Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

ཐེ་ཝན་རང་དབང་གོམ་བགྲོད་ཀྱི་ལས་འགུལ་ནང་དུ་བོད་མིས་མཉམ་ཞུགས་གནང་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཐེ་ཝན་རང་དབང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་ནང་དུ་བོད་མི་ཚོས་མཉམ་ཞུགས་ཀྱིས་ཐེ་ཝན་དང་ཡུ་གུར། དེ་བཞིན་སོག་པོའི་མང་ཚོགས་བཅས་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་པ་གནང་འདུག ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ Shui Yang Ming ལགས་དང། Yu Wan Rao ལགས། དེ་བཞིན་དེ་སྔའི་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཟུར་པ་ Tsai Ming Shian ལགས་གཙོས་པའི་ཐེ་ཝན་མང་གཙོ་ལས་འགུལ་བ་ཁག་ཅིག་གིས་སྣེ་ཁྲིད་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཐེ་ཝན་རྒྱལ་ཁབ་དེ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་སུ་བཅུག་དགོས་པར་རེ་འདུན་བཏོན་ཐོག་ཁ་ཉིན་ཨ་མི་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཐེ་ཝན་རང་དབང་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག སྐབས་དེའི་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་ཨ་རི་ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་འཐུས་མི། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་སུ་ཡོད་པའི་ཐེ་ཝན་དང་ཡུ་གུར། སོག་པོའི་མི་རིགས། ཧོང་ཀོང་མང་གཙོ་ལས་འགུལ་བ། དེ་བཞིན་རྒྱ་རིགས་བཅས་ཁྱོན་ལས་འགུལ་བ་ཆིག་སྟོང་ལྷག་ནས་མཉམ་ཞུགས་གནང་འདུག ལས་འགུལ་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཆིག་སྒྲིལ་གྱི་ནུས་པའི་ཐོག་རང་དབང་འཐབ་རྩོད་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་གསུངས་པ་དང་འབྲེལ། ད་ཆ་རྒྱ་གཞུང་གི་སྲིད་འཛིན་ཞི་ཅིང་གི་སྣེ་ཁྲིད་པའི་དབང་ཆ་གཅིག་བསྡུས་རིང་ལུགས་ལྡན་པའི་རྒྱ་ནག་དམར་གཞུང་གིས་བོད་དང་ཐེ་ཝན། ཧོང་ཀོང་། དེ་བཞིན་ཡུ་གུར་སོགས་ཀྱི་ནང་མང་གཙོ་ལས་འགུལ་བ་དང་ཁྲིམས་རྩོད་པ་དང། རང་དབང་འཐབ་རྩོད་པའི་ཐོག་དྲག་གནོན་དང་དམ་དྲག དེ་བཞིན་བཙན་དབང་གིས་འཛིན་བཟུང་བྱེད་བཞིན་བཅས་ཛ་དྲག་གི་གནས་སྟངས་འོག་གནས་ཡོད་པ་འགྲེལ་བརྗོད་གནང་འདུག རང་དབང་ལུང་པའི་ནང་ཡོད་པའི་རྒྱལ་སྤྱིའི་གཞུང་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་ཁུལ་དེའི་ནང་གི་མང་ཚོགས་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་བཏོན་འདུག དེ་བཞིན་སྲིད་འཛིན་ཞི་ཅིང་ཕིང་གི་ངོས་ནས་ད་ལྟའི་རྒྱ་ནག་གི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལམ་ལུགས་དེ་རྒྱུན་གནས་ཐུབ་ཐབས་མེད་པ་ཤེས་དགོས་པ་དང། རྒྱ་གཞུང་གིས་མང་ཚོགས་ཐོག་ཇི་ཙམ་གྱིས་དྲག་གནོན་བྱས་པ་དེ་ཙམ་གྱིས་མང་ཚོགས་ཚོའི་ངོས་ནས་དྲག་གནོན་ལ་འགོག་རྒོལ་གྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག རྩ་བའི་ཕྱི་ལོ་ ༡༩༤༩ ལོ་རྗེས་ཐེ་ཝན་མཚོ་གླིང་དེ་རྒྱ་ནག་ནས་ཁ་བྲལ་དུ་ཕྱིན་པའི་རྒྱལ་ཁབ་ཅིག་ཡིན་པ་རེད།  ཕྱི་ལོ་ ༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཞབས་སྟེགས་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཤོར་ནས་ད་བར་ལོ་ ༤༠ ལྷག་གི་རིང་ཐེ་ཝན་གིས་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་རྒྱུར་རྩོད་ལེན་གནང་བཞིན་ཡོད་པ་དང། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་ཐེ་ཝན་རྒྱལ་ཁབ་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་རྒྱ་ནག་སྐམ་ས་དང་ལྷན་གཅིག་ཏུ་གནས་རྒྱུར་རྩོད་ལེན་བྱེད་བཞིན་ཡོད་པ་རེད།

བོད་ཁྱིམ་སློག་ཁག་ནང་ཁུལ་རིགས་ལམ་འདུ་འཛོམས་ཆེན་མོ་དབུ་འཛུགས་གནང་སོང་།

དེ་རིང་ཟླ་ ༩ ཚེས་ ༡༨ ཉིན་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དྷ་ཤོད་བོད་ཁྱིམ་སློབ་གྲྭར་བོད་ཁྱིམ་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་ ༧ དེ་དབུ་འཛུགས་གནང་སོང་། རིགས་ལམ་གྱི་འདུ་འཛོམས་ཆེན་མོ་དེའི་ཐོག་དྷ་ས་ཉེ་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་དྲུག་དང་། སཾ་བྷོ་ཊའི་སློབ་གྲྭ་གཉིས་བཅས་ཀྱི་འཛིན་རིམ་ལྔ་པ་ནས་དགུ་པ་བར་གྱི་ཁྱོན་སློབ་མ་ ༣༠༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང་། དེ་རིང་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རིགས་ལམ་གྱི་གལ་གནད་དང་དེར་སློབ་གཉེར་གནང་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་བཅས་གནང་སོང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་ཕུལ་སོང་།

དེ་རིང་ཟླ་ ༩ ཚེས་ ༡༦ ཉིན་བཞུགས་སྒར་དུ་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་འབུལ་བཞེས་གནང་སོང། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་བོད་མདོ་སྨད་བླ་བྲང་ཁུལ་ནས་ཡིན་པ་དང། ཁོང་ནས་དེ་སྔ་ཕྱི་ལོ་ ༢༠༡༢ ལོར་རང་གི་ཨ་མ་ལགས་དང་སྲིང་མོའི་ལྷན་དུ་བལ་ཡུལ་བར་ཞི་བའི་གོམ་བགྲོད་གནང་ཡོད་པ་རེད། སྐབས་དེར་ཁོང་རྣམས་ནས་བོད་བར་གོམ་བགྲོད་གནང་འཆར་ཡོད་ཀྱང། བལ་ཡུལ་ས་མཚམས་སུ་ཉེན་རྟོག་པས་དཀག་སྡོམ་བྱེད་རྐྱེན་གོམ་བགྲོད་དེ་མུར་མཚམས་འཇོག་གནང་དགོས་བྱུང་ཡོད་སྟབས། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་ཕྱི་ལོ་ ༢༠༡༣ ལོར་ཁོང་ཁེར་རྐྱང་ཐོག་སླར་བོད་བར་ཞི་བའི་གོམ་བགྲོད་བསྐྱོད་སྐབས་རྒྱ་གར་བྱང་ཤར་བོད་རྒྱ་ས་མཚམས་ནས་གར་སོང་ཆ་མེད་དུ་གྱུར་རྗེས་ད་བར་ཤི་གསོན་གང་ཡིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་གྱུར་ཡོད་པ་རེད། བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཚོགས་ཁང་དུ་སྐབས་ ༡༦ པའི་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་བོད་ལྗོང་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་དེ་གནང་སོང་བ་དང། སྐབས་དེར་ཁོང་གི་མ་སྡོམ་པ་སྐྱིད་ལགས་ནས་རང་ཉིད་ཀྱི་བུའི་ཚབ་ཞུས་ཐོག་གཟེངས་རྟག་དེ་བཞེས་ཡོད་པ་རེད། རྩ་བའི་དེ་རིང་ནས་དབུ་འཛུགས་གནང་བའི་བོད་ལྗོང་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་དེ་ནི་གཙོ་བོ་དེ་སྔོན་སྐབས་ ༡༥ པའི་ཚོགས་ཆེན་ཐོག་མདོ་སྨད་སྤྱི་ལ་ཁྱབ་པའི་སྒྲིག་གཞི་གང་མགྱོགས་གཏན་འབེབས་དགོས་པའི་གྲོས་ཆོད་བཞག་ཡོད་པ་ལྟར། སྐབས་ ༡༦ པའི་རྒྱུན་ལས་རྣམས་ནས་སྒྲིག་གཞིའི་ཟིན་བྲིས་ཆ་ཚང་བ་ཞིག་གནང་ཟིན་ཡོད་པ་དང་། དེ་རིང་གི་དམིགས་གསལ་ཚོགས་ཆེན་འདིའི་ཐོག་སྒྲིག་གཞི་དེ་དག་ཐོག་གྲོས་བསྡུར་གནང་རྗེས་གཏན་འབེབས་བྱ་རྒྱུ་དང་། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་འབངས་ཡོངས་ཀྱི་སྐྱབས་གནས་དང་ཕ་མ་ལྟ་བུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་མཚན་སྨད་ཞུ་མཁན་རིགས་ལ་གདོང་ལེན་གནང་ཕྱོགས་གཙོས། བོད་པའི་སྤྱི་ཚོགས་ནང་དུ་ཆོལ་ཁའི་འཐེན་འཁྱེར་གྱི་གནད་དོན་བཅས་དོན་ཚན་ ༨ ཀྱི་ཐོག་ལ་གྲོས་བསྡུར་གནང་ཕྱིར་ཚོགས་པ་ཞིག་རེད་འདུག སྐུ་མགྲོན་གཙོ་བོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་རྒྱ་ཆེ་མང་ཚོགས་རྣམས་རྡོག་རྩ་ཆིག་སྒྲིལ་ཐོག་མཉམ་གནས་བྱེད་རྒྱུ་དང། ཆིག་སྒྲིལ་གྱི་ནུས་པའི་ཐོག་ནས་བོད་དོན་འཐབ་རྩོད་རྒྱུན་སྐྱོང་གནང་དགོས་གལ་ཡིན་པ་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། དེ་བཞིན་དམིགས་གསལ་སྐུ་མགྲོན་བཀའ་ཟུར་ཀིརྟིའི་རིན་པོ་ཆེ་མཆོག་ནས་རྒྱ་ཆེ་མང་ཚོགས་ནས་༸གོང་ས་མཆོག་གི་དགོངས་པ་དང་མཐུན་པའི་ལས་ཀ་བྱེད་དགོས་གལ་དང་། ལྷག་དོན་ད་ལྟའི་མི་རིགས་རྣམས་ནས་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ངང་གནས་ཐོག་མི་རབས་རྒན་པའི་བྱ་གཞག་རྒྱུན་སྐྱོང་ཐུབ་པ་བྱེད་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་སོང་། ཐེངས་འདིའི་དམིགས་གསལ་ཚོགས་ཆེན་འདི་བཞིན་དེ་རིང་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༡༨ བར་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་རེད་འདུག

མུམ་བའེ་གནམ་ཐང་ནས་བོད་མི་གཉིས་འཛིན་བཟུང་བྱས་འདུག

རྒྱ་གར་གྱི་གྲོང་ཁྱེར་མུམ་བའེ་རྒྱལ་སྤྱིའི་གནམ་ཐང་དུ་བོད་མི་གཉིས་ཀྱིས་མ་ལེ་ཤི་ཡའི་ཕྱི་སྐྱོད་ལག་ཁྱེར་རྫུན་བཟོ་ཐོག་བསྐྱོད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག དེའང་ཟླབ་འདིའི་ཚེས་ ༢ ཉིན་རྒྱ་གར་མུམ་བའེ་གྲོང་ཁྱེར་གྱི་ Chhatrapati Shivaji International Airport གནམ་ཐང་དུ་བོད་མི་གཉིས་ཀྱིས་མ་ལེ་ཤི་ཡའི་ཕྱི་སྐྱོད་ལག་ཁྱེར་དང་འགྲུལ་བཞུད་འཛིན་བྱང་རྫུན་མ་བེད་སྤྱོད་བརྒྱུད་མུམ་བའེ་ནས་ཕ་རན་སིར་བསྐྱོད་རྩི་བྱེད་སྐབས་རྒྱ་གར་གྱི་ཕྱི་མི་ཞིབ་བཤེར་ཉེན་རྟོག་པས་གནམ་ཐང་གི་ཐོན་སྒོ་ཨང་ ༦༩ ནས་ཁོང་རྣམ་གཉིས་འཛིན་བཟུང་བྱས་འདུག་པ་དང། བོད་མི་དེ་དག་གཉིས་ནི་རང་ལོ་ ༣༩ ཡིན་པའི་དཀོན་མཆོག་དབང་འདུས་དང་རང་ལོ་ ༣༢ ཡིན་པའི་ཚེ་རིང་སྒྲོལ་དཀར་རེད་འདུག Indian Express གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། བོད་མི་གཉིས་པོ་དེ་དག་ནས་དེ་ཉིན་ཐོག་མར་མུམ་བའེ་ནས་ Ahmedabad གྲོང་ཁྱེར་བར་འགྲུལ་སྐྱོད་བྱེད་ཚུལ་འོག་གནམ་ཐང་དུ་ཞུགས་པ་དང། དེ་རྗེས་མངོན་གསལ་མིན་པའི་ཐོག་ནས་གནམ་ཐང་གི་རྒྱལ་སྤྱིའི་འགྲུལ་སྐྱོད་སྡེ་ཚན་ཕྱོགས་སུ་བསྐྱོད་པ་མ་ཟད། དེ་གར་བསོད་ནམས་ཡུམ་ལོ་ཞུ་བའི་འགྲིམ་འགྲུལ་ལས་མི་ཞིག་དང་ཐུག་འཕྲད་བྱས་ཡོད་པ་དང། ཁོ་པས་ཁོང་རྣམ་པ་གཉིས་ལ་དོ་དག་སོ་སོའི་པར་སྦྱར་བའི་མ་ལེ་ཤི་ཡའི་ཕྱི་སྐྱོད་ལག་འཁྱེར་དང་མ་ལེ་ཤི་ཡའི་མི་གཉིས་ཀྱི་མིང་འཁོད་པའི་ france གྱི་འགྲུལ་བཞུད་འཛིན་བྱང་བཅས་སྤྲད་ཡོད་ཀྱང། གནམ་གྲུར་མ་བཞུགས་གོང་འཛིན་བཟུང་བྱས་ཡོད་པ་རེད་འདུག བོད་མི་གཉིས་པོ་དེ་དག་གིས་ཕྱི་མི་ཞིབ་བཤེར་མི་སྣར་འགྲེལ་བརྗོད་བྱེད་དོན་ལྟར་ན། ཁོང་གཉིས་མུམ་བའེ་དུ་ཟླ་ ༨ ཚེས་ ༢༨ ཉིན་འབྱོར་བ་དང་འབྲེལ་འགྲིམ་འགྲུལ་ལས་ཁང་ཞིག་དང་ཐུག་འཕྲད་བྱུང་བ་མ་ཟད། ཁོང་གཉིས་མུམ་བའེ་ནས་མ་ཐོན་པའི་ཉིན་ཤས་གོང་དུ་གནམ་ཐང་གི་ཉེ་འགྲམ་མགྲོན་ཁང་ཞིག་ཏུ་བསྡད་པ་དང་དེ་བཞིན་ Ahmedabad གྲོང་ཁྱེར་ལ་འགྲུལ་སྐྱོད་བྱ་རྒྱུའི་ཁྲིམས་མཐུན་གྱི་གནམ་གྲུའི་འཛིན་བྱང་ཉོས་ཡོད་སྐོར་བཤད་འདུག སྐོར་སྲུང་བས་ད་ལྟའི་ཆར་བསོད་ནམས་ཡུམ་ལོ་ཞུ་བའི་ལས་མི་དེ་རྩད་ཞིབ་གནང་མུས་ཡིན་པ་དང་། བོད་མི་དེ་གཉིས་ལ་བསླུ་བྲིད་དང་ལག་ཁྱེར་རྫུན་བཟོའི་ཉེས་འཛུགས་བྱས་ཡོད་ཀྱང། ཁོང་རྣམ་གཉིས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ Prabhakar Tripathi ལགས་དང་སྐུ་ཞབས་ Rakesh Singh རྣམ་གཉིས་ཀྱིས་བོད་མི་གཉིས་པོ་དེ་དག་འགྲིམ་འགྲུལ་ལས་ཁང་གི་མགོ་སྐོར་འོག་ཚུད་ཡོད་པ་དང་། འགྲིམ་འགྲུལ་ལས་ཁང་གིས་ཁོང་གཉིས་ལ་འགྲུལ་སྐྱོད་དང་མུམ་བའེ་ནང་ཞག་བསྡོད། དེ་བཞིན་འགྲུལ་བཞུད་འཛིན་བྱང་སོགས་བཀོད་སྒྲིག་བྱས་ཡོད་པ་གསུངས་པ་མ་ཟད། གནམ་ཐང་ནང་ཁོང་གཉིས་འཛིན་བཟུང་བྱེད་སྐབས་འགྲིམ་འགྲུལ་ལས་མི་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་བོད་མི་གཉིས་པོ་དེ་དབྱིན་སྐད་མི་ཤེས་པའི་ཁར་འགྲུལ་སྐྱོད་ཀྱི་འཛིན་བྱང་ཐོག་ཏུ་མིང་གང་བཀོད་མེད་སོགས་ཀྱང་མི་ཤེས་པའི་ཡིག་རྨོངས་ཤིག་ཡིན་སྟབས། ཁོང་གཉིས་ལ་འགྲིམ་འགྲུལ་ལས་ཁང་གིས་མགོ་སྐོར་བཏང་ཡོད་པའང་འགྲེལ་བརྗོད་གནང་འདུག

སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་གདུང་ཟླ་ ༡༠ ཚེས་ ༢ ཉིན་ཞུགས་འབུལ་གནང་རྒྱུ་རེད་འདུག

གཡུང་དྲུང་བོན་གྱི་མངའ་བདག་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཁ་སང་ཟླ་ ༩ ཚེས་ ༡༤ ཕྱི་དྲོ་ཚོུད་ ༦་༢༥ སྟེང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ Sirmour རྗོང་དུ་རྟེན་གཞི་བྱས་པའི་བོན་གྱི་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག རིན་པོ་ཆེ་མཆོག་དགུང་གྲངས་ ༨༩ ལ་ཕེབས་ཡོད་པ་དང་ཁོང་ནི་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དེ་ཡིན་པ་རེད། ཁ་སང་ཕྱི་དྲོ་རིན་པོ་ཆེ་མཆོག་དགོངས་པ་གཞན་དུ་གཤེགས་པ་ནས་བཟུང་ཐུགས་དམ་དུ་བཞུགས་མུས་ཡིན་པ་དང་ད་ལྟ་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཙོས་པའི་བོན་གྱི་དགོན་ཁག་སོ་སོར་དད་ལྡན་མང་ཚོགས་ནས་དགོངས་རྫོགས་མཆོད་འབུལ་སྲུང་བརྩི་ཞུ་བཞིན་འདུག འདི་ག་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ནས་དེ་རིང་ཉིན་དགུང་ཚོུད་ ༡༢།༠༠ ཐོག་ལས་ཁུངས་ཁག་གི་ལས་མཚམས་བཞག་ནས་རིན་པོ་མཆོག་གི་དགོངས་རྫོགས་ལ་གཞུང་འབྲེལ་མྱ་ངན་རྗེས་དྲན་གྱི་བསྔོ་སྨོན་མཆོད་འབུལ་ཞུས་སོང་བ་དང་། ཚོགས་མཆོད་དེའི་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བོད་གཞིས་བྱེས་གཉིས་སུ་བསྟན་འགྲོའི་སྤྱིའི་སླད་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པར་ཆེ་བསྟོད་དང་འབྲེལ། འཛིན་སྐྱོང་བཀའ་ཤག་ནས་ཐུགས་ཕམ་དང་བཅས་རྗེས་འཇུག་སློབ་མ་ཀུན་ལ་ཐུགས་གསོ་ཡོད་པ་གསུངས་གནང་སོང་། བོད་མི་མང་བོན་པོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་བཀའ་འདྲི་ཞུས་སྐབས་རིན་པོ་མཆོག་༸སྐུ་ཐུགས་དམ་བཞུགས་སྟངས་ཁྱད་པར་བ་ཞིག་ཡོད་པ་དང་། དེ་བཞིན་༸སྐུ་གདུང་རིན་པོ་ཆེའི་མདུན་དུ་མཁན་བླ་དང་དགེ་འདུན་པ་རྣམས་ནས་སྨོན་ལམ་གསུང་འདོན་ཐོག་༸སྐུ་གདུང་རིན་པོ་ཆེ་ཐུགས་དམ་དུ་བཞུགས་མུས་ཡིན་པ་སོགས་འགྲེལ་བརྗོད་གནང་སོང་། གཞི་རྩའི་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོའི་ཧོར་ཟླ་ ༥ ཚེས་ ༡༥ ཉིན་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་ཁྱིམ་དུ་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་མཚན་ལ་བླ་མ་ཐར་ཞེས་གསོལ་འདུག དགུང་ན་བདུན་ནས་སྐྱང་ཚང་དགོན་དུ་བཞུགས་ནས་ཐོག་མར་བྲིས་ཀློག་ནས་རིམ་བཞིན་ཆོ་ག་རྒྱས་བསྡུས་སོགས་སློབ་གཉེར་གནང་འགོ་ཚུགས་འདུག དགུང་ལོ་ ༡༧ ཐོག་བོད་ཀྱི་རིག་གནས་ཆེ་ཆུང་ཁག་ལ་སློབ་གཉེར་གསན་བསམ་གནང་ཞིང་། ༡༩༥༣ ལོར་གཡུང་དྲུང་བོན་གྱི་གཞུང་བཀའ་པོད་དྲུག་ལ་དམ་བཅའ་མཛད་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་གནས་སོགས་བཞེས་འདུག ཕྱི་ལོ་ ༡༩༦༨ ལོར་རིན་པོ་ཆེ་མཆོག་དགུང་གྲངས་༤༠ཐོག་སྨན་རིའི་ཁྲི་འཛིན་སོ་གསུམ་པར་མངའ་གསོལ་གྱིས་མཚན་ལ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་གསོལ་འདུག ༸རྒྱལ་བ་སྨན་རིའི་ཁྲི་འཛིན་དུ་མངའ་གསོལ་རྗེས་རིན་པོ་ཆེ་མཆོག་ནས་བོད་གཞིས་བྱེས་གཉིས་སུ་བོན་གྱི་བཤད་སྒྲུབ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེ་མཛད་པ་མ་ཟད། སློབ་གྲྭ་དང་དཔེ་མཛོད་ཁང་། གཞན་ཡང་གཡུང་དྲུང་བོན་གྱི་དགེ་སློབ་ཁང་སོགས་ཤེས་ཡོན་གྱི་ལྟེ་གནས་ཁག་ཅིག་གསར་འཛུགས་མཛད་ནས་མཁན་པོ་སློབ་དཔོན་དང་དགེ་རྒན། སྐྱ་སེར་ཞིབ་འཇུག་ཤེས་ཡོན་མི་སྣ་ཇེ་སྙེད་ཅིག་སྐྱེད་སྲིང་མཛད་འདུག་པ་བཅས་བསྟན་འགྲོ་སྤྱིའི་སླད་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་འདུག གཤམ་ལ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་འདི་ལོའི་ལོ་མགོར་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་པའི་ཁྲོད། བོད་རིགས་གཞོན་སྐྱེས་རྣམས་ནི་མ་འོངས་བོད་ཀྱི་རེ་སྟོང་བྱེད་ས་ཞིག་ཡིན་སྟབས་ཆང་རག་ཚད་མེད་འཐུང་རྒྱུ་མེད་པ་དང་། ང་ཚོ་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བསྒྲུབ་ན་བཀྲིས་པ་དང་དོན་གྲུབ་པ་སོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པའི་ལམ་སྟོན་བཀའ་སློབ་སྩལ་བའི་ཚན་པ་ཞིག་རྒྱང་སྲིང་ཞུས་ཡོད།

བོད་རིགས་བེུད་གཅིག་ཁེ་ན་ཌའི་ས་གནས་གྲོས་ཚོགས་འཐུས་མིའི་འོས་གཞིར་འདེམས་ཐོན་བྱུང་བ།

ཁེ་ན་ཌའི་ Ontario མངའ་ཁུལ་གྱི་ Parkdale ས་གནས་སུ་གནས་སྡོད་བོད་རིགས་བེུད་བུ་འཁྲིད་དཀར་པོ་ཆེ་ཞུ་བ་ཁོང་ཕྱི་ལོ་ ༢༠༡༨ ལོའི་ Ontario མངའ་ཁུལ་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་ ParkDaleHigh ས་གནས་ཀྱི་ New Democrats ཆབ་སྲིད་ཚོགས་པའི་འོས་མིར་བདམས་ཐོན་བྱུང་འདུག དེ་ཡང་ཁ་སང་ Parkdale མང་གཙོ་ཚོགས་པའི་ཚོགས་འདུ་ཐོག་ཕྱི་ལོ་ ༢༠༡༨ ལོའི་མངའ་སྡེའི་འོས་བསྡུའི་ནང་ Parkdale ས་གནས་ནས་བཞེང་མཁན་འོས་མི་བདམ་སྐབས་བོད་རིགས་བེུད་བུ་འཁྲིད་དཀར་པོ་ཆེ་ལགས་བདམས་ཐོན་བྱུང་ཡོད་པ་དང། སྐབས་དེར་བུ་འཁྲིད་ལགས་ཀྱིས་ཁོང་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ Canada ནང་དུ་རང་གི་ནང་མི་ལྷན་རྒྱས་ཐོག་མར་འབྱོར་སྐབས་ཁུལ་དེའི་ནང་བོད་ཆས་སྤྲས་པའི་བོད་མི་དང། གཞན་མི་རིགས་མང་དག་ཞིག་མཉམ་གནས་བྱས་པ་མཐོང་སྐབས་ས་གནས་འདིར་བློ་ཐག་ཉེ་བའི་ཚོར་བ་ཞིག་བྱུང་བ་མ་ཟད། དེའང་ཁོང་རང་ཉིད་ལྟ་བུར་ཆ་མཚོན་ན་བཙན་བྱོལ་ནང་དུ་ལྷུང་བའི་བོད་མི་མི་རབས་གསུམ་པ་ཞིག་ཡིན་པའི་ཆ་ནས་ཚོར་བ་དེ་དམིགས་བསལ་ཤུགས་ཆེ་བ་ཡོད་སྐོར་གསུངས་འདུག བུ་འཁྲིད་ལགས་ཀྱིས་ཁོང་ Parkdale ནང་ཐོག་མར་གཞིས་སྤོས་གནང་སྐབས་ཁྱིམ་མཚེས་ཞིག་གིས་ཁོང་གི་ནང་མིར་བརྙན་འཕྲིན་མེད་པ་ཤེས་སྟབས། རང་ཉིད་ཀྱི་བརྙན་འཕྲིན་རྙིང་པ་དེ་གནང་པའི་དུས་ཚོད་དྲན་གསོ་དང་སྦྲགས། ཁྱིམ་མཚེས་དེའི་གནང་སྟངས་དེ་ནས་རང་རྒྱུད་ལ་སྤྱི་ཚོགས་ལ་དགའ་ཞེན་དང་སྤྱི་ཚོགས་ཀྱི་ཆེད་དུ་ལས་ཀ་བྱེད་རྒྱུའི་འདུན་པ་དམིགས་བསལ་ཞིག་བྱུང་ཡོད་པ་མ་ཟད། མཐོ་རིམ་སློབ་གྲྭའི་ནང་དུ་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་སློབ་སྦྱོང་གནང་རྗེས་ཁོང་རང་ཉིད་ཀྱི་འདུན་པ་ལྟར་མང་ཚོགས་ལྷན་དུ་དངོས་སུ་འབྲེལ་མཐུད་ཀྱི་གོ་སྐབས་བྱུང་བ་བཞིན་སྤྱི་ཚོགས་ལ་ཞབས་ཞུ་མུ་མཐུད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག རྩ་བའི་ Parkdale ས་གནས་དེ་འཛམ་གླིང་ཡུལ་གྲུ་གཞན་ནས་ Canada ནང་དུ་སྐྱབས་བཅོལ་ཞུ་བར་ཕེབས་མཁན་རྣམས་ཀྱི་བཞུགས་གནས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། ས་གནས་དེར་རྒྱ་བལ་འབྲུག་གསུམ་གྱི་རྗེས་སུ་བོད་མི་སྐྱབས་བཅོལ་བའི་གྲངས་འབོར་མང་ཤོས་ཆགས་ཀྱི་ཡོད་པ་རེད་འདུག བུ་འཁྲིད་དཀར་པོ་ཆེ་ལགས་ནས་དེ་སྔ་ལོ་མང་རིང་ Ontario མངའ་སྡེ་གྲོས་ཚོགས་ཀྱི་ Toronto གྲོང་ཁྱེར་གྱི་འཐུས་མི་ལྕམ་ Cheri Dinovo ལགས་དང་ལྷན་དུ་ཕྱག་ལས་གནང་མྱོང་ཡོད་པ་ལས་ Toronto གྲོང་ཁྱེར་དང་སྒོས་ Parkdale ས་ཁུལ་དུ་མང་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་ལས་འགུལ་མང་དག་ཞིག་སྤེལ་མྱོང་ཡོད་པ་དང་། ཉེ་སྔོན་ཁུལ་དེར་ཁང་བདག་རྣམས་ནས་གནས་ཚང་གི་མཐུན་རྐྱེན་ཡར་རྒྱས་མ་གཏང་པར་ཁང་གླ་ཕོན་ཆེན་སྤར་སྐབས་བུ་འཁྲིད་གཙོས་པའི་ལས་འགུལ་བ་མང་དག་ཞིག་ནས་གཞུང་ལ་གནད་དོན་དེ་སེལ་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྣ་ཚོགས་ སྤེལ་འདུག ཁ་སང་གི་མཛད་སྒོའི་ཐོག་མང་གཙོ་ཚོགས་པའི་ཚོགས་མི་མང་དག་ཞིག་གཙོས་པའི་བུ་འཁྲིད་ལགས་ཀྱི་སྐུ་ཟླ་དང་ལོ་གཉིས་དང་ཕྱད་ཀ་ཡིན་པའི་བུ་མོ། དེ་བཞིན་ཕ་མ། ས་གནས་བོད་མི་མང་དག་ཞིག་སླེབས་ཡོད་པ་རྣམས་ཚོས་ཁོང་འོས་མིར་བདམས་ཐོན་བྱུང་བར་དགའ་བསུའི་རྣམ་པ་ཤུགས་ཆེ་སྟོན་གནང་འདུག རྩ་བའི་བུ་འཁྲིད་ལགས་རང་ཉིད་བོད་མི་ཞིག་ཡིན་པོའི་ཆ་ནས་འདས་པའི་ལོ་ ༡༠ ལྷག་ནས་ Toronto ས་ཁུལ་དུ་བོད་དོན་ཆེད་ཕྱག་ལས་ཤུགས་ཆེ་གནང་མྱོང་ཡོད་པ་དང་། ཁོང་ནས་ཁུལ་དེའི་བོད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ནང་དུ་ཞུགས་མྱོང་ཡོད་པ་མ་ཟད། ITN ཞེས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་ཡང་གནང་མྱོང་འདུག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་ཚོགས་གནང་པ།

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གོ་སྒྲིག་འོག་དེ་རིང་ཟླ་ ༩ ཚེས་ ༡༥ ཉིན་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༧ བར་དུས་ཡུན་ཉིན་གྲངས་གསུམ་རིང་མཐོ་སློབ་དེའི་ནང་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་བཙན་བྱོལ་ནང་བོད་མི་རིགས་ཀྱི་ངོ་བོ་ངོས་འཛིན་ཇི་ལྟར་ཆགས་ཡོད་མེད་ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་ཡོངས་བགྲོ་གླེང་ཐེངས་དང་པོ་དེ་དབུ་འཛུགས་གནང་ཡོད་པ་རེད། ཐེངས་འདིའི་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་སྐབས་སུ་འདས་པའི་དུས་རྒྱལ་རབས་ལོ་རྒྱུས་ནང་རྩི་མཐོང་ཇི་ལྟར་བྱེད་གོས་པ་དང་ད་ལྟའི་ཆར་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་མེད། མ་འོངས་མི་རབས་གསར་པ་ཚོར་ཁ་ཕྱོགས་གསར་པ་དང་ཐབས་ལམ་གསར་པ་གང་སྟོོན་དགོས་མིན་བཅས་ཀྱི་བརྗོད་གཞིའི་ཐོག་རྒྱལ་ཡོངས་བགྲོ་གླེང་གནང་རྒྱུ་རེད་འདུག བགྲོ་གླེང་ཐོག་དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིི་འགན་འཛིན་ལོ་རྒྱུས་སྨྲ་བ་མཁས་དབང་བཀྲིས་ཚེ་རིང་ལགས། དབུས་བོད་ཀྱི་སྨན་རྩིས་ཁང་གིི་ཡན་ལག་སྦེང་ལོར་སྨན་རྩིས་ཁང་གི་སྨན་པ་འབུམ་རམས་པ་རྡོ་རྗེ་རབ་བརྟན་ལགས། ལྡི་ལིར་རྟེན་གཞི་བྱས་པའི་ Jawaharal Nehru University ᨵཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ཡེ་ཤེས་ཆོས་སྒྲོན་ལགས། དེ་བཞིན་རྩོམ་པ་པོ་དང་གསར་འགོད་པ། བོད་དང་རྒྱ་དཀར་ནག་ཐོག་ཆབ་སྲིད་ཉམས་ཞིབ་པ་མཁས་དབང་སྐུ་ཞབས་ Claude Arpi ལགས། གཞན་ཡང་དམིགས་བསལ་སྐུ་མགྲོན་ལྔ་གདན་ཞུ་གནང་འདུག་པ་མ་ཟད། སློབ་ཁང་དེའི་སློབ་མ་དང་མཐོ་སློབ་འདྲ་མིན་གྱི་བོད་རིགས་སློབ་ཕྲུག་བཅས་ཁྱོན་མི་སྣ་ ༥༠༠ ལ་ཉེ་བ་ཚོགས་བཅར་གནང་ཡོད་པ་རེད།

བོད་པའི་བཟའ་ཚང་ཞིག་ནས་རང་གི་ཕྲུ་གུ་གསོད་མཁན་ལ་དགོངས་པ་དག་པ་གནང་འདུག

ཨ་རིའི་ནང་གནས་བཞུགས་བོདཔའི་བཟའ་ཚང་ཞིག་ནས་ལོ་གཉིས་སོན་པའི་རང་ཉིད་ཀྱི་ཆེས་གཅེས་པའི་བུ་གསོད་མཁན་ལ་དགོངས་པ་དག་པ་གནང་འདུག དཀོན་ཆོག་བསྟན་འཛིན་ལགས་དང་བཀྲིས་སྒྲོལ་མ་ལགས་རྣམ་གཉིས་ཨ་རིའི་ Colorado མངའ་སྡེའི་ Adams County ཁུལ་ནས་ཡིན་པ་དང། ས་གནས་ཀྱི་བརྒྱུད་ལམ་ཁག་ཅིག་གི་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཕྱི་དྲོ་ཚོུད་ ༧།༤༠ ཙམ་ལ་ཁོང་རྣམ་གཉིས་ཀྱི་བུ་བསྟན་འཛིན་མཆོག་འཛིན་རང་གི་རྨོ་མོ་ལགས་འཚོལ་བར་ཕྱི་ལ་ཐོན་སྐབས་གློ་བུར་དུ་རླངས་འཁོར་གྱིས་བརྡུང་སྟབས། མྱུར་སྐྱོབ་སླད་དེ་མ་ཐག་སྨན་ཁང་དུ་འཁྲིད་ཡོད་ཀྱང་ཕན་འབྲས་གང་ཡང་མེད་པར་འདས་གྲོངས་སུ་གྱུར་འདུག ལོ་གཉིས་ལས་སོན་མེད་པའི་བསྟན་འཛིན་མཆོག་འཛིན་ལ་རླངས་འཁོར་རྡུང་མཁན་ཁ་ལོ་བ་དེ་ནི་ལོ་ ༦༧ ཡིན་པའི་ George Currie རེད་འདུག་པ་དང་། ཁོང་གིས་ཉེན་རྟོག་པར་དོན་རྐྱེན་དེ་བྱུང་སྐབས་སེམས་ཅན་ཆུང་ཆུང་ཞིག་རེད་སྙམ་ནས་རླངས་འཁོར་ཁ་བཀག་མེད་སྐོར་འགྲེལ་བརྗོད་བྱས་འདུག་ཀྱང་། རྗེས་སུ་ས་གནས་ཀྱི་བརྙན་འཕྲིན་ནང་གནས་ཚུལ་དེ་གཟིགས་སྐབས་སྐོར་སྲུང་བར་ནག་ཉེས་ངོས་ལེན་གྱིས་ད་ལྟའི་ཆར་ཞིབ་དཔྱོད་གནང་མུས་རེད་འདུག བསྟན་འཛིན་མཆོག་འཛིན་ལགས་ཀྱི་ཕ་དཀོན་མཆོག་བསྟན་འཛིན་ལགས་ནས་ཁོང་དང་ཁོང་གི་སྐུ་ཟླ་བཀྲིས་སྒྲོལ་མ་ལགས་ཀྱི་མཚན་ཐོག་ཚོར་ཤུགས་ཆེན་པོའི་ཐོག་ནས་འཕྲིན་ཐུང་ཞིག་འདོན་སྤེལ་གནང་པའི་ནང། ངའི་བུ་ཆུང་ཤོས་བསྟན་འཛིན་མཆོག་འཛིན་ནི་ངའི་ཆེས་གཅེས་པའི་གྲོགས་པོ་ཡག་ཤོས་ཤིག་ཡིན། བུ་མེད་པ་ཆགས་པ་ནི་ཧ་ཅང་བཟོད་དཀའ་བའི་གནས་ལས་མ་འདས་ཀྱང་། ད་རེས་ཀྱི་ཡ་ང་བའི་དོན་རྐྱེན་དེའི་བརྒྱུད་ང་ཚོར་བྱམས་པ་དང་འཆི་བ་མི་རྟག་པའི་གནས་ལུགས་རྟོགས་པའི་གོ་སྐབས་ཤིག་ཀྱང་བྱུང་། ནང་པའི་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས་ང་ཚོས་རང་ཉིད་ཀྱི་ཆེས་གཅེས་པའི་བུའི་ཚེ་སྲོག་འཕྲོག་མཁན་གང་ཟག་དེར་བཟོད་ཡངས་ཀྱིས་དགོངས་པ་དག་པ་བྱ་རྒྱུ་ཡིན། ཁྱེད་ཀྱིས་ང་ཚོའི་བུའི་ཆེད་དུ་བསྔོ་སྨོན་གནང་རོགས་ཞེས་གསུངས་འདུག་པ་མ་ཟད། འཕྲིན་ཡིག་གི་མཐའ་མཇུག་ཏུ་རླངས་འཁོར་གཏོང་མཁན་ཡོངས་ལ་རླངས་འཁོར་གཏོང་སྐབས་ཡིད་གཟབ་གནང་དགོས་པའི་ནན་སྐུལ་གནང་འདུག བུ་བསྟན་འཛིན་མཆོག་འཛིན་ལ་རླངས་འཁོར་གྱིས་བརྡུང་རྐྱེན་འོག་འདས་གྲོངས་སུ་གྱུར་བའི་གནད་དོན་དང་ལྷག་པར་ཁོང་གི་ཕ་མ་གཉིས་ནས་རླངས་འཁོར་གྱི་ཁ་ལོ་བར་བཟོད་ཡངས་དེ་ལྟར་གནང་པའི་ཐོག ངོ་དེབ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བསྔགས་བརྗོད་ཞུས་འདུག་པ་དང་། ཁག་ཅིག་གིས་དེ་ནི་དོན་དམ་གྱི་ནང་ཆོས་ཉམས་ལེན་ཞིག་རེད་ཅེས་གསུང་པ་དང་འབྲེལ་བསྔོ་སྨོན་གནང་མཁན་ཡོད་ཀྱང། བོད་མི་ལ་ལས་ཕ་མ་གཉིས་ལ་ཉེས་ཅན་པར་བཟོད་ཡངས་གནང་རྒྱུའི་རང་དབང་མེད་པ་དང་སླད་མར་གནས་ཚུལ་དེ་རིགས་མི་ཡོང་བའི་ཆེད་ཁ་ལོ་བ་ངེས་པར་དུ་ཁྲིམས་གཏུག་བྱེད་དགོས་ཞེས་གསུངས་འདུག ཕ་མ་གཉིས་ནས་ཀྱང་འགན་ཁུར་གནང་དགོས་པ་སོགས་ཀྱི་མཆན་མང་དག་བཀོད་མཁན་བྱུང་འདུག

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པ་ལྡི་ལིར་ཚོགས་པ།

དེའང་ཟླ་ ༩ ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་ཚེས་  ༡༢ བར་ཉིན་གྲངས་གསུམ་རིང་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་ཆུ་བཞི་སྒང་དྲུག་གི་དཔའ་བོ་རྗེས་དྲན་ཚོགས་ཁང་དུ་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པ་ཚོགས་ཡོད་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག།དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཁག་ཅིག་བཅས་ཁྱོན་མི་གྲངས  ༡༠༠  ལྷག་ཙམ་ཞིག་འདུ་འཛོམས་བྱུང་འདུག། ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཁག་  ༡༥ ཙམ་གྱི་ཚོགས་མི་ ༦༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང། ཚོགས་འདུའི་ཐོག་དབུས་ས་གཉིས་ཀྱི་ཚོགས་མི་དེ་དག་དབར་གྲོས་གཞི་དོན་ཚན་ཁག་ ༧ ཐོག་བགྲོ་གླེང་གནང་རྒྱུའི་ལས་རིམ་ཡོད་པ་མ་ཟད། ཕྱི་ཚེས་ ༡༣ ཉིན་རྒྱལ་ས་ལྡི་ལིར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་འཆར་འདུག རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་གཙོ་བོ་དེ་ཚོགས་ཆེན་སྐབས་བདུན་པའི་གྲོས་གཞི་གྲོས་ཆོད་ཁག་ལག་བསྟར་དང་མཇུག་སྐྱོང་ཞིབ་འཇུག་བགྲོ་གླེང་གནང་རྒྱུ་དང་།   ལྷག་པར་རྒྱལ་ཡོངས་མང་གཙོ་ཚོགས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་མི་འདྲ་བར་བཙན་བྱོལ་ནང་བོད་མི་སྤྱི་དང་སྒོས་བོད་རིགས་ན་གཞོན་ཚོར་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་བརྒྱུད་བོད་མི་མང་སྤྱི་འཐུས་དང་སྲིད་སྐྱོད་བཅས་ཀྱི་འོས་བསྡུའི་སྐབས་ཆོལ་ཁ་དང་ཆོས་ལུགས། ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་བོད་མིའི་དབུ་ཁྲིད་ཀྱི་འོས་མི་ཚད་ལྡན་འདོན་ཐུབ་པའི་ཁྱད་ཆོས་ལྡན་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་། ལྷན་ཚོགས་ཐེངས་ལྔ་པའི་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱལ་ཡོངས་མང་གཙོ་ཚོགས་པའི་གལ་གནད་དང་། ཁོང་དེ་སྔོན་ཚོགས་པ་དེའི་ཚོགས་གཙོ་གནང་སྐབས་ཀྱི་ཉམས་མྱོང་དང་འབྲེལ་ཚོགས་པའི་ལས་དོན་གནང་སྒོ་གོང་འཕེལ་ཇི་ལྟར་འགྲོ་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་མང་གཙོའི་ཁྱད་ཆོས་སྐོར་ངོ་སྤྲོད་གནང་པ་དང་འབྲེལ། རང་བཙན་འཐབ་རྩོད་གནང་མཁན་ཚོས་རྒྱུན་དུ་བཞུགས་སྒར་རྡ་རམ་ས་ལར་རྒྱབ་བཤད་མ་གནང་པར་གསུང་རྒྱུ་ཡོད་ན་དགྲ་བོ་རྒྱ་དམར་ལ་ཁ་གཏད་བཅོག་དགོས་པ་དང་། ལྷག་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་ནན་བརྗོད་གནང་སོང་། གཞི་རྩའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་བཙུགས་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པ་དང་། ཚོགས་པ་དེ་ཐོག་མར་ཕྱི་ལོ་   ༡༩༩༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཁུར་འོག་གསར་འཛུགས་ཞུས་པ་ཞིག་ཡིན་པ་དང་།     ད་ལྟའི་ཆར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ནང་ས་གནས་ཀྱི་ཡན་ལག་ཁག་ ༣༦ དང་ཚོགས་མི་གྲངས་ ༥༠༠༠ ལྷག་ཙམ་ཞིག་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།

Latest news