Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱལ་སྤྱིའི་མནར་གཅོད་འོག་ལྷུང་པ་རྣམས་ལ་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུས་པ།

རྒྱལ་སྤྱིའི་མནར་གཅོད་བཀག་འགོག་ཉིན་མོ་དང་སྟབས་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་དེ་རིང་སྔ་དྲོ་མེག་གྷན་ཉིན་སློབ་ཏུ་ International Day in Support of Victims of Torture ཞེས་རྒྱལ་སྤྱིའི་མནར་གཅོད་འོག་ལྷུང་པ་རྣམས་ལ་རྒྱབ་སྐྱོར་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་སོང་། ཚོགས་པ་དེའི་ངོས་ནས་དེ་སྔ་དང་མི་འདྲ་བར་གཙོ་བོ་བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་ཁྲོད་དུ་བོད་ནང་གི་གནས་སྟངས་ཐད་ལ་གོ་རྟོགས་དང་འཆར་སྣང་ཇི་འདྲ་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་དང་། བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དང་འདི་བཞིན་ད་ལྟའི་བོད་ཀྱི་གནས་སྟངས་རྣམས་གསལ་བཤད་ཐུབ་ཐབས་སོགས་ལ་ཆེད་དམིགས་ཀྱིས་དེ་རིང་ཟླ་ ༦ ཚེས་ ༢༦ ཉིན་སྔ་དྲོ་ཚོུད་ ༩།༣༠ སྟེང་བོད་ཀྱི་དཔའ་བོ་དྲན་པ། མི་རབས་གསར་པའི་སེམས་ཁམས་ཀྱི་འཆར་སྣང་ཞེས་པའི་བརྗོད་གཞིའི་ཐོག་ལ་རི་མོ་འགྲན་སྡུར་གྱི་ལམ་ནས་སྲུང་བརྩི་ཞུས་སོང་པ་དང་། ལས་འགུལ་དེའི་ནང་ཉིན་མོ་སློབ་གྲྭའི་འཛིན་རིམ་བཞི་པ་དང་ལྔ་པ། དཔེ་སྟོན་སློབ་གྲྭའི་འཛིན་རིམ་དྲུག་པ་ནས་བརྒྱད་པ་བཅས་ཀྱི་སློབ་ཕྲུག་བརྒྱ་སྐོར་ཙམ་ཞིག་ནས་མཉམ་ཞུགས་གནང་འདུག དེ་རིང་སློབ་མ་རྣམས་ནས་རང་ཉིད་ཀྱི་འཆར་སྣང་གང་ཡོད་ཐོག་བྲིས་པའི་བོད་ཀྱི་རྣམ་པ་དང་འབྲེལ་བའི་པར་རིས་དེ་དག་ཁྲོད་ནས་ཡག་ཤོས་གསུམ་ལ་ལེགས་གསོའི་བྱ་དགའ་དང་། དེ་བཞིན་པར་རིས་རྣམས་མང་ཚོགས་ལ་འགྲེམས་སྟོན་ཡོད་པ་མ་ཟད། པར་རིས་ཁག་ཅིག་ཚོགས་པ་དེས་འདོན་སྤེལ་བྱེད་བཞིན་པའི་སྟོད་ཐུང་སོགས་ཀྱི་སྟེང་ལ་བཀོད་གནང་རྒྱུ་རེད་འདུག གཞི་རྩའི་རི་མོ་འགྲན་སྡུར་གྱི་ལས་རིམ་དེ་འགོ་འཛུགས་མ་གནང་པའི་གོང་དུ་སློབ་མ་རྣམས་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཤེས་རྟོགས་ཆེད་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་རིང་བསམ་གྲུབ་ལགས་དང་བསྟན་འཛིན་རྣམ་རྒྱལ་ལགས། དེ་བཞིན་ཕུན་ཚོགས་ལམ་སྒྲོན་ལགས་བཅས་ཀྱི་མི་ཚེ་ལོ་རྒྱུས་དང་འབྲེལ་བའི་བརྙན་ཐུང་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་རེད། རྩ་བའི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་འཕེལ་ལྟེ་གནས་ཁང་གིས་འདོན་སྤེལ་གནང་པའི་བོད་མི་གང་བྱུང་འཛིན་བཟུང་དང་བཀག་ཉར་ཐད་ཀྱི་དམིགས་བསལ་སྙན་ཐོ་དང་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༡༦ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་བཅས་ལ་གཞིགས་ཚེ་རྒྱ་ནག་གཞུང་གིས་ད་བར་བོད་མི་ ༡༣༠༠ བརྒལ་བར་ཁྲིམས་མཐུན་མིན་པའི་ཐོག་ནས་གང་བྱུང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། དེ་དག་གི་ཁྲོད་ནས་ཁག་ཅིག་ལ་མི་སྤྱོད་ལས་འདས་པའི་རྡུང་རྡེག་དང་བཙན་ཤེད་བྱས་ཏེ་ནག་ཉེས་ཁས་ལེན་བྱེད་དུ་བཅུག་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༡ ནས་ད་བར་གྱི་བོད་མི་ཆབ་སྲིད་བཙོན་པའི་གྲངས་ཚད་དེ་བཞིན་ ༥༠༠༠ ལྷག་ཆགས་ཡོད་པ་དང། འདས་པའི་ཕྱི་ལོ་ ༢༠༡༥ དང་༢༠༡༦ ནང་དུ་རྒྱ་གཞུང་གིས་བོད་མི་ ༡༤༡ འཛིན་བཟུང་གིས་ཟླ་བ་རེ་རེར་བོད་མི་ལྔ་ལྷག་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་སུ་འགྱུར་ཡོད་པ་རེད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དེ་རིང་རྒྱལ་སྤྱིའི་མནར་གཅོད་འོག་ལྷུང་པ་རྣམས་ལ་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས་ཏེ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། རྒྱ་གཞུང་གིས་བོད་ནང་དྲག་པོའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་སླད་མེག་གྷན་ཁྲོམ་གཞུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་དཔའ་བོའི་རྡོ་རིང་བར་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་པ་རེད།

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་མགྲིན་ཚབ་པ་དང་གསར་འགོད་འབྲེལ་མཐུད་པའི་ཚོགས་འདུ་ཚོགས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་མགྲིན་ཚབ་པ་དང་གསར་འགོད་འབྲེལ་མཐུད་པའི་ཚོགས་འདུའི་ཐོག་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་དང་རྒྱལ་སྤྱིའི་ཁྲོད་ལ་སྟོན་ཐུབ་པ་ཞིག་བཟོ་དགོས་ཞེས་གསུངས་སོང་། དེ་རིང་ཟླ་ ༦ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་མགྲིན་ཚབ་པ་དང་གསར་འགོད་འབྲེལ་མཐུད་པ་རྣམས་ཀྱི་ལས་དོན་ནུས་པ་ལྡན་པ་དང་སྒྲིག་འཛུགས་ཀྱི་ལས་དོན་ཁག་སྤུས་ཚད་ལྡན་པའི་ཐོག་བརྒྱུད་ལམ་སྟེང་ཕྱིར་བསྒྲགས་ཡོང་ཐབས་དང་འབྲེལ་ཚོགས་འདུ་དང་ཟབ་ཁྲིད་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་གིས་རིང་མིན་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་སྐྱེད་གཏོང་རྒྱུ་སྤྱི་དང། བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ཚན་པ་དེ་ཡང་བཙན་བྱོལ་ནང་གི་བརྙན་འཕྲིན་གསར་འགྱུར་ཚན་པ་ཆེ་ཤོས་ཤིག་བཟོ་རྒྱུ་ཡིན་པ་མ་ཟད། ཚན་པ་དེའང་ཚོུད་ ༢༤ རིང་སྟོན་ཐུབ་པ་ཞིག་བཟོ་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག འབྲེལ་ཡོད་ཚང་མའི་ངོས་ནས་ནུས་པ་མཉམ་སྤུངས་ཀྱིས་སྤུས་ཚད་ལྡན་པའི་གསར་འགྱུར་འགོད་སྤེལ་བྱུ་རྒྱུ་ནི་ཆེས་གལ་ཆེ་ཞིག་ཆགས་ཡོད་པ་གསུངས་སོང་། ལྷག་པར་དུ་ད་ལྟའི་ཆར་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་ཐོག་ལ་གསར་འགྱུར་བརྒྱུད་ལམ་སྟེང་ནས་ཚགས་ཚུད་པོས་སྤེལ་བཞིན་པའི་འཁྱོག་བཤད་ཁག་ལ་གདོང་ལེན་བྱ་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྒྲིག་འཛུགས་ཀྱི་ངོ་བོ་དང་དེ་བཞིན་བཙན་བྱོལ་ནང་གི་མང་ཚོགས་རྣམས་ལ་སྤེལ་བཞིན་པའི་ཤེས་ཡོན་དང་འཕྲོད་བསྟེན། མང་ཚོགས་ཀྱི་བདེ་སྡུག གཞན་ཡང་ཆབ་སྲིད་སོགས་ཀྱི་ལས་དོན་ཁག་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་དང་རྒྱལ་སྤྱིའི་ཁྲོད་ལ་སྤུས་ཚད་ལྡན་པ་ཞིག་དང་ངོས་འཛིན་ཐུབ་པ་ཞིག་བཟོ་དགོས་གལ་ཡིན་པ་གསུངས་ཡོད་པ་རེད། ད་རེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་ཉིན་གཅིག་གི་ཟབ་ཁྲིད་དེའི་ཐོག་ལ་རྒྱ་གར་གྱི་ Times of India དང་། Wire གསར་ཁང་གི་གསར་འགོད་པ་ཤོ་བྷན་སག་སེ་ན་མཆོག་དང་འདི་ལས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་གསར་འགྱུར་ཚན་པའི་འགན་འཛིན་སོགས་ནས་ལྷན་ཁང་ཁག་གི་མགྲིན་ཚབ་པ་དང་། གསར་འགོད་འབྲེལ་མཐུད་པ་ཚོར་གནས་ཚུལ་ཁྱབ་སྤེལ་བྱེད་ཕྱོགས་དང། སྒྲིག་འཛུགས་དང་བརྒྱུད་ལམ་ཁག་གི་འབྲེལ་བ། དྲ་རྒྱ་དང་སྤྱི་ཚོགས་འབྲེལ་མཐུན་བརྒྱུད་ནས་གནས་ཚུལ་འགོད་སྤེལ་བྱེད་ཐབས་སོགས་ཀྱི་སྐོར་ཟབ་ཁྲིད་དང་གོ་བསྡུར་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྒྱུད་ལམ་ཐོག་གནས་ཚུལ་འགོད་སྤེལ་བྱ་རྒྱུའི་ཐབས་བྱུས་བསྐྱར་བཟོ་དང་སྤྱི་ཚོགས་དྲ་རྒྱའི་དུས་སྐབས་འདིར་སྒྲིག་འཛུགས་ཀྱི་ངོས་ནས་གནས་ཚུལ་ཁག་མང་ཚོགས་ལ་དུས་ཐོག་ཏུ་གནང་ཐུབ་པ་བྱེད་ཡག་ལ་ཚོགས་འདུ་འདི་ལྟ་བུ་ཚོགས་གལ་ཡིན་པ་གསུངས་སོང་། རྩ་བའི་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་སོ་སོའི་ལས་དོན་དང་འབྲེལ་བའི་མགྲིན་ཚབ་པ་དང་གསར་འགོད་འབྲེལ་མཐུད་པ་ཡོད་པ་དང་།  ད་རེས་མགྲིན་ཚབ་པ་དང་ལྷན་ཁང་ཁག་གི་སྐུ་ཚབ་རྣམས་མཉམ་འཛོམས་ཀྱིས་ཕན་ཚུན་དབར་གྲོས་བསྡུར་དང་ཟབ་ཁྲིད་གནང་པ་དེ་ཆེས་ཐོག་མ་ཆགས་ཀྱི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དེ་གཞུང་འབྲེལ་མཛད་སྒོའི་གདན་ཐོབ་དང་པོར་བཞག་རྒྱུའི་བཅོས་འགྱུར་བཏང་འདུག

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཁ་ཉིན་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་བཏང་པའི་གཞུང་འབྲེལ་རྩ་འཛིན་བཀོད་ཁྱབ་ཅིག་གི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དེ་གཞུང་འབྲེལ་མཛད་སྒོའི་གདན་ཐོབ་དང་པོ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་གཉིས་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གསུམ་པར་བཅོས་འགྱུར་བཏང་འདུག བཀོད་ཁྱབ་དེའི་ནང་གསལ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན། མི་མང་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་བོད་མིའི་ཆབ་སྲིད་ཀྱི་སྲིད་སྐྱོང་གི་སྐུ་དབང་རྩིས་སྤྲོད་བཀའ་དྲིན་བླ་མེད་དུ་ཆེ་བ་ནས་བཟུང་། ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཆ་ཚང་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ནས་གནང་བཞིན་པ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་དེ་མཚུངས་དགོས་ངེས་ཀྱི་བསྐྱར་བཅོས་གནང་བ་སོགས་བྱུང་ཡོད། དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འཕར་གཞུང་འབྲེལ་མཛད་སྒོའི་སྐབས་སུ་བཞུགས་གྲལ་གདན་ཐོབ་ལའང་འགྱུར་བ་ཞིག་དགོས་ངེས་ཀྱང་། ད་ལྟ་བར་བཀའ་མོལ་གླེང་སློང་བྱུང་བ་ཙམ་ལས་འགྱུར་བཅོས་གཏན་འབེབས་བྱུང་མེད་པར་སོང༌། ཉེ་ཆར་དཔལ་ལྡན་བཀའ་ཤག་ནས་གོང་གསལ་གནས་དོན་དང་འབྲེལ་བའི་སྐོར་ཚོགས་མི་གསུམ་ལས་གྲུབ་པའི་བསྐྱར་ཞིབ་ཚོགས་ཆུང་ཞིག་བསྐོ་གཞག་གནང་ཡོད་པ་དང་། ཚོགས་ཆུང་ནས་སླད་ཕྱིན་གཞུང་འབྲེལ་མཛད་སྒོའི་ཐོག་བཞུགས་གྲལ་གདན་ཐོབ་འབུལ་ཕྱོགས་ཐད་བསྐྱར་བཅོས་གནང་འོས་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཞིག་འདི་ལོའི་ཟླ་ ༦ ཚེས་ ༨ ཉིན་ཕུལ་འབྱོར་བྱུང་བ་དེར་བཀའ་ཤག་ནས་ངོས་བཞེས་གནང་བ་ཞིག་རེད་འདུག སྤྱིར་དེ་སྔའི་གཞུང་འབྲེལ་མཛད་སྒོ་ཁག་གི་བཞུགས་གྲལ་གདན་ཐོབ་རྩ་འཛིན་ལྟར་བྱས་ན། དང་པོ་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་གཉིས་པར་སྤྱི་འཐུས་ཚོགས་གཙོ་དང་གསུམ་པར་བཀའ་བློན་ཁྲི་པ་བཅས་སོགས་བཞུགས་གྲལ་གདན་ཐོབ་གནང་ཡོད་ནའང་། ཐེངས་འདིའི་རྩ་འཛིན་ནང་དང་པོ་སྲིད་སྐྱོང་དང་གཉིས་པ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ། གསུམ་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་བཞི་པར་ཚོགས་གཞོན། ལྔ་པར་ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཉིས་དང་དེ་ནས་རིམ་པས་བཀའ་བློན་རྣམ་པ་སོགས་འཁོད་འདུག བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་དྲུང་ཡིག་ཆེན་མོ་སྟོབས་རྒྱལ་ཚེ་རིང་ལགས་ནས་ཐེངས་འདིའི་རྩ་འཛིན་ཡིག་ཆ་དེའི་སྐོར་དང་འབྲེལ་གཞུང་འབྲེལ་བརྒྱུད་ལམ་ལ། ད་རེས་བཞུགས་གྲལ་ནང་ལ་ཤུགས་ཆེ་བ་འདི་སྲིད་སྐྱོང་མཆོག་གི་གདན་ཐོབ་ལ་བསྒྱུར་བ་བཏང་ཡོད། བསྒྱུར་བ་བཏང་དགོས་རྒྱུ་དེའང་ཚོགས་ཆུང་གིས་གང་ཟག་སུ་ཡིན་མིན་ལ་མ་ལྟོས་པར། མ་འོངས་པར་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཕྱི་རྒྱལ་མི་སྣ་ཡིན་ནའང་རེད། རྒྱལ་ཁབ་གང་འདྲ་ཞིག་གི་ཐོག་ནས་ཡིན་ནའང་ད་ལྟ་ང་རང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བའི་སྐབས་འདིར་ཆེས་མཐོང་དང་ཚང་མས་མཐོང་ཐོབ་དགོས་རྒྱུའི་གནད་འགག་ཅིག་མཐོང་གི་འདུག དེའི་ཐོག་ལ་གདན་ཐོབ་འདི་སྒྲིག་ཡོད་ཅེས་གསུངས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ནས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱི་འོས་འདེབས་གནང་པའི་འགོ་ཁྲིད་རྣམས་ལ་གསོལ་བསྩལ་བསྐྱངས་རྗེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་དང་སྦྲགས་བཀའ་བློན་ཁྲི་པར་སྲིད་སྐྱོང་ཞེས་དང་། སྤྱི་འཐུས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་སྒྲིག་སོགས་ཀྱི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ཆོག་མཆན་དང་གསལ་བསྒྲགས་བསྐྱང་དགོས་པ་སོགས་འགྱུར་བ་ཁག་ཅིག་སོང་ཡོད་པ་རེད།

རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་བཟོ་མཁན་རྣམས་ནས་སྐྱབས་བཅོལ་བོད་མིའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་མི་ཆོག

དེང་སྐབས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་བོད་མི་ཉུང་བ་ཞིག་གིས་རྒྱ་གར་གཞུང་གི་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཁག་གི་གཞིར་བཟུང། ཁྲིམས་ཁང་བརྒྱུད་ནས་རང་ཉིད་རྒྱལ་ཁབ་དེའི་མི་སེར་ཡིན་པ་ར་སྤྲོད་དང་སྦྲགས་རྒྱལ་ཁབ་དེའི་ཕྱི་བསྐྱོད་ལག་འཁྱེར་རྩོད་བཞིན་པ་ལྟར། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཉེ་བའི་ཆར་ས་གནས་ཕྱི་བསྐྱོད་ལག་འཁྱེར་ལས་ཁུངས་ཡོངས་ལ། ཕྱི་ལོ་ ༡༩༥༧  ནས་ ༡༩༨༧ བར་གྱི་དུས་བཀག་ཁྲོད་རྒྱ་གར་ནང་སྐྱེས་པའི་བོད་མི་རྣམས་ལ་ཡུལ་དེའི་ཕྱི་བསྐྱོད་ལག་འཁྱེར་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། ད་ཆ་གསར་དུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཕྱི་བསྐྱོད་ལག་འཁྱེར་ཞུ་མཁན་གྱི་བོད་མི་དོ་བདག་ནས་སླད་ཕྱིན་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཐོབ་ཁུངས་ཁག་ནང་ཞུགས་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་གནང་བཞིན་པ་ཁག་ལོངས་སུ་སྤྱོད་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་ཁག་ཅིག་བཏོན་འདུག དེ་ཡང་ཁ་སང་ཚེས་ ༢༢ ཉིན་བོད་ཀྱི་ཉི་མའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་རིགས་བེུད་གཉིས་དང། བོད་པའི་དགེ་འདུན་པ་ཞིག་ནས་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་བཟོ་རྒྱུའི་ཚང་སྙན་ཕུལ་སྐབས་སུ་ལྷོ་ཕྱོགས་ Karnataka མངའ་སྡེའི་རྒྱལ་ས་ Bangalore ནང་དུ་རྟེན་གཞི་བྱས་པའི་ས་གནས་རྒྱ་གར་ཕྱི་བསྐྱོད་ལག་འཁྱེར་ལས་ཁུངས་ནས་ཁོང་རྣམས་ལ་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་བཟོ་ཆེད། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གཏན་འབེབས་གནང་པའི་དོན་ཚན་བཞི་ཅན་གྱི་ཆ་རྐྱེན་ཁག་ལེགས་གྲུབ་དགོས་པའི་ཡིག་ལན་གནང་ཡོད་འདུག དེ་བཞིན་ཡང་རྒྱ་གར་གྱི་ Chattisgarh མངའ་སྡེའི་ Mainpat བོད་མིའི་གཞིས་ཆགས་ནས་ཡིན་པའི་བོད་པའི་དགེ་འདུན་པ་ཞིག་ལ་མངའ་སྡེའི་རྒྱལ་ས་ Raipur ཕྱི་བསྐྱོད་ལག་དེབ་ལས་ཁུངས་ནས་ཡིག་ལན་གཅིག་མཚུངས་གནང་འབྱོར་བྱུང་འདུག་པ་མ་ཟད། བཞུགས་སྒར་རྡ་རམ་ས་ལའི་ Forsyth Ganj འི་བོད་མི་ཞིག་ལ་ཡང་ Shimla ས་གནས་ལས་ཁུངས་ནས་ལན་འདེབས་གཅིག་མཚུངས་གནང་འདུག རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་བོད་མི་ཕྱི་བསྐྱོད་ལག་འཁྱེར་བཟོ་འདོད་ཡོད་མཁན་རྣམས་ལ་བཞག་པའི་ཆ་རྐྱེན་བཞི་པོའི་ཁོངས་སུ་བོད་མི་དེ་དག་ནས་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཐོབ་ཁུངས་ཁག་ཏུ་ཞུགས་མི་ཆོག་པ། བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་གནང་བཞིན་པ་ཁག་ལོངས་སུ་སྤྱོད་མི་ཆོག་པ་སོགས་ཆེད་བཏོན་གནང་འདུག་སྟབས། རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་མཆོག་ལ་དེ་འབྲེལ་བཀའ་འདྲི་ཞུས་པ་ཡིན། རྩ་བའི་རྒྱ་གར་གཞུང་གི་ཁྲིམས་ནང་ཕྱི་ལོ་ ༡༩༥༧ ནས་ ༡༩༨༧ བར་རྒྱ་གར་ནང་སྐྱེས་པའི་བོད་མི་ཚང་མ་དང་དེ་དག་གི་བུ་ཕྲུག་སུ་འདྲ་ཞིག་ཡིན་ཡང་རྒྱ་གར་གྱི་མི་སེར་བྱེད་ཆོག་པ་འཁོད་དོན་ལྟར། འདས་པའི་ལོ་ཤས་ནང་རྒྱ་གར་ནང་བོད་མི་མི་ཉུང་བ་ཞིག་གིས་རྒྱ་གར་ཁྲིམས་ཁང་བརྒྱུད་ནས་རྒྱ་གར་གྱི་མི་སེར་གཞིར་བཟུང་ཕྱི་བསྐྱོད་ལག་འཁྱེར་རྩོད་པའི་གནད་དོན་བྱུང་ཡོད་པ་རེད། ཆ་རྐྱེན་ཚང་བའི་སྐྱབས་བཅོལ་བོད་མི་མང་པོ་ཞིག་ནས་ད་ལྟ་ཡང་རྒྱ་གར་གྱི་མི་སེར་ཐོབ་ཐང་ཞུས་རྗེས་དེས་མ་འོངས་པར་བོད་མིའི་རྩ་དོན་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་བསམ་ནས་ཐོབ་ཐང་དེ་ལོངས་སུ་སྤྱོད་ཀྱི་མིན་ཟེར་མཁན་ཡང་ཡོད་པ་རེད།

ཤེས་རིག་བཀའ་བློན་མཆོག་གིས་བྱིས་པའི་འགུལ་བརྙན་ཁག་ཅིག་དབུ་འབྱེད་གནང་སོང་།

བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དེ་རིང་ཉིན་རྒྱབ་བཞུགས་སྒར་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་བཟོ་སྐྲུན་གནང་པའི་བྱིས་པའི་འགུལ་བརྙན་ལེ་ཚན་ཁག་ཅིག་དབུ་འབྱེད་གནང་སོང་། དེ་རིང་དབུ་འབྱེད་མཛད་སྒོའི་སྟེང་དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ་ཞེས་པའི་སྒྲུབ་དེབ་ཀྱི་ལེའུ་གཉིས་དང་། དེ་བཞིན་སྟོན་པའི་མཛད་རྣམ་ལེ་ཚན་ཁག་གཉིས་ལེགས་གྲུབ་བྱུང་ཡོད་པ་དེ་གཟིགས་འབུལ་གནང་སོང་། ཐེངས་འདིའི་འགུལ་བརྙན་བཟོ་སྐྲུན་གནང་དགོས་དམིགས་གཙོ་བོ་ནི། རང་རིགས་བྱིས་པ་ཚོའི་ཆེད་བོད་སྐད་ནང་བཟོས་པའི་འགུལ་བརྙན་སྒྲུང་གཏམ་མེད་པའི་སྟོང་ཆ་སྐོང་ཐབས་དང་། ལྷག་པར་དུ་བྱིས་པ་ཚོར་འདི་ལྟ་བུ་ལྟ་རྒྱུར་དགའ་མོས་ཆེན་པོ་ཡོད་སྟབས། ལྟད་མོའི་ལམ་ནས་བོད་སྐད་ཤེས་རྒྱུར་རམ་འདེགས་སོགས་ཀྱི་ཆེད་དུ་ཡིན་པ་གསུངས་ཡོད། རྩ་བའི་ད་རེས་དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ་ཞེས་པའི་འགུལ་བརྙན་ལེའུ་གཉིས་ཚར་ཡོད་པ་དེ་ནི། ཕྱི་ལོ་༢༠༠༤ལོར་ཤེས་རིག་ནས་པར་སྐྲུན་གནང་པའི་སྒྲུང་དེབ་ལ་གཞི་བཅོལ་ནས་བཟོས་པ་ཞིག་ཡིན་པ་དང་། སྒྲུང་གཞན་རྣམས་རིམ་པས་བཟོ་སྐྲུན་གནང་འཆར་འདུག་པ་མ་ཟད། རྒྱ་གར་གྱི་Epic channel གྱི་སྟོན་པའི་མཛད་རྣམ་སྐོར་གྱི་ལེའུ་འཕྲོ་རྣམས་ཀྱང་འགུལ་བརྙན་ལམ་ནས་བཟོ་འཆར་འདུག

བོད་ཕྲུག་ཚོའི་ཁྲོད་ནས་བོད་མིའི་སྒྲིག་འཛུགས་བདག་པོ་རྒྱག་མཁན་ཐོན་དགོས་ཀྱི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཕྲུག་སློབ་མ་ཚོའི་ཁྲོད་ནས་བོད་མིའི་སྒྲིག་འཛུགས་བདག་པོ་རྒྱག་མཁན་དང་བོད་མིའི་རྩ་དོན་རྩོད་མཁན་ཐོན་དགོས་ཀྱི་རེད་ཅེས་གསུངས་སོང། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་མཚན་པའི་གོ་སྒྲིག་འོག་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་སློབ་མ་ཁག་ཅིག་ལ་བོད་དང་འགོ་ཁྲིད་ཀྱི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཐེངས་གཉིས་པ་གནང་བཞིན་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་འགོ་ཁྲིད་ཟེར་དུས་མགོ་རྙོག་དང་རྩོད་རྙོག དེ་བཞིན་འགལ་ཟླ་བཅས་ལ་གདོང་ལེན་ཐུབ་དགོས་པ་མ་ཟད། འཆར་སྣང་དང་འཆར་གཞི། ཐབས་བྱུས་བཅས་ལག་བསྟར་ཐུབ་པ་ཞིག་དགོས་པ་ནི་འགོ་ཁྲིད་ཀྱི་གནད་ཆེ་བའི་ཆ་རྐྱེན་ཞིག་རེད་ཅེས་གསུངས་པ་དང་སྦྲགས། བོད་ཕྲུག་ཚོའི་ཁྲོད་ནས་བོད་མིའི་སྒྲིག་འཛུགས་བདག་པོ་རྒྱག་མཁན་དང་བོད་མིའི་རྩ་དོན་རྩོད་མཁན་ཐོན་དགོས་པ་དང་དེར་གདམ་ཀ་ཡོད་མ་རེད་ཅེས་གསུངས་སོང་། དེ་རྗེས་སློབ་མ་ཞིག་ནས་དྲི་བ་དྲིས་ལན་སྐབས་སུ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནང་སྲིད་དོན་ཚོགས་པ་དགོས་གལ་ཡིན་མིན་ཐད་དྲི་བ་ཞུས་པར་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་འདི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པས་འགོ་ཁྲིད་དང་མང་ཚོགས་གཉིས་ཀྱི་ངོས་ནས་དེ་ལྟར་རྩོད་ཚེ་ལེགས་པ་ཡོད་སྐོར་གསུངས་སོང་། དེ་རིང་སྔ་དྲོ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ཐབས་བྱུས་ལས་ཤེས་ཡོན་དེ་གལ་ཆེ་ཤོས་ཆགས་ཡོད་སྐོར་གསུངས་ཡོད་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་མཚན་པའི་གོ་སྒྲིག་འོག་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་ བོད་ཕྲུག་སློབ་མ་ཚོ་རུ་ཁག་གཉིས་ལ་ཆ་བགོས་ཀྱི ས་རྒྱ་གར་གྱི་ Pune གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ MIT མཐོ་སློབ་ནང་གི་གཞུང་འཛིན་སློབ་གཉེར་ལྟེ་གནས་ཁང་དུ་སློབ་མ་ཚོར་རྒྱལ་སྤྱིའི་ཆབ་སྲིད་དང་གཞུང་འཛིན་སྒྲོམ་གཞི་དང་འགྲོ་སྟངས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲོད་ཀྱི་བོད་ཀྱི་ཆབ་སྲིད་གནས་བབ། རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་བདེ་འཇགས་སོགས་འགོ་ཁྲིད་ལ་མཁོ་བའི་བརྗོད་གཞི་འདྲ་མིན་ཐོག་ཆེད་ལས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་གནང་ཡོད་པ་རེད། དེ་བཞིན་སློབ་མ་ཁག་ཅིག་པུ་ནེ་ནང་གི་ཟབ་སྦྱོང་ལེགས་གྲུབ་ཟིན་རྗེས་བཞུགས་སྒར་རྡ་རམ་ས་ལར་འདུ་བསྐོང་གནང་འདུག་པ་དང་། ཁོང་རྣམ་པར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་དང་དང་གྲོས་ཚོགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སོགས་ཀྱི་ཐོག་ལ་ཟབ་ཁྲིད་གནང་གི་ཡོད་པ་རེད། རྩ་བའི་ཐེངས་འདིའི་འགོ་ཁྲིད་ཟབ་སྦྱོང་ནང་དུ་ Delhi དང་། Chennai དེ་བཞིན་ Baroda གཞན་ཡང་ Banglore སོགས་རྒྱ་གར་གྱི་མཐོ་སློབ་ཁག་འདྲ་མིན་ ༡༧ ནས་སློབ་མ་ ༡༡༠ ལྷག་མཉམ་ཞུགས་གནང་འདུག་པ་དང། ཤེས་རིག་ལས་ཁུངས་ཀྱིས་ཐེངས་འདིའི་ཟབ་སྦྱོང་ཆེད་དུ་འགྲོ་གྲོན་ཁྱོན་ཧིན་སྒོར་འབུམ་ ༧༥ བཏང་གནང་འདུག

ཁེ་ན་ཌའི་གྲོས་ཚོགས་སུ་ཀརྨ་པ་རིན་པོ་ཆེ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་་པར་དགའ་བསུའི་འཚམས་འདྲི་གནང་འདུག

ཁེ་ན་ཌ་སྤྱི་དམངས་ཚོགས་པའི་འཐུས་མི་སྐུ་ཞབས་ David Sweet ལགས་ནས་ཡུལ་དེའི་གྲོས་ཚོགས་ནང་དུ་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཁེ་ན་ཌའི་ནང་ཆིབས་བསྒྱུར་མཛད་པར་དགའ་བསུ་དང་འབྲེལ། ཁེ་ན་ཌའི་གཞུང་གི་ངོས་ནས་བོད་མིའི་རང་དབང་འཐབ་རྩོད་ལ་ངེས་པར་དུ་རྒྱབ་སྐྱོར་ཞུ་དགོས་གལ་ཡིན་པ་ནན་བརྗོད་གནང་འདུག ཁ་སང་ཟླ་ ༦ ཚེས་ ༡༣ ཉིན་སྐུ་ཞབས་ David Sweet ལགས་ནས་ཡུལ་དེའི་གྲོས་ཚོགས་ཀྱི་ལས་རིམ་ཞིག་གི་ཐོག་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཁེ་ན་ཌ་ནང་ཆེས་ཐོག་མའི་ཆིབས་བསྒྱུར་མཛད་པར་དགའ་བསུ་ཞུས་པ་དང་འབྲེལ། རིན་པོ་ཆེ་མཆོག་དེ་སྔ་དགུང་ལོ་ ༡༤ ལ་ཕེབས་སྐབས་རྒྱ་གཞུང་གི་སྡུག་རྩུབ་ལས་མཐར་ཐབས་སུ་བོད་ནས་བྲོས་བྱོལ་དུ་ཕེབས་དགོས་བྱུང་བའི་གནས་སྟངས་ངོ་སྤྲོད་གནང་པ་མ་ཟད། རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་དེས་དོན་དངོས་བོད་ནང་གི་ཆེས་ཉམ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དྲན་སྐུལ་གནང་གི་ཡོད་ཅེས་གསུངས་འདུག ལྷག་དོན་ཁོང་གིས་ཀརྨ་པ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་ནས་ད་ཆ་ལོ་ངོ་ ༡༦ ཙམ་ཕྱིན་ཟིན་ཡོད་ནའང་། བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་གནང་པའི་ད་བར་གྱི་སྙན་ཐོ་ནང་གསལ་ལྟར་ན་བོད་ནང་གི་གནས་སྟངས་ཇེ་བཟང་དུ་འགྲོ་རྒྱུ་ལས་ཉིན་རེ་བཞིན་ཆེས་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་སོགས་འབུར་བཏོན་གནང་པ་དང་ཆབས་ཅིག ཁེ་ན་ཌའི་གཞུང་གི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་གྱིས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་སྤྲོད་ཐབས་བྱེད་པའི་བརྒྱུད་བོད་མི་རྣམས་ནས་དེ་ལྟར་ལོངས་སུ་སྤྱོད་ཐུབ་པར་རེ་བ་གནང་བཞིན་ཡོད་ཅེས་གསུངས་འདུག རྩ་བའི་༸ཀརྨ་པ་རིན་པོ་ཆེ་མཆོག་ད་ལན་ཁེ་ན་ཌའི་ནང་ཆིབས་བསྒྱུར་ཐེངས་དང་པོ་བསྐྱང་པ་དང་བསྟུན། གཟའ་འཁོར་སྔོན་མའི་ནང་ཡུལ་དེའི་ Ontario མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་པ་མ་ཟད། ཁ་ཉིན་ Ottawa འི་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་འགའ་ཞིག་དང་མཇལ་འཕྲད་གནང་འདུག སྐབས་དེར་གྲོས་ཚོགས་འཐུས་མི་ Arif Virani ལགས་ཀྱིས་བོད་ཆས་སྤྲས་ཏེ་དེ་རིན་པོ་ཆེ་མཆོག་ད་ལན་ཁེ་ན་ཌའི་ནང་ཆིབས་བསྒྱུར་མཛད་པ་དང་། ལྷག་དོན་ Ottawa གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་གྲོས་ཚོགས་འཐུས་མི་རྣམ་པར་བཀའ་སློབ་ལམ་སྟོན་གནང་པར་དགའ་བསུའི་འཚམས་འདྲི་གནང་པ་དང་ཆབས་ཅིག རིན་པོ་ཆེ་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐད་དམིགས་བསལ་ཐུགས་འཁུར་བཞེས་བཞིན་པ་དང་ཁྱད་པར་དུ་འཛམ་གླིང་སྤྱིའི་ཡུལ་གྲུ་གང་སར་ནང་ཆོས་ངོ་སྤྲོད་བརྒྱུད་བཟང་སྤྱོད་ཀྱི་སྐོར་ལམ་སྟོན་གནང་བཞིན་པར་བསྔགས་བརྗོད་ཀྱང་ཞུས་འདུག ཐེངས་འདིའི་ཆིབས་བསྒྱུར་ཁྲོད་རིན་པོ་ཆེ་མཆོག་ནས་ཁེ་ན་ཌའི་ Toronto Star གསར་ཁང་གི་བཅར་འདྲི་དང་ལེན་མཛད་པ་དང་། དེ་མཚུངས་གྲོང་ཁྱེར་ཊོ་རན་ཊོའི་གཙུག་ལག་སློབ་གྲྭ་ཆེན་མོར་ནང་སེམས་ཀྱི་དྲན་ཤེས་དང་ཁོར་ཡུག་སྲུང་སྐྱོབ་ཐོག་འགན་འཁུར་བླངས་སྟངས་སྐོར་མང་ཚོགས་ལ་བཀའ་སློབ་དང་། ནང་བསྟན་བརྒྱུད་པ་གསུམ་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་དང་ཆོས་འབྲེལ་སོགས་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། དེ་རིང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཁེ་ན་ཌའི་ Calgary གྲོང་ཁྱེར་དུ་ས་གནས་མང་ཚོགས་དང་བོད་མིར་བཀའ་སློབ་བསྩལ་རྒྱུ་དང་། དེ་རྗེས་ཚེས་ ༡༨ ཉིན་ Vancouver གྲོང་ཁྱེར་གྱི་ས་གནས་བོད་མིར་འཕགས་པ་ཐུགས་རྗེ་ཆེན་པོའི་རྗེས་སྣང་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་བང་སྒྲིག་ཡོད་པ་རེད།

དབུས་སྨན་རྩིས་ཁང་གི་མཐོ་སློབ་གསར་བསྐྲུན་གྱི་ལས་གཞི་ཆེད་ཧིན་སྒོར་འབུམ་ ༥༠༠ ལྷག་གི་རོགས་དངུལ་ཐོབ་འདུག

རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་ནས་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ཉེ་འགྲམ་དུ་སྨན་རྩིས་མཐོ་སློབ་དང་སྨན་སྦྱོར་ཁང་སོགས་གསར་བསྐྲུན་གནང་འཆར་ཡོད་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལས་གཞི་དེའི་ཆེད་ཧིན་སྒོར་འབུམ་ ༢༠༠ ཐམ་པ་གསོལ་སྩལ་དང་དེ་བཞིན་རྒྱ་གར་དབུས་གཞུང་ AYUSH དང་ཀ་ཎ་ཊ་ཀ་མངའ་སྡེའི་གཞུང་ནས་ལོ་གསུམ་རིང་ལོ་ལྟར་འབུམ་ ༣༣༣.༣༣ ལྷག་གི་རོགས་དངུལ་གནང་གཏན་འཁེལ་འདུག བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བཀྲིས་ལགས་ནས་དེ་རིང་ཉིན་རྒྱབ་སྨན་རྩིས་ཁང་གི་ཚོགས་ཁང་དུ་དགེ་ལས་སློབ་མ་ཁག་གཅིག་ལྷན་འཛོམས་ཐོག་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་དང་འབྲེལ། ད་རེས་༸གོང་ས་མཆོག་དང་རྒྱ་གར་དབུས་གཞུང་  AYUSH དང་ཀ་ཎ་ཊ་ཀ་མངའ་སྡེའི་གཞུང་བཅས་ནས་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པ་གཉིས་ཀྱི་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་རྒྱ་བསྐྱེད་དང་ཚད་མཐོར་གཏོང་ཐབས་སུ་དངུལ་འབོར་ཕོན་ཆེ་གསོལ་བསྩལ་གནང་པར་ཐུགས་རྗེ་ཆེ་ཞུས་གནང་སོང་། ལས་འཆར་ལྟར་ན་དབུས་བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ཉེ་འགྲམ་དུ་མཐོ་སློབ་དང་འཛིན་སྐྱོང་སྨན་སྦྱོར། དེ་བཞིན་ལས་ཤག་བཅས་གསར་བསྐྲུན་གནང་འཆར་ཡོད་པར་ཁྱོན་འགྲོ་གྲོན་ཧིན་སྒོར་ས་ཡ་ ༡༠༠༠ ཙམ་འགྲོ་རྒྱུར་ཚོད་དཔག་གནང་བཞིན་པ་དང། དེའི་ཁྲོད་མཐོ་སློབ་ཚད་ལྡན་ཞིག་གསར་བསྐྲུན་ཁོ་ནའི་སླད་དུ་ཧིན་སྒོར་ས་ཡ་ ༥༠༠ ཙམ་གྱི་འགྲོ་གྲོན་ཆགས་ཀྱི་འདུག འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་མུ་མཐུད་ནས་གསུངས་པར་མཐོ་སློབ་དེ་རིང་མིན་ལོ་གཅིག་ནས་གཉིས་བར་གྱི་དུས་ཡུན་ནང་གསར་བསྐྲུན་ཟིན་རྒྱུ་ཡིན་པ་དང། ད་ལྟའི་ཆར་ལོ་གཅིག་ནང་སྨན་སློབ་གྲངས་ ༣༠ ལས་ཐོན་མེད་སྟབས། མ་འོངས་པར་སྦེང་ལོར་དུ་མཐོ་སློོབ་གནས་སྤོ་ཟིན་རྗེས་ལོ་རེའི་སློབ་ཐོན་སློབ་མའི་གྲངས་ ༦༠ བར་སྤར་སྣོན་དང་དེ་དེ་བཞིན་རྩིས་ཀྱི་སློབ་མའི་གྲངས་འབོར་ཡང་སྤར་རྒྱུ་ཡིན་པ་གསུངས་སོང། རྩ་བའི་དབུས་བོད་ཀྱི་སྨན་རྩིས་ཁང་ལ་རྒྱ་གར་ནང་ནས་ནད་པ་འབུམ་བདུན་ཙམ་ནས་སྨན་གཏུགས་བྱེད་མཁན་བྱུང་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༨༠ ལྷག་རྒྱ་གར་བ་ཆགས་ཀྱི་འདུག་པ་དང། དེ་ལྟ་བུའི་རྒྱ་གར་ནང་དུ་སྨན་གཏུགས་བྱེད་མཁན་གྲངས་འབོར་དང། གྲོང་ཁྱེར་ཆེ་ཁག་ཏུ་སྨན་ཁང་ཆེད་བཙུགས་དགོས་པའི་ཞུ་འབོད་གནང་མཁན་སོགས་ལ་གཞིགས་ན། སྨན་དང་སྨན་པ་འདང་ངེས་ཤིག་མེད་པའི་ངལ་བ་ལས་མང་དྲག་མེད་སྐོར་གསུངས་སོང་། ད་རེས་སྨན་རྩིས་ཁང་གི་ཡན་ལག་གསར་རྒྱག་དང་རྒྱ་སྐྱེད་ཀྱི་ལས་གཞི་དེར་གཞིགས་ཚེ་མ་འོངས་པར་དབུས་སྨན་རྩིས་ཁང་ལས་ས་གནས་ཡན་ལག་སྨན་རྩིས་ཁང་རྒྱ་ཆེ་བ་ཡོང་རྒྱུ་དང། སྤྱིར་ད་ལྟའི་ཆར་དབུས་སུ་སྨན་རྩིས་མཐོ་སློབ་ཏུ་ཕྱི་རྒྱལ་དང་ཧི་མཱ་ཡའི་རི་རྒྱུད་ཀྱི་སློབ་མ་ཚོ་དང་བོད་ཕྲུག་སློབ་མ་བཅས་གཅིག་མཚུངས་ལྟར་སློབ་གཉེར་གནང་གི་ཡོད་པ་རེད། སྦེང་ལོར་ཁུལ་གྱི་ཡན་ལག་སྨན་རྩིས་ཁང་གསར་རྒྱག་གི་ལས་གཞི་གྲུབ་རྗེས་དབུས་སྨན་རྩིས་ཁང་དུ་ཕྱི་རྒྱལ་དང་ཧི་མཱ་ལ་ཡའི་མི་རིགས་ཀྱི་སློབ་མ་ཁོ་ན་དང་། དེ་བཞིན་སྦེང་ལོར་སྨན་རྩིས་མཐོ་སློབ་ཏུ་བོད་ཕྲུག་སློབ་མ་འབའ་ཞིག་ལ་སློབ་སྦྱོང་གནང་རྒྱུ་ཡིན་པ་མ་ཟད། སློབ་ཞུགས་སློབ་མའི་ཞབས་སྟེགས་ཀྱི་གྲངས་འབོར་དེ་ཡང་ལྡབ་གཅིག་གི་སྤར་ཆ་གནང་རྒྱུ་རེད་འདུག

སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཁེ་སང་དང་དངུལ་བཟོ་རྒྱུ་ཆེད་དུ་མིན།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ནི་མང་ཚོགས་ཀྱི་བདེ་དོན་ཁོ་ནའི་ཆེད་དུ་ཡིན་པ་ལས་དེ་མིན་ཁེ་བཟང་དང་དངུལ་བཟོ་རྒྱུའི་བསམ་བློ་གང་ཡང་མེད་ཞེས་གསུངས་སོང་། དེ་རིང་ཟླ་ ༦ ཚེས་ ༡༢ ཉིན་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་སྒྲིག་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་དབུ་འཛུགས་ཞུས་ནས་ད་བར་ལས་གཞི་དེའི་ཐོག་དམིགས་ཚད་མ་ལོན་པའི་བོད་མིའི་གཞིས་སྒར་ཁག་ ༡༣ གྱི་འབྲེལ་ཡོད་འཕྲོད་ལས་པ་ཁག་ཅིག་འདུ་སྐོང་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིར་བསྐྱར་ཞིབ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་རེད། དེའང་གོང་ཚེས་ཉིན་སྔ་དྲོ་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུ་འབྱེད་ཀྱི་མཛད་སྒོར་ས་གནས་ཁག་གི་འཕྲོད་ལས་པ་ཚོ་བརྒྱུད་ནས་མང་ཚོགས་ལ་སྨན་བཅོས་ལྟ་སྐྱོང་ལས་གཞི་དེའི་དམིགས་ཡུལ་དང་དགེ་མཚན་ཇི་ཡོད་ཀྱི་གོ་རྟོགས་སྤེལ་ཐུབ་པ་བྱ་རྒྱུའི་འོས་འགན་ཡོད་ཅེས་གསུངས་པ་དང་འབྲེལ། སྤྱིར་རྒྱ་གར་གཞུང་གིས་སྤེལ་བཞིན་པའི་ Rashtriya Swasthya Bima Yojna ལ་སོགས་པའི་སྨན་བཅོས་ཀྱི་ལས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞི་དབར་དཔྱད་བསྡུར་གནང་མཐར་བོད་མིའི་སྒྲིག་འཛུགས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཡག་པ་མ་གཏོགས་ཞན་པ་མི་འདུག་ཅེས་གསུངས་སོང་། ལྷག་པར་དུ་བཀའ་བློན་མཆོག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞི་ནི། མང་ཚོགས་ཀྱི་བདེ་དོན་ཁོ་ནའི་ཆེད་དུ་ཡིན་པ་ལས་ཁེ་བཟང་དང་དངུལ་བཟོ་ཕྱིར་མ་རེད་ཅེས་གསུངས་ཡོད་པ་རེད། སྨན་བཅོས་ལྟ་སྐྱོང་ལས་གཞི་དེའི་ནང་དུ་མང་ཚོགས་ཇི་ཙམ་མང་བ་འཛུལ་ཞུགས་གནང་པ་དེ་ཚོད་ཀྱིས་ལས་གཞི་དེ་གོང་འཕེལ་ཡོང་རྒྱུ་སྤྱི་དང་སྨན་བཅོས་ཀྱི་དགོས་མཁོ་ཆེ་བའི་མང་ཚོགས་ལ་ཕན་ཐོགས་ཆེ་བ་ཡོང་ངེས་ཡིན་པ་སོགས་གསུངས་སོང། རྩ་བའི་བཙན་བྱོལ་ནང་གི་བོད་མི་ཁྲི་བརྒྱད་ལྷག་ལ་སྨན་བཅོས་ཉེན་སྲུང་མེད་པ་ཞིག་ཆགས་ཡོད་སྟབས། དེའི་སྔའི་བཀའ་ཤག་སྐབས་ ༡༣ པའི་དགོངས་དོན་དང། བཀའ་ཤག་སྐབས་ ༡༤ པའི་ལམ་སྟོན་བཅས་ཀྱི་འོག་ཕྱི་ལོ་ ༢༠༡༢ ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བོད་མི་ཚོར་འཕྲོད་བསྟེན་ཉེན་སྲུང་ཁོ་ན་ལ་སྨན་པའི་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཞེས་པ་འདི་དབུ་བཙུགས་གནང་ཡོད་པ་རེད། ད་ལྟའི་ཆར་ལས་གཞི་དེ་བོད་མིའི་གཞིས་སྒར་གྱི་ས་གནས་ཁག་ ༣༥ ལྷག་གི་ནང་སྤེལ་བཞིན་ཡོད་པ་མ་ཟད། ལས་གཞི་དེ་དབུ་བཙུགས་གནང་པ་ནས་བཟུང་ད་ལྟའི་ཆར་མང་ཚོགས་སྟོང་ཕྲག་ ༢༤ ལྷག་ནས་འཛུལ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འགན་འཛིན་སྐལ་ལྡན་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ལས་གཞི་དེ་དབུ་འཛུགས་ཞུས་ནས་ད་བར་མང་ཚོགས་འཛུལ་ཞུགས་བྱེད་མཁན་གྲངས་འབོར་འཕར་བཞིན་ཡོད་པ་མ་ཟད། སྔ་ལོ་ལས་འདི་ལོའི་ནང་ཚོགས་མི་བརྒྱ་ཙམ་འཕར་ཡོད་པ་གསུངས་སོང་བ་དང་ཆབས་ཅིག་ཏུ་ས་གནས་མང་ཚོགས་རྣམས་ཀྱི་ཁྲོད་གོ་རྟོགས་ཀྱི་ལས་གཞི་ཚགས་ཚུད་གཏོང་གལ་ཡིན་པ་གསུངས་སོང་།

Latest news