Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་གོ་རྟོགས་ལས་འགུལ་རྒྱ་གར་ནང་སྤེལ་འགོ་བཙུགས་འདུག

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༩༧ ལོར་ནས་བཟུང་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཀྱི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་དང་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་དཔལ་འབྱོར་འདུ་འགོད་བཅས་ཀྱི་ཆེད་ལག་དེབ་སྔོན་པོ་ཞེས་པའི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད་པ་དང། ལས་གཞི་དེའི་དགོས་དམིགས་ནི་ཕྱིའི་མི་རིགས་ཚོའི་ངོས་ནས་བོད་དོན་ཐོག་གདུངས་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་སྔར་ལྷག་གནང་ཐབས་འབད་བརྩོན་ཞུ་རྒྱུ་དང་། འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་བ་ས་ཡ་གཅིག་འབྱུང་ཐབས་དམིགས་ཚད་འཇོག་རྒྱུ། ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་རྒྱ་གར་སྤྱི་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་རག་ཐབས།  དེ་བཞིན་ལས་གཞི་དེ་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་ཐབས་ཞུ་རྒྱུ་བཅས་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁྱབ་ཁོངས་ཀྱི་བོད་དོན་གདུང་སེམས་མཉམ་བསྐྱེད་ཚན་པས་འདི་ལོའི་ཕྱི་ཟླ་བཞི་པ་ནས་རྒྱ་གར་ནང་ལས་གཞི་དེ་སྤེལ་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཁྱབ་ཁོངས་ཀྱི་བོད་དོན་གདུང་སེམས་མཉམ་བསྐྱེད་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཉི་མ་ལགས་ནས་རྒྱ་གར་པན་ཇབ་ལུ་དི་ཡ་ན་གྲོང་ཁྱེར་ནང་དུ་ཆེད་བསྐྱོད་ཀྱིས་ཁུལ་དེར་ཡོད་པའི་སུད་ཚོང་སྦྱིན་བདག་ཁག་ཅིག་གི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་ཐོག་ལས་གཞི་དེ་འབྲེལ་གོ་རྟོགས་སྤེལ་འདུག སྤྱིར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ངོས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང་སྦེལ་ཀོབ་བཅས་སུ་སྐོར་བསྐྱོད་གནང་དེ། ས་གནས་རྒྱ་གར་མང་ཚོགས་ཁྲོད་ལས་གཞི་དེའི་གོ་རྟོགས་སྤེལ་ཡོད་པ་དང་། ལྷག་པར་དུ་ད་རེས་འབྲེལ་ཡོད་ཚན་པའི་ལས་བྱེད་རྒྱ་གར་གྱི་ས་གནས་སུ་ཆེད་བསྐྱོད་ཀྱིས་གོ་རྟོགས་ལས་གཞི་སྤེལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཁྱབ་ཁོངས་ཀྱི་བོད་དོན་གདུང་སེམས་མཉམ་བསྐྱེད་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཉི་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་སྤྱིར་འཛམ་གླིང་ནང་རྒྱལ་ཁབ་འདྲ་མིན་ནས་ལས་གཞི་དེའི་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་ཀྱང། རྒྱ་གར་དང་བོད་མིའི་དབར་གྱི་འབྲེལ་བ་དམིགས་བསལ་ཞིག་དང་གནད་འགག་ཞིག་ཆགས་ཀྱི་ཡོད་སྟབས། ད་ལན་རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་ལས་གཞི་དེ་སྤེལ་ཡོད་པ་གསུངས་སོང་། རྩ་བའི་ལག་དེབ་སྔོན་པོ་འམ་བོད་དོན་གདུང་སེམས་མཉམ་བསྐྱེད་ལས་གཞི་དེའི་ཁྱས་ཁོངས་སུ་ད་ལྟའི་ཆར་དབུས་དཔལ་འབྱོར་ལས་ཁུངས་གཙོས་ནང་སྲིད་ཁྱབ་ཁོངས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཁག་དང། ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་ལས་ཁུངས་ཁག་བཅས་ཆགས་ཀྱི་ཡོད་པ་དང། བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་གཞིའི་དེའི་ནང་ཕྱི་མི་རིགས་མཉམ་ཞུགས་གནང་མཁན་ད་ལྟའི་ཆར་ ༡༣༠༠༠ ལྷག་ཙམ་ཡོད་པ་རེད།

བོད་པའི་སྤྱི་ཚོགས་ཁྲོད་ཊི་སྦི་གནད་གཞིའི་གྲངས་འབོད་དེ་མང་བའི་གྲས་ཤིག་ཆགས་ཀྱི་འདུག

དེ་རིང་ཟླ་ ༨ ཚེས་ ༢༥ སྔ་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་པའི་སློབ་གྲྭ་ཁག་གི་སྨན་ཞབས་པ་རྣམས་ལ་ཊི་སྦི་འམ་གློ་ནད་དང་འབྲེལ་བའི་ལས་གཞི་ཁག་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། ཟབ་སྦྱོང་དེའི་ཐོག་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་ཌོ་ཊར་བློ་བཟང་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ། ཊི་སྦི་ནད་གཞི་ངོ་སྤྲོད་དང་ནད་གཞི་དེ་ངོས་འཛིན་གནང་སྟངས། དེ་བཞིན་སྔོན་འགོག་གི་ཐབས་ལམ་དང་ནད་ཕོག་ཟིན་པའི་སློབ་མ་ཚོར་སློབ་གསོ་དང་སྨན་བཅོས་ཇི་ལྟར་གནང་དགོས་པའི་ཐོག་ལམ་སྟོན་གནང་སོང་། ལྷག་དོན་ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་གར་གཞུང་ནས་ཊི་སྦི་ནད་གཞི་དང་འབྲེལ་བའི་དབྱིན་ཇིའི་ཐ་སྙད་གསར་པ་ཁག་ཅིག་གཏན་འབེབས་གནང་པ་རྣམས་ངོ་སྤྲོད་གནང་ཐོག་སློབ་གྲྭ་སོ་སོའི་ནང་ལ་ཊི་སྦི་ནད་གཞི་དང་འབྲེལ་བའི་ཐོ་གཞུང་ཡིག་ཆ་ཁག་ཉར་ཚགས་གནང་སྟངས་སོགས་དང་འབྲེལ་ཟབ་ཁྲིད་གནང་གི་འདུག ཁོང་གིས་ད་དུང་ཊི་སྦི་ནད་གཞི་དང་འབྲེལ་བའི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཁག་ལ་གཟིགས་ན། འདས་པའི་ལོ་དུས་ནང་ལ་བོད་པའི་སྤྱི་ཚོགས་ཁྲོད་ནད་གཞི་དེ་ཕོག་མཁན་ཉུང་དུ་ཕྱིན་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གྲངས་ཐོ་དང་བསྡུར་ཚེ་ད་ལྟ་ཡང་བོད་པའི་སྤྱི་ཚོགས་ཁྲོད་ཊི་སྦི་ནད་གཞིའི་གྲངས་འབོར་དེ་ནི་མང་བའི་གྲས་ཤིག་ཆགས་ཀྱི་ཡོད་པ་གསུངས་སོང་། གཞི་རྩའི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཊི་སྦི་ལས་གཞི་ལག་བསྟར་དང་འབྲེལ་བའི་ཟབ་སྦྱོང་འདིའི་ཐོག་བོད་པའི་སློབ་གྲྭ་ཁག་ ༡༦ ལྷག་གི་སྨན་ཞབས་པ་མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ལ་འདས་པའི་ཉིན་གྲངས་བཞིའི་རིང་ལ་ Adolescent Health ཞེས་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་ཐོག་ལ་ཡང་ཟབ་སྦྱོང་ཞིག་གནང་ཡོད་པ་རེད། རྩ་བའི་ཊི་སྦི་ནད་གཞི་རྐྱེན་པས་ལོ་ལྟར་རྒྱལ་སྤྱིའི་ཁྱོན་ནས་མི་ས་ཡ་ ༡༌༥ ལྷག་འདས་གྲོངས་སུ་འགྲོ་བཞིན་ཡོད་པས་ནད་གཞི་དེ་ནི་འགྲོ་བ་མི་རྣམས་རྐྱེན་འདས་སུ་གཏོང་མཁན་གྱི་འགོས་ནད་རིགས་ཤིག་ཆགས་ཡོད་པ་དང་།  འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ ༢༠༡༦༌༌༢༠༡༧ ལོ་དེའི་ནང་མཉམ་རུབ་ཐོག་ནས་གློ་ནད་འམ་ཊི་སྦི་ནད་གཞི་རྩ་འགོག་གཏོང་རྒྱུ་ཞེས་འབོད་ཚིག་གཏན་འབེབས་ཀྱིས་ ༢༠༣༠ བར་ནད་གཞི་དེ་འཛམ་གླིང་ནས་རྩ་མེད་གཏང་རྒྱུ་དང་། རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༥ བར་དང་ཧི་མཱ་ཅལ་མངའ་སྡེས་ ༢༠༢༢ བཅས་ཀྱི་ནང་ཚུད་ལ་ནད་གཞི་དེ་རྩ་འགོག་གཏང་རྒྱུར་དམིགས་ཚད་བཟུང་ཡོད་པ་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་ལ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དང་ཨ་རིའི་ John Hopkins གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་འོག་བོད་པའི་བྱིས་པ་ཚོའི་ཁྲོད་དུ་ ༢༠༣༥ གོང་ལ་ནད་གཞི་དེ་རྩ་འགོག་ཐུབ་རྒྱུའི་ལས་འཆར་ཞིག་སྤེལ་མུས་སུ་ཡིན་པ་རེད།

ཨ་རུ་ནཱ་ཅལ་མངའ་སྡེ་ནང་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་གནང་རྒྱུ་དེས་ས་གནས་ཡུལ་མིའི་ཐོབ་ཐང་ལ་དོ་ཕོག་གཏང་གི་མ་རེད།

ཉེ་ཆར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་ཞུ་རྒྱུར་ཐག་གཅོད་གནང་པར་བརྟེན་མངའ་སྡེ་དེའི་ས་གནས་ཡུལ་མི་ཚོགས་སྒེར་ཁག་ཅིག་ནས་སྐྱོན་བརྗོད་དང་འབྲེལ། སྲིད་བྱུས་དེ་ཕྱིར་བསྡུ་གནང་དགོས་པའི་དགོས་འདུན་སྟོན་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་ཟིན་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས་ཀྱི་སྲིད་བྱུས་དེ་ས་གནས་ཡུལ་མིའི་ཐོབ་ཐང་འཕྲོག་རྒྱུ་དང་ཁོང་ཚོའི་ཐོབ་ཐང་ཁག་བཙན་བྱོལ་བོད་མིར་རག་ཐབས་གནང་པ་ཞིག་གཏན་ནས་མིན་སྟབས། དེས་ས་གནས་ཀྱི་གདོད་མའི་ཡུལ་མི་རྣམས་ཀྱི་མཐུན་རྐྱེན་དང་ཁེ་ཕན་ལ་དོ་ཕོག་གང་ཡང་གཏང་གི་མ་རེད་ཅེས་གསུངས་སོང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གི་དབུ་ཁྲིད་འོག་མངའ་སྡེའི་གཞུང་གིས་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་སྲིད་བྱུས་དེ་ལག་བསྟར་གནང་གཏན་འཁེལ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མཚན་ཐོག་ལ་ཕྱག་བྲིས་ཤིག་གནང་སྟེ་ཡོངས་བསྒྲགས་གནང་རྗེས། ཨ་རུ་ནཱ་ཅལ་གྱི་སློབ་ཕྲུག་ཚོགས་པ་དང་ས་གནས་གདོད་མའི་མི་རིགས་ཚིགས་པ་སོགས་ནས་མངའ་སྡེ་དེའི་གདོད་མའི་ཡུལ་མི་རྣམས་ལ་ཆ་རྐྱེན་ཡག་པོ་མེད་བཞིན་དུ་བཙན་བྱོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་དེ་ནི་དྲང་བདེན་ཞིག་མིན་སྐོར་བརྗོད་པ་དང་སྦྲགས། སྲིད་བྱུས་དེ་ཕྱིར་བསྡུ་བྱེད་དགོས་སྐོར་སྐྱོན་བརྗོད་བྱས་འདུག་པ་མ་ཟད། དེའི་ཚབ་ཏུ་མངའ་སྡེ་གཞུང་ནས་གདོད་མའི་ཡུལ་མི་རྣམས་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་སྲུང་སྐྱོབ་བྱེད་པའི་སྲིད་བྱུས་དང་གཞོན་སྐྱེས་ཚོར་ལས་ཀ་སྤྲོད་རྒྱུའི་ཐབས་ལམ་ལ་དགོངས་པ་བཞེས་དགོས་པར་རེ་སྐུལ་ཞུས་ཡོད་པ་རེད། གནད་དོན་དེའི་ཐད་ད་ཆ་རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར། བཀའ་བློན་མཆོག་གིས་རྒྱ་གར་དབུས་གཞུང་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་གཏན་འབེབས་མ་གནང་གོང་ནས་བོད་མིར་གཟིགས་རྟོག་དང་རོགས་རམ་མུ་མཐུད་གནང་མུས་ཡིན་པ་རེད། ལྷག་དོན་ད་ལན་ཨ་རུ་ནཱ་ཅལ་མངའ་སྡེ་ནང་སྲིད་བྱུས་དེ་ལག་བསྟར་ཞུ་རྒྱུར་གཏན་འཁེལ་བ་དེས་ས་གནས་ཡུལ་མིའི་ཐོབ་ཐང་ལ་དོ་ཕོག་འགྲོ་རྒྱུའི་གནས་སྟངས་གང་ཡང་ཆགས་ཀྱི་མེད་པ་ནན་བརྗོད་གནང་པ་མ་ཟད། སྲིད་བྱུས་དེ་མངའ་སྡེ་གཞུང་རང་གི་ཐག་གཅོད་གནང་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། ཚོགས་པ་ཆུང་གྲས་ཁག་གིས་དེར་སྐྱོན་བརྗོད་གནང་པ་ཙམ་གྱིས་འགྱུར་ལྡོག་ཞིག་འགྲོ་བར་གཟིགས་ཀྱི་མེད་པ་གསུངས་སོང་། རྩ་བའི་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་ཐོག་མ་རྒྱ་གར་མངའ་སྡེ་ཧི་མཱ་ཅལ་པར་དེ་ཤི་ནས་ལག་བསྟར་གནང་འགོ་བཙུགས་ནས་རིམ་པའི་ཨུཏྲཁནྜ་དང་། ཀ་ན་ཊ་ཀ་བཅས་ཀྱི་ནང་ལག་བསྟར་གནང་མུས་ཡིན་པ་མ་ཟད། ཉེ་དུས་སུ་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་ཞུ་རྒྱུར་ཐག་གཅོད་གནང་ཡོད་པ་དེ་ལྟར་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་ལས་ཁུངས་གཉིས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་ཞུ་གསུངས་པ་དང་འབྲེལ། མ་འོངས་པར་མངའ་སྡེ་དེའི་ནང་སྲིད་བྱུས་དེ་ལག་ལེན་དུ་འཁེལ་བར་དེའི་ཁྱབ་ཁོངས་ཀྱི་རྫོང་སྡེའི་འབྲེལ་ཡོད་ལས་ཁུངས་ཁག་ཚང་མར་འཕྲལ་དུ་བཀོད་ཁྱབ་ཅིག་གནང་དགོས་པ་དང་དེའི་ཕྱིར་སྐུ་ཚབ་བསྐོ་གཞག་གནང་སྐྱོང་ཡོང་བ་བཅས་ཀྱི་འབོད་སྐུལ་ཁག་ཅིག་ཞུས་ཡོད་པ་རེད།

ང་ཚོས་བོད་རང་བཙན་འཐབ་རྩོད་ཀྱི་གནད་དོན་མ་བརླགས་པ་དང་འཐབ་རྩོད་པའི་སོན་རྩ་སྐྱེད་སྲིང་བྱ་དགོས་ཞེས་གསུངས་འདུག

ཧྥ་རན་སི་རྒྱལ་ས་པེ་རིས་ནང་དུ་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་ཁ་སང་བར་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐེངས་བཞི་པ་ཚོགས་པའི་ཐོག་ནས་མ་འོངས་པར་བོད་གཞུང་མང་གཉིས་ཀས་རང་བཙན་འཐབ་རྩོད་བྱ་བའི་ལངས་ཕྱོགས་གཅིག་གྱུར་ཡོང་སྲིད་སྟབས། ང་ཚོས་བོད་རང་བཙན་འཐབ་རྩོད་ཀྱི་གནད་དོན་མ་བརླགས་པ་དང་འཐབ་རྩོད་པའི་སོན་རྩ་སྐྱེད་སྲིང་བྱ་རྒྱུའི་སྐོར་གསུངས་འདུག ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་ཨ་རི། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནས་བོད་རིགས་བོད་རང་བཙན་འཐབ་རྩོད་གནང་མཁན་ཁག་ཅིག་དང་། དེ་བཞིན་ཤར་ཏུར་ཀི་སི་ཐན་དང་ལྷོ་སོག ཐེ་ཝན་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རང་བཙན་འཐབ་རྩོད་པ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ཁྱོན་མཉམ་ཞུགས་བ་མི་གྲངས་ ༡༤༠ ཡས་མས་བཅར་ཡོད་པ་རེད། ཁ་སང་ཚོགས་ཆེན་ཉིན་མཐའ་མའི་ཐོག་ནས་མཉམ་ཞུགས་གནང་མཁན་ཚོས་མ་འོངས་པར་སོ་སོའི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་ཡོད་པ་དང་། ཚོགས་ཆེན་ཐོག་བོད་མི་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག ཐེ་ཝན་བཅས་རྒྱ་ནག་གི་དབང་བསྒྱུར་འོག་སྡོད་འདོད་མེད་པར་རྒྱལ་ཁབ་སླར་གསོ་དགོས་པ་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ནས་ཐར་དགོས་པར་གཅིག་གྱུར་གྱིས་ངོས་འཛིན་བྱས་ཡོད། མ་འོངས་པའི་སྐབས་ཤིག་ལ་ང་ཚོ་བོད་གཞུང་མང་གཉིས་ཀས་བོད་རང་བཙན་འཐབ་རྩོད་ཀྱི་གནད་དོན་མ་བརླགས་པ་དང་། འཐབ་རྩོད་པའི་སོན་རྩ་སྐྱེད་སྲིང་བྱ་དགོས། རྒྱ་ནག་གི་བཙན་གནོན་འོག་འདས་གྲོངས་སུ་སོང་བ་དང་། མནར་གཅོད་མྱངས་དང་མྱོང་བཞིན་མཁན། རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་མཁན་རྣམས་ཀྱི་འབོད་སྒྲ་དང་། ཁ་ཆེམས་ནི་ཤུལ་ལྷག་ང་ཚོའི་རྩ་དོན་གྱི་ཆེད་དུ་ཡིན་པ་ངོས་ཟིན་ཐོོག་ང་ཚོས་དེའི་ངོ་བོ་དང་རྣམ་པ་གང་ལ་ཡང་བསྒྱུར་བཅོས་མི་ཡོང་བར་བདག་ཉར་དང་ཁྱབ་སྤེལ་བྱ་རྒྱུའི་འགན་ཁུར་དགོས། ཞེས་དང་བོད་རྒྱལ་ཁབ་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་བཟུང་། འཕགས་བོད་ས་མཚམས་ནི་རྒྱ་དཀར་ནག་གི་ས་མཚམས་ཡིན་པར་ངོས་འཛིན་ཐོག་རྩོད་གླིང་རིམ་པ་བྱུང་ཡོད་ལ། ཉེ་བའི་ཆར་ས་མཚམས་དེ་རྩོད་རྙོག་ཆེ་རུ་འགྲོ་བཞིན་ཡོད་མོད། དེ་ནི་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པས་དེའི་ཐོག་རྒྱ་ནག་ལ་རྩོད་གླེང་ཐག་གཅོད་བྱེད་རྒྱུའི་དབང་ཚད་མེད་ལ། བོད་རང་བཙན་སླར་གསོ་མ་ཐུབ་པར་དུ་ས་མཚམས་དེའི་རྩོད་རྙོག་ཐག་གཅོད་ཡོང་ཐབས་མེད་པར་ངོས་འཛིན་བྱེད་རྒྱུ་ཡིན་པ་སོགས་དོན་ཚན་ལྔ་ཅན་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་མ་ཟད། དེ་བཞིན་བོད་མི་རང་བཙན་འཐབ་རྩོད་པ་གཙོས་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཐེ་ཝན་བཅས་ཀྱི་རང་བཙན་འཐབ་རྩོད་པ། རྒྱ་ནག་གི་མང་གཙོ་དོན་གཉེར་བ་བཅས་ཐོུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཐེ་ཝན་བཅས་ཀྱི་རང་བཙན་འཐབ་རྩོད་པ། རྒྱ་ནག་གི་མང་གཙོ་དོན་གཉེར་བ་བཅས་ཀྱིས་མ་འོངས་པར་སོ་སོའི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་མཉམ་ལས་བྱ་རྒྱུར་མོས་མཐུན་ཡོད་པ་དང་། ཚོགས་ཆེན་ཐོག་བོད་མི་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག ཐེ་ཝན་བཅས་རྒྱ་ནག་གི་དབང་བསྒྱུར་འོག་སྡོད་འདོད་མེད་པར་རྒྱལ་ཁབ་སླར་གསོ་དགོས་པ་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ནས་ཐར་དགོས་པར་གཅིག་གྱུར་གྱིས་ངོས་འཛིན་བྱས་ཡོད་ཅེས་པའི་གྲོས་ཆོད་གཉིས་གཏན་འབེབས་གནང་འདུག རྩ་བའི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐོག་མ་དེ་ ༢༠༡༢ ལོར་རྡ་ས་གངས་ཅན་སྐྱིད་གཤོངས་སུ་ཚོགས་ཡོད་པ་དང། ༢༠༡༥ ལོར་ཐེངས་གཉིས་པ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ༢༡༠༦ ལོར་ཚོགས་ཆེན་ཐེངས་གསུམ་པ་ཨ་རིར་ཚོགས་ཡོད་པ་རེད། ད་རེས་ཧྥ་རན་སི་ནང་དུ་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་ནས་ཚོགས་ཆེན་ལྔ་པ་དེ་བཞུགས་སྒར་དུ་ཚོགས་གཏན་འཁེལ་འདུག ཐེངས་འདིའི་ཚོགས་ཆེན་དང་འབྲེལ་ཨ་རིར་བཅའ་བཞུགས་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་འཚམས་འདྲིའི་བརྙན་ཐུང་ཞིག་གནང་འདུག་པ་དང་། དེའི་ནང་ལ་ཁོང་གིས་རང་བཙན་འཐབ་རྩོད་པ་ཚོས་པེ་རིས་ལྟ་བུའི་ས་གནས་གལ་ཆེ་ཞིག་གི་ནང་དུ་ཚོགས་ཆེན་འདི་ལྟར་བསྐོང་ཚོགས་གནང་ཐུབ་པར་བསྔགས་བརྗོད་དང་སྦྲགས། ཁོང་སྒེར་གྱི་ངོས་ནས་རྒྱལ་སྤྱིའི་འགྱུར་འགྲོས་ལ་གཞིགས་ཏེ་རང་བཙན་ལ་རེ་བ་གཟིགས་གནང་གི་ཡོད་པ་གསུངས་འདུག ལྷག་པར་དུ་འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་བཙན་འཐབ་རྩོད་པས་གོམ་པ་དང་པོ་ནི་སྒྲིག་འཛུགས་འཛུགས་གནང་རྒྱུ་དེ་ཡིན་པ་དང་། དེ་མིན་འཆར་གཞི་བཟོ་བས་ཕན་ཐོགས་མེད་པ་གསུངས་འདུག  

པེ་རིས་ནང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་འཚོགས་བཞིན་འདུག

བོད་རིགས་རང་བཙན་འཐབ་རྩོད་པ་ཁག་ཅིག་གིས་གོ་སྒྲིག་འོག་ཡོ་རོབ་ཧྥ་རན་སི་རྒྱལ་ས་པེ་རིས་ནང་དུ་ཁ་སང་ཕྱི་ཚེས་ ༢༡ ནས་ཉིན་གསུམ་རིང་ལ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བཞི་པ་དེ་བཞིན་འཚོགས་བཞིན་འདུག ཚོགས་ཆེན་ཐོག་ལ་ཁྱོན་མི་གྲངས་ ༡༤༠ ཙམ་ཚོགས་བཅར་ཞུས་འདུག་པ་ལས་བོད་མིའི་གནད་ཡོད་མི་སྣའི་ཁོངས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སོགས་ཕེབས་འདུག་པ་དང། ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཕེབས་འདུག དེ་དེ་བཞིན་ཚོགས་ཆེན་གོ་སྒྲིག་གནང་མཁན་ནས་ཤར་ཏུར་ཀིས་ཐན་རང་བཙན་འཐབ་རྩོད་པ་ Dolkun Isa ལགས་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ Dr Xu Pei ལགས། གཞན་ཡང་སོག་པོ་དང་ཐེ་ཝན་སོགས་ནས་མང་གཙོ་དོན་གཉེར་བ་དང་བོད་རང་བཙན་ཐོག་རྒྱབ་སྐྱོར་གནང་མཁན་མི་སྣ་ཁ་ཤས་ཀྱང་གདན་འདྲེན་ཞུས་འདུག སྐུ་མགྲོན་གཙོ་བོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་ལགས་ནས་ཁ་སང་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྟེང་གཞིས་ལུས་བོད་མི་ཚོས་ཉེན་ཁ་ལ་མ་འཛེམས་པར་སྙིང་སྟོབས་ཆེན་པོས་བློས་གཏོང་གནང་ནས་འཐབ་རྩོད་གནང་བཞིན་པ་ལ་རྗེས་དྲན་ཞུས་པ་དང་ཆབས་ཅིག རང་བཙན་རྩོད་རྒྱུ་ནི་འཐབ་རྩོད་ཀྱི་སྙིང་པོ་ཡིན་པ་སོགས་གསུངས་འདུག གཞན་ཡང་ཤར་ཏུར་སི་ཐན་གྱི་རང་བཙན་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Dolkun Isa ལགས་ནས་ཚོགས་ཆེན་གྱི་ཉིན་དང་པོའི་ཐོག་མ་འོངས་པའི་ཤར་ཏུར་ཀིས་ཐན་རང་བཙན་སྐོར་དང་། རྒྱ་ནག་དམར་ཤོག་ལ་ཁ་གཏད་དང་གདོང་ལེན་གནང་ཆེད་མཐུན་ཕྱོགས་འཐབ་རྩོད་པ་ཚོའི་མཉམ་རུབ་ཀྱི་ནུས་པ་ཇེ་མཐོར་སྤེལ་གལ་སྐོར་ལ་གསུང་བཤད་གནང་འདུག ཉིན་གསུམ་གྱི་ཚོགས་ཆེན་ལས་ཚོགས་ཆེན་དངོས་གཞི་སྐབས་སུ་ཚོགས་བཅར་བ་རྣམས་ནས་ད་ལྟའི་རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་བྱུས་གནས་བབས་ལ་གཞིགས་པའི་བོད་རང་བཙན་རྩོད་ལེན་གནང་ཕྱོགས། བོད་རང་བཙན་གྱི་འཐབ་རྩོད་དེ་གོང་འཕེལ་གཏོང་ཐབས། རང་བཙན་འཐབ་རྩོད་པ་མཉམ་གནས་ཡོང་ཐབས། རང་སྲེག་གི་གནད་དོན། དེ་བཞིན་མ་འོངས་པར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གོ་སྒྲིག་ཞུ་ཕྱོགས་བཅས་དང་འབྲེལ་བའི་གནད་དོན་འགའ་ཞིག་གི་ཐོག་གྲོས་བསྡུར་གནང་ཡོད་པ་རེད། གསར་འགོད་པས་པེ་རིས་ནང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདིའི་སྐོར་ལ་ཚོགས་འདུ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་བྷེལ་ཇམ་དུ་བཞུགས་པའི་བཀྲིས་བདེ་ལེགས་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་པ་ཡིན། རྩ་བའི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཐེངས་དང་པོ་དེ་རྡ་རམ་ས་ལར་སྐོང་ཚོགས་གནང་པ་དང་། ཐེངས་གཉིས་པ་དེ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༣ དང་ ༢༤ བར་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས། ཚོགས་ཆེན་ཐེངས་གསུམ་པ་དེ་སླ་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡ ནས་ ༣ བར་ནིའུ་ཡོག་ཏུ་ཚོགས་ཡོད་པ་མ་ཟད། ད་ལན་ཚོགས་ཆེན་ཐེངས་བཞི་པ་འདི་ཁ་སང་ཚེས་ ༢༡ ནས་དབུ་འཛུགས་ཀྱིས་ཡོ་རོབ་ཧྥ་རན་སི་རྒྱལ་ས་པེ་རིས་ནང་དུ་འཚོགས་བཞིན་ཡོད་པ་རེད།

འཁོན་གདུང་ཨ་བི་ཀྲྀ་་ཏ་བཛྲ་རིན་པོ་ཆེ་མཆོག་གིས་གཞོན་སྐྱེས་ཚོས་རང་གི་གཅེས་ནོར་སྲུང་སྐྱོབ་དང་རྒྱུན་འཛིན་གནང་གལ་ཡིན་པའི་ལམ་སྟོན་གནང་སོང་།

དེ་རིང་ཟླ་ ༨ ཚེས་ ༢༡ ཉིན་སྔ་དྲོ་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་གཞོན་ནུ་རུ་ཁག་གིས་གོ་སྒྲིག་ཞུས་པའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་གཅིག་པའི་ཐོག་སྐུ་མགྲོན་གཙོ་བོ་༸དཔལ་ས་སྐྱའི་ཕུན་ཚོགས་ ཕོ་བྲང་གི་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་བོད་ཕྲུག་གཞོན་སྐྱེས་ཚོས་བོད་བརྒྱུད་ནང་བསྟན་རང་གི་གཅེས་ནོར་དེ་སྲུང་སྐྱོབ་དང་རྒྱུན་འཛིན་གནང་ཡིན་པའི་ལམ་སྟོན་གནང་སོང་། འདི་ལོའི་བགྲོ་གླེང་གི་བརྗོད་གཞི་ནི་ས་སྐྱ་བས་བོད་ལ་དབང་བསྒྱུར་བའི་རིང་བོད་ཀྱི་ཆོས་སྲིད་རིག་གནས་དར་སྤེལ་སྐོར་རེད་འདུག་པ་དང་། ཉིན་གསུམ་རིང་གི་ལས་རིམ་དེའི་ཁྲོད་ཝཱར་ཎ་གཙུག་ལག་སློབ་གཉེར་ཁང་དང་ནོར་གླིང་བོད་ཀྱི་མཐོ་སློབ། བོད་ཀྱི་སྨན་རྩིས་ཁང་། རྫོང་སར་བཤད་གྲྭ དེ་བཞིན་རྡ་ས་མཚན་ཉིད་སློབ་གྲྭ་སོགས་ནས་ཕེབས་བའི་དགེ་རྒན་དང་སློབ་དཔོན་ཁག་ཅིག་ནས་དེ་སྔ་ས་སྐྱའི་སྐབས་སུ་དར་བའི་ཚད་མ་རིག་པའི་སྐོར་དང་། བཀའ་རྙིང་གི་ཐད་སྙད་རིག་གནས་སྐོར། རོལ་དབྱངས་སྒྱུ་རྩལ་སྐོར་དང་གསོ་བ་རིག་པའི་སྐོར་སོགས་བརྗོད་གཞི་མི་འདྲ་བ་བཅོ་ལྔ་ཙམ་གྱི་ཐོག་གསུང་བཤད་གནང་གི་འདུག ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་གི་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་ནས་དེ་རིང་སྔ་དྲོ་སྐུ་མགྲོན་གཙོ་བོ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་མཆོག་གིས་དབུ་བཞུགས་བགྲོ་གླེང་གི་དབུ་འབྱེད་མཛད་སྒོའི་སྟེང་བོད་རིག་པའི་བགྲོ་གླེང་ལས་རིམ་འདི་ནི་སློབ་མའི་རང་འགུལ་གྱིས་སྤེལ་བའི་བྱེད་སྒོ་ཞིག་ཡིན་པ་ངོ་སྤྲོད་དང་སྦྲགས། ཁྱད་པར་འདི་ལོའི་བརྗོད་གཞི་དེ་དེ་སྔ་ས་སྐྱའི་སྐབས་ཀྱི་གནས་སྟངས་སྐོར་བདམས་དགོས་དོན་གཙོ་བོ་ནི། ༸དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་མཆོག་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཅིག་ཡིན་པ་གསུངས་སོང་། དེ་རིང་བགྲོ་གླེང་ལས་རིམ་དེའི་ཐོག་ས་རཱ་མཐོ་སློབ་ཀྱི་སློབ་མ་ ༢༠༠ ཡས་མས་བཅར་འདུག་པས། སྐུ་མགྲོན་གཙོ་བོ་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་སློབ་མ་རྣམས་ལ་སྤྱིར་མི་ཞིག་དང་ཁྱད་པར་དུ་བོད་རིགས་ཤིག་ཡིན་ཕྱིན་རང་ལ་ལས་འགན་དམིགས་བསལ་བ་ཞིག་འཁྲི་ཡོད་པའི་སྐོར་ལ་ལམ་སྟོན་གནང་སོང་བ་མ་ཟད། སྒོས་སུ་བོད་བརྒྱུད་ནང་བསྟན་རང་གི་གཅེས་ནོར་དེ་སྲུང་སྐྱོབ་རྒྱུན་འཛིན་དང་། བརྡ་དག་དང་མཐུན་པའི་བོད་སྐད་གཙང་མ་སྐྱོན་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་པ་གསུངས་སོང་། སྐབས་དེར་ད་དུང་བོད་མིའི་སྒྲིག་འཛུགས་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་མཆོག་ནས་ཀྱང་སློབ་མའི་རང་འགུལ་གྱིས་སྤེལ་བའི་བྱེད་སྒོ་འདི་ལྟ་བུས་རང་གི་རིག་གཞུང་ལ་དོ་སྣང་ཞིག་མཚོན་གྱི་ཡོད་པས་བསྔགས་བརྗོད་གནང་བ་དང་། མི་རབས་བརྗེ་འགྲོ་བའི་དུས་མཚམས་འདིར་ན་གཞོན་ཚོས་ཤེས་ཡོན་ལ་དོ་སྣང་གནང་ནས་རང་ཉིད་བོད་པ་གཅིག་ཡིན་པའི་བསམ་པའི་འདུ་ཤེས་དགོས་གལ་དང་། དེ་དེ་བཞིན་བོད་མའི་བཟང་སྤྱོད་སོགས་མི་རབས་གོང་མས་ཤུལ་བཞག་རྒྱུན་འཛིན་གནང་གལ་ཡིན་པ་སོགས་གསུང་བཤད་གནང་ཡོད། གསར་འགོད་པས་ཧི་མ་ཅལ་མངའ་སྡེ་ནང་རྟེན་གཞི་བྱས་པོའི་སྨན་རི་གླིང་ནས་ཕེབས་པའི་གསུང་བཤད་གནང་མཁན་ཞིག་ལ་བཅར་འདྲི་ཞུས་པ་ཡིན། སང་ཉིན་གཉིས་པའི་ཐོག་ས་སྐྱའི་སྐབས་ཀྱི་ལོ་རྩ་བའི་གཞུང་ལུགས་སྐོར་དང་། དེ་བཞིན་སྐབས་དེའི་བོད་ཀྱི་ཆོས་ལུགས་གྲུབ་མཐའ་གཞན་པའི་འགལ་འབྲེལ་སྐོར། ཁྲི་སྐོར་བཅུ་གསུམ་དང་སྐབས་དེའི་གནས་སྐབས་དང་མཚོན་ཚུལ་སྐོར་སོགས་བརྗོད་གཞི་བརྒྱད་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུའི་ལས་རིམ་འདུག

བོད་པའི་མི་རབས་གསར་པའི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག

དེ་རིང་ཟླ་ ༨ ཚེས་ ༢༡ ཉིན་སྔ་དྲོ་ཚོུད་ ༩།༤༠ ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Club House གསོལ་མགྲོན་ཁང་གི་ཡང་སྟེང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པའི་འཕྲོད་བསྟེན་ཚན་པས་རྐང་འགན་བཞེས་ཐོག་ལང་ཚོ་དར་བབས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་བ་དང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བོད་པའི་མི་རབས་གསར་པ་སློབ་ཕྲུག་རྣམས་ཀྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་གསུངས་སོང་། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བཀའ་བློན་མཆོག་ནས་ཐེངས་འདིའི་ཟབ་སྦྱོང་གི་གལ་གནད་གང་ཡིན་ངོ་སྤྲོད་གནང་པ་དང་འབྲེལ། ཟབ་སྦྱོང་འདི་གཙོ་བོ་ད་ལྟ་འཚར་ལོངས་བྱེད་བཞིན་པའི་བོད་རིགས་དར་མ་ཚོའི་ལུས་སེམས་གཉིས་ཀྱི་འཚར་ལོངས་བདེ་ཐང་ཡོང་ཐབས་སུ་ཆེད་དམིགས་གནང་པ་ཞིག་ཡིན་སྐོར་གསུངས་པ་མ་ཟད་བོད་པའི་སྤྱི་ཚོགས་ལས་བྱིས་པ་གསར་སྐྱེས་ཀྱི་གྲངས་འབོར་དེ་དེ་སྔ་དང་བསྡུར་ན་ཆེས་ཉུང་ཉུང་ཆགས་ཀྱི་ཡོད་སྟབས། ད་ལྟ་ཤེས་ཡོན་གྱི་ལྟི་གནས་ཁག་སོ་སོར་འཚར་ལོངས་འབྱུང་བཞིན་པའི་བོད་པའི་མི་རབས་གསར་པ་ཚོའི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་གསུངས་སོང་། དེ་བཞིན་བཀའ་བློན་མཆོག་གིས་དེང་སྐབས་སྤྱི་ཚོགས་དང་དུས་ཚོད་ཀྱི་འགྱུར་འགྲོས་འོག་སློབ་མའི་འཕྲོད་བསྟེན་དང་བཟང་སྤྱོད་སོགས་ཀྱི་ཐད་ནས་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པས་སྒྲིག་འཛུགས་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་གི་འོས་འགན་ཁོ་ནར་མ་བཞག་པར་བྱིས་པའི་ཕ་མ་གཙོས་སྤྱི་ཚོགས་ཁྱོན་ཡོངས་ནས་འགན་གཙོ་བཞེས་གནང་དགོས་པར་སྐུལ་མ་གནང་ཡོད་པ་རེད། གཞི་རྩའི་ཟབ་སྦྱོང་འདི་དེ་རིང་ནས་ཚེས་ ༢༤ བར་ཉིན་གྲངས་བཞིའི་རིང་ཚོགས་གནང་གི་ཡོད་པ་དང་། ཟབ་སྦྱོང་འདིའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་འཕྲོད་བསྟེན་ལས་བྱེད་དང་། བོད་པའི་སློབ་གྲྭ་ཁག་ ༢༡ ལྷག་གི་སྨན་ཞབས་པ་དང་མདུན་ལམ་སློབ་བསྟོན་པ་བཅས་ཁྱོན་ལས་བྱེད་ ༥༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད། ཟབ་ཁྲིད་པ་གཙོ་བོ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Expressions India ཞེས་པའི་འཕྲོད་བསྟེན་སློབ་གསོ་ལྟེ་གནས་ཁང་གི་སེམས་ཁམས་དང་བྱིས་པའི་འཕྲོད་བསྟེན་མཁས་པ་ཁག་ཅིག་གིས་བྱིས་པའི་སེམས་ཁམས་དང་ལུས་པའི་འཚར་ལོངས་བྱུང་སྟངས། དགེ་ལས་ཕ་མ་རྣམས་ནས་བྱིས་པའི་འཕྲོད་བསྟེན་ཐད་སློབ་གསོ་གནང་སྟངས་སོགས་ཀྱི་ཐོག་ཟབ་འཁྲིད་གནང་གི་འདུག

ཨོ་རི་སར་བོད་མི་དང་རྒྱ་གར་བ་ཚོས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མི་བྱེད་པར་རྔམ་སྟོན་གནང་པ།

དེང་སྐབས་རྒྱ་དཀར་ནག་གཉིས་པོའི་ས་མཚམས་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་གནད་དོན་ཐོག་དམག་མི་ཕན་ཚུན་དབར་གདོང་ཐུག་རིམ་པ་བྱུང་བ་མ་ཟད། རྒྱ་གཞུང་གིས་རྒྱ་གར་ལ་དམག་གི་འཇིགས་སྐུལ་དང་ཉེན་བརྡ་རིམ་པ་གཏོང་བཞིན་པའི་དུས་མཚམས་འདིར་ཁ་སང་ཚེས་ ༡༨ ཉིན་ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས། དེ་བཞིན་ས་གནས་རྒྱ་གར་གྱི་ RSS རྒྱལ་གཞེན་ཚོགས་པ་ཐོུང་གི་གོ་སྒྲིག་འོག་བོད་མི་དང་རྒྱ་གར་བ་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་ནས་རྒྱ་གར་གྱི་ཁྲོམ་གཞུང་ཁག་ཏུ་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མི་བྱེད་པ་དང་། དེ་བཞིན་དངོས་ཟོག་དེ་དག་ནང་འདྲེན་མི་བྱེད་པའི་ཆེད་དུ་སྦག་སྦག་སྐོར་བསྐྱོད་ཀྱི་ལམ་ནས་ངོ་རྒོལ་སྐད་འབོད་སོགས་གནང་ཡོད་པ་རེད། ལས་འགུལ་དེའི་གོ་སྒྲིག་པའི་ངོས་ནས་སླད་མར་རྒྱ་གར་ནང་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མི་བྱེད་པ་དང་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ་མ་ཟད། རྒྱ་གར་རང་གིས་བཟོས་པའི་དངོས་ཟོག་རྣམས་ཉོ་ཚོང་གནང་དགོས་གལ་ཡིན་པའི་འབོད་སྐུལ་ཞུགས་ཆེ་ཞུས་ཡོད་པ་རེད།

༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་སྐུ་དྲིན་ལ་བརྟེན་ནས་མང་ཚོགས་ཁྲོད་བོན་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་ས་ཞིག་ཆགས་ཡོད་ཅེས་གསུངས་སོང་།

བཞུགས་སྒར་དུ་འཚོགས་བཞིན་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོན་ཐོག་དགོངས་པ་ཆེ་བཞེས་གནང་པར་བརྟེན་དེང་གི་སྤྱི་ཚོགས་ཁྲོད་བོན་པོ་ཐོག་ལྟ་སྟངས་ལ་འགྱུར་བ་ཕྱིན་ཡོད་པ་དང་། བོན་ཆོས་དང་རིག་གཞུང་ལ་དོ་སྣང་དང་སློབ་སྦྱོང་བྱེད་ས་ཞིག་ཆགས་ཡོད་པ་གསུངས་སོང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཟླ་བ་འདིའི་ཚེས་ ༡༦ ཉིན་ནས་འགོ་འཛུགས་ཀྱིས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་དེ་འཚོགས་བཞིན་ཡོད་པ་དང། དེ་རིང་ཉིན་མཐའ་མའི་སྔ་དྲོ་ཚོགས་དུས་སྐབས་བོད་ཀྱི་ཆོས་དང་སློབ་གསོ་ཞེས་པའི་གླེང་བརྗོད་ཁྲོད་འབུམ་རམས་པའི་སློབ་མ་ཁྲི་གཡུང་དྲུང་ལགས་ཀྱིས་༸རྒྱལ་བ་མཆོག་སྐུ་ཕྲེང་བཅུ་བཞི་པས་བོན་ཆོས་ཐོག་དགོངས་པ་བཞེས་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སོང། སྐབས་དེར་ཁོང་གིས་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་དང་ལྔ་པ། དེ་བཞིན་སྐུ་ཕྲེང་བཅུ་གསུམ་པ་བཅས་སྐུ་ཕྲེང་གོང་མ་ཁག་ནས་བོན་ལ་གཟིགས་ཕྱོགས་ཇི་ཡོད་དང་སྐབས་དེར་བོད་དུ་ཡོད་པའི་བོན་གྱི་དགོན་སྡེ་ཁག་བདག་སྐྱོང་མཛད་པའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ངོ་སྤྲོད་སྤྱི་དང་སྒོས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་བོན་དབར་ཐོག་མར་འབྲེལ་བ་བྱུང་རིམ་དང། སྤྱི་འཐུས་ལྷན་ཚོགས་སུ་ཐོག་མར་གཡུང་དྲུང་བོན་གྱི་ཞབས་སྟེགས་གསོལ་བསྩལ་དང། བོན་གྱི་བླ་ཆེན་ཁག་ལ་གཟིགས་ཕྱོགས། དེ་བཞིན་བོན་པོ་དེ་བོད་ཀྱི་ས་སྐྱེས་རྡོ་སྐྱེས་དང་ཕ་མེས་ཡང་མེས་ཀྱི་ཆོས་བརྒྱུད་ཅིག་ཡིན་པ་བཅས་ཀྱི་བཀའ་སློབ་རིམ་པ་གནང་བར་བརྟེན་དེང་གི་སྤྱི་ཚོགས་ཁྲོད་བོན་ཐོག་མང་ཚོགས་ཀྱི་ལྟ་སྟངས་ལ་འགྱུར་བ་ཕྱིན་ཡོད་པ་མ་ཟད། བོན་ཆོས་དང་དེའི་རིག་གཞུང་ལ་དོ་སྣང་གནང་ཐོག་སློབ་སྦྱོང་དང་ཉམས་ཞིབ་བྱེད་ས་ཞིག་ཆགས་ཀྱང་ཡོད་པ་སོགས་གསུངས་ཡོད་པ་རེད། སྨན་རི་དགོན་གྱི་འབུམ་རམས་པའི་སློབ་མ་ཁྲི་གཡུང་དྲུང་ལགས་ནས་གཏམ་བཤད་ཀྱི་ལས་རིམ་གནང་བསྒྲུབས་རྗེས་ཟུར་དུ་ཁོང་གི་དཔྱད་རྩོམ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་ཡོད། རྩ་བའི་བོད་ཀྱི་ཆོས་དང་སློབ་གསོ་ཞེས་པའི་གླེང་བརྗོད་ཐོག་སྔ་དྲོ་ཚོགས་དུས་སྐབས་སུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་བོད་ཀྱི་མ་འོངས་མདུན་ལམ་དང། བོད་ཕྱི་ནང་གི་སློབ་གསོའི་གནས་རིམ་བརྡ་ཆད་བཅས་སྐོར་ལ་གཏན་བཤད་དང་བགྲོ་གླེང་ཡང་གནང་ཡོད་པ་རེད།   

Latest news