Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་དམིགས་བསལ་བཅར་འདྲི།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ ༢༠༡༧ ལོའི་ཟླ་ ༦ ཚེས་ ༡༢ ཉིན་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་ཕེབས་དོན་ལྟར་ཟླ་བ་འདིའི་ཚེས་ ༤ ཉིན་དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ་དངོས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ཡོད་པ་དང་བསྟུན། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༤ པར་ཕེབས་པའི་ཐུགས་ཚོར་ཇི་བྱུང་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཞུས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་སྲུང་བརྩི་ཞུས་སོང་།

བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་ནས་ད་བར་མི་ལོ་ ༧༡ ཧྲིལ་པོ་འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས་ཏེ་བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་ཐོག་བོད་ཀྱི་རྩ་དོན་མུ་མཐུད་ནས་རྩོད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་སོང་། རྩ་བའི་ཕྱི་ཟླ་ ༨ ཚེས་ ༡༥ སྟེ་དེ་རིང་གི་ཉིན་མོ་འདི་ནི། ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་གཙང་མ་ཐོབ་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པ་དང་།  ཉིན་མོ་འདིར་རྒྱ་གར་རྒྱལ་ཡོངས་ཀྱིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱ་གར་མི་མང་ཡོངས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་རེད། དེ་རིང་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་བཅས་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཐོག་ཆེས་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་གྱེར་པ་དང་དུས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་གནང་སྟེ་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༧༡ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རང་བཙན་ཉིན་མོར་གཞུང་མང་ཡོངས་ལ་འཚམས་འདྲི་གནང་པ་དང་འབྲེལ། རྒྱ་གར་གཞུང་མང་གཉིས་ནས་བོད་དང་བོད་མིའི་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་པ་ལྟརབཀྲིན་ཆེ་བའི་རྒྱལ་ཁབ་གཞན་སུ་གང་ཡང་མེད་ཅེས་གསུངས་པ་མ་ཟད། བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་དེ་རིང་གི་ཉིན་མོ་འདི་བཞིན་བོད་ལ་མགྱོགས་མྱུར་འཆར་ངེས་ཡིན་སྟབས། བོད་མི་ཚོས་ཀྱང་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་ཐོག་བོད་ཀྱི་འཐབ་རྩོད་མུ་མཐུད་རྩོད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་སོང་། དེ་རིང་གི་ཉིན་མོ་འདི་དང་བསྟུན་བཞུགས་སྒར་དྷ་རྨ་ས་ལའི་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། རྒྱ་གར་གྱི་ས་གནས་འདྲ་མིན་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་ཀྱང་རྒྱ་གར་གཞུང་མང་གཉིས་དགའ་བསུའི་འཚམས་འདྲི་དང་བཀྲིན་རྗེས་དྲན་ཞུ་རྒྱུའི་བྱེད་སྒོ་སྣང་མང་སྤེལ་ནས་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་ཞུ་མུས་ཡིན་པ་དང་འདི་བཞིན་ངོ་དེབ་ལ་སོགས་པའི་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག་ཏུ་རྒྱ་གར་གྱིས་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་རྒྱ་གར་གྱི་མཚོན་དོན་གསུམ་ཅན་གྱི་རྒྱལ་དར་པར་བཞག་སྟེ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུས་ཡོད་པ་མངོན་རྒྱུ་འདུག ཁག་ཅིག་གིས་རྒྱ་གར་གཞུང་མང་ཡོངས་ཀྱི་ངོས་ནས་ད་བར་བོད་མིའི་ཐོག་མཐུན་འགྱུར་རོགས་རམ་གང་ལེགས་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང། ལ་ལས་བསྟོད་དབྱངས་སོགས་ཕུལ་ནས་རྒྱ་གར་རང་བཙན་ཉིན་མོར་སྲུང་བརྩི་ཞུས་འདུག

བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཞེས་པའི་འབོད་ཚིག་འོག་ངོ་རྒོལ་ལས་འགུལ་སྤེལ་བ།

རྒྱ་གར་དང་རྒྱ་ནག་གཉིས་དབར་ད་ལྟ་ས་མཚམས་ཀྱི་གནད་དོན་དང་འབྲེལ་རྩོད་རྙོག་འགྲོ་བཞིན་པའི་སྐབས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་པའི་བརྒྱུད་བོད་དང་རྒྱ་གར་དབར་མ་གཏོགས་རྒྱ་ནག་དང་རྒྱ་གར་དབར་ས་མཚམས་ཀྱི་རྩོད་རྙོག་ཟེར་བ་ཞིག་ཡོང་དགོས་དོན་མེད་པ་དང་། ལྷག་དོན་འཛམ་གླིང་གི་ཆབ་སྲིད་འགྱུར་གྲོས་ལ་གཞིགས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འབྲོག་ལམ་ཁུལ་གྱི་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་པ་གསུངས་ཡོད། དེ་རིང་ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲོག་འོག་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇནྟར་མནྟར་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་ལས་འགུལ་བ་མི་གྲངས་ ༡༥༠ ལྷག་ནས་མཉམ་ཞུགས་ཀྱིས་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པའི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་གནང་སོང་བ་དང་། །   ལས་འགུལ་བ་ཚོས་ Hindi Chini Bhai Bhai, Ye Chin Ka Dhoka Hai  ཞེས་རྒྱ་གར་དང་རྒྱ་ནག་གཉིས་སྤུན་ཟླ་ཡིན་པའི་འབོད་ཚིག་དེ་རྒྱ་ནག་གིས་མགོ་སྐོར་བཏང་པ་ཞིག་རེད། དེས་ན་བོད་རང་བཙན་རྒྱ་གར་གྱི་བདེ་འཇག་རེད་ཅེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་གནང་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་ཀྱིས་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གཞུང་དམངས་གཉིས་ལ་བོད་མི་རྣམས་དུ་རྟག་ཏུ་ཁོང་རྣམ་པའི་རྒྱབ་ཏུ་ཡོད་པའི་བརྡ་ལན་སྤྲོད་ཐབས་ཤིག་དང་། རྒྱ་གཞུང་ལ་བཟང་སྤྱོད་ལྡན་པའི་སྒོ་ནས་བོད་མིར་རང་བཙན་སྤྲོད་དགོས་པའི་བརྡ་ལན་མངོན་པ་གསལ་བ་ཞིག་སྤྲོད་རྒྱུ་བཅས་ལ་ཆེད་དམིགས་གནང་ཡོད་སྐོར་གསུངས་སོང་། དེ་རིང་ཇནྟར་མནྟར་ལས་འགུལ་དེའི་སྐབས་བོད་མི་ཙམ་མ་ཟད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་ཅིག་ནས་ཀྱང་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་པ་ལྟར། ང་ཚོས་གསར་འགོད་པ་གྲགས་ཅན་སྐུ་ཞབས་ Vijay Kranti  མཆོག་ལ་དགོངས་ཚུལ་ཇི་ཡོད་ཐད་བཅར་འདྲི་ཞུས་པར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་མ་ཟད་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་རྒྱ་གར་གཞུང་དམངས་གཉིས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པ་དང་།  ལྷག་པར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་རྒྱ་གར་ལ་ས་མཚམས་ཀྱི་བདེ་འཇགས་ཐོག་ཉེན་ཁ་འཕྲད་བཞིན་པ་དང་བོད་ལ་རང་བཙན་མ་རག་གི་བར་དུ་རྒྱ་གར་ལ་དཀའ་ངལ་དེ་མུ་མཐུད་འཕྲད་ངེས་ཡིན་པ་སོགས་གསུངས་སོང་། གཞི་རྩའི་དེ་རིང་གི་ལས་འགུལ་དེའི་ནང་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་།  ལ་དྭགས་རྡ་རམ་ས་ལ།    རོ་ཧི་ནི་བོད་ཁྱིམ་སྡོད་ཁང་བཅས་ཀྱི་བོད་མི་རྒན་གཞོན་བར་གསུམ་ནས་མཉམ་ཞུགས་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཁྲོད་འདས་པའི་ལོ་ ༦༠ དེ་ཆེས་ནོར་འཁྲུལ་ཅན་ཞིག་ཡིན་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཁ་སང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ Canberra ནང་རྒྱ་རིགས་ཁག་ཅིག་ལ་གསུང་བཤད་གནང་སྐབས་རྒྱ་གཞུང་གིས་དམ་དྲག་ལ་ལྟོས་མེད་བོད་མིའི་ཕྱོགས་ནས་རྒྱ་རིགས་ཚོར་འཁོན་འཛིང་གི་བློ་ནམ་ཡང་བཅང་མྱོང་མེད་པ་དང་། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཁྲོད་འདས་པའི་ལོ་ ༦༠ དེ་ཆེས་ནོར་འཁྲུལ་ཅན་ཞིག་ཡིན་པ་གསུངས་འདུག ཁ་སང་ཟླ་ ༨ ཚེས་ ༧ ཉིན་རྒྱ་བོད་མཛའ་འབྲེལ་ཚོགས་མི་རྣམ་པས་སྲིད་སྐྱོང་མཆོག་ལ་ Canberra ནང་ཡོད་པའི་ཐང་རྒྱལ་རབས་ཀྱི་ཟ་ཁང་དུ་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་བསྟུན། སྲིད་སྐྱོང་མཆོག་གིས་བོད་བཙན་པོའི་རྒྱལ་རབས་དང་ཐང་རྒྱལ་རབས་དབར་བྱུང་བའི་ཐོག་མའི་འབྲེལ་ལམ་སྐོར་ངོ་སྤྲོད་གནང་པ་འབྲེལ། བོད་མི་ཚོའི་ངོས་ནས་དུས་ད་ལྟ་ཡང་ལྷ་སའི་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་བརྙན་དང་དེ་བསྣམས་ཕེབས་མཁན་རྒྱ་བཟའ་ཀོང་ཇོ་གཉིས་ལ་དད་གུས་ཞུ་མུས་ཡིན་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་བོད་མིའི་ཐོག་ཚད་ལས་འགལ་བའི་དྲག་གནོན་བྱས་པ་མ་ཟད་ལྷག་དོན་ཇོ་ཁང་ངམ་གཙུག་ལག་ཁང་གི་ཡང་སྟེང་དང་དེའི་གཡས་གཡོན་སོགས་སུ་རྟག་ཏུ་དྲག་ཆས་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་མཆོད་མཇལ་བ་རྣམས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག སྲིད་སྐྱོང་མཆོག་གིས་བོད་བཙན་པོའི་རྒྱལ་རབས་དང་ཐང་རྒྱལ་རབས་བར་གྱི་འབྲེལ་ལམ་དང་ཡང་ན་དེའི་སྔོན་གྱི་འབྲེལ་ལམ་ལ་ཕྱི་ལྟ་བྱ་ཚེ། རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་ལམ་ཁྲོད་ཉེ་བའི་ལོ་ ༦༠ དེའི་རིང་གི་འབྲེལ་ལམ་དེ་ཆེས་བློ་ཕམ་དང་ནོར་འཁྲུལ་ཅན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་པ་མ་ཟད། ང་ཚོས་དེ་སྔ་ཐང་རྒྱལ་རབས་སྐབས་བོད་མིར་གནས་བབས་གང་ཡོད་པ་དེ་ངོ་བཞེས་ཐུབ་ཀྱི་ཡོད་ཀྱང་། འདས་པའི་ལོ་ ༦༠ དེ་ཆེས་ནོར་འཁྲུལ་ཅན་གྱི་འབྲེལ་ལམ་ཞིག་ཆགས་ཡོད་པས་དེ་སླར་དགོས་སམ་ཞེ་ན་ངོས་ལེན་རྩ་བ་ནས་ཞུ་ཐུབ་ཐབས་མེད་ཅེས་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་རིགས་དེ་དག་ལ་བོད་མིའི་ངོས་ནས་རྒྱ་ནག་གི་ས་ཁོངས་བདག་དབང་དང་མེས་རྒྱལ་གཅིག་སྒྲིལ་བཅས་ལ་བསམ་ཤེས་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་གཙོ་བོ་འདས་པའི་རྒྱ་བོད་གཉིས་དབར་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞིགས་པའི་ཆེས་འཚམས་པ་ཞིག་ཆགས་ཀྱི་ཡོད་པ་དང་། སྲིད་བྱུས་དེ་ནི་རྒྱ་གཞུང་གི་རྩ་ཁྲིམས་ནང་གང་གསལ་བ་ལྟར་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་བཞིན་ཡོད་ཅེས་བསྐྱར་ནན་གསུངས་འདུག གཞན་ཡང་ཁོང་སྒེར་གི་ངོས་ནས་བོད་མིའི་འཐབ་རྩོད་དེ་གོ་སྐབས་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་གྱི་ཡོད་པ་དང་། འཐབ་རྩོད་དེའི་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་མང་གཙོར་ཤར་སྐྱོད་གནང་ནས་རྒྱ་རིགས་སྤྱི་དང་སྒོས་སུ་བོད་མི་བཅས་ལ་གང་མགྱོགས་རང་དབང་ཐོབ་པའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་ཆ་ཨོ་སི་ཊོ་ལི་ཡ་ནང་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་པ་དང་བསྟུན། Guardian གསར་ཤོག་ཐོག་དཔྱད་རྩོམ་ཞིག་སྤེལ་པའི་ནང་རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་ཀྱི་ལས་གཞི་གང་ཞིག་བརྩམ་རུང་དེ་དག་ཐམས་ཅད་ཁོར་ཡུག་དང་རིག་གཞུང་ལ་དོ་ཕོག་མི་འགྲོ་བ་དང་ས་གནས་ཀྱི་བོད་མིར་དཔལ་འབྱོར་གྱི་ཁེ་ཕན་སྐྲུན་ཐུབ་དགོས་ངེས་ཤིག་དགོས་གལ་ཡིན་པར་ནན་བརྗོད་གནང་འདུག སྲིད་སྐྱོང་མཆོག་གིས་སྤེལ་བའི་དཔྱད་རྩོམ་དེའི་ནང་བོད་འདི་ཨེ་ཤ་ཡའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་འཚོ་རྟེན་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཆེས་ཐོག་མར་རྒྱ་ནག་གི་མི་མང་རྣམས་ལ་དོ་ཕོག་ཤུགས་ཆེ་ཐེབས་ངེས་ཡིན་པ་སོགས་གསུངས་འདུག རྒྱ་ནག་གི་ཚན་རིག་པ་ཚོས་འདས་པའི་ལོ་ཤས་རིང་བོད་ནང་རང་བྱུང་སྲུང་སྐྱོབ་ས་ཁུལ་ཇེ་མང་དུ་གཏང་དགོས་པའི་གྲོས་འཆར་གནང་པ་མ་ཟད། འདི་ལོའི་ཕྱི་ཟླ་བཞི་པའི་ནང་བོད་མཐོ་སྒང་གི་ས་ཁུལ་ཆ་ཚང་རྒྱལ་ཡོངས་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་བསྒྱུར་འཆར་ཡོད་པ་ཡོངས་བསྒྲགས་གནང་པ་བཅས་ནི་དགའ་བསུ་ཞུ་རྒྱུའི་རྣམ་པ་ཞིག་ཆགས་ཡོད་ཀྱང་། ལས་གཞི་དེ་དངོས་སུ་ལག་བསྟར་སྐབས་བོད་མཐོ་སྒང་གི་ཚོར་བ་རྣོ་བའི་ཁོར་ཡུག་གནས་བབས་ཐོག་ངེས་པར་དུ་དགོངས་པ་བཞེས་དགོས་པ་དང་། རྒྱ་གཞུང་གིས་དུས་ད་ལྟ་བར་དུ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞིར་ཁ་གཡར་ནས་བོད་ནང་གི་འབྲོག་པ་ས་ཡ་འགའ་ཤས་གནས་སྤོས་ཟིན་པ་དང་དེ་བཞིན་རྒྱ་རིགས་མི་འབོར་ཕོན་ཆེ་བོད་ནང་གཞི་སྤོས་བྱས་པ་མ་ཟད། ཆུ་མཛོད་གསར་རྒྱག་གི་ལས་གཞི་འོག་གང་བྱུང་གཏེར་ཁ་སྔོག་འདོན་སོགས་བྱས་པ་དེས་མི་ཐེར་འབུམ་དུ་མའི་འཚོ་རྟེན་ལ་དོ་ཕོག་འགྲོ་ངེས་ཡིན་པ་གསུངས་འདུག དེ་མཚུངས་སུ་རྒྱ་གཞུང་ནས་བོད་མཐོ་སྒང་ནང་འཛུགས་སྐྲུན་གྱི་ལས་གཞི་གང་ཞིག་བརྩམས་རུང་དེ་དག་ཐམས་ཟད་ཁོར་ཡུག་ལ་མི་གནོད་པ་དང་བོད་མིའི་གནའ་བོའི་གོམས་སྲོལ་དང་མཐུན་པ། དེ་བཞིན་དཔལ་འབྱོར་གྱི་ཐོག་ནས་ས་གནས་ཀྱི་བོད་མིར་ཁེ་ཕན་སྐྲུན་ཐུབ་པ་ཞིག་དགོས་གལ་ཡིན་པ་དང་། དེང་ཆར་བོད་མཐོ་སྒང་འདི་རྒྱ་གཞུང་གིས་ཆུ་མཛོད་རྒྱག་ས་དང་གཏེར་འདོན་ལས་གཞི་སྤེལ་ཡུལ་གཙོ་གྲས་ཤིག་ཆགས་ཡོད་པས་ཨེ་ཤ་ཡའི་ཁྱབ་ཁོངས་ཀྱི་ཆུའི་ས་ཁྲ་ལ་དོ་ཕོག་བཏང་བ་ཙམ་མིན་པར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་ཀྱི་ཁོར་ཡུག་གནས་སྟངས་ལ་ཉེན་ཚབས་ཆེན་པོ་བཟོ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་སོགས་བཀོད་འདུག

སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡ་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨོ་སི་ཊོ་ལི་ཡ་ནང་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་པ་དང་བསྟུན། ཡུལ་དེའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་མཇལ་འཕྲད་སྐབས་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༥ ཉིན་ Sydney ནང་གི་སྙན་སྒྲགས་ཆེ་བའི་ Opera House ཚོགས་ཁང་དུ་བོད་དོན་གསུང་བཤད་ཀྱི་ལས་རིམ་གྲུབ་རྗེས་ཕྱི་ཚེས་ ༦ ཉིན་ཡུལ་དེའི་ Fairfax Media ཞེས་པའི་ Australia དང་། New Zealand གཉིས་ནང་གི་གསར་ཁང་ཆེ་ཤོས་ཀྱི་བཅར་འདྲི་དང་ལེན་གནང་པར་རྒྱ་ནག་ཞུང་གིས་བོད་ནང་དྲག་གནོན་གྱི་ལས་དོན་མཚམས་འཇོག་ཐོག་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་སྤྲད་པ་ཡིན་ན། བོད་མིའི་ངོས་ནས་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མ་རེད་ཅེས་དང་། གནད་དོན་དེ་དོན་སྨིན་སོན་པར་ཨོ་སི་ཊོ་ལི་ཡ་གཞུང་གི་ངོས་ནས་བོད་མིའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག སྲིད་སྐྱོང་མཆོག་གིས་སྐབས་དེར་ད་དུང་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བསྐོ་གཞག་བྱས་པའི་རྒྱ་རིགས་དཔོན་པོ་ཞིག་ཡིན་ཀྱང་། སྲིད་སྐྱོང་མཆོག་ནི་བོད་མི་མང་གིས་རྒྱབ་སྐྱོར་གནང་ཐོག་བོད་མིའི་འགོ་ཁྲིད་ཅིག་ལ་བསྐོ་གཞག་གནང་ཡོད་སྐོར་གསུང་པ་དང་འབྲེལ། དེ་སྔ་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་ནས་འོས་འདེམས་བྱས་པའོ་འགོ་ཁྲིད་ལ་གསོམ་སྩལ་གནང་ཡོད་པ་ལུང་འདྲེན་གྱིས་དེ་ནི་མ་འོངས་པར་བོད་མིའི་འཐབ་རྩོད་དེ་གང་ཟག་གཅིག་ལ་རག་ལུས་མེད་པས་བོད་མི་ཚོས་རྒྱུན་སྐྱོང་གནང་ཐུབ་རྒྱུ་ཡོད་པ་ཞིག་ཡིན་པ་མངོན་གསལ་གནང་འདུག ལྷག་པར་དུ་སྲིད་སྐྱོང་མཆོག་གིས་དེང་སྐབས་བོད་མཐོ་སྒང་གི་ཚོར་བ་རྣོ་བའི་ཁོར་ཡུག་ཐོག་རྒྱ་གཞུང་གིས་རྒྱ་རིགས་མི་འབོར་ཕོན་ཆེ་གཞི་སྤོས་བྱེད་བཞིན་ཁར་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེ་སྤེལ་བ་དེ་དག་གིས་བོད་ཀྱི་ཁོར་ཡུག་སྤྱི་དང་སྒོས་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་ཙམ་གྱི་འཚོ་རྟེན་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཆེས་ཐོག་མར་རྒྱ་ནག་གི་མི་མང་རྣམས་ལ་དོ་ཕོག་ཤུགས་ཆེ་ཐེབས་ངེས་ཡིན་པ་སོགས་གསུངས་འདུག དེ་བཞིན་ཁོང་རང་ཉིད་བཙན་བྱོལ་ནང་དུ་སྐྱེས་པའི་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མཐོང་མྱོང་མེད་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ངོ་མ་ལྷ་ས་ནང་དུ་ཕྱིར་ཕེབས་ཐུབ་པར་རེ་བ་ཞུ་བཞིན་ཡོད་སྐོར་དང། Australia མང་ཚོགས་ཀྱི་ངོས་ནས་ད་བར་རྒྱབ་སྐྱོར་གང་ཐུབ་གནང་པར་ཐུགས་རྗེ་ཆེ་ཞུས་པ་འབྲེལ་ནམ་ཞིག་བོད་མིའི་བདེན་དོན་དེ་སེལ་ཐུབ་ངེས་ཡིན་པས་ཨོ་སི་ཊོ་ལི་ཡ་གཞུང་མང་གཉིས་ནས་རྒྱབ་སྐྱོར་མི་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག རྩ་བའི་སྲིད་སྐྱོང་མཆོག་ཕྱི་ཚེས་ ༥ ཉིན་ Sydney ནང་གི་ལས་རིམ་གྲུབ་རྗེས་ཁ་སང་ཕྱི་ཚེས་ ༦ ཉིན་སྔ་དྲོ་ཁུལ་དེའི་རྒྱ་རིག་མང་ཚོགས་ལྷན་དུ་ད་ལྟའི་བོད་ནང་གི་གནས་སྟངས་ལ་གཞིགས་པའི་མ་འོངས་བོད་ཀྱི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་གྲོས་བསྡུར་ལས་རིམ་ནང་མཉམ་ཞུགས་གནང་པ་མ་ཟད། ཉིན་རྒྱབ་ཏུ་ New South Wales མངའ་ཁུལ་དུ་གནས་སྡོད་བོད་རིག་མང་ཚོགས་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད་འདུག  

སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གྲོས་ཚོགས་འཐུས་མིར་མཇལ་འཕྲད་ཀྱིས་བོད་དོན་ཞུ་འབོད་གནང་བཞིན་པ།

རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆར་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས་རྣམ་གཉིས་ཟླ་ ༧ ཚེས་ ༣༡ ཉིན་རྒྱལ་ས་ལྡི་ལིར་ཕེབས་འབྱོར་བྱུང་ཡོད་པ་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ནས་རྒྱ་གར་གྲོས་ཚོགས་འཐུས་མི་གསར་རྙིང་གང་མང་ཞིག་ལ་བོད་ཀྱི་གནད་དོན་ཞུ་འབོད་གནང་ནས་ཁ་ས་བར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་འཐུས་ ༡༨ ལྷག་ཙམ་ཞིག་དང་མཇལ་འཕྲད་ཞུ་ཐོག་བོད་དོན་ཞུ་འབོད་གནང་ཐུབ་པ་བྱུང་འདུག་པ་མ་ཟད། ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ད་བར་མཇལ་འཕྲད་བྱུང་བའི་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་ཚང་མའི་ངོས་ནས་བོད་དོན་ལ་དམིགས་བསལ་གྱི་ཐུགས་སྣང་ཆེན་པོ་གནང་པ་མ་ཟད།  བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་གཉིས་ལ་ཡང་སྣེ་ལན་དང་ཆེ་མཐོང་གང་འོས་གནང་ཡོད་པ་སོགས་གསུངས་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་གཉིས་ནས་ཟླ་ ༨ ཚེས་ ༩ བར་ཞུ་འབོད་ཀྱི་ལས་དོན་དེ་མུ་མཐུད་གནང་རྒྱུ་རེད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མི་ཚོར་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་འདས་མ་ད་གསུམ་གྱི་གནས་སྟངས་སྤྱི་དང་སྒོས་མ་འོངས་པའི་དམིགས་ཡུལ།  རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་གང་འདྲ་ཡོད་མེད་བཅས་ཀྱི་གནས་སྟངས་གསལ་བཤད་ཞུས་ཡོད་པ་དང་ཚོགས་ལ་ཉེ་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་མཉམ་ཞུགས་ཡོང་བའི་རེ་འདུན་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད་པ་གསུངས་སོང་། ལྷག་དོན་ཁོང་རྣམས་ནས་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་པ་དང་འབྲེལ་ཉེ་བའི་ཆར་རྒྱ་གར་དང་རྒྱ་ནག་གཉིས་བར་གྱི་ས་མཚམས་རྩོད་རྙོག་གི་གནད་དོན་དེ་གསར་འགྱུར་གཙོ་བོ་ཞིག་ཆགས་ཀྱི་ཡོད་སྟབས། ཁོར་ཡུག་དེའི་འོག་ནས་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་དོན་ལ་དམིགས་བསལ་གྱི་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་སོགས་འགྲེལ་བརྗོད་ཀྱང་གནང་གི་འདུག ཡང་འདི་ག་རླུང་འཕྲིན་ཁང་ནས་སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་རྒྱ་གར་གྲོས་འཐུས་ཚོའི་ངོས་ནས་རྣམ་འགྱུར་དང་བོད་མིའི་ཕྱོགས་ལ་རེ་བ་གང་གནང་གི་ཡོད་མེད་ཐོག་བཅར་འདྲི་ཞུས་པར་གྲོས་ཚོགས་འཐུས་མི་མང་ཆེ་བས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ལ་ཡི་རངས་བསྔགས་བརྗོད་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་སྐུ་ནའི་བབ་ཀྱི་ཐད་ཐུགས་ཚབས་ཆེན་པོ་གནང་གི་ཡོད་པ་དང་། ལྷག་དོན་ཁོང་རྣམས་ནས་༸གོང་ས་མཆོག་གི་ཞལ་མཇལ་ཞུ་རྒྱུར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་གསུངས་སོང་བ་དང་། དེ་བཞིན་རྒྱུན་དུ་བོད་མི་ཚོའི་ངོས་ནས་རྒྱ་གར་དཔོན་རིགས་ཚོ་དང་མཇལ་འཕྲད་ཞུ་སྐབས་གནས་སྐབས་ཀྱི་མཐུན་རྐྱེན་དང་རོགས་རམ་ཁྱེར་རྐྱང་མ་ཞུས་པར་རྒྱ་ཆེ་ས་ནས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་བོད་ཀྱི་བདེན་དོན་སེལ་ཐབས་ཀྱི་བཀའ་མོལ་ཞུ་ཐུབ་ཐབས་བཅས་ལ་འབད་བརྩོན་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་།

གུས་འདུད་དང་ཆེ་མཐོང་ལྡན་པའི་ཐོག་ནས་པ་སངས་དོན་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་།

དེ་རིང་ཕྱི་ཟླ་ ༨ ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༦ སྟེང་དམ་པ་དེ་ཉིད་ཀྱི་སྐུ་ཕུང་བདེ་ལེགས་སྨན་ཁང་ནས་རྡ་སར་རྟེན་གཞི་བྱས་པའི་ལྷ་རྒྱལ་རིའི་མདུན་ཐང་དུ་གདན་ཞུས་ཀྱིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་པའི་སྤྱི་འཐུས་རྣམ་པ། དེ་བཞིན་ས་གནས་འཛིན་དང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་སོགས་ཆེད་ཕེབས་ཀྱིས་བོད་མི་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་དེ་ཉིད་ལ་བསྔོ་སྨོན་གསོག་སྒྲུབ་དང་། མྱ་ངན་གུས་འདུད་ཀྱི་མཇལ་དར་སྒྲོན་འབུལ་གནང་ཡོད། འདུ་འཛོམས་དེའི་ཐོག་རྒྱལ་གཅེས་པ་དེ་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོག་སྦྱངས་གནང་པ་ལས་ཚོགས་པ་སྒྲིག་འཛུགས་ཀྱི་གསུང་བཤད་སོགས་གང་ཡང་གནང་མེད་པ་རེད། ལྷ་རྒྱལ་རིར་བསྔོ་སྨོན་འདུ་འཛོམས་གྲུབ་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་དང་སྦྲགས། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་རིང་ང་ཚོ་བཀའ་ཤག་འདིར་བཅར་དོན་ནི་བོད་མི་ཞིག་ཡིན་པ་དང་ནང་པ་ཞིག་ཡིན་པའི་ཆ་ནས་རང་སྲེག་གནང་མཁན་བཙན་བྱོལ་ནང་ནས་ཡིན་ཡང་བོད་མི་ཞིག་འདས་གྲོངས་སུ་གྱུར་སྐབས་སེམས་ལ་ལྗིད་ཏིག་ཞིག་ཡོང་གི་འདུག རང་སྲེག་གནང་མཁན་སུ་ཡིན་ཡང་ཁོང་རྣམ་པའི་ཀུན་སློང་དང་ལྷག་བསམ་ལ་ངོས་འཛིན་ཞུ་གྱི་ཡོད། འོན་ཀྱང་བཀའ་ཤག་ནས་གསལ་པོ་གང་ཞིག་ཞུས་ཡོད་ཅེ་ན་བོད་ནང་ལ་རང་སྲེག་གནང་མཁན་ཡིན་ནའང་དེ་ལྟར་མ་གནང་རོགས་ཞེས་ཞུས་ཡོད། ནང་པ་ཞིག་ཡིན་པའི་ཆ་ནས་འདས་གྲོངས་སུ་གྱུར་བར་མཆོད་འབུལ་ཞུ་གྱི་ཡོད། བོད་ནང་ལ་ཡོད་པའི་བོད་མི་ཚོས་རང་སྲེག་གནང་པ་དེའི་མངོན་འདོད་འགྲུབ་ཕྱིར་ང་ཚོའི་ངོས་ནས་འབད་བརྩོན་ཞུ་གྱི་ཡིན་ཞེས་ཞུ་མུས་ཡིན། ལྷག་དོན་བཙན་བྱོལ་ནང་ལ་ཡོད་པའི་བོད་མི་ཚོ་ལ་དེ་སྔ་ཡིན་ནས་ཞུས་པ་ཡིན་དེ་རིང་ནན་ཏན་ཞུ་རྒྱུར་བཙན་བྱོལ་དུ་ཡོད་པས་ང་ཚོར་རང་དབང་ཆ་ཚང་ཡོད་རེད། ལས་འགུལ་གང་འདྲ་ཞིག་སྤེལ་ཡང་རང་དབང་ཆ་ཚང་ཡོད་པ་རེད། དེས་ན་རང་གི་ལུས་སྲོག་དེ་རྩ་ཆེན་པོ་ཡིན་པར་ངོས་འཛིན་ཐོག་མི་ཚེ་ཧྲིལ་པོ་འདིའི་ནང་སྐུ་ལས་སྐྱོན་ནས་རྩ་དོན་རྩོད་དགོས་པ་དང་། དེ་བཞིན་ལས་འགུལ་རིགས་སྤེལ་ཏེ་བཞུགས་དགོས་པ་དེ་ཤེན་ཏུ་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་བཙན་བྱོལ་ནང་ཡོད་མཁན་བོད་མི་རང་ལུས་མེར་སྲེག་བཏང་པ་ལ་ང་ཚོས་ངོས་ནས་མོས་མཐུན་རྩ་བ་ནས་མེད། རང་ལུས་མེར་སྲེག་མ་གནང་ཏོགས་ཞེས་དེ་སྔ་ནས་ཞུས་པ་ཡིན་ད་ལན་ནན་ཏན་ཐོག་ནས་ཞུ་གྱི་ཡོད་ཅེས་སོགས་གསུངས་སོང་། ཟླ་ ༧ ཚེས་ ༢༩ ཉིན་རྒྱབ་ཏུ་ཁོང་གིས་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་རྗེས་ཐོག་མའི་འཆར་ཉིན་གཅིག་དང་ཕྱེད་ཀའི་རིང་ལ་སུ་ཡིན་མིན་སོགས་ངོ་ཐག་མ་ཆོད་པར་དྲི་བ་དང་གླེང་སློང་མང་དག་བྱུང་ཡོད་པ་རེད། འོན་ཀྱང་རང་ལུས་མེར་སྲེག་གནང་སའི་ས་ཚིགས་དེ་ནས་ལྡེ་མིག་ཆ་གཅིག་དང་། ལྷག་པར་རས་ཁུག་དམར་པོ་ཞིག་གི་ནང་དུ་བོད་ཀྱི་རྒྱལ་དར་གཅིག་དང་ཤོག་བུ་དཀར་པོ་ཞིག་གི་ཐོག་དབྱིན་སྐད་ཐོག་ Dalai lama 80th happy birthday Nyima Gyalpo ཞེས་དང་། ད་དུང་ནོར་གླིང་ས་གནས་ཀྱི་བརྙན་འཕྲིན་ལས་མི་ཞིག་གི་ཁ་པར་ཨང་གྲངས་སོགས་དང་། དེའི་རྗེས་སུ་ནང་ནས་རྙེད་སོན་བྱུང་བའི་ཡིག་ཆ་ཁག་ཅིག་ལས་རང་ལུས་མེར་སྲེག་གནང་མཁན་དེ་པ་སངས་དོན་གྲུབ་ལགས་ཡིན་པ་ར་སྤྲོད་ཁ་གསལ་བྱུང་ཡོད་པ་རེད། གཞི་རྩའི་ཉིན་ཤས་གོང་ཕྱི་ཟླ་ ༧ ཕྱི་ཚེས་ ༢༩ ཉིན་རྒྱབ་བཞུགས་སྒར་སྐོར་ལམ་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་པ་སངས་དོན་གྲུབ་ལགས་ནི་ཕ་ཡུལ་རྒྱང་རྩེ་ནས་ཡིན་ཞིང་ཁོང་དགུང་ལོ་ ༤༩ ཡིན་པ་དང་། ཕ་མིང་ལ་ཡེ་ཤེས་ཚེ་རིང་དང་མ་མིང་ལ་བཅོ་ལྔ་ལྷ་མོ་རེད་འདུག དམ་པ་དེ་ཉིད་ཕྱི་ལོ་༢༠༡༢ ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཞུགས་ནས་ད་བར་ཤིང་ཚོན་སྡེ་ཚན་གྱི་ལས་མི་རེད་འདུག པ་སངས་དོན་གྲུབ་ལགས་རྒྱ་གར་དུ་འབྱོར་རྗེས་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་སློབ་ཐོན་བྱུང་ཡོད་པ་རེད།

རང་ལུས་མེར་སྲེག་གནང་མཁན་དོན་གྲུབ་ལགས་ཀྱི་སྐུ་ཕུང་སང་ཉིན་ཞུགས་འབུལ་གནང་གཏན་འཁེལ་འདུག

བཞུགས་སྒར་དུ་རང་ལུས་མེར་སྲེག་གནང་མཁན་དེ་བོད་མི་པ་སངས་དོན་གྲུབ་ཡིན་པ་ཁ་སང་ཉིན་དགུང་ཤེས་རྟོགས་བྱུང་ཡོད་པ་ལྟར། དེ་རིང་ཟླ་ ༨ ཚེས་ ༡ ཉིན་དགུང་འདི་ག་ས་གནས་ཀྱི་འབྲེལ་ཉེན་རྟོག་པས་ཁྲིམས་ལྟར་དོན་གྲུབ་ལགས་དམ་པ་དེའི་སྐུ་ཕུང་རྡ་རམ་ས་ལའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་བརྒྱུད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་རྩིས་སྤྲོད་གནང་སོང་བ་དང་། སྐུ་ཕུང་རྩིས་ལེན་ཆེད་དུ་ཕེབས་པ་ནོར་གླིང་ལས་བྱེད་པ་ཁག་ཅིག་ནས་དོན་གྲུབ་ལགས་དམ་པ་དེའི་སྐུ་ཕུང་ཐོག་བོད་རྒྱལ་པ་ཆེན་པོའི་རྒྱལ་དར་སྒྲོན་ནས་རྡ་ཤོད་རྒྱ་གར་གཞུང་གི་ཕུང་པོ་འཇོག་ཡུལ་ནས་གངས་སྐྱིད་བདེ་ལེགས་སྨན་དུ་བསྣམས་ཕེབས་ཡོད་པ་རེད། རྡ་རམ་ས་ལའི་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་དོན་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐོར་དང་འབྲེལ། སང་ཉིན་སྔ་དྲོ་ཚོུད་༥༣༠ཐོག་བདེ་ལེགས་སྨན་ཁང་ནས་ལྷ་རྒྱལ་རིར་གདན་འདྲེན་ཞུ་རྒྱུ་ཡིན་པ་གསུངས་སོང་། ད་དུང་ཉིན་རྒྱབ་ཚོུད་བཞི་པ་ནས་ལྔ་པ་བར་ནོར་གླིང་བདོ་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་རྡ་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་སོགས་ཀྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྔ་སྨོན་མཆོད་འབུལ་གནང་རྒྱུ་རེད་འདུག གཞི་རྩའི་རྒྱལ་གཅེས་པ་པ་སངས་དོན་གྲུབ་ལགས་ནས་ཕྱི་ཚེས་ ༢༩ ཉིན་རྒྱབ་ཏུ་བཞུགས་སྒར་སྐོར་ལམ་དུ་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་རྗེས་ཉིན་གཅིག་དང་ཕྱེད་ཀ་སོང་རྗེས་ཁ་སང་ཚེས་ ༣༡ ཉིན་དགུང་དངོས་སུ་ར་སྤྲོད་བྱུང་ཡོད་སྟབས། བཞུགས་སྒར་དུ་རྟེན་གཞི་བྱས་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་མེག་ལོར་ཁྲོམ་གཞུང་ནས་ཆོལ་གསུམ་དཔའ་བོའི་རྡོ་རིང་བར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་ཡོད་པ་རེད།

རང་ལུས་མེར་སྲེག་གནང་མཁན་དེ་ནོར་གླིང་ལས་བྱེད་པ་སངས་དོན་གྲུབ་ཡིན་པ་གསུངས་སོང་།

ཡིག་ཆ་དང་དངོས་པོ་སོགས་ཁག་ཅིག་ལ་དཔྱད་ཞིབ་བྱས་རྗེས་རྡ་རམ་ས་ལ་མེག་ལོར་འབྲེལ་ཡོད་ས་གནས་ཉེན་རྟོག་པ་གཙོ་འཛིན་སྐུ་ཞབས་ Surender Rana ལགས་དང་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་གཉིས་ཀྱིས་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱབ་སྐོར་ལམ་དུ་རང་ལུས་མེར་སྲེག་གནང་མཁན་དེ་བཞུགས་སྒར་ཉེ་འཁྲིས་ནོར་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་ཚོན་སྡེ་ཚན་གྱི་ལས་བྱེད་དོན་གྲུབ་ཡིན་པ་གསུངས་སོང་། རྩ་བའི་པ་སངས་དོན་གྲུབ་འམ་དོན་གྲུབ་ལགས་ནི་ད་ལྟར་ལོ་ ༤༩ ཡིན་པ་དང་ཕ་ཡུལ་རྒྱང་རྩེ་ནས་ཡིན་ཞིང་། ཕ་མིང་ལ་ཡེ་ཤེས་ཚེ་རིང་དང་མ་མིང་ལ་བཅོ་ལྔ་ལྷ་མོ་རེད་འདུག རང་སྲེག་མ་གནང་གོང་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་ཚོན་སྡེ་ཚན་གྱི་ལས་མི་ཡིན་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༡༢ ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་འཛུལ་ཞུགས་གནང་འདུག ཁོང་དེ་སྔ་སྦིར་སློབ་གྲྭ་ནས་འཛིན་རིམ་བཅུ་པ་སློབ་ཐོན་ཟིན་པའི་ལག་འཁྱེར་ཡང་འདུག ཁ་ཉིན་རང་ལུས་མེར་སྲེག་གི་དོན་རྐྱེན་ཐོག་དཔྱད་ཞིབ་གནང་མཁན་འབྲེལ་ཡོད་ས་གནས་ཉེན་རྟོག་པ་གཙོ་བོ་སྐུ་ཞབས་Surender Rana ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྟེ། ཐེངས་འདིའི་རང་སྲེག་རྗེས་འབྲེལ་ནས་དེ་རིང་བར་གྱི་བརྒྱུད་རིམ་ཆ་ཚང་འགྲེལ་བརྗོད་གནང་སོང་བ་མ་ཟད། ལྷག་པར་དུ་ཁ་ཉིན་རང་ལུས་མེར་སྲེག་གནང་མཁན་གྱི་ས་ཚིགས་ནས་རྙེད་པའི་ལྡེ་མིག་དེ་ནོར་གླིང་ཉེ་འཁྲིས་སུ་བཞུགས་པའི་དོན་གྲུབ་ལགས་ཀྱི་ཁང་པའི་ལྡེ་མིག་ཡིན་པ་དང་། དེ་བཞིན་སིལ་ལྷམ་ཐོག་གི་ཚོན་དང་ནང་ནས་རྙེད་པའི་གྱོན་ཆས་ཐོག་གི་ཚོན། ཕུང་པོ་དང་ནང་ནས་བརྙེད་པའི་པར། ད་དུང་རྒྱ་གར་སྐྱབས་བཅོལ་ལག་དེབ་དང་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་སོགས་དངོས་རྫས་ཁག་ཅིག་ནས་བོད་མི་རང་ལུས་མེར་སྲེག་གནང་མཁན་དེ་ཕལ་ཆེར་དོན་གྲུབ་ཡིན་པ་ཤེས་རྟོགས་བྱུང་ཡོང་གི་འདུག་ཅེས་གསུངས་སོང་། ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་དེ་རིང་སྔ་དྲོ་གསར་འགོད་ལྷན་ཚོགས་ཐོག་རང་སྲེག་གནང་མཁན་དེ་བོད་མི་ཞིག་ཡིན་པ་ར་སྤྲོད་གཙང་མ་བྱུང་ཡོད་པ་རེད། འོན་ཀྱང་ད་ལྟ་ནོར་གླིང་གི་འགན་འཛིན་གཞོན་པ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཞལ་པར་བརྒྱུད་ནས་དེ་གར་དུ་ཕུང་པོ་དང་མཉམ་དུ་རྙེད་པའི་སིལ་ལྷམ་སོགས་ལ་དཔྱད་ཚེ་དོན་གྲུབ་ཡིན་པར་དོགས་གཞི་ཡོད་སྐོར་གསུངས་པ་དང་། དེ་བཞིན་རེས་གཟའ་སྤེན་པའི་ཉིན་ལས་ཁུངས་ལ་སླེབས་མེད་པ་གསུངས་ནས་ང་འདིར་བཅར་རོགས་ཞེས་གསུངས་པ་ལྟར་ངས་རྒྱ་གར་གྱི་ཉེན་རྟོག་པ་འཁྲིད་ནས་དོན་གྲུབ་ལགས་ཀྱི་སྡོད་གནས་སུ་ཕྱིན་པ་དང་། དེ་སྔོན་ཕུང་པོའི་ཉེ་འཁོར་ནས་ལྡེ་མིག་གཅིག་རྙེད་སོན་བྱུང་བ་དེ་ཁོང་གི་ཁང་པའི་སྒོ་ལྕགས་ཕྱེ་ཐུབ་པ་དེས་ལྡེ་མིག་དེ་དོན་གྲུབ་ཀྱི་ཡིན་པ་དང་། ཁང་པ་དེའི་ནང་གི་ཅ་དངོས་དང་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་དེབ་ RC རྡ་ས་ཁོར་ཡུག་གཙང་བཟོ་ལག་དེབ། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་སོགས་ལ་བརྟག་དཔྱད་གནང་མཐར་ཁ་ཉིན་རང་སྲེག་གནང་མཁན་དེ་ཁོང་ཡིན་པར་ཕལ་ཆེར་ར་སྤྲོད་་ཐུབ་སྐོར་གསུངས་སོང་། གཞི་རྩའི་དོན་གྲུབ་ལགས་ཀྱི་བཞུགས་སྒར་སྐོར་ལམ་དུ་རང་ལུས་མེར་སྲེག་གནང་པའི་ས་ཚིགས་དེ་ནས་ལྡེ་མིག་ཆ་གཅིག་དང་། ལྷག་པར་རས་ཁུག་དམར་པོ་ཞིག་གི་ནང་དུ་བོད་ཀྱི་རྒྱལ་དར་དང་ཉི་གདུགས་ནག་པོ་གཅིག ཧིན་སྒོར་ཤོག་ལོར་ ༨༠༠ དེ་བཞིན་ཤོག་བུ་དཀར་པོའི་སྟེང་དབྱིན་སྐད་ཐོག་ Dalai lama 80th happy birthday Nyima Gyalpo ཞེས་དང་། ད་དུང་ནོར་གླིང་ས་གནས་ཀྱི་བརྙན་འཕྲིན་ལས་མི་ཞིག་གི་ཁ་པར་ཨང་བཅས་སོགས་འཁོད་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་ནས་དཔྱད་ཞིབ་བྱས་པའི་ཁྲོད་རང་ལུས་མེར་སྲེག་གནང་མཁན་དོན་གྲུབ་ལགས་ནི་ཤིང་ཚོན་སྡེ་ཚན་གྱི་རྒན་ཉི་མ་རྒྱལ་པོ་ལགས་ཀྱི་ཁྱབ་ཁོངས་ལས་བྱེད་ཡིན་པ་དང་ཤོག་བུ་དེ་དང་དེའི་སྟེང་གང་བྲིས་ཡོད་པ་དེ་རྒན་ཉི་མ་རྒྱལ་པོ་ལགས་ཀྱི་ཕྱག་བྲིས་རེད་འདུག ད་དུང་ཤོག་བུ་དེའི་སྟེང་ཁུལ་དེའི་བརྙན་འཕྲིན་ལས་མི་ཞིག་གི་ཁ་པར་ཨང་གྲངས་ཡོད་པ་དེ་ནི་པ་སངས་དོན་གྲུབ་ལགས་ནས་ཁ་ཉིན་རང་ལུས་མེར་སྲེག་མ་བཏང་གོང་དུ་ནོར་གླིང་ལས་བྱེད་ལ་བཀའ་འདྲི་ཞུས་འདུག པ་སངས་དོན་གྲུབ་ལགས་དང་འདྲིས་ཆེ་ཤོས་གྲས་ཡིན་པ་རྒན་ཉི་མ་རྒྱལ་པོ་ལགས་སུ་ཁོང་གང་ནས་ཡིན་པ་སོགས་བཅར་འདྲི་ཞུས་ཡོད། པ་སངས་དོན་གྲུབ་ལགས་ཀྱི་བཞུགས་གནས་ནོར་གླིང་ཉེ་འཁྲིས་རྒྱ་གར་བ་ཁང་བདག་ Ishwar Dass ལགས་ལ་བཅར་འདྲི་ཞུས་པར་པ་སངས་དོན་གྲུབ་ལགས་ཉེ་ཆར་གནས་སྤོ་ཟིན་ཙམ་རེད། འོན་ཀྱང་ཁོང་མི་ཉམ་ཆུང་དང་སྐད་ཆ་ཉུང་ཉུང། རྙོག་གྲ་རིགས་གཏན་ནས་མེད་མཁན་ཞིག་ཡིན་པ་གསུངས་ སོང་། གཞི་རྩའི་པ་སངས་དོན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་གནང་ཡུལ་སྐོར་ལམ་དེ་ནི་ས་ཆ་ཏོག་ཙམ་ཁུག་སྐྱོག་ཆགས་ཡོད་སྟབས། སྐབས་དེ་དུས་དངོས་སུ་མཐོང་མཁན་མི་རེ་ཟུང་མ་གཏོགས་བྱུང་མེད་པ་དང་།  ཁོང་རྣམ་པས་བོད་མི་ཞིག་ཡིན་པ་ར་སྤྲོད་བྱས་པ་མ་ཚད་༸རྒྱལ་བ་རིན་པོ་ཆེ་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་འབོད་ཚིག་སྒྲོག་ཡོད་པ་གསུངས་ཡོད། ཁ་ཉིན་པ་སངས་དོན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་གནང་ས་དང་དེ་བཞིན་དེ་རིང་ཁོང་གི་ནང་ནས་ད་བར་ཞལ་ཆེམས་ཡི་གེ་རིགས་གང་ཡང་རྙེད་མེད་པ་རེད། ཤེས་རྟོགས་བྱུང་བར་ས་གནས་ཀྱི་ཉེན་རྟོག་དང་འབྲེལ་ཡོད་ཚན་པས་རིམ་བཞིན་པ་སངས་དོན་གྲུབ་ལགས་ཀྱི་སྐུ་ཕུང་རྡ་ས་ས་གནས་འགོ་འཛིན་ལ་རྩིས་སྤྲོད་གནང་གི་འདུག་པ་དང་། དེ་ནས་ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་ནས་འགན་རྐང་བཞེས་གནང་གི་འདུག སྐུ་ཕུང་ཞུགས་འབུལ་ག་དུས་གནང་མིན་སོགས་ཀྱི་ཚེས་གྲངས་ད་ལྟའི་ཆར་གཏན་འཁེལ་གནང་མི་འདུག་པས་རིམ་པས་གསར་འགྱུར་ནང་རྒྱང་སྲིང་ཞུ་རྒྱུ་ཡིན།

Latest news