་ཞུ་དགོས་ཀྱི་ཡོད་པ་དང་གོང་རིམ་གྱི་བཀའ་མེད་ན་ཁོང་ཚོས་རོགས་རམ་ཅི་ཡང་བྱེད་མི་ཐུབ་ཚུལ་བཤད་དེ་མཐར་ཕྲུ་གུ་འདས་གྲོངས་སུ་གྱུར་ཡོད་པ་བཀོད་འདུག རྩ་བའི་ནང་ཆེན་བཀྲ་ཤིས་ལགས་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ཁུལ་གྱི་ས་འགུལ་སྐབས་དམངས་ཚོགས་ཀྱི་ཆེད་དུ་སྐད་ཆ་བཤད་པར་བརྟེན་ཟླ་བ་གསུམ་ཙམ་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པ་དང་། ཕྱིས་སུ་ཁོས་མི་མང་ལ་ངན་སྐུལ་གཏོང་བར་བསྙད་ནས་རྒྱ་གཞུང་གིས་ཆབ་མདོའི་བཀག་ཉར་ཁང་ཞིག་ཏུ་བཅུག་ནས་རྡུང་རྡེག་དང་མནར་གཅོད་འདྲ་མིན་བཏང་ཡོད་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༩ པའི་ ༡༢ ཉིན་གྱི་མཚན་གུང་ཆུ་ཚོད་ ༡༢ སྟེང་། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་སྐབས་མིའི་སྐོར་ཞིག་ཁྱིམ་ནང་འཛུལ་ནས་ཁང་པ་གཏོར་ཞིག་བྱ་རྒྱུའི་བཙན་བཀའ་བཏང་མུར་ཁྱིམ་མིས་ངོ་རྒོལ་བྱས་སྟབས། ཁྱིམ་མི་བཞི་འཇུ་བཟུང་བྱས་པ་མ་ཟད། ནང་ཆེན་བཀྲ་ཤིས་ཀྱང་དུས་ཡུན་རིང་པོར་གང་སོང་ཆ་མེད་དུ་གྱུར་འདུག ནང་ཆེན་བཀྲིས་ལགས་ཀྱི་བུ་མོ་གཡང་འཛོམས་ཀྱིས་བྲིས་པའི་ཡི་གེ་ལྟར་ན་སྐབས་དེར་ཁོང་ཚོའི་ཁང་པ་དང་ས་ཆ་ཡོངས་སུ་བཙན་འཕྲོག་བྱས་ཡོད་པ་དང་བཀག་ཉར་སྐབས་སུ་རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་ཁོང་གི་ནུ་བོ་དབང་པོ་སྐྱོན་ཅན་བཟོས་ཡོད་པ། ད་བར་ཁོང་ཚོར་ཁང་པ་གསར་རྒྱག་ཆོག་པའི་ཆོག་མཆན་ཡི་གེ་སྤྲད་མེད་པ་སོགས་ཀྱི་གནས་སྟངས་བཀོད་ཡོད་པ་རེད།

བོད་ནང་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་ལས་སྡེ་ཁག་ལ་ཞིབ་འཇུག་དང་ཆད་པ་གཅོད་དགོས་པའི་ཞུ་སྐུལ།

Ipac ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་སུམ་ཅུས་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གཙོས་དབྱིན་ཡུལ་དང་། སྦེལ་འཇམ། སུད་ཛ་ལན་ཌི། སུད་ཌེན། དེ་བཞིན་ཡུཀ་རེན་ལ་སོགས་པའི་རྒྱལ་ཁབ་བཅུ་གཅིག་གི་ཕྱི་སྲིད་བློན་ཆེན་མཚན་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ནང་དུ་རིགས་རྫས་བསྡུ་ལེན་ལ་རམ་འདེགས་བྱེད་མཁན་ཚོང་སྡེ་ཁག་ལ་ཞིབ་འཇུག་ནན་པོ་དང་ཉེས་ཆས་གཏོང་དགོས་པའི་ཞུ་སྐུལ་གནང་འདུགཟླ་འདིའི་ཚེས་ ༡༦ ཉིན་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་དྲྭ་རྒྱའི་ཐོག་རྒྱལ་ཁབ་བཅུ་གཅིག་གི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ཏུ་ཕུལ་པའི་ཕྱག་བྲིས་ནང་དོན་སྤེལ་བར་ཨ་རི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་ཉམས་ཞིབ་ཚན་པ་ཁག་གཅིག་གིས་སྤེལ་བའི་སྙན་ཐོར་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ DNA འམ་རིགས་རྫས་བསྡུ་ལེན་གྱི་ལས་གཞི་སྤེལ་བའི་ཁོངས་སུ་སྔོན་འགྲོ་སློབ་གྲྭའི་བྱིས་པ་ཡན་ཆད་ཀྱི་ཟུངས་ཁྲག་བསྡུ་ལེན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ནང་གི་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་རིགས་རྫས་བསྡུ་ལེན་བྱས་ཡོད་པར་ཐེར་འདོན་གནང་འདུག རིགས་རྫས་བསྡུ་ལེན་ཆེད་ཨ་རིའི་ཚོང་ལས་སྡེ་ཚན་ Thermo Fisher གྱིས་རྒྱ་ནག་གཞུང་ལ་ཡོ་ཆས་ཚོང་འགྲེམས་བྱས་ཡོད་སྐོར་གྱི་སྙན་ཐོ་ལུང་འདྲེན་དང་སྦྲགས་ཏེ་རྒྱལ་ཁབ་སོ་སོའི་ཁྱབ་ཁོངས་ཀྱི་ཚོང་ལས་སྡེ་ཁག་ནས་དེ་ལྟར་ལས་དོན་གཉེར་གྱི་ཡོད་མེད་ལ་རྟོག་ཞིག་གནང་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་དང་ཨ་རིའི་ཚོང་ལས་སྡེ་ཚན་ Thermo Fisher དབར་ཚོང་འབྲེལ་བྱེད་མཁན་རྣམས་ལ་རྟོག་ཞིབ་ནན་པོ་གནང་བའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཐད་རྒྱ་གཞུང་ལ་རམ་འདེགས་བྱེད་མཁན་གྱི་ཚོང་ལས་སྡེ་ཁག་ལ་ཉེས་ཆད་གཏོང་དགོས་པའི་ཞུ་སྐུལ་གནང་འདུགརྩ་བའི་ཉེ་ལམ་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་ ThermoFisher བཟོ་ཚོང་ཁང་གི་གཙོ་འཛིན་ Marc N. Casper གྱི་མིང་ཐོག་ལ་བཟོ་ཚོང་ཁང་གིས་བོད་རང་སྐྱོང་ལྗོངས་ནང་གི་ཉེན་རྟོག་པར་རིགས་རྫས་བསྡུ་ལེན་གྱི་དངོས་ཟོག་ཐད་ཀར་ཚོང་འགྲེམས་བྱས་ཡོད་པར་བློ་འཚབ་ཡོད་པ་དང་། བོད་དང་ཤིང་ཅང་ནང་རིགས་རྫས་བསྡུ་ལེན་ཆེད་ཚོང་ལས་ཁང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་བཏང་སྟེ་རྒྱ་གཞུང་ལ་རོགས་རམ་བྱེད་བཞིན་ཡོད་པ་ནི་དངངས་སྐྲག་བྱ་གཞི་ལས་མ་འདས་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བཟོ་ཚོང་ཁང་གིས་དངོས་ཟོག་བེད་སྤྱོད་བྱེད་ཕྱོགས་ཐད་བསྐྱར་ཞིབ་ཀྱིས་དགོངས་པ་བཞེས་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་པ་རེད།

Latest news