Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྡ་ས་བོད་མིའི་ས་གནས་འགོ་འཛིན་ལས་ཁང་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༡༠ ཚེས་ ༩  ཉིན་རྡ་ས་བོད་མིའི་ས་གནས་འགོ་འཛིན་ལས་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་རྩ་དོན་ཆེད་དུ་འཛམ་གླིང་འདིའི་ཐོག་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀྲིན་ཆེ་བ་རྒྱལ་ཁབ་དང་མི་མང་གཞན་སུ་གང་ཡང་ཡོད་མ་རེད་ཅེས་གསུངས་སོང་། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཚོ་བཙན་བྱོལ་དུ་འགྱར་ནས་ཆེས་ཐོག་མར་མ་སུ་རི་དང་དེ་ནས་རྡ་རམ་ས་ལར་བཞུགས་སྒར་གནས་སྤོ་གནང་ཡོད་པ་དང་། ཐོག་མའི་འཆར་རྡ་ས་ཁུལ་དུ་སྐྱབས་བཅོལ་བོད་མི་ ༥༠༠ ལྷག་ཡོད་པ་དེ་ལྟར་ཡང། བོད་མི་སྤྱི་ལ་ཁྱབ་པའི་ས་གནས་འགོ་འཛིན་ལས་ཁུངས་ཤིག་མེད་པར་གནས་འདུག ཕྱི་ལོ་ ༡༩༦༧ ལོར་ཐོག་མར་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས། ༡༩༩༢ ལོར་འོས་བསྡུའི་ལམ་ས་འགོ་འདེམས་ཐོན་དང་རིམ་བཞིན་ས་གནས་མཐུན་ཚོགས་དང་རང་བདེན་ཚོགས་ཆུང་སོགས་གསར་འཛུགས་གནང་ཡོད་པ་རེད། ད་ལྟའི་ཆར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སྡེ་ཚན་ཆེ་ཆུང་མི་འདྲ་བ་ ༡༤ དང་། ཁྱོན་མི་འབོར་ ༡༥༠༠༠ ལྷག་ཡོད་པའི་བཙན་བྱོལ་རྒྱ་གར་ནང་གི་ཁ་འཐོར་གཞིས་ཆགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་༸གོང་ས་མཆོག་གི་བཞུགས་སྒར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཅས་བོད་དོན་ཆབ་སྲིད་དང་རིག་གཞུང་སོགས་དང་འབྲེལ་བའི་ས་གནས་གལ་ཆེ་ཞིག་ཀྱང་ཆགས་ཡོད་པ་རེད། དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡ་ས་ས་གནས་འགོ་འཛིན་ལས་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་སོང་བ་དང། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རྡ་ས་ས་གནས་རྫོང་དཔོན་སྐུ་ཞབས་ C.P Verma མཆོག དེ་བཞིན་བོད་མིའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་བྱུང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྡ་རམ་ས་ལའི་ས་གནས་འདི་ཧི་མཱ་ཅལ་མངའ་སྡེ་ནང་གི་ས་གནས་གཞན་ལས་ལྷག་པ་ཡར་རྒྱས་ཕྱིན་དོན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་རྡ་རམ་ས་ལར་བཞུགས་པའི་དབང་གིས་ཡིན་པ་གསུངས་པ་དང་འབྲེལ། བོད་ཀྱི་རྩ་དོན་ཆེད་དུ་འཛམ་གླིང་འདིའི་ཐོག་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀྲིན་ཆེ་བ་རྒྱལ་ཁབ་དང་མི་མང་གཞན་སུ་གང་ཡང་ཡོད་མ་རེད། དེས་ན་བོད་མི་ཚོའི་ངོས་ནས་དུས་ནམ་ཡང་རྒྱ་གར་གྱི་བཀྲིན་བརྗེད་རྒྱུ་ཡོད་མ་རེད་ཅེས་གསུངས་སོང་། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་འཛམ་གླིང་ཐོག་གདེང་སྤོབས་དང་བཅས་ནས་འགྲོ་ཡག་ཡོད་བསྡད་པ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་རེད། འོན་ཀྱང་བོད་མིའི་སྤྱི་ཚོགས་ཁྲོད་ནས་མགོན་པོ་མཆོག་གི་བཀྲིན་བརྗེད་ནས་ང་དང་ཁོས་བྱས་ཡིན་མདོག་མདོག་བཤད་མཁན་དང་། ༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་དེ་ཚོ་ནི་ཞབས་འདྲེན་རེད་ཅེས་གསུངས་ཡོད། ལྷག་པར་དུ་ཆོལ་ཁའི་ཞེན་ཁོག་འཁྱེར་མཁན་དེ་དག་ནི་བོད་མིའི་རྡོག་རྩ་ཆིག་སྒྲིལ་མེད་པ་དང་བོད་མིའི་རྩ་དོན་ལ་གནོད་པ་བྱེད་མཁན་ཡིན་སྟབས། ཆོལ་ཁའི་ཞེན་ཁོག་འཁྱེར་མཁན་ལ་གདོང་ལེན་ནན་པོ་བྱེད་དགོས་ཞེས་གསུངས་སོང་། མཛད་སྒོའི་ཐོག་ས་གནས་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ཀྱང་ཆེད་ཕེབས་གནང་འདུག་པ་དང་། དེའི་ནང་ནས་རྡ་ས་ས་གནས་རྫོང་དཔོན་སྐུ་ཞབས་ C.P Verma མཆོག་གིས་༸གོང་ས་༸སྐྱབས་མགོ ན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་བཞུགས་པ་འདི་ནི་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཡུལ་མི་ཚོ་ལའང་བསོད་ནམས་ཆེན་པོ་ཞིག་ཡིན་པ་དང་། ཁྱད་པར་དུ་རྒྱ་གར་གྱི་མང་ཚོགས་རྣམས་ནས་རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་བྱེད་བཞིན་པའི་སྡུག་རྩུབ་མྱོང་ཁག་ཤེས་ཐོག་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་ཞེས་གསུངས་སོང་བ་མ་ཟད།  ད་ལྟའི་ཆར་ས་གནས་སུ་རྒྱ་གར་གྱི་ཡུལ་མི་དང་བོད་མི་དབར་གྱི་མཉམ་སྤྱོད་བྱེད་བཞིན་པའི་རིག་གཞུང་དང་མཐུན་སྒྲིལ་གྱི་འབྲེལ་ལམ་དེ་དག་རྒྱུན་གནས་དང་སྲ་བརྟན་ཐོག་མ་འོངས་པར་དུས་རབས་ནས་དུས་རབས་བར་གནས་ཐུབ་པར་རེ་བ་དང་སྨོན་འདུན་ཡོད་ཅེས་གསུངས་སོང་། རྩ་བའི་རྡ་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས་པའི་མཛད་སྒོའི་སྟེང་ཐོག་མའི་འཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུའི་ཐུགས་གཏན་འཁེལ་ཡོད་ཀྱང་། ཕོ་བྲང་ནང་དུ་མཛད་འཆར་མང་རྐྱེན་མགོན་པོ་མཆོག་མཛད་སྒོར་དངོས་སུ་ཆིབས་བསྒྱུར་མཛད་མེད་པ་རེད། དེ་རིང་སྔ་ཐོག་མཛད་སྒོ་མ་ཚོགས་པའི་གོང་དུ་རྡ་ས་གནས་འགོན་འཛིན་དང་། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་པ་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་རྡ་ས་གནས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་ཚེམ་སྒྲུབ་མའི་ཐུབ་དབང་གི་ཞལ་ཐང་ཞིག་ཕུལ་ཡོད་པ་རེད།  

བོད་ཀྱི་རྐང་སྤོལ་རུ་ཁག་ Sikkim Governors Gold Cup རྩེད་འགྲན་མཐའ་མའི་རིམ་པ་གསུམ་པའི་ནང་ཚུད་འདུག

དེ་ཡང་ཁ་ཉིན་ཕྱི་ཚེས་ ༥ ནས་རྒྱ་གར་བྱང་ཤར་མངའ་སྡེ་འབྲས་ལྗོངས་ནང་དུ་འབྲས་ལྗོངས་རྐང་སྤོལ་ཚོགས་པའི་གོ་སྒྲིག་འོག་ཁུལ་དེར་རྟེན་གཞི་བྱས་པའི་དཔལ་འབྱོར་རྐང་སྤོལ་རྩེ་ཐང་དུ་ Sikkim Governors Gold Cup ཞེས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༣༧ པ་དེ་རྩེད་བཞིན་ཡོད་པ་དང་། འདི་ལོའི་འགྲན་བསྡུར་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྐང་འགན་བཞེས་ཐོག་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་མཉམ་ཞུགས་གནང་འདུག འདས་པའི་ཉིན་གྲངས་གཉིས་ཀྱི་ནང་རྒྱ་གར་གྱི་རུ་ཁག་ཅིག་དབར་རྩེད་འགྲན་གནང་ཡོད་པ་དང་། དེ་རིང་ཉིན་རྒྱབ་ཚོུད་ ༢།༠༠ ཐོག་བོད་ཀྱི་བུའི་རྐང་སྤོལ་རུ་ཁག་དང་རྒྱ་གར་ Punjab མངའ་སྡེའི་ Jalandhar རྐང་རྩེད་སྤོ་ལོའི་རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་རེད། སྐབས་དེར་རྩེད་འགྲན་དུས་ཡུན་སྐར་མ་དགུ་བཅུའི་ནང་ལ་རུ་ཁག་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་སྟབས། སྐར་མ་ ༣༠ འཕར་མ་ཕུལ་ཐོག་རྩེད་འགྲན་གནང་ཡོད་ཀྱང་། ཁྱོན་སྐར་མ་ ༡༢༠ ནང་ཕྱོགས་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་པར་བརྟེན་ Penalty འམ་ཐད་ཀར་སྤོ་ལོ་སླུགས་རྒྱུའི་གོ་སྐབས་གནང་ཡོད་པ་དང་། སྐབས་དེར་ Jalandhar རྐང་རྩེད་སྤོ་ལོའི་རུ་ཁག་ནས་སྤོ་ལོ་ ༥ དང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་སྤོ་ལོ་ ༦ བཅས་བླུགས་མཐར་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ Quarterfinal འམ་མཐའ་མའི་རིམ་པ་གསུམ་པའི་ནང་ཚུད་ཐུབ་པ་བྱུང་འདུག ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གྱི་རུ་ཁག་ཆེ་གྲས་Mohun Bagan དང་ལྷན་དུ་རྩེད་འགྲན་གནང་གི་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་ཞལ་པར་རྒྱུད་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་མཉམ་ཞུགས་གནང་དགོས་དོན་གཙོ་བོ་ནི་ལོ་རྗེས་མ་བོད་ཀྱི་རྐང་རྩེ་སྤོ་ལོའི་རུ་ཁག་འདི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་གཏན་འཁེལ་ཡོད་སྟབས། རྩེད་མོ་རྩེད་མཁན་ཚོར་ཉམས་མྱོང་རག་ཆེད་དུ་ཡིན་པ་གསུངས་སོང་། གཞི་རྩའི་རྩེད་འགྲན་དེ་རྒྱ་གར་ནང་གི་རྐང་སྤོལ་རྩེད་འགྲན་ཆེ་གྲས་ཤིག་ཆགས་ཀྱི་ཡོད་པ་དང་། འདི་ལོའི་རྩེད་འགྲན་ནང་བོད་ཀྱི་རྐང་སྤོལ་རུ་ཁག་གིས་གཙོས་པའི་རྒྱ་གར་གི་འབྲས་ལྗོངས་དང་སི་ལོང་། Jalandhar དང་Calcutta དེ་བཞིན་Kerala བཅས་ནས་ཁྱོན་རུ་ཁག་ ༡༢ ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། རྩེད་འགྲན་ཁྲོད་མཐའ་མའི་རྒྱལ་ཁ་ཐོབ་མཁན་དེ་ལ་རྟགས་མ་དང་སྒོར་འབུམ་གཉིས་ཀྱི་བྱ་དགའ་གནང་གི་ཡོད་པ་རེད་འདུག

ཨ་རུ་ནཱ་ཅལ་བོད་མི་ཚོས་ཡུལ་དེའི་མི་སེར་རྩོད་ཀྱི་ཡོད་མ་རེད་ཅེས་གསལ་བཤད་གནང་འདུག

ཉེ་ཆར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་ཞུ་རྒྱུར་ཐག་གཅོད་བྱུང་བ་དེར་མངའ་སྡེའི་ས་གནས་ཡུལ་མིའི་ཚོགས་སྒེར་ཁག་ཅིག་ནས་སྐྱོན་བརྗོད་དང་འབྲེལ། སྲིད་བྱུས་དེ་ཕྱིར་བསྡུར་བྱེད་དགོས་པ་དང་བོད་མི་སྐྱབས་བཅོལ་བ་ཚོས་ས་གནས་མི་མང་གི་ཐོབ་ཐང་འཕྲོག་བཞིན་ཡོད་པ་བཅས་འགྲེལ་བརྗོད་ཀྱིས་བོད་རིགས་རྣམས་རང་གནས་སུ་ཕྱིར་ལོག་དགོས་པའི་ཉེན་བརྡ་བཏང་ཡོད་སྟབས། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་ནང་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བོད་མི་རྣམས་ནས་ཡུལ་དེའི་མི་སེར་རྩོད་ཀྱི་ཡོད་མ་རེད་ཅེས་གསལ་བཤད་ནན་པོ་གནང་འདུག རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་དབུ་ཁྲིད་པའི་མངའ་སྡེ་གཞུང་ནས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་མངའ་སྡེ་ནང་ལག་བསྟར་ཞུ་རྒྱུར་ཐག་གཅོད་བྱུང་བ་ཡོངས་བསྒྲགས་གནང་རྗེས། ཨ་རུ་ནཱ་ཅལ་གྱི་སློབ་ཕྲུག ་ཚོགས་པ་དང་ས་གནས་གདོད་མའི་མི་རིགས་ཚོགས་པ་ཁག་ཅིག་ནས་མངའ་སྡེའི་གདོད་མའི་ཡུལ་མི་རྣམས་ལ་ཆ་རྐྱེན་ཡག་པོ་མེད་བཞིན་དུ་བཙན་བྱོལ་བོད་མི་ཚོར་ཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་དེ་ནི་དྲང་བདེན་ཞིག་མིན་སྐོར་བརྗོད་དེ་སྲིད་བྱུས་དེ་འཕྲལ་དུ་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་པ་ལྟར། ཁ་སང་མངའ་སྡེ་དེའི་སློབ་ཕྲུག་མཐུན་ཚོགས་ནས་བསྐྱར་དུ་ས་གནས་གཞུང་གིས་དེར་ཡོད་སྐྱབས་བཅོལ་བོད་མི་ཚོར་མཐུན་རྐྱེན་སྦྱོར་སྤྲོད་གནང་བཞིན་པར་ངོ་རྒོལ་གྱིས་སྐྱབས་བཅོལ་བོད་མི་རྣམས་རང་གནས་སུ་ཕྱིར་ལོག་དགོས་ཞེས་སྐོར་བརྗོད་འདུག ད་དུང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་གཞོན་པ་ kaling Moyong ཡིས་མངའ་སྡེ་གཞུང་གིས་སྲིད་བྱུས་དེ་ལག་བསྟར་བྱ་ཚེ་རྒྱ་གར་དབུས་དང་མངའ་སྡེ་སོགས་ནས་གྲོང་གསེབ་ཁག་ལ་གནང་བའི་རོགས་སྐྱོར་ཆ་ཚང་སྐྱབས་བཅོལ་བས་འཕྲོག་འགྲོ་རྒྱུ་ཡིན་པ་དང་། དེས་ཨ་རུ་ནཱ་ཅལ་དུ་མི་རིགས་ཁག་དབར་འདྲ་མཉམ་མིན་པའི་སྣང་ཚུལ་བཟོ་བཞིན་འདུག ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཚོགས་ཆུང་དང་ཚོགས་སྡེ་གཞན་ཁག་མང་པོ་ཞིག་གིས་རོགས་སྐྱོར་འོག་བོད་པ་ཚོ་འཛམ་གླིང་ནང་གི་ཁེ་སྤོགས་མང་ཤོས་ཐོབ་མཁན་གྱི་སྐྱབས་བཅོལ་བ་རེད་ཅེས་བརྗོད་ཡོད་པ་རེད། ཁ་ཉིན་ཨ་རུ་ནཱ་ཅལ་རྟ་དབང་ནང་ BJP ཆབ་སྲིད་ཚོགས་པའི་མངའ་སྡེ་འགན་འཛིན་ལྷན་ཚོགས་ཐེངས་ལྔ་ཐོག་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་ད་ཆ་མངའ་སྡེ་དེའི་ནང་ལག་བསྟར་ཞུ་འགོ་འཛུགས་མེད་སྐོར་འགྲེལ་བརྗོད་དང་སྦྲགས། མངའ་སྡེ་ནང་གི་ས་གནས་ཡུལ་མི་རྣམས་ནས་དེ་འབྲེལ་གྱི་གནད་དོན་ཐོག་གོ་རྟོགས་གསལ་པོ་མེད་བཞིན་དུ་སྲིད་བྱུས་དེར་ངོ་རྒོལ་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། མངའ་སྡེ་དེའི་ནང་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ནས་ཡུལ་དེའི་མི་སེར་རྩོད་ཀྱི་མེད་པ་དང་རྒྱ་གར་དབུས་གཞུང་ནས་སྲིད་བྱུས་དེ་གཙོ་བོ་གཞིས་སྒར་ཁག་གི་ས་གནས་བོད་མིའི་བདེ་དོན་ཇེ་བཟང་དུ་གཏང་ཐབས་སུ་གཏན་འབེབས་གནང་བ་ཞིག་ཡིན་སྟབས། སྲིད་བྱུས་དེ་ཨ་རུ་ནཱ་ཅལ་ནང་ལག་བསྟར་ཞུ་མིན་ཐོག་ས་གནས་ཡུལ་མིའི་ཚོགས་སྒེར་ཁག་དང་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་བཅས་གོ་བསྡུར་ཐོག་ཐག་གཅོད་བྱ་རྒྱུ་ཡིན་པ་གསལ་བཤད་གནང་འདུག རྩ་བའི་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་ཐོག་མ་རྒྱ་གར་མངའ་སྡེ་ཧི་མཱ་ཅལ་པར་དེ་ཤི་ནས་ལག་བསྟར་གནང་འགོ་བཙུགས་ནས་རིམ་པའི་ཨུཏྲཁནྜ་དང་། ཀ་ན་ཊ་ཀ་བཅས་ཀྱི་ནང་ལག་བསྟར་གནང་མུས་ཡིན་པ་མ་ཟད། ཉེ་དུས་སུ་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་ཞུ་རྒྱུར་ཐག་གཅོད་གནང་ཡོད་པ་དེ་ལྟར་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་ལས་ཁུངས་གཉིས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་ཞུ་གསུངས་འདུག འོན་ཀྱང་ཐག་གཅོད་དེར་མངའ་སྡེའི་ས་གནས་ཡུལ་མིའི་ཚོགས་སྒེར་ཁག་ཅིག་ནས་སྐྱོན་བརྗོད་གནང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་ས་གནས་ཡུལ་མིའི་ཐོབ་ཐང་འཕྲོག་ཆེད་དང་ཡང་ན་ཁོང་ཚོའི་ཐོབ་ཐང་ཁག་བཙན་བྱོལ་བོད་མིར་རག་ཐབས་གནང་རྒྱུ་ཞིག་གཏན་མིན་པས་ས་གནས་ཡུལ་མི་རྣམས་ཀྱི་མཐུན་རྐྱེན་དང་ཁེ་ཕན་ལ་དོ་ཕོག་གང་ཡང་གཏང་གི་མ་རེད་ཅེས་གསུངས་ཡོད་པ་རེད།

༸གོང་ས་མཆོག་མེད་པའི་དུས་མཚམས་དེར་མང་གཙོའི་སྒྲིག་འཛུགས་ཁོ་ནས་བོད་མིའི་མདུན་ལམ་གྱི་ཁ་ཕྱོགས་བསྟན་ཐུབ།

བོད་མིའི་སྒྲིག་འཛུགས་ནས་ཁ་སང་ཕྱི་ཟླ་༡༠ཚེས་༥ཕྱི་དྲོ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་ནས་ཚོགས་འདུར་ཕེབས་མཁན་སྐུ་མགྲོན་རྣམས་ལ་རྡ་ཤོད་Pavilian་གསོལ་མགྲོན་ཁང་དུ་ཕེབས་བསུའི་གསོལ་སྟོན་མཛད་སྒོ་ཞིག་གོ་སྒྲིག་གནང་པའི་ཁྲོད། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ལྟའི་བོད་ཀྱི་གནས་བབ་དང་མ་འོངས་བོད་མིའི་མདུན་ལམ་ཐོག་དགོངས་པ་བཞེས་ཕྱོགས་སྐོར་གསུངས་བཤད་གནང་འདུག་པ་དང་། ཁྱད་པར་དུ་རིན་པོ་ཆེ་མཆོག་གིས་མ་འོངས་བོད་མིའི་མདུན་ལམ་སྐོར་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་མུན་ནག་གི་དུས་མཚམས་དེར་༸གང་ཉིད་མཆོག་གིས་བཀྲིན་གསོལ་བསྩལ་མཛད་པའི་མང་གཙོའི་སྒྲིག་འཛུགས་ཁོ་ནས་བོད་མིའི་མདུན་ལམ་གྱི་ཁ་ཕྱོགས་བསྟན་ཐུབ་ཀྱི་རེད་ཅེས་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲྭ་གནས་ཐོག་དེ་དོན་གནས་ཚུལ་སྤེལ་བར་གཞིགས་ན། སྐབས་དེར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་ཚོགས་བཅར་བ་ཀུན་ལ་བོད་ཅེས་པའི་གནད་དོན་དེ་ལ་རྣམ་པ་མི་འདྲ་བ་མང་པོའི་ཐོག་ནས་འགྲེལ་བཤད་རྒྱག་སྟངས་ཡོད་སྟབས། དོན་དངོས་བོད་ཀྱི་གནས་བབ་མཁྱེན་རྟོགས་ཡོང་བར་བོད་ཀྱི་ཆོས་དང་རིག་གཞུང་། བོད་དང་བོད་མིའི་དོན་དམ་ཆབ་སྲིད་ཀྱི་གནས་སྟངས་ཁག་ཤེས་དགོས་གལ་ཡིན་པ་གསུངས་པ་དང་སྦྲགས། རིན་པོ་ཆེ་མཆོག་གིས་དེང་རབས་བོད་ཀྱི་ཆབ་སྲིད་དེ་བཞིན་ཕྱི་ལོ་༡༩༠༤ ནས་༡༩༥༤བར་དང། དེ་ནས་༡༩༥༧ ནས་༢༠༡༧ བར་བཅས་ལོ་རྒྱུས་འཕེལ་རིམ་ཚན་པ་གཉིས་དང་། དེ་བཞིན་མ་འོངས་བོད་མིའི་ལྔ་དང་ལྔ་བཅུ་བཅས་སུ་ཆ་བགོས་ཀྱིས་དུས་ཡུན་དེའི་རིང་ལ་བོད་མི་ཚོས་ནོར་འཁྲུལ་དང་འཐུས་ཤོར་གྱི་དཀའ་གནད་ཁག་ཅིག་ཐེར་བཏོན་དང་། བོད་ས་ཤོར་ནས་བཙན་བྱོལ་དུ་འབྱོར་རྗེས་དགའ་སྐྱོ་ཟུང་འབྲེལ་ཚོར་བའི་སྐོར། ཁྱད་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་དང་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་ད་ལྟའི་བོད་དང་བོད་མའི་གནས་བབ་སོགས་ཀྱི་སྐོར་ལ་གསུངས་བཤད་རྒྱ་ཆེ་གནང་འདུག ལྷག་པར་དུ་རིན་པོ་ཆེ་མཆོག་གིས་ཁ་སང་གི་མཛད་སྒོ་དེའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པ་འཕྲིན་ལས་ཀྱིས་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་བོད་མིར་བཀྲིན་ཆེན་པོ་ཡིན་པའི་སྐོར་དང་འབྲེལ། ༸གང་ཉིད་མཆོག་གིས་འཚེ་མེད་ཞི་བ་དང་མང་གཙོའི་ལམ་བཟང་ཁྱད་པར་བ་ལ་བརྟེན་ནས་བོད་དོན་འཐབ་རྩོད་ལ་ད་བར་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་མ་ཟད། འབྱུང་འགྱུར་ཡང་དུས་ཡུན་རིང་པོར་མུ་མཐུད་ནས་བཞེངས་ཕྱོགས་དེ་ཁ་ཕྱོགས་མ་ནོར་བ་ཞིག་གི་ཐོག་ནས་གནས་རྒྱུ་ཡིན་སྐོར་གསུངས་འདུག   ད་དུང་རིན་པོ་ཆེ་མཆོག་གིས་སྐབས་དེར་མ་འོངས་པ་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་ཤིག་འཆར་ཚེ་བོད་མི་ཚོའི་གནས་སྟངས་ཇི་འདྲ་ཞིག་ཏུ་གྱུར་མིན་ཐད་སེམས་འཚབ་དང་འབྲེལ། མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་༸ཞལ་བཞེས་བཟང་པོ་བཀྲིན་བསྩལ་གསལ་༸གང་ཉིད་མཆོག་དུས་ཡུན་རིང་པོའི་བར་སྐུ་འཚོ་བཞུགས་མཛད་རྒྱུ་ངེས་ནའང། ནམ་ཞིག་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤིག་འཆར་ཚེ་བོད་མི་ཚོར་ཆེད་མུན་ནག་གི་དུས་མཚམས་སུ་ལྷུང་སྲིད་པ་དང་། སྐབས་དེ་དུས་མགོན་པོ་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་སྒྲིག་འཛུགས་འདིས་བོད་མིའི་མདུན་ལམ་སྣེ་ཁྲིད་བྱེད་ཐུབ་ཀྱི་རེད་ཅེས་བཀའ་གནང་འདུག གཞན་ཡང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ཉིན་གསུམ་རིང་གདན་ཞུས་སྐུ་མགྲོན་རྣམ་པས་རང་གི་རྣམ་དཔྱོད་གང་ཡོད་བཏོན་ནས་གོ་བསྡུར་ལྷུག་པོ་གནང་གལ་ཆེ་བའི་འབོད་སྐུལ་དང་།  བསམ་འཆར་ལམ་སྟོན་གང་སྤུངས་པ་ཁག་འབྱུང་འགྱུར་བོད་མིའི་མི་རབས་གཞོན་པ་ཚོར་ཕན་ཐོགས་ཡོང་ངེས་ཡིན་པ་སོགས་གསུང་བཤད་ལམ་སྟོན་རྒྱ་ཆེ་གནང་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཚོགས་འདུ་དེ་རིང་ནས་དབུ་འཛུགས་ཀྱིས་གནངས་ཚེས་༨བར་ལ་ཚོགས་ཀྱི་ཡོད་པ་རེད། ཚོགས་འདུའི་ཐོག་རྒྱ་གར་དང་དེ་བཞིན་ཕྱི་རྒྱལ་ཁབ་༢༡ནས་བོད་དོན་ཐོག་ལ་ཐུགས་སྣང་དང་ཉམས་ཞིབ་གནང་མཁན། གཞུང་ལ་སློབ་སྟོན་གནང་མཁན་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་༨༢དང་། བོད་རིགས་བཀའ་ཟུར་རྣམ་པ་དང་སྐུ་ཚབ་དོན་གཅོད་རྣམ་པ། ཉམས་ཞིབ་པ་ཁག་ཅིག་དང་ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཁྱོན་མི་གྲངས་ ༡༨༤ ཙམ་ཚོགས་འདུར་ཕེབས་ཀྱི་འདུག ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་གཙོ་བོ་བཞི་ཡོད་པ་དེ་དག་ནི་རྒྱ་བོད་ཞི་མོལ་ཡོང་ཐབས་དང་རྒྱ་གར་གཙོ་བོར་བྱས་པའི་བོད་དང་ཨེ་ཤི་ཡའི་དབར་ལ་འབྲེལ་བ་དམ་ཟབ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་སྐོར། གསུམ་པ་རྒྱལ་སྤྱི་དང་འབྲེལ་བའི་བོད་དོན་ཁྱབ་སྤེལ་དང་བཞི་པ་བོད་མིའི་སྒྲོག་འཛུགས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ལ་འགན་ཇི་ལྟར་བཞེས་ཚུལ་བཅས་ཡིན་པ་རེད།།      

བཞུགས་སྒར་དུ་ཆབ་སྲིད་ཀྱི་གལ་གནད་ཆེ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཚོགས་རྒྱུ་རེད་འདུག

བཞུགས་སྒར་རྡ་ཤོད་ཉེ་འཁྲིས་ Pavilion གསོལ་མགྲོན་ཁང་དུ་སང་ཉིན་ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་ལ་ཕྱིའི་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཆབ་སྲིད་ཀྱི་གལ་གནད་ཆེ་བའི་ཚོགས་འདུ་གལ་ཆེ་ཞིག་ཚོགས་རྒྱུ་རེད་འདུག དེ་རིང་སྔ་ཐོག་གངས་ཅན་སྐྱིད་ཤོངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲངས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཆེད་ཕེབས་ཀྱིས་ཚོགས་འདུ་དེ་འབྲེལ་ཡོངས་ཁྱབ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཁྲོད། ཚོགས་འདུའི་ཐོག་རྒྱ་གར་དང་དེ་བཞིན་ཕྱི་རྒྱལ་རྒྱལ་ཁབ་ ༢༡ ནས་བོད་དོན་ཐོག་ལ་ཐུགས་སྣང་དང་ཉམས་ཞིབ་གནང་མཁན། གཞུང་ལ་སློབ་སྟོན་གནང་མཁན་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ ༨༢ དང་། བོད་རིགས་བཀའ་ཟུར་རྣམ་པ་དང་སྐུ་ཚབ་དོན་གཅོད་རྣམ་པ། ཉམས་ཞིབ་པ་ཁག་ཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཁྱོན་མི་གྲངས་ ༡༨༤ ཙམ་ཚོགས་འདུར་ཕེབས་ཀྱི་འདུག ཚོགས་འདུ་གོ་སྒྲིག་གནང་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཐེངས་འདིའི་ཚོགས་འདུ་ལ་ཆབ་སྲིད་ཀྱི་ལས་དོན་ཧ་ཅང་གལ་གནད་ཅིག་ཏུ་ངོས་འཛིན་གྱིས་ཚོགས་འདུར་ཕེབས་མཁན་བོད་རིགས་མིན་པའི་གནད་ཡོད་མི་སྣ་སུ་གཅིག་གི་མཚན་སོགས་གང་ཡང་གསུངས་གནང་མེད་ནའང། གདན་ཞུས་མི་སྣ་དེ་དག་ཁྲོད་ཨ་རིའི་ཕོ་བྲང་དཀར་པོ་དང་ཕྱི་སྲིད་ལས་ཁུངས། དེ་བཞིན་གྲོས་ཚོགས་སོགས་སུ་ཕྱག་ལས་གནང་མྱོང་མཁན་དང་། ཁེ་ན་ཌ་སོགས་རྒྱལ་ཁབ་ཁག་ཅིག་གི་བློན་ཆེན་ཟུར་པ་ཁ་ཤས། སྒོས་སུ་རྒྱ་གར་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་གཙོས་པའི་གནད་ཡོད་མི་སྣ་གཞན་ཁག་ཅིག་ཀྱང་གདན་ཞུས་ཕུལ་ཡོད་པ་གསུངས་ཡོད། དེ་རིང་སྔ་ཐོག་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཚོགས་འདུའི་དགོས་དམིགས་དང་འབྲེལ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ལ་སྤྱི་ཡོངས་ངོ་སྤྲོད་གནང་པ་མ་ཟད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཚོགས་འདུ་དེ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་མ་ཡིན་པར། གཞི་རྐང་ཕྱིའི་གནད་ཡོད་མི་སྣ་དྲུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ལ་འཆར་གཞི་དང་བསམ་བློ་གསར་པ་སོགས་ལམ་སྟོན་ཞུ་ཆེད་དུ་ཡིན་པས་རེ་བ་ཆེན་པོ་ཡོད་པ་གསུངས་གནང་སོང་བ་དེ་ཡང་། དུས་ཀྱི་ཆ་ནས་རྒྱ་གར་དང་རྒྱ་ནག དེ་བཞིན་རྒྱལ་སྤྱི་ཡོངས་ཀྱི་ཆབ་སྲིད་སོགས་ཀྱི་འགྱུར་འགྲོས་ལ་གཞིགས་སྟེ་ཚོགས་འདུ་འདི་ལྟར་གལ་གནད་དུ་གཟིགས་ཀྱི་ཡོད་པ་སོགས་གསུངས་སོང་། ཉིན་གྲངས་གསུམ་གྱི་ཚོགས་འདུ་འདིའི་བརྗོད་གཞི་གཙོ་བོ་བཞི་བཞག་གནང་འདུག་པ་དེ་ཡང་དང་པོ་དབུ་མིའི་ལམ་གྱི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས། གཉིས་པ་རྒྱ་གར་གཙོ་བོར་བྱས་པའི་བོད་དང་ཨེ་ཤ་ཡའི་དབར་ལ་འབྲེལ་བ་དམ་ཟབ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས། གསུམ་པ་རྒྱལ་སྤྱི་དང་འབྲེལ་བའི་བོད་དོན་ཁྱབ་སྤེལ། བཞི་པ་བོད་མིའི་སྒྲོག་འཛུགས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ལ་འགན་ཇི་ལྟར་བཞེས་ཚུལ་བཅས་རེེད་འདུག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནས་ཐེངས་འདིའི་ཚོགས་འདུ་དེ་ནི་བཞུགས་མོལ་གྱི་རང་བཞིན་ལས་མང་ཚོགས་དང་གསར་འགོད་པ་སོགས་གཏང་གི་མེད། དེ་ནི་གཙོ་བོ་གནད་ཡོད་མི་སྣ་ཚོས་དབར་དགོངས་ཚུལ་ལྷུག་པོ་ཞིག་ཡོང་ཆེད་དུ་དམིགས་ཡོད་པ་གསུངས་ཡོད། དེ་རིང་ཕྱི་དྲོ་ཚོགས་བཅར་བ་ཀུན་ལ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་དོན་སྤྱིའི་སྐོར་ལ་གསུང་བཤད་གནང་གི་འདུག་པ་དང་། ཚོགས་འདུ་ཉིན་གཉིས་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ལ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་འདུག

ང་འཆི་ཁར་བཀའ་ཤག་ལྷན་རྒྱས་དང་༸གོང་ས་མཆོག་མཇལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག

ཁ་ཉིན་ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དབུ་བཞུགས་ཐོག འདི་ག་བཞུགས་སྒར་དུ་བཀའ་ཤག་ལྷན་རྒྱས་ཚོགས་སྐབས་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ཁོང་འཆི་ཁར་བཀའ་ཤག་ལྷན་རྒྱས་དང་༸གོང་ས་མཆོག་མཇལ་རྒྱུ་ཧ་ཅངགལ་ཆེན་པོ་གཟིགས་ཀྱི་ཡོད་པ་གསུངས་འདུག ལྷན་རྒྱས་མཇལ་མོལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཀའ་ཤག་ཏུ་གནང་འདུག་པ་དང་སྐབས་དེར་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ད་བར་སྐུའི་ཉམས་མྱོང་དང་འབྲེལ་ནས་ཆབ་སྲིད་ཀྱི་ཆ་ནས་རྒྱ་གར་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་གལ་གནད་དང་། ཁྱད་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེས་དང་ཉམས་བཞེས། བོད་མིར་བཀྲིན་ཆེ་ཚུལ་སྤྱིའི་ཐོག་ལ་ལམ་སྟོན་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར། སྐབས་དེར་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་ད་རེས་ཁོང་འདིར་བཀའ་ཤག་གི་མགྲོན་འབོད་ལྟར་རྣམ་པ་ཚོ་མཇལ་ཆེད་རྡ་སར་ངེས་པར་དུ་བཅར་དགོས་ཡོད་པ་དང་། གལ་ཆེ་ཤོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་དགོས་ཀྱི་ཡོད། རྣམ་ཀུན་ང་རང་གི་ངོས་ནས་ལས་ཀ་ཆེ་ཆུང་དང་གལ་ཆེ་བ་རིགས་མ་བྱེད་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་དང་། བཀའ་སློབ་ལམ་སྟོན་ཞུས་ཀྱི་ཡོད། གང་ཡིན་ཞེ་ན། ཕྱི་ལོ་ ༡༩༥༩ ནས་ད་བར་ང་རང་གི་ལས་ཀ་ཆེ་ཆུང་ཡོངས་ནས་གལ་ཆེ་བ་རིགས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ་སྙན་སེང་ཞུས་ནས་བྱས་པ་ཡིན། འོན་ཀྱང་སྙན་སེང་ཞུ་མི་དགོས་པའི་རིགས་ཞུ་གི་མེད། ལས་ཀ་གང་བྱེད་ཀྱང་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་དགོས་དོན་གང་རེད། ཅེ་ན། རྣམ་པ་ཚོས་མཁྱེན་གསལ་རེད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་དགོངས་པ་ཧ་ཅང་ཟབ་མོ་ཡོད། ཐུགས་མྱོང་ཧ་ཅང་ཆེན་པོ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་གནང་བའི་ཕྱག་ལས་དེ་དག་ནོར་འཁྲུལ་གཅིག་ཀྱང་བྱུང་ཡོད་རེད་དྲན་གྱི་མི་འདུག ཕྱི་ལོ་ ༡༩༥༤ ནས་ ༡༩༥༩ བར་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཆིབས་སྒྱུར་གནང་ནས་ད་བར་ཧ་ལས་པའི་བརྟན་པོ་དང་། ཟབ་མོ་གནང་ཡོད་ཅེས་གསུངས་འདུག ད་དུང་མུ་མཐུད་གསུངས་པར་ང་རང་གི་ཉམས་མྱོང་ཐོག་ནས་ཞུས་ན། ༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱག་ལས་ཧ་ཅང་གནང་ཡོད། ཧ་ཅང་བཀའ་དྲིན་ཆེན་པོ་རེད་བསམ་གྱི་འདུག དེ་བཞིན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ན་ཆུང་ངུ་ནས་ད་བར་ཕྱག་ལས་ཧ་ཅང་གནང་ཡོད། བཀའ་དྲིན་ཆེན་པོ་རེད་བསམ་གྱི་འདུག མ་འོངས་པར་བོད་དོན་སླད་ཕྱག་ལས་གང་གནང་གི་ཡིན་ནའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ང་ཚོ་ཚང་མས་གནང་དགོས། དཔེར་ན། རྒྱ་ནག་དང་བཀའ་མོལ་གནང་དགོས་ཀྱི་ཡོད་ནའང་རེད། རྒྱ་གར་གཞུང་ལ་བཀའ་མོལ་གནང་དགོས་ཀྱི་ཡོད་ནའང་རེད། གང་ལྟར་ག་བར་བཀའ་མོལ་གནང་དགོས་ཀྱི་ཡོད་ནའང་༸སྐྱབས་མགོན་རིན་པོ་ཆེ་ཧ་ཅང་གལ་ཆེན་པོ་རེད། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་མོལ་གང་གནང་བ་ཡིན་ན་སུ་གཅིག་དང་འདྲ་གི་མ་རེད་ཅེས་གསུངས་འདུག ཁྱད་པར་དུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་བོད་དོན་ཐོག་གལ་ཆེ་ཤོས་ནི། ང་ཚོ་རྒྱ་གར་ནང་བཞུགས་ཡོད་སྟབས། རྒྱ་གར་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱིས་ང་ཚོར་དོགས་པ་མི་བྱེད་པའི་གནས་སྟངས་ངེས་པར་དུ་བཟོ་དགོས། རྒྱ་གར་དང་བོད་ཀྱི་ཁེ་ཕན་གཅིག་ལ་ཐུག་ཡོད་པར་བརྟེན་གོམ་པ་སྤོ་སྟངས་དེ་རྒྱ་གར་གྱི་གོམ་པ་གང་འདྲ་སྤོ་བཞིན་འདུག ང་ཚོའི་གོམ་པ་ཇི་ལྟར་སྤོ་དགོས། ང་ཚོའི་གོམ་པ་སྤོས་སྟངས་ལ་རྒྱ་གར་གཞུང་གིས་དགག་ཆ་མེད་པར་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་དགོས། ད་བར་རྒྱ་གར་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ཅེས་དང་། དེ་བཞིན་ཡང་རྒྱ་ནག་སྐོར་དང་འབྲེལ་བཀའ་ཟུར་མཆོག་གིས་རྒྱ་མི་ཧ་ཅང་གལ་ཆེན་པོ་རེད། རྒྱ་མི་དང་འབྲེལ་བ་བྱེད་སྟངས་ཧ་ཅང་གལ་ཆེན་པོ་རེད། འབྲེལ་བ་གང་འདྲ་བྱེད་དགོས་པ་དང་། འབྲེལ་བ་གནང་མཁན། འབྲེལ་བ་གནང་དུ་ཕེབས་མཁན། བཀའ་མོལ་གང་གནང་གི་རེད། གོམ་པ་གང་འདྲ་ཞིག་གི་སྟེང་སྤོ་དགོས་པ་དེ་དག་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་ནང་རྒྱ་ནག་གི་གནས་ཚུལ་ཤེས་མཁན་དང་མཉམ་དུ་བཀའ་ཤག་ནང་ཁུལ་གྲོས་བསྡུར་དང་ཉམས་ཞིབ་གནང་སྟེ་གང་དགའ་བ་འདུག རྒྱ་དཀར་ནག་གཉིས་དང་ང་ཚོ་ས་འབྲེལ་ཡིན་སྟབས། བོད་མི་རིགས་ཀྱི་ཁེ་ཕན་སླད་རྒྱ་དཀར་ནག་གཉིས་དང་འབྲེལ་བ་མ་བྱེད་ཐབས་མེད། དེ་ཡང་འབྲེལ་བ་བྱེད་པར་བྱེད་ལུགས་ཡོད་པ་སོགས་ལམ་སྟོན་རྒྱ་ཆེ་གནང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་ཁོང་གི་སྲིད་སྐྱོང་ལས་ཡུན་འདིའི་རིང་ལ་ད་བར་ལ་བཀའ་ཟུར་མཆོག་དང་ཐེངས་གསུམ་མཇལ་མོལ་བྱུང་ཡོད་པ་ཧ་ཅང་དགའ་པོ་དང་ལྷག་པར་དུ་བཀའ་སློབ་ལམ་སྟོན་ཁག་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་སྟབས། མ་འོངས་པ་ཡང་འདི་གར་ཕེབས་ཐུབ་པ་དང་ལམ་སྟོན་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་དང་འདི་བཞིན་ཐུགས་རྗེ་ཆེ་ཞུ་སོགས་གསུངས་འདུག

སྲིད་སྐྱོང་མཆོག་ལ་ཏ་ཀ་སུ་ཆེ་བསྟོད་གཟེངས་རྟགས་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཉི་ཧོང་ Takasu ཐེབས་རྩ་ཁང་གི་འདི་ལོའི་Takasu ཆེ་བསྟོད་གཟེངས་རྟགས་ཕུལ་སོང་། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ནི་དེ་རིང་ཉིན་རྒྱབ་ཚོུད་ ༤༌༠༠ སྟེང་བཞུགས་སྒར་གངས་ཅན་སྐྱིད་ཤོངས་ཀྱི་ཚོགས་ཁང་གསར་པའི་ནང་དུ་གནང་སོང་བ་དང་། སྐབས་དེར་ཉི་ཧོང་ཏ་ཀ་སུ་ཐེབས་རྩ་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ katsuya Takasu མཆོག་དང་ཁོང་གི་སྐུ་ཟླ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད་བརྒྱ་སྐོར་ཁ་ཤས་ཕེབས་འདུག རྩ་བའི་ཏ་ཀ་སུ་ཞེས་པའི་ཚོགས་པ་དེ་ནི་ཉི་ཧོང་ནང་དུ་རྟེན་གཞི་བྱས་པའི་ཐེབས་རྩ་ཁང་ཞིག་ཡིན་པ་དང་། ཚོགས་པ་དེའི་ངོས་ནས་གཙོ་བོ་སྤྱི་ཚོགས་ནང་དཀའ་ངལ་ལ་གདོང་ལེན་གྱིས་སེམས་ཤུགས་བསྐྱེད་ནས་ལས་དོན་གཉེར་མཁན་བེུད་དང་ན་གཞོན་རྣམས་ལ་རྒྱབ་སྐྱོར་རོགས་རམ་གནང་གི་ཡོད་པ་རེད། སྲིད་སྐྱོང་མཆོག་ལ་ Takasu ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་སྟེ་ཏ་ཀ་སུ་ཐེབས་རྩ་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ Katsuya Takasu མཆོག་གིས་བོད་མིའི་སྒྲིག་འཛུགས་ཚགས་ཚུད་དང་། ལྷག་པར་དུ་བོད་མི་ཚོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྟ་བུའི་འགོ་ཁྲིད་ཅིག་ཡོད་པ་དེ་ནི་ཧ་ཅང་གཟི་བརྗིད་ཡིན་པར་བསྔགས་བརྗོད་གནང་སོང་། ཁོང་གིས་བོད་མིའི་དཀའ་ངལ་ནི་ཁོང་སྐུ་སྒེར་གྱི་ནང་མིའི་དཀའ་ངལ་ཞིག་ཏུ་དགོངས་གནང་གི་ཡོད་པ་གསུངས་གནང་པ་དང་སྦྲགས། བོད་ཕྲུག་ཚོའི་ཤེས་ཡོན་སོགས་ཀྱི་ཐད་ལ་གང་ཐུབ་ཐུབ་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་ཞལ་བཞེས་ཡང་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཏ་ཀ་སུ་ཐེབས་རྩ་ཁང་ནས་བོད་མིའི་རྩ་དོན་འཐབ་རྩོད་དང་ཤེས་ཡོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཆེ་བསྟོད་གཟེངས་རྟགས་དེ་ལྟར་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་གསུངས་པ་དང་ཆབས་ཅིག སྐུ་ཞབས་ Dr Katsuya Takasu མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྩི་བཀུར་དང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད་པ་འགྲེལ་བརྗོོད་གནང་སོང་། སྲིད་སྐྱོང་མཆོག་གིས་ཐེབས་རྩ་ཁང་དེ་ནས་ཐེངས་འདིའི་གཟེངས་རྟགས་ཐོག་ནས་ཉི་ཧོང་སྒོར་ས་ཡ་ ༡༠ གནང་ཡོད་པ་ཤེས་རིག་ལས་ཁུངས་སུ་གནང་རྒྱུ་ཡིན་པ་གསུངས་གནང་སོང་བ་དང་ཁྱད་པར་དུ་དེ་གར་འདུས་པའི་སྲིད་ཞུ་ལས་བྱེད་བརྒྱ་སྐོར་ཁ་ཤས་ཕེབས་ཡོད་པ་རྣམས་ལ་གཟེངས་རྟགས་འདི་ནི་ང་ཚོ་ཚང་མའི་གཟི་བརྗིད་ཅིག་དང་གྲུབ་འབྲས་ཤིག་རེད་ཅེས་གསུངས་གནང་ཡོད་པ་རེད། གཞི་རྩའི་ཉི་ཧོང་གི་ཏ་ཀ་སུ་ཐེབས་རྩ་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལས་དོན་དང་འབྲེལ་བའི་ཐོག་རོགས་རམ་སྔ་རྗེས་གནང་འདུག་པ་དང་། ཉེ་ས་ནས་ ༢༠༡༥ ལོར་ཤེས་རིག་ལས་ཁུངས་ལ་སློབ་ཡོན་ཆེད་ཨ་སྒོར་འབུམ་གཅིག་དང་ཕྱེད་ཀ་ཙམ་གྱི་རོགས་དངུལ་ཞལ་འདེབས་གནང་འདུག

ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ལྔ་པ་དབུ་འཛུགས་གནང་སོང་།

དེ་རིང་ཟླ་ ༡༠ ཚེས་ ༤ ཉིན་རྒྱབ་ཚོུད་ ༢༌༠༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཀྱི་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་གོ་སྒྲིག་འོག་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ Prevention of Mental Disorder འམ་སེམས་ནད་སྔོན་འགོག་བྱ་ཐབས་ཞེས་པའི་བརྗོད་གཞི་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ལྔ་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་དམིགས་བསལ་སྐུ་མགྲོན་ཀིརྟི་རིན་པོ་ཆེ་མཆོག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་སྐུ་ཚབ་དང་ཕྱོགས་མཐའ་ཁག་ནས་ཆེད་བཅར་ཞུས་པའི་ཚོགས་བཅར་བ་རྣམ་པ། སྨན་རྩིས་ཁང་གི་དབུ་འཛིན་དབུས་པའི་མཐོ་སློབ་ཀྱི་དགེ་ལས་སློབ་མ། དེ་བཞིན་སེ་ལ་ཀུལ་བོད་ཁྱིམ་སློབ་གྲྭའི་ཚན་རིག་སྡེ་ཚན་གྱི་སློབ་མ་བཅས་ནས་མཉམ་ཞུགས་གནང་འདུག ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མར་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ནས་སྡེ་ཚན་དེ་ཐོག་མར་ཆེད་འཛུགས་གནང་པ་ནས་ད་བར་ལྷན་ཚོགས་རིམ་པ་བཞི་ཚོགས་པའི་བརྒྱུད་རིམ་ཁྲོད་སྨན་རྩིས་ཁང་གི་སློབ་ཕྲུག་རྣམས་ལ་རིག་གཞུང་འདྲ་མིན་གྱི་ལེགས་བྱང་ཐོག་རྒྱུས་མངའ་དང་མ་འོངས་པའི་ཉམས་ཞིབ་ཀྱི་ལས་དོན་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་ཀྱི་ལས་བསྡོམས་སྙན་སྒྲོན་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོ་ཁག་ལ་གཞིགས་ན། འཛམ་བུ་གླིང་ འདིའི་ཐོག་མི་མང་པོ་ཞིག་སེམས་ནད་དང་འབྲེལ་སྐུ་ཚེ་མ་ཟིན་པ་སོགས་ཀྱི་དཀའ་ངལ་མང་དག་ཞིག་འཕྲད་བཞིན་པའི་དུས་སྐབས་འདིར་ང་ཚོ་བོད་མིའི་ངོས་ནས་དེའི་ཐད་དོ་སྣང་དང་ལྷག་པར་དུ་ཐེངས་འདིའི་ལུས་སེམས་སྲོག་གི་ལྷན་ཚོགས་ཀྱི་བརྗོད་གཞི་སེམས་ནད་ཀྱི་སྔོན་འགོག་དང་འབྲེབ་ཡོད་བཞག་ཐུབ་པར་བསྔགས་བརྗོད་གནང་པ་དང་སྦྲགས། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་སེམས་ནད་ཡོད་པའི་བོད་མི་ ༣༣༠ ཙམ་ལ་འཕྲོད་བསྟེན་ལས་ཁུངས་ནས་སྨན་སོགས་ཀྱི་མཐུན་འགྱུར་སྦྱོར་བཞིན་ཡོད་པ་དང་། གྲངས་འབོར་དེ་ནི་བོད་མིའི་སྤྱི་ཚོགས་ཀྱི་གནས་བབས་ལ་གཞིགས་ཚེ་སེམས་ཚབས་ཅན་ཞིག་ཆགས་ཡོད་སྟབས། ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་བརྒྱུད་གཞི་རིམ་མང་ཚོགས་ཁྲོད་ལ་སེམས་ནད་ཀྱི་སྔོན་འགོག་དང་ནད་གཞི་དེའི་རྒྱུ་རྐྱེན་གང་ཡིན་སོགས་དང་འབྲེལ་བའི་ལམ་སྟོན་རྩ་འཛིན་ཞིག་གཏན་འབེབས་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་སྐོར་ལམ་བསྟོན་གནང་སོང་། གཞི་རྩའི་ཐེངས་འདིའི་ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ལྔ་པ་འདི་གཙོ་བོ་སེམས་ནད་སྔོན་འགོག་བྱ་ཐབས་ཞེས་པའི་བརྗོད་གཞི་གཙོ་བཟུང་ཐོག་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ་རྣམས་ནས་ནང་པའི་སེམས་ཁམས་ཚན་རིག་པ་དང་། བོད་ལུགས་གསོ་རིག བོད་རྩིས་རིག་པ། ནུབ་ཕྱོགས་ཚན་རིག་བཅས་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་དང་གྲོས་བསྡུར་སྦྱང་བཤད་གནང་གི་ཡོད་པ་རེད། གཞན་ཡང་ལྷན་ཚོགས་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོ་དང་བསྟུན། བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྒྲོག་སྦྱང་གནང་པ་དང་འབྲེལ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་ནས་གནངས་ཉིན་ནས་རྒྱ་ནག་གཞུང་གིས་མ་དངུལ་རྒྱབ་རྟེན་འོག་ཨ་རིའི་ Harward གཙུག་ལག་སློབ་གཉེར་ཁང་དུ་བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་། ཐུན་མོང་གི་གསོ་ཐབས་འཚོལ་བ་ཞེས་པའི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་བར་ངོ་ལེན་མེད་ཀྱང་། ལྷན་ཙོགས་དེའི་འོག་བོད་ནང་གི་སྨན་རྩིས་མཁས་པ་མང་དག་ཞིག་ནས་མཉམ་ཞུགས་གནང་གི་ཡོད་སྟབས། རྒྱ་གཞུང་གི་འགག་བྱ་ལ་ལྟོས་མེད་བོད་ཀྱི་སྨན་རྩིས་ཁང་ནས་གཞུང་འབྲེལ་སྨན་པ་གཉིས་ཆེད་གཉེར་ཞུས་ཐོག་སྨན་པ་ཁག་ཅིག་སྒེར་དགོངས་ཐོག་ཆེད་བཅར་གྱིས་གནས་ཚུལ་རྒྱུས་ལོན་གནང་རྒྱུ་ཡིན་པ་གསུངས་ཡོད། རྩ་བའི་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་ལས་གསུངས་པའི་ལུས་སེམས་འཕྲོད་བསྟེན་གཞི་རྩར་བཟུང་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་འགྲོ་བ་མིའི་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཐད་ཞབས་ཞུ་ཚད་མཐོ་ཡོང་ཐབས་སུ་ཕྱི་ལོ་ ༢༠༡༣ ཟླ་ ༧ པའི་ནང་བཙུགས་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་བོད་བརྒྱུད་ནང་དོན་རིག་པ་དང་བོད་ཀྱི་གསོ་བ་རིག་པ། རྒྱ་ནག་སྲོལ་རྒྱུན་སྨན་ལུགས་དང་བྲམ་ཟེའི་སྨན་ལུགས། སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན་དང་བཅོས་ཐབས། དེ་བཞིན་སེམས་ངལ་གྱི་རྒྱུ་རྐྱེན་དང་བཅོས་ཐབས་བཅས་ཀྱི་བརྗོད་གཞི་གཙོ་བཟུང་གིས་བགྲོ་གླེང་ལྷན་ཚོགས་ཐེངས་བཞི་ཚོགས་ཟིན་ཡོད་པ་དང་། དེ་རིང་གི་ལྷན་ཚོགས་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པའི་ཐོག་མཁས་དབང་ཁག་གིས་གཏམ་བཤད་གནང་པའི་དཔེ་དེབ་དང་ནད་རིགས་སྔོག་འགོག་གྱི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་ཡོད་པ་རེད།

སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ལ་ Lisa Shapiro ཆེ་བསྟོད་གཟེངས་རྟགས་ཐོབ་འདུག

རྡ་སར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ལ་ཉེ་ཆར་འཛམ་གླིང་ཁྲོད་ནས་དུད་འགྲོའི་རང་དབང་ལས་འགུལ་བ་རྩེད་ཕུད་གྲས་སུ་འདེམས་ཐོན་གྱིས་ཁོང་ལ་ Lisa Shapiro Award 2017 ཞེས་པའི་ཆེ་བསྟོན་ཀྱི་གཟེངས་རྟགས་གནང་འདུག གཟེངས་རྟགས་དེ་ནི་ཨ་རི་ California Berkeley ནང་གི་ Pollination Project ཞེས་པའི་ལས་གཞིའི་འོག་ཕྱི་ལོ་ ༢༠༡༤ ནས་འགོ་འཛུགས་ཀྱིས་ལོ་ལྟར་འཛམ་གླིང་ཁྱོན་དུ་ཉམ་ཐག་པའི་དུད་འགྲོར་གཟིགས་རྟོག་གནང་མཁན་དང་བླངས་ཚོགས་སྒེར་ཁག་ལ་ཆེ་བསྟོད་གནང་གི་ཡོད་པ་རེད། འདི་ལོ་ནང་གཟེངས་རྟགས་དེ་ཐོབ་མཁན་ལྔ་ཡོད་པ་ལས་གཅིག་ནི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ཡིན་པ་དང་། ཁོ་མོར་ Lisa Shapiro ཆེ་བསྟོད་གཟེངས་རྟགས་དང་ཨ་སྒོར་ ༢༥༠༠ ཐམ་པ་བྱ་དགའ་ཐོབ་ཡོད་པ་རེད། གཞན་ཡང་ཐེ་ཝན་དང་ལ་ཊི་ཝི་ཡ། ཊེཀ་སིས། ཨ་རི་བཅས་ནས་དུད་འགྲོའི་རང་དབང་ལས་འགུལ་བ་རྩེད་ཕུད་བཞི་འདེམས་ཐོན་བྱུང་ཡོད་པ་རྣམས་ལའང་དེ་མཚུངས་ཨ་སྒོར་ ༢༥༠༠ ཐམ་པ་གསོལ་རས་གནང་འདུག བསྟན་འཛིན་ཆོས་ལྡན་ལགས་ནི་ད་ཆ་རྡ་སར་རྟེན་གཞིི་བྱས་པའི་བདེ་ལེགས་སྨན་ཁང་དུ་སོ་སྨན་པའི་ཕྱག་ལས་གནང་མུས་ཡིན་ཞིང་། ཁོང་ནས་དེ་སྔ་དང་བླངས་མི་གསུམ་དང་ལྷན་དུ་བཞུགས་སྒར་དུ་དྲ་ཐོག་བརྒྱུད་ Dharamsala Vegan Movement ཞེས་སེམས་ཅན་མནར་གཅོད་འགོག་ཐབས་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་སྟེ་མང་ཚོགས་ཁྲོད་དེ་འབྲེལ་གོ་རྟོགས་ལས་རིམ་དང་དངོས་བྱུང་གློག་བརྙན་གཟིགས་འབུལ། དེ་བཞིན་འཁྲབ་སྟོན་སོགས་ཀྱི་ལས་འགུལ་མང་དག་ཞིག་སྤེལ་མུས་ཡིན་པ་རེད་འདུག ད་རེས་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་སུ་ཆེ་བསྟོད་གཟེངས་རྟགས་དེ་ཐོབ་སྟབས། Pollination Project ཞེས་གཟེངས་རྟགས་གནང་མཁན་ཚོགས་པའི་དྲ་གནས་ཐོག་ཁོང་ལ་བསྔགས་བརྗོད་ཀྱི་འཚམས་འདྲི་གནང་པའི་བརྙན་ཐུང་ཞིག་ཀྱང་འདོན་སྤེལ་གནང་འདུག་པ་དང་། ཚོགས་པའི་ཚོགས་མི་ནས་ཁོང་གིས་ཉམ་ཐག་པའི་དུད་འགྲོ་རྣམས་ཀྱི་བདེ་དོན་སླད་མ་སྐུལ་དང་བླངས་ཀྱིས་ཕྱག་ལས་གནང་བཞིན་པར་ཆེས་བསྔགས་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བསྟན་འཛིན་ཆོས་ལྡན་ལགས་སུ་ཁོ་མོ་དཀར་སྐྱོང་གནང་པའི་ཁྲོད་གདོང་ལེན་དགོས་རིགས་ལ་ཇི་ལྟར་གནང་སྐོར་བཅར་འདྲི་ཞུས་ཡོད།

Latest news