Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བུད་མེད་རྩུབ་སྤྱོད་འགོག་ཐབས་ཀྱི་རོལ་དབྱངས་འདུ་འཛོམས་ཐོག་བོད་ནང་གི་གནས་སྟངས་སྐོར་གསུངས་པ།

ཁ་སང་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་བཞུགས་སྒར་ས་གནས་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་དུ་ Jagori Rural Charitable Trust ཞེས་པའི་གཞུང་ཁོངས་མིན་པའི་ཚོགས་པས་ One Billion Rising ཞེས་པའི་ལས་འགུལ་གྱི་ཆ་ཤས་འོག་བུད་མེད་ལ་རྩུབ་སྤྱོད་འགོག་ཐབས་ཀྱི་རོལ་དབྱངས་འདུ་འཛོམས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད། སྐབས་དེའི་བུད་མེད་ལ་རྩུབ་སྤྱོད་འགོག་ཐབས་ཀྱི་རོལ་དབྱངས་མཛད་སྒོར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གདན་ཞུ་ཕུལ་འདུག རྩ་བའི་ One Billion Rising ཞེས་པའི་ལས་འགུལ་དེ་ནི་ཨ་རིའི་བེུད་ཀྱི་ཐོབ་ཐང་རྩོད་ལེན་པ་ Eve Ensler ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་ Valentines འམ་དགའ་རོགས་ཉིན་མོར་བརྩི་སྲུང་ཞུས་པ་ཞིག་ཡིན་པ་དང་། དེ་ནི་གཙོ་བོ་ནི་བེུད་ཐོག་རྩུབ་སྤྱོད་འགོག་ཐབས་ལ་དམིགས་ཏེ་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། བཞུགས་སྒར་དྷརྨ་སཱ་ལཱར་གོ་སྒྲིག་གནང་བའི་བུད་མེད་ལ་རྩུབ་སྤྱོད་འགོག་ཐབས་ཀྱི་རོལ་དབྱངས་མཛད་སྒོའི་ཐོག་མཐོ་སློབ་དང་སློབ་གྲྭར་སློབ་གཉེར་གནང་བཞིན་པའི་གཞོན་སྐྱེས་མང་དག་ཅིག་འདུ་འཛོམས་བྱུང་ཡོད་པའི་ཁྲོད་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཀངྒ་རའི་རྫོང་དཔོན་གཞོན་པ་དང་ཉེན་རྟོག་སྤྱི་ཁྱབ། དེ་བཞིན་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་བཅས་དབུས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་ཆེད་ཕེབས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་མཆོག་གིས་སྐབས་དེར་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་ད་ལྟའི་ཆར་བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་རང་གི་ཕ་མ་དང་ཁ་བྲལ་བཏང་ནས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་དབང་གིས་བཏང་བའི་ཁར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་བརྒྱུད་ནས་བོད་མིའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་རྩ་གཏོར་དུ་བཏང་སྟེ་བོད་མིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཧན་མི་རིགས་ཀྱི་རིག་གཞུང་ཅན་དུ་སྒྱུར་བཞིན་ཡོད་པར་ངོ་སྤྲོད་གནང་འདུག དེ་བཞིན་བཀའ་བློན་མཆོག་གིས་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པས་སྤྱི་ཚོགས་ཡར་རྒྱས་དང་བཟང་པོའི་ཕྱོགས་སུ་བསྐྱོད་ཐབས་ཀྱི་ལས་གཞིར་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག གཞོན་སྐྱེས་ཚོ་དང་ལྷག་དོན་སྐབས་དེར་འཛོམས་པའི་བྱིས་པ་རྣམས་ལ་རྩུབ་སྤྱོད་འགོག་ཐབས་དང་རང་དབང་། དེ་བཞིན་ཐོབ་ཐང་སོགས་ཀྱི་སྐོར་ལ་ད་ལྟ་ནས་སློབ་གསོ་སྤྲོད་གནད་ཆགས་ཡོད་པ་གསུངསའདུག རོལ་དབྱངས་འདུ་འཛོམས་དེའི་ཐོག་བོད་ཀྱི་ཟློས་གར་ཚོགས་པས་ཀྱང་མཉམ་ཞུགས་གནང་སྟེ་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་གཟིགས་འབུལ་ཞུས་འདུག པར་གྱི་བདག་དབང་བོད་མིའི་སྒྲིག་འཛུགས།

སྲིད་སྐྱོང་མཆོག་གིས་ཨ་རིའི་ནུབ་ཕྱོགས་ཁུལ་གྱི་མངའ་སྡེ་གསུམ་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཉེ་ཆར་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་ཨ་རིའི་ Colorado མངའ་སྡེར་གཞུང་འབྲེལ་འཚམས་གཟིངས་གནང་བ་དང་སྦྲགས་ཏེ། མང་སྡེའི་རྒྱལ་ས་ Denver ནང་དུ་ས་གནས་བོད་པའི་གཞོན་སྐྱེས་གཙོས་མང་ཚོགས་རྣམས་དང་ཐུག་འཕྲད་གནང་སྟེ་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་དུས་ནས་དུས་སུ་བོད་ནང་གི་བོད་མིའི་ཐོག་ལ་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་ཉེ་ལམ་ཁ་གསལ་གང་ཡང་མེད་པའི་བདེ་འཇགས་ཁྲིམས་གཞི་ཟེར་བ་ཞིག་གཏན་འབེབས་བྱས་ཏེ་བོད་ནང་ལ་ཆོས་ཕྱོགས་དང་ཆབ་སྲིད་སོགས་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སོགས་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་འདུག རྒྱ་ནག་གཞུང་གིས་འདས་པའི་དུས་ཡུན་ནང་ལ་བོད་ནང་གི་སློབ་མ་རྣམས་རྒྱ་ནག་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་དགོས་པའི་བཙན་བཀའ་བཏང་སྟེ། བོད་ཀྱི་སྐད་ཡིག་གཙོས་བོད་མིའི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ ལག་བསྟར་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་དགོས་གལ་ཆགས་ཡོད་པ་གསུངས་ཡོད།  དེ་བཞིན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་ ༡༦ པས་ཐུགས་འགན་བཞེས་རིང་ལ་རྒྱ་གཞུང་གིས་དམ་བསྒྲགས་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པར་ལྟོས་མེད་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་དང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ཞུ་སྐུལ་སོགས་ཀྱི་ལས་དོན་མང་དག་ཅིག་སྤེལ་ཡོད་ཁག་ངོ་སྤྲོད་དང་སྦྲགས། ས་གནས་སུ་ཡོད་པའི་བོད་མི་རྣམས་ནས་བཀའ་ཤག་གིས་གསར་བསྐྲུན་གནང་བའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་གཙོས་གནད་དོན་མི་སྣ་རྣམས་ལ་བོད་དོན་སྐོར་ཞུ་སྐུལ་གནང་དགོས་གནད་ཆགས་ཡོད་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་དུང་ས་གནས་ཀྱི་བོད་པའི་གཞོན་སྐྱེས་ཚོ་དང་ཟུར་དུ་ཐུག་འཕྲད་གནང་སྟེ་བོད་ཀྱི་ཡུལ་ལྗོངས་དང་ས་བབས་ཆགས་ཚུལ། རྒྱལ་རབས། ལོ་རྒྱུས། དེ་བཞིན་ཨ་རི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁག རྒྱ་ནག་གཞུང་གི་ངོས་ནས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་སོགས་ངོ་སྤྲོད་གནང་ཡོད་པ་དང་ཆབས་ཅིག གཞོན་སྐྱེས་ཚོས་ངེས་པར་དུ་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། སྐད་ཡིག་བཅས་པར་སློབ་གཉེར་གནང་གལ་ཡིན་པ་དང་། དེ་བཞིན་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་ཁག་ཏུ་མཉམ་ཞུགས་གནང་དགོས་པ་སོགས་ལམ་སྟོན་གནང་ཡོད།     སྲིད་སྐྱོང་མཆོག་ Colorado མངའ་སྡེ་ནང་གི་མཛད་རིམ་ཁག་གྲུབ་རྗེས་ཕྱི་ཚེས་ ༡༡ ཉིན་ཨ་རིའི་ Utah མངའ་སྡེའི་རྒྱལ་ས་ Salt Lake City དང་། ཕྱི་ཚེས་ ༡༢ ཉིན་ Oregon མངའ་སྡེའི་གྲོང་ཁྱེར་ Portland བཅས་སུ་ཕེབས་ཏེ་ས་གནས་ཀྱི་བོད་པའི་གཟའ་མཇུག་སློབ་གྲྭ་ཁག་ལ་གཟིགས་ཞིབ་དང་། ས་གནས་བོད་མི་མང་ཚོགས་ལ་གསུང་བཤད་སོགས་གནང་གི་ཡོད་པ་རེད། རྩ་བའི་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཨ་རི་ནང་གི་འཚམས་གཟིགས་ཁྲོད་རྒྱལ་ས་ Washington DC ནང་ལ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya  མཆོག་གཙོས་གཞུང་གི་གནད་ཡོད་མི་ཁག་ཅིག་དང་། གྲོས་ཚོགས་གོང་གཉིས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་གནང་སྟེ། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཐུབ་རྒྱུ་གཙོས་བོད་དོན་སྐོར་བཀའ་བསྡུར་དང་ཞུ་སྐུལ་སོགས་གནང་ཡོད། ཀོ་ལ་རེ་ཌོ་གཙོས་དེའི་ཉེ་འཁོར་གྱི་མངའ་སྡེ་ཁག་ཏུ་མ་ཕེབས་པའི་གོང་ལ་ཨ་རིའི་གཞུང་གི་རོགས་ཚོགས་ PRM དང་། USAID གཉིས་ཀྱི་འགན་འཛིན་ལས་བྱེད་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ Center for Strategic and International Studies ཞེས་པའི་བསམ་མཛོད་བསྟི་གནས་ཁང་དུ་བོད་ཀྱི་གནད་དོན་དེ་གལ་འགངས་ཇི་ཆགས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་བའི་ཞུ་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྱང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར་ཁ་སང་ཕྱི་ཚེས་ ༧ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་སུ་ཕེབས་ཏེ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་གཙོ་བོར་གྱུར་པའི་བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་སྐུལ་སོགས་གནང་འདུག སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Michael McCaul ལགས་དང་གྲོས་ཚོགས་ཀྱི་དགོས་དངུལ་ཆ་བགོས་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Mario Diaz-Balart ལགས། གྲོས་འོག་མའི་འཐུས་མི་ལྕམ་ Young Kim ལགས། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Brian Schatz ལགས། སྐུ་ཞབས་ Todd Young ལགས་སོགས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་དེའི་ཁྲོད་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ Michael McCaul ལགས་ཀྱིས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བསྐྱར་དུ་ཆེད་བཏོན་གནང་བ་དང་འབྲེལ་ཏེ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་ཡོད་པ་སོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རིམ་པས་ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་ཐུབ་ཐབས་སུ་མུ་མཐུད་རོགས་རམ་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག མཇལ་མོལ་དེའི་སྐབས་སུ་སྲིད་སྐྱོང་མཆོག་དང་ལྷན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་ཚོགས་གཙོ་བུ་ཆུང་ཚེ་རིང་ལགས་གཙོས་འབྲེལ་ཡོད་ལས་བྱེད་ཁག་གཅིག་ལྷན་བཅར་ཞུས་འདུག་པ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དྲ་ཐོག་ནས་མཉམ་ཞུགས་གནང་སྟེ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་གཞེན་སྐུལ་སོགས་ཞུས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Young Kim ལགས་དང་མཇལ་འཕྲད་གནང་སྐབས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་བསྡུར་གནང་ཡོད།གཞི་རྩའི་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཨ་རི་ནང་གི་འཚམས་གཟིགས་ཁྲོད་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya  མཆོག་དང་ཨ་རིའི་བདེ་འཇགས་ལྷན་ཁང་གི་མང་གཙོ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Rob Berschinsk ལགས་གཙོས་ལས་བྱེད་རྣམས་དང་ལྷན་དུ་བོད་གནད་སྐོར་ལ་བཀའ་བསྡུར་གནང་ཡོད་པ་རེད།སྲིད་སྐྱོང་མཆོག་ཉིན་ཤས་གོང་ལ་ཨ་རིའི་ Wisconsin མངའ་སྡེ་དང་གྲོང་ཁྱེར་ཅི་ཀ་གྷོར་ཕེབས་ནས་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་ཡོད་པ་དང་། ཨ་རི་ནང་གི་མཛད་རིམ་ཁག་ལེགས་གྲུབ་ཟིན་མཚམས་སུ་སྲིད་སྐྱོང་མཆོག་ཁེ་ན་ཌར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་རེད།  འབྲེལ་ཡོད་པར་ཁག་སྲིད་སྐྱོང་གི་ངོ་དེབ་ལས་བཏུས།

ཝི་སི་ཀོན་སིན་ས་གནས་བོད་མིར་འཛིན་སྐྱོང་གི་ལས་དོན་སོགས་ཀྱི་སྐོར་གསུང་བཤད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཚེས་ ༣ ཉིན་ཨ་རིའི་ Wisconsin མངའ་སྡེར་ཡོད་པའི་ས་གནས་བོད་མི་ཚོ་དང་ཐུག་འཕྲད་ཀྱིས་འདས་པའི་ལོ་ངོ་གཉིས་མན་ཙམ་གྱི་རིང་ལ་བཀའ་ཤག་སྐབས་ ༡༦ པའི་ལས་དོན་སྤྱི་ཡོངས་དང་འབྲེལ་བའི་གསུང་བཤད་དང་ས་གནས་མང་ཚོགས་ཀྱི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།སྲིད་སྐྱོང་མཆོག་གིས་འདས་པའི་དུས་ཡུན་དེ་དག་ཁྲོད་དུ་ཧི་མཱ་ཅལ་ཁུལ་གྱི་ས་གནས་ཁག་གཅིག་ཙམ་མཏོགས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཡོངས་ལ་ཆེད་ཕེབས་གནང་སྟེ་མི་མང་ལ་གསུང་བཤད་དང་ས་གནས་སོ་སོའི་སྒྲིག་འཛུགས་དང་ཚོགས་སྡེ་བཅས་པར་གཟིགས་ཞིབ་ནན་པོ་གནང་ནས་མང་ཚོགས་ལ་ཉེར་མཁོའི་མཐུན་འགྱུར་ཁག་བསྐྲུན་ཡོད་པ་དང་། རིང་མིན་ཕྱི་ཟླ་ ༣ པའི་སྔོན་རྩིས་གྲོས་ཚོགས་སྐབས་སུ་མང་ཚོགས་ཀྱི་དགོས་མཁོ་ཁག་བསྒྲུབ་རྒྱུ་དང་འབྲེལ་བའི་ལས་གཞི་འཕར་མ་མི་ཉུང་བ་ཞིག་ཡོད་པར་གསུངས་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྲ་བརྟན་དང་སྲི་ཞུ་བའི་ནུས་ཤུགས་སྔར་ལས་ཆེ་རུ་གཏོང་ཐབས། ས་ཁང་སྒྲིག་གཞི་བསྐྱར་བཅོས་གནང་བའི་དགོས་དམིགས་སོགས་འགྲེལ་བརྗོད་གནང་བ་དང་། ལྷག་དོན་འཛིན་སྐྱོང་བཀའ་ཤག་གིས་བཙན་བྱོལ་བོད་མིའི་བདེ་དོན་དང་འབྲེལ་བའི་ལས་གཞི་ཆེ་ཁག་མང་དག་ཅིག་གཉེར་བཞིན་ཡོད་པ་ལས་གཙོ་བོ་གཅིག་ནི་གཞིས་ཆགས་སྲ་བརྟན་ལ་དམིགས་པའི་ལས་དོན་ཁག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། གཞིས་ཆགས་ཁག་སྲ་བརྟན་དང་ཚགས་ཚུད་བཟོ་ཐབས་སུ་གཞིས་སྒར་ཁག་ནས་ཕྱི་རྒྱལ་ལ་གཞིས་སྤོས་གནང་ཟིན་པའི་བོད་མི་རྣམས་ཀྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་གཞིས་ཆགས་ཀྱི་ས་ཆ་རྣམས་ཕྱིར་རྩིས་སྤྲོད་ཞུ་གལ་ཡིན་པ་གསུངས་ཡོད།    དེ་བཞིན་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་ནས་གོ་སྐབས་ཇི་ཡོད་དམ་འཛིན་གནང་སྟེ་རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་གནང་བཞིན་ཡོད་པ་དང་། ས་གནས་བོད་མི་ཚོས་ཀྱང་ཨ་རི་གཞུང་གིས་བོད་དོན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་གནང་བའི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་གྲོས་ཚོགས་འཐུས་མི་གཙོས་གནད་ཡོད་མི་སྣ་ཚོར་བོད་དོན་དང་འབྲེལ་བའི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་དང་མཚན་རྟག་བསྡུ་རུབ་ཀྱི་ལས་གཞི་ཁག་ལ་མཉམ་ཞུགས་གནང་གནད་ཆགས་ཡོད་པ་གསུངས་ཡོད། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྡེ་ཚན་སོ་སོའི་ངོས་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་ཐུབ་ཐབས་དང་དེ་ལྟར་ཡོང་བར་འབད་པ་ཆེན་པོས་ཤུགས་སྣོན་རྒྱག་མུས་ཡིན་པ་མ་ཟད། ལྷག་པར་རྒྱལ་སྤྱིའི་དབུ་ཁྲིད་ཚོ་དང་ཐུག་འཕྲད་ནམ་བྱུང་ལ་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་ཟིན་མེད་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་འགྲེལ་བརྗོད་བྱེད་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཆགས་ཀྱི་ཡོད་པ་སོགས་ངོ་སྤྲོད་གནང་དང་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་མི་ཡོངས་ཀྱི་ངོས་ནས་བོད་ཀྱི་ལོ་རྒྱུས་ལ་སློབ་གཉེར་གནང་གལ་ཆགས་ཡོད་པ་སོགས་ལམ་སྟོན་གནང་འདུགསྲིད་སྐྱོང་མཆོག་གིས་ཕྱི་ཚེས་ ༤ ཉིན་ Wisconsin མངའ་སྡེ་ནང་ཡོད་པའི་བོད་པའི་གཞོན་སྐྱེས་ཚོ་དང་ཟུར་དུ་ཐུག་འཕྲད་ཀྱིས་བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོས་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་གནད་ཡིན་པ་སོགས་གསུངས་པ་དང་གཞོན་སྐྱེས་རྣམ་པའི་བཀའ་འདྲིར་ལན་འདེབས་གནང་ཡོད།དེ་རྗེས་སྲིད་སྐྱོང་མཆོག་ཅི་ཀ་གྷོར་གྲོང་ཁྱེར་དུ་ཕེབས་ཐོན་གྱིས་ས་གནས་བོད་མི་ཚོར་གསུང་བཤད་གནང་ཡོད་པ་རེད། གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ Wisconsin མངའ་སྡེར་མ་ཕེབས་པའི་གོང་སྟེ། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འབྲེལ་ཡོད་ལས་བྱེད་ཁག་གཅིག་དང་ལྷན་དུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་བཀའ་བསྡུར་གྱི་ལས་རིམ་ཞིག་ཚོགས་ཡོད་པ་མ་ཚད་པར་ཉིན་རྒྱབ་དེར་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya  མཆོག་དང་ཨ་རིའི་བདེ་འཇགས་ལྷན་ཁང་གི་མང་གཅོ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Rob Berschinsk ལགས་གཙོས་ལས་བྱེད་རྣམས་དང་ལྷན་དུ་བོད་གནད་སྐོར་ལ་བཀའ་བསྡུར་གནང་ཡོད། འབྲེལ་ཡོད་པར་ཁག་གི་བདག་དབང་སྲིད་སྐྱོང་གི་ངོ་དེབ་དང་སྤྱི་ཚོགས་དྲ་རྒྱ་ཁག་ལས་བཏུས།

སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་གྲགས་ཆེ་བའི་ Oxford Union ཐོག་བོད་དོན་གསུང་བཤད་གནང་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་ནང་གི་གྲགས་ཆེ་བའི་ Oxford Union སྡིངས་ཆེའི་ཐོག་བོད་དོན་གསུང་བཤད་གནང་རྒྱུ་དང་ས་གནས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཆར་ཁག་གཅིག་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་དབྱིན་ཡུལ་ནང་ཕེབས་འབྱོར་དང་འབྲེལ་ས་གནས་བོད་ཀྱི་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་བོད་པའི་ཚོགས་སྐྱིད་ཁག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག་ཅིང། སྲིད་སྐྱོང་མཆོག་དབྱིན་ཡུལ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ཁུལ་དེར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཡོད། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་སྲིད་སྐྱོང་མཆོག་དབྱིན་ཡུལ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་འབྲེལ་ཐུགསགཏན་ཁེལ་བའི་མཛད་འཆར་ཁག་གཅིག་ཡོད་པ་ལས་གཙོ་བོ་གཅིག་ནི་ཁུལ་དེར་རྟེན་གཞི་བྱས་པའི་ Oxford Union ཐོག་བོད་དོན་གསུང་བཤད་ཀྱི་ལས་རིམ་དེ་ཆགས་ཀྱི་ཡོད་པ་གསུངས་སོང་། རྩ་བའི་ Oxford Union ཞེས་པའི་སྡིངས་ཆ་དེ་ནི་འཛམ་གླིང་ནང་ཕུལ་དུ་བྱུང་བའི་གཏམ་བཤད་པ་ཚོའི་བགྲོ་གླེང་གནང་སའི་སྡིངས་ཆ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་པ་དང། ཕྱི་ལོ་ ༡༨༢༣ ལོ་བཟུང་ནས་ད་བར་ལོ་ ༢༠༠ རིང་ཚོགས་པ་དེའི་ངོས་ནས་སྨྲ་བརྗོད་རང་དབང་གཞི་རྩར་བཟུང་སྟེ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཆབ་སྲིད་མི་སྣ་དང། སྒྱུ་རྩལ་བ། ཚོང་པ་གྲགས་ཅན། ཕུལ་བྱུང་གཏམ་བཤད་པ། རྩེད་འགྲན་པ། དེ་བཞིན་མཁས་དབང་སོགས་གདན་ཞུས་ཀྱིས་གཏམ་བཤད་དང་བགྲོ་གླེང་གོ་སྒྲིག་གནང་བཞིན་ཡོད་པ་ལྟར་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་སྐབས་སྔོན་མའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱང་གདན་ཞུས་ཀྱིས་བོད་དོན་གསུང་བཤད་གནང་མྱོང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་དབྱིན་ཡུལ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ཨོག་སི་ཕོ་ཌི་ཡུ་ནི་ཡན་ཐོག་བོད་དོན་གསུང་བཤད་དང། དེ་བཞིན་ Oxford ཁུལ་དུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་གི་བོད་ཕྲུག་ཚོ་དང་མཇལ་མོལ། ས་གནས་སུ་སྦི་སྦི་སི་གསར་ཁང་གི་བཅར་འདྲི་དང་ལེན་གནང་རྒྱུ་དང། མཁས་དབང་དང་གནད་ཡོད་མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཆར་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་སྐྱོང་མཆོག་དབྱིན་ཡུལ་ནང་གི་དུས་ཐུང་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་ཨ་རི་དང་དེ་བཞིན་ཁེ་ན་ཌ་གཉིས་སུ་གནད་ཡོད་མི་སྣ་མཇལ་འཕྲད་དང་བོད་རིགས་མང་ཚོགས་དང་ཐུག་འཕྲད་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་རེད།

དབྱིན་ཡུལ་སྐུ་ཚབ་དོན་གཅོད་ནས་ Finland དང་ Poland ཁུལ་དུ་བོད་དོན་ཞུ་གཏུག་གནང་བ།

ཟླ་བ་འདིའི་ཕྱི་ཚེས་ ༢༣ ནས་ ༢༨ བར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ Finland ཕྷིན་ལེནྜ་རྒྱལ་ས་ Helsinki ཧེལ་སིངྐི་དང་ Poland པོ་ལེནྜ་རྒྱལ་ས་ Warsaw ཝར་སོ་ཁུལ་དུ་ཆེད་ཕེབས་ཀྱིས་འདི་གའི་སྲིད་གཞུང་དང་ཚོགས་སྡེ་ཁག་ནས་བོད་དོན་འཐབ་རྩོད་ལ་སྔར་ལས་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རེ་སྐུལ་ཞུས་འདུགསྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཕྷིན་ལེནྜ་དང་པོ་ལེནྜ་ཁུལ་དུ་ཕྱོགས་ཕེབས་གནང་བའི་སྐབས་བོད་དེ་ལོ་རྒྱུས་ཐོག་ནས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་དང་། རྒྱ་ནག་དམར་ཤོག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ། རྒྱ་ནག་གཞུང་གིས་བོད་ནང་རིགས་རྫས་གནས་ཚུལ་བསྡུ་རུབ། བོད་རྒྱ་མི་རིགས་ཕན་ཚུན་བར་བཙན་དབང་ག་སྒོ་ནས་གཉེན་སྒྲིག་བྱེད་དུ་བཅུག་སྟེ་བོད་རིགས་རྣམས་ཧན་མི་རིགས་སུ་སྒྱུར་བཞིན་པ། དེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་སོགས་ཀྱི་གནད་དོན་སྐོར་ཞུ་གཏུག་གནང་འདུགཕྱོགས་བསྐྱོད་དེའི་ཁྲོད་ཕྷིན་ལེནྜ་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་གྲངས་ལྔ་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ སྐུ་ཨེ་ཝ་ Eva Biaudet ལགས། བོད་དོན་རྒྱབ་སྐྱོར་བ་སོགས་དང་ལྷན་མཇལ་འཕྲད་གནང་སྐབས་ཕྷིན་ལེནྜ་གཞུང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ཐད་ལ་ཡོངས་གྲགས་བསྒྲགས་གཏམ་ཞིག་སྤེལ་དགོས་པ་དང་། ཨ་རིའི་གཞུང་གིས་ Tibetan Policy and Support Act of 2020 ཞེས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་དོན་ལྟར་འདི་གའི་གཞུང་ནས་ཀྱང་དེ་འདྲའི་ཁྲིམས་ཤིག་གཏན་འབེབས་གནང་དགོས་པའི་རེ་སྐུལ་ཞུས་འདུགདབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་པོ་ལེནྜ་ཁུལ་གྱི་ཕྱོགས་བསྐྱོད་ཁྲོད་དེ་གའི་གྲོས་ཚོགས་འཐུས་མི་མོ་ནི་ཀ་ Monika Wielichowska མཆོག་གི་གཙོ་སྐྱོང་འོག་པོ་ལེནྜའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་མཉམ་ཞུགས་གནང་བ་མ་ཟད། པོ་ལེནྜའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མེལ་གྷོར་ཛ་ཊ Magorzata Kidawa-Blonska མཆོག་གིས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སྣེ་ལེན་གནང་རྒྱུ་ཙམ་མ་ཟད། བོད་མིའི་སྐུ་ཚབ་དོན་གཅོད་མཆོག་ཁུལ་དེའི་གྲོས་ཚོགས་སུ་ཐེངས་དང་པོ་ཕེབས་པར་འཐུས་མི་ཡོངས་ནས་དགའ་བསུའི་འཚམས་འདྲི་ཞུས་འདུགགཞན་ཡང་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་པོ་ལེནྜ་བོད་རིགས་ཚོགས་པ་དང་། བོད་མིའི་སྨན་ཁང་ཀརྨ་བདེ་ཆེན་ཆོས་གླིང་། Helsinki ཧེལ་སིངྐི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཚོགས་པ་བཅས་ཀྱི་སྐུ་ཚབ་དང་མཇལ་འཕྲད་གནང་ཡོད་པ་རེད། པར་དབང་བོད་མིའི་སྒྲིག་འཛུགས།

རིགས་ལམ་བརྒྱུད་དེང་དུས་སློབ་ཚན་འཁྲིད་ཐབས་ཀྱི་དགེ་རྒན་ཟབ་སྦྱོང་ལས་གཞིའི་སྐོར།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཁག་གི་དེང་རབས་ཀྱི་སློབ་ཚན་དེ་དག་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག་ཅེས་བཀའ་སློབ་སྔ་ཕྱི་རིམ་པ་ཕེབས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་ཐོག་ནས་སློབ་ཚན་གཞན་རྣམས་སློབ་ཁྲིད་བྱ་རྒྱུར་ཤེས་རིག་ལས་ཁུངས་དང་ཆོས་རིག་ལས་ཁུངས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་དེ་འབྲེལ་སློབ་ཚན་དེ་དག་རིགས་ལམ་བརྒྱུད་ནས་འཁྲིད་ཐབས་ཀྱི་ཀློག་དེབ་རིགས་བཟོ་ཐུབ་ཚེ། མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཙམ་མིན་པར་རིམ་པས་ཧི་མ་ལ་ཡ་རི་བརྒྱུད་དང་རྒྱ་གར། དེ་བཞིན་འཛམ་གླིང་སྤྱི་ལ་རིགས་ལམ་ཐོག་ནས་སློབ་ཁྲིད་གནང་སྟངས་རིགས་པ་གསར་པ་ཞིག་དང་། ལམ་སྟོན་གསར་པ་ཞིག་ཆགས་པའི་ཐུགས་རེ་ཡོད་ཅེས་བཀའ་སློབ་ཕེབས་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་འབྲེལ་ཡོད་ལྷན་ཁང་ནས་རིགས་ལམ་ཟབ་སྦྱོང་གཙོས་དེའི་བརྒྱུད་དེང་དུས་སློབ་ཚན་འཁྲིད་ཐབས་ཀྱི་ཟབ་སྦྱོང་སོགས་རིམ་པ་གནང་དང་གནང་མུས་ཡིན་པ་རེད། ཐེངས་འདིར་འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག་ཝཱཎ་གཙུག་ལག་སློབ་ཁང་དུ་རིགས་ལམ་བརྒྱུད་དེང་དུས་ཀྱི་སློབ་ཚན་ཁྲིད་ཐབས་ཀྱི་དགེ་རྒན་ཟབ་སྦྱོང་གནང་མུས་ཡིན་པ་དང་བསྟུན། ལས་གཞི་དེའི་ནང་ཕྱག་ལས་གནང་མཁན་ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པའི་ཆེད་སྒྲིག་གི་ལས་ཚན་ཞིག་རྒྱང་སྲིང་ཞུས་ཡོད།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མང་གཙོ་ཚོགས་པའི་འགོ་ཁྲིད་གསར་པར་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་དུ་འོས་འདེམས་བྱུང་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Kevin McCarthy མཆོག་དང་། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Hakeem Jeffries ལགས་རྣམ་གཉིས་ལ་འཚམས་འདྲི་མཛད་འདུགཁ་སང་ཕྱི་ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཨ་རིའི་གྲོས་ཚོགས་ཀྱི་འགོ་ཁྲིད་གཉིས་ལ་སྩལ་བའི་འཚམས་འདྲི་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་དུས་རྟག་ཏུ་མང་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་ལྡན་པའི་ཨ་རིའི་གཞི་རྩའི་རིན་ཐང་ལ་ཡིད་སྨོན་མཛད་བཞིན་ཡོད་པ་སོགས་ཨ་རིའི་ཐུན་མོང་མ་ཡིན་པའི་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་མཛད་པ་དང་སྦྲགས། ཨ་རིའི་ངོས་ནས་འཛམ་གླིང་འདིའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས། དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་དཀའ་ཁག་སེལ་ཏེ། འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་བཟོ་རྒྱུའི་ཐད་དམིགས་བསལ་གྱི་ནུས་པ་འདོན་ཐུབ་པའི་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་མཛད་འདུགམ་ཟད་ཨ་རི་རྒྱལ་ཁབ་ནང་མི་སེར་ཚོར་རང་དབང་དང་གོ་སྐབས་འདྲ་མཉམ་ཡོད་པ་དེས་ད་ཆ་ཨ་རི་འདི་བཞིན་རྒྱལ་སྤྱིའི་ཐོག་རེ་ལྟོས་བྱེད་སའི་རྒྱལ་ཁབ་གཙོ་བོ་ཞིག་ཆགས་ཡོད་པ་སོགས་བཀའ་སྩལ་དང་འབྲེལ། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ ༡༩༧༩ ལོ་ནས་ད་བར་ཨ་རིའི་ནང་ཆིབས་བསྒྱུར་ལེན་མང་མཛད་དེ་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་གནད་ཡོད་འགོ་ཁྲིད་དང་ལྷན་དུ་ཐུག་འཕྲད་ཀྱིས་གནད་དོན་འདྲ་མིན་ཐོག་དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་བོད་ནང་གི་བོད་མིའི་མངོན་འདོད་དང་རེ་བ་ཁག་འབྲེལ་ཡོད་འགོ་ཁྲིད་ཚོ་དང་བཀའ་བསྡུར་མཛད་རྒྱུ་བྱུང་ཡོད་པ་སོགས་བཀའ་འགྲེལ་དང་སྦྲགས། བོད་མིའི་ངོས་ནས་ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད་ཅེས་བཀའ་སྩལ་མཛད་འདུག ལྷག་པར་མགོན་པོ་༸གང་ཉིད་མཆོག་གིས་བོད་མིའི་འཐབ་རྩོད་ནི་བོད་མི་རྣམས་ལ་ཆེ་མཐོང་དང་རང་དབང་ལྡན་པའི་ཐོག་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་མི་ཉམས་རྒྱུན་འཛིན་དང་གོང་སྤེལ་ཐུབ་རྒྱུ་ཡིན་པ་དང་། དེ་བཞིན་ཞི་བདེ་དང་བྱམས་བརྩེ། འཚེ་བ་མེད་པ་བཅས་ཀྱི་གཞི་རྟེན་ཡོད་པའི་བོད་ཀྱི་ཐུན་མིན་རིག་གཞུང་དེ་དག་བོད་མི་ཙམ་མིན་པར་འཛམ་གླིང་གི་མི་སེར་སྤྱི་ལ་ཕན་པ་སྒྲུབ་རྒྱུའི་ནུས་པ་ལྡན་ཡོད་པ་སོགས་བཀའ་སྩལ་དང་སྦྲགས། གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་ལྷག་བསམ་དུས་ད་ལྟ་ཡང་ཞུམ་པ་མེད་པར་གནས་ཡོད་པ་མ་ཟད། རྒྱ་ནག་ནང་མཚོན་ན། ད་ཆ་རིམ་པས་འགྱུར་བ་ཐེབས་བཞིན་པ་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འབྱུང་རྒྱུར་ཐུགས་རེ་ཆེན་པོ་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་སོགས་མཛད་པ་དང་སྦྲགས། ཨ་རིའི་གྲོས་ཚོགས་ཀྱི་འགོ་ཁྲིད་གསར་པ་རྣམ་གཉིས་ཀྱི་མ་འོངས་ལས་དོན་ཐམས་ཅད་ཨ་རིའི་མི་མང་གི་མངོན་འདོད་དང་མཐུན་པར་སྒྲུབ་ཐུབ་པ་མ་ཟད། འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུའི་ཐད་ནུས་པ་གང་ལེགས་སྤུངས་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་མཛད་འདུག གཞི་རྩའི་སྔར་ལོའི་ཕྱི་ཟླ་ ༡༡ ནང་གྲུབ་པའི་ཨ་རིའི་བར་མའི་འོས་བསྡུའི་ཁྲོད་གྲོས་ཚོགས་འོག་མའི་རྒྱལ་ཁ་ཨ་རིའི་སྤྱི་མཐུན་ཚོགས་པར་ཐོབ་སྟེ། བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་དེ་འབྲེལ་གྲོས་ཚོགས་ཀྱི་ཚོགས་གཙོ་འོས་འདེམས་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Kevin McCarthy ལགས་ལ་རང་ཉིད་ཀྱི་ཆབ་སྲིད་ཚོགས་པའི་ཚོགས་མི་ཉི་ཤུ་ཙམ་ནས་རྒྱབ་སྐྱོར་མ་ཐོབ་པར་བརྟེན། ཚོགས་གཙོའི་འོས་འདེམས་ཀྱི་ལས་རིམ་དེ་བཞིན་ཉིན་གྲངས་གསུམ་ནང་འོས་ཤོག་ཐེངས་ ༡༥ གནང་དགོས་བྱུང་ཡོད། འོག་ཤོག་རིམ་པ་ ༡༥ སྐབས་སྐུ་ཞབས་ Kevin McCarthy ལགས་སུ་འོས་གྲངས་ ༢༡༦ དང་། མང་གཙོ་ཚོགས་པའི་འགོ་ཁྲིད་གསར་པ་སྐུ་ཞབས་ Hakeem Jeffries ལགས་སུ་འོས་གྲངས་ ༢༡༢ བཅས་ཐོབ་སྟེ་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Kevin McCarthy ལགས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐབས་ ༥༥ པར་བསྐོ་བཞག་བྱུང་ཡོད།སྐུ་ཞབས་ Kevin McCarthy ལགས་ཚོགས་གཙོར་བདམས་ཐོན་བྱུང་རྗེས་གསུངས་བཤད་ཐེངས་དང་པོའི་ནང་མ་འོངས་ལས་དོན་ཁག་གཅིག་ཡོངས་གྲགས་གནང་བའི་ནང་། གྲོས་ཚོགས་ཀྱི་ལས་དོན་འགོ་འཛུགས་གནང་མ་ཐག་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་རྒྱ་ནག་ཐོག་གི་ཚོགས་ཆུང་ཞིག་གསར་འཛུགས་གནང་སྟེ། རྒྱ་ནག་དམར་ཤོག་གཞུང་གིས་ཨ་རིའི་དཔལ་འབྱོར་གནས་བབ་ལ་གྱོང་རྒུད་གཏོང་བཞིན་པའི་གནད་དོན་ཁག་ལ་ཞིབ་འཇུག་ཚད་ལྡན་ཞིག་བྱེད་པའི་བརྒྱུད་རྒྱ་ནག་གི་བྱེད་བབ་ལ་གདོང་ལན་ནན་པོ་བྱེད་ཀྱི་ཡིན་ཞེས་གསུངས་ཡོད།ཁ་སང་སྐུ་ཞབས་ Kevin McCarthy མཆོག་གིས་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ལས་འཁུར་དམ་འབུལ་ཞུས་ཏེ་ཕྱག་ལས་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་བཅས་ནས་ཀྱང་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ Kevin McCarthy མཆོག་ལ་འཚམས་འདྲི་དང་སྦྲགས། ད་བར་ཨ་རི་གཞུང་དང་གྲོས་ཚོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ་དང་། ལྷག་པར་དུ་ད་ཆ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ་སོགས་ཞུས་འདུག  

བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་བསྐོང་ཚོགས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པའི་ལམ་སྟོན་འོག་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་གཉིས་རིང་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་དེ་བསྐོང་ཚོགས་གནང་སོང་།དེ་རིང་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚུལ་ཁྲིམས་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པ་དང་གློག་ཀླད་ཐོག་རྒྱ་གར་དང་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་མཁན་མི་སྣ་ ༤༧ ཙམ་ལྷན་འཛོམས་གནང་འདུགསྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མ་འོངས་པར་འཛམ་བུ་གླིང་འདི་འཕྲུལ་རིག་དང་གྲངས་རྩིས་ཐོག་ཆས་རྒྱུའི་འགྱུར་བ་ཞིག་ཡོང་རྒྱུ་ངེས་གཏན་ཡིན་སྟབས། སྒྲིག་འཛུགས་ནས་ཀྱང་རྒྱལ་ཁབ་གཞན་དང་རྗེས་སུ་སྙེག་ཐབས་སུ་བཀའ་ཤག་སྐབས་ ༡༦ ནས་འཛིན་སྐྱོང་བྱེད་སྟངས་ཀྱི་ལམ་ལུགས་དེ་ཤོག་བུ་སྟེང་ནས་མིན་པར་དྲ་ཐོག་ནས་ E-governance ལས་གཞི་ལག་བསྟར་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གཅིག་ཨེསྚོ་ནི་ཡཱར་ Estonia ཁུལ་དུ་སློབ་གཉེར་ཆེད་བཏང་ཡོད་སྐོར་དང་། དེ་བཞིན་ལོ་རྒྱུས་དང་འབྲེལ་བའི་སྔར་གྱི་ཡིག་ཆ་གལ་ཆེན་རྣམས་བདག་གཉེར་བྱས་ཏེ་དྲ་ཐོག་ཏུ་འཇོག་རྒྱུའི་ལས་གཞི་སོགས་སྤེལ་མུས་ཡིན་པ་ངོ་སྤྲོད་གནང་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བོད་མི་བརྡ་འཕྲིན་འཕྲུལ་ལས་ཆེད་ལས་པའི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་དགོས་དོན་ནི་རྒྱ་གར་དུ་གནས་བཞུགས་བོད་མི་བརྡ་འཕྲིན་ཆེད་ལས་པ་རྣམས་མཉམ་རུབ་བཟོ་ཐབས་གཙོས་རྒྱལ་ཁབ་འཛུགས་སྐྲུན་གྱི་བསམ་བློ་བསྐྲུན་ཐབས། སྒྲིག་འཛུགས་ཀྱི་བརྙན་ཆས་གསར་པ་བཟོ་རྒྱུའི་ལས་གཞིའི་ཐོག་བགྲོ་གླེང་། དེ་བཞིན་ཆེད་ལས་པ་ཚོས་སྒྲིག་འཛུགས་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ལ་ཞབས་ཞུ་བསྒྲུབ་རྒྱུའི་བརྒྱུད་ལམ་ཅི་ཞིག་ཡོད་མིན་ངོ་སྤྲོད་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་གསུངས་ཡོད།ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་འགན་འཛིན་ཚུལ་ཁྲིམས་ལགས་ཀྱིས་དེ་འབྲེལ་ཆེད་ལས་པ་རྣམས་ལ་སྐབས་ ༡༦ པའི་བཀའ་ཤག་གི་དགོངས་དོན་ལྟར་དྲ་ཐོག་འཛིན་སྐྱོང་དང་འབྲེལ་བའི་ལས་གཞི་དང་། བརྡ་འཕྲིན་བརྒྱུད་དཔྱ་ཁྲལ་གྱི་ལས་དོན་ཡོངས་རྫོགས་སྒྲུབ་ཐབས། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་ཁག་གཅིག་སྤྱན་འབུལ་ཞུས་པའི་སྒོ་ནས་ཆེད་ལས་པའི་བསམ་ཚུལ་བསྡུ་ལེན་དང་། ཕན་ཚུན་འབྲེལ་ལམ་དམ་ཟབ་བསྐྲུན་ཐབས་སུ་དམིགས་པ་ཞིག་ཡིན་པ་གསུངས་ཡོད། འདི་ག་གསར་འགོད་པས་ཚོགས་འདུ་དེར་བཅར་མཁན་ཆེད་ལས་མི་སྣ་ཁག་གཅིག་དང་ལྷན་དུ་བཅར་འདྲི་ཞུས་སྐབས། རྒྱ་གར་ཚོང་ལས་སྡེ་ཚན་ཞིག་གི་ནང་དུ་ Andriod དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་བརྙན་ཆས་བཟོ་མཁན་བསྟན་འཛིན་བསམ་གཏན་ལགས་ཀྱིས་བོད་མིའི་སྤྱི་ཚོགས་ནང་བརྙན་ཆས་མང་དག་བཟོ་ཡི་ཡོད་ཀྱང་འཕྲུལ་ལས་པའི་ལས་དོན་ཐད་སྟོང་ཆ་ཞིག་འབྱུང་གི་ཡོད། ལྷག་པར་དུ་ཐེངས་འདིའི་ཚོགས་འདུའི་ཐོག་སྒྲིག་འཛུགས་ནང་འཕྲུལ་ལས་དང་འབྲེལ་བའི་ཞབས་ཞུ་སྒྲུབ་མཁན་གྱི་མི་སྣ་ཚོར་ལས་དོན་གཉེར་ཕྱོགས་ཀྱི་ཐད་ལ་བསམ་ཚུལ་དང་ཕྱག་རོགས་གནང་འཆར་ཡོད་པ་གསུངས་སོང་། གཞན་ཡང་ཅནདྷ་གྷི་རི་སློབ་གྲྭའི་གློག་ཀླད་དགེ་རྒན་བསྟན་འཛིན་བཟང་མོ་ལགས་ཀྱིས་དགེ་རྒན་གྱི་ཕྱག་ལས་ཁྲོད་འཕྲུལ་ལས་དང་འབྲེལ་ནས་ཚོང་ལས་སྡེ་ཚན་ནང་ལས་དོན་གཉེར་རྒྱུའི་གོ་སྐབས་དེ་ཙམ་བྱུང་གི་མེད་སྟབས། ད་ལེན་འཕྲུལ་ལས་ཀྱི་ཆེད་ལས་པ་མང་པོ་འདུ་འཛོམས་གནང་སྐབས་བློ་སྐྱེད་ཆེན་པོ་ཐོབ་ཡོད་སྐོར་གསུངས་སོང་།    

Latest news