Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་ཀྱི་རྐང་སྤོལ་རུ་ཁག་ཕམ་ཡང་རྒྱལ་ཁ་ཐོབ་པར་ངོས་འཛིན་གྱི་ཡོད།

བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་རྒྱ་གར་གྱི་རྐང་སྤོལ་རུ་ཁག་ཆེ་གྲས་ Mohun Bagan དང་རྩེད་འགྲན་གནང་པ་ལས་ཕམ་ཉེས་བྱུང་ཡང་། བོད་མི་རྣམས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་སྤོལ་རྩེད་འགྲན་ནང་ཐེངས་གསུམ་འཛུལ་ཞུགས་ཐུབ་པ་དེ་རྒྱལ་ཁ་ཐོབ་པར་ངོས་འཛིན་ཀྱི་ཡོད་ཅེས་གསུངས་སོང་། དེ་ཡང་ཟླ་བ་འདིའི་ཚེས་ ༥ ནས་རྒྱ་གར་བྱང་ཤར་མངའ་སྡེ་འབྲས་ལྗོངས་ནང་དུ་འབྲས་ལྗོངས་རྐང་སྤོལ་ཚོགས་པའི་གོ་སྒྲིག་འོག་ཁུལ་དེར་རྟེན་གཞི་བྱས་པའི་དཔལ་འབྱོར་རྐང་སྤོལ་རྩེ་ཐང་དུ་ Sikkim Governors Gold Cup ཞེས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༣༧ པ་དེ་རྩེད་བཞིན་ཡོད་པ་དང་། རྩེད་འགྲན་དེའི་ཐོག་བོད་ཀྱི་རྐང་སྤོལ་རུ་ཁག་གིས་གཙོས་པའི་འབྲས་ལྗོངས་དང་ཤི་ལོང་། Jalandhar དང་། Calcutta སོགས་རྒྱ་གར་རྒྱལ་ཡོངས་ཀྱི་རུ་ཁག་ ༡༢ ནས་མཉམ་ཞུགས་གནང་ཡོད་པ་ལྟར། ཚེས་ ༥ ཉིན་བོད་ཀྱི་རྐང་སྤོལ་རུ་ཁག་གིས་རྒྱ་གར་ Punjab མངའ་སྡེའི་ Jalandhar རྐང་རྩེད་སྤོ་ལོའི་རུ་ཁག་ལྷན་རྩེད་འགྲན་གྱིས་རིམ་པ་དང་པོའི་རྒྱལ་ཁ་ཐོབ་སྟབས། མཐའ་མའི་རིམ་པ་གསུམ་པའི་ནང་ཚུད་ནས་ཁ་སང་ཚེས་ ༡༡ ཉིན་རྒྱ་གར་གྱི་རུ་ཁག་ཆེ་གྲས་ Mohun Bagan དང་ལྷན་དུ་རྩེད་འགྲན་གནང་ཡོད་པ་རེད། སྐབས་དེར་རྩེད་འགྲན་དུས་ཡུན་སྐར་མ་ ༩༠ ནང་ལ་རུ་ཁག་གཉིས་ནས་སྤོ་ལོ་གཅིག་ཀྱང་བླུགས་ཐུབ་མེད་སྟབས། སྐར་མ་ ༣ འཕར་མ་ཕུལ་ཐོག་རྩེད་འགྲན་གནང་པ་ལས་མུ་ཧཱན་རུ་ཁག་གིས་སྐར་མ་གཉིས་ནང་ཚུད་སྤོ་ལོ་གཅིག་བླུགས་པས་བོད་ཀྱི་རྐང་སྤོལ་རུ་ཁག་ལ་ཕམ་ཉེས་བྱུང་འདུག གསར་འགོད་པས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ཀརྨ་ཚེ་དབང་ལགས་སུ་མྱོང་ཚོར་ཇི་བྱུང་ཐད་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་ཁོང་རྣམ་པར་རྒྱལ་ཁ་ཐོབ་མེད་ཀྱང་རུ་ཁག་འདིའི་ནང་གི་རྩེད་འགྲན་པ་ཡོངས་ནས་ནུས་པ་གང་ཡོད་ཀྱིས་རྒྱ་གར་གྱི་རུ་ཁག་དང་རྩེད་འགྲན་གནང་ཐུབ་པ་དེ་རྒྱལ་ཁར་ངོས་འཛིན་གྱི་ཡོད་ཅེས་དང་། མ་འོངས་པར་མུ་མཐུད་རྩེད་འགྲན་འདྲ་མིན་ནང་མཉམ་ཞུགས་གནང་ནས་རྩེད་མོའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་སྤོལ་རྩེད་འགྲན་ནང་ཐེངས་གསུམ་འཛུལ་ཞུགས་གནང་པའི་ཁྲོད་ཐེངས་འདིའི་གྲུབ་འབྲས་དེ་ཚད་མཐོ་ཤོས་ལ་ངོས་འཛིན་གནང་ཆོག་པ་དང་། མི་མང་པོ་ཞིག་གིས་ཆེད་ལས་རྩེད་འགྲན་རུ་ཁག་མུ་ཧཱན་རུ་ཁག་གིས་སྤོ་ལོ་མང་པོ་བླུགས་རྒྱུའི་ཚོད་དཔག་གནང་ཡོད་ཀྱང་དེ་ལྟར་བྱུང་མེད་སྐོར་གསུངས་སོང་། རྩ་བའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྐང་འགན་བཞེས་པའི་ཐོག་བོད་ཀྱི་རྐང་རྩེད་སྤོལ་རུ་ཁག་ལོ་རྗེས་མ་བོད་ཀྱི་རྐང་རྩེ་སྤོ་ལོའི་རུ་ཁག་འདི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། འཛམ་གླིང་གང་ས་ནས་རུ་ཁག་ ༡༥ ཙམ་ནས་མཉམ་ཞུགས་གནང་གི་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་དེ་རིང་བཞུགས་སྒར་བཀའ་ཤག་ཏུ་སྐུ་ཚབ་གཅོད་ཀྱི་ལོ་འཁོར་ཚོགས་འདུ་དབུ་འཛུགས་གནང་སོང་བ་དང་། ཚོགས་འདུའི་ཐོག་ལ་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཡོ་རོབ་རྒྱལ་ཁབ་ཁག་ཅིག་བཅས་ནས་དོན་གཅོད་བཅུ་དང་ལས་བྱེད་ཁག་ཅིག་བཅས་ཆེད་ཕེབས་འདུག ཚོགས་འདུའི་སྐབས་གསར་འགོད་པ་ནང་ལ་གཏོང་སྲོལ་མེད་པ་ལྟར། འདི་ག་རླུང་འཕྲིན་ཁང་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་དེའི་ཐོག་གནད་དོན་གཙོ་བོ་བཞིའི་ཐོག་ལ་བཀའ་བསྡུར་གནང་གི་ཡོད་པ་གསུངས་སོང་། དེའང་ཉེ་ཆར་ཚོགས་གྲུབ་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ་སྐབས་ཀྱི་དགོངས་འཆར་ཐོག་ལ་གོ་བསྡུར་དང་། བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ལོ་འདི་བཞིན་རྒྱལ་སྤྱིའི་ལས་འགུལ་ལོ་ཞེས་གསལ་བསྒྲགས་གནང་དོན་ལྟར་སྔ་ལོ་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཚོགས་བཅར་བ་ཚོས་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོགས་ཀྱི་དགོངས་འཆར་གནང་ཁག་ལག་བསྟར་ཇི་ལྟར་དགོས་པ། དེ་བཞིན་ཕྱི་ལོ་ ༢༠༡༨ ལོ་དེ་རྒྱལ་ཁབ་སོ་སོའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན་རྒྱལ་ཁབ་སོ་སོའི་ནང་ཐུགས་རྗེ་ཆེ་ཞུའི་ལས་དོན་གནང་ཕྱོགས་ཐད་གོ་བསྡུར་གནང་རྒྱུ་དང་། དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་སྐུ་ཚབ་དོན་ཁང་སོ་སོའི་དངུལ་རྩིས་སྟངས་འཛིན་དང་རྩིས་ཁྲ་ཉར་ཕྱོགས། ཕྱི་སྲིལ་ལས་ཁུངས་དང་སྐུ་ཚབ་དོན་ཁང་དབར་འབྲེལ་ལམ་གོང་འཕེལ་གཏོང་ཕྱོགས་བཅས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་རེད་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཨ་རི་དང་ཨ་སི་ཊོ་ལི་ཡ། སུད་སི། དབྱིན་ཡུལ། ཉི་ཧོང་། ཐེན་ཝན་གཙོས་པའི་རྒྱལ་སྤྱིའི་ནང་བོད་ཀྱི་སྐུ་ཚབ་དོན་གཅོད་བཅིུས་དང་པེ་རིས་ Paris འབྲེལ་མཐུད་ལས་ཁུངས་བཅས་ཡོད་པ་རེད།

བོད་རྒྱ་ཞི་མོལ་ཡོང་མ་ཐུབ་པའི་འགག་རྩ་རྒྱ་ནག་ལ་ཐུག་ཡོད།

བོད་ཀྱི་གནད་དོན་སེལ་ཆེད་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་གལ་གནད་ཆེ་བའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༩ པ་དེ་བཞིན་དེ་རིང་མཇུག་སྒྲིག་གནང་སོང་བ་དང་ཆབས་ཅིག ད་བར་རྒྱ་བོད་ཞི་མོལ་ཡོང་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གི་ཕྱོགས་ནས་གཞུང་འབྲེལ་ཡ་ལན་མེད་པའི་དབང་གིས་རེད་ཅེས་གསུངས་སོང་། དེ་ཡང་ཁ་སང་ཟླ་ ༡༠ ཚེས་ ༩ དང་དེ་རིང་ཚེས་ ༡༠ བཅས་སུ་འདི་ག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Asia Health resort གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྣམ་པས་གཙོས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༡༧ ཡོད་པ་ཚང་མ་ལྷན་འཛོམས་ཐོག་ཚོགས་འདུ་ཐེངས་ ༢༩ པ་ཚོགས་ཡོད་པ་རེད། ཚོགས་འདུ་འདི་ནི་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད་སྟབས་གོ་བསྡུར་ཇི་བྱུང་ནང་དོན་རྒྱས་པ་གསུང་སྲོལ་མེད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལག་ས་ཀྱིས་ཐེངས་འདིའི་ཚོགས་འདུ་དང་འབྲེལ་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཚོགས་འདུའི་སྐབས་ཉིན་ཤས་གོང་དུ་ཚོགས་གྲུབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུ་ཚོགས་འདུའི་ཐོག་ཞི་མོལ་ཡོང་ཐབས་དང་འབྲེལ་བའི་དགོངས་འཆར་མང་དག་ཕེབས་ཁག་ལ་བསྐྱར་ཞིབ་དང་གོ་བསྡུར་གནང་རྒྱུ་ཙམ་མ་ཟད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་དོན་ཇི་གནང་དང་ཚགས་ཚུད་གཏོང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་བསྡུར་གནང་ཡོད་པ་གསུངས་ཡོད། ཁྱད་པར་དུ་ཁོང་གིས་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་འགན་གཙོ་བོ་ནི། ཞི་མོལ་ཐབས་སུ་རྒྱ་ནག་དང་བོད་ཀྱི་གནད་དོན་གཞི་རྩར་བཞག་ཐོག་ཞིབ་འཇུག་སོགས་གནང་ནས་དགོངས་ཚུལ་བསྡུ་རབ་གནང་རྒྱུ་ཆགས་ཀྱི་ཡོད་ནའང་། མཐའ་མའི་ཐག་གཅོད་བཀའ་ཤག་ནས་གནང་གི་ཡོད་པ་གསུངས་ཡོད། ལྷག་དོན་བོད་མིའི་ཕྱོགས་ནས་དུས་ཚོུད་དང་ས་གནས་ལ་ལྟོས་མེད་འབྲེལ་མོལ་གནང་རྒྱུ་གྲ་སྒྲིག་ཡིན་རུང་། ད་བར་རྒྱ་ནག་གི་ཕྱོགས་ནས་གཞུང་འབྲེལ་གྱི་ཡ་ལན་མ་བྱུང་བའི་རྐྱེན་གྱིས་ཞི་མོལ་ཡོང་ཐུབ་ཀྱི་མེད་པ་གསུངས་གནང་སོང་། རྩ་བའི་ཕྱི་ལོ་ ༢༠༡༠ བར་འབྲེལ་མོལ་ཐེངས་ ༩ བྱུང་ཡོད་པ་དང་དེའི་རྗེས་ནས་བསྐྱར་གསོ་མ་བྱུང་བར་ལྷག་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་གཉིས་རིང་ད་བར་ལ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་ཚོགས་གྲུབ་ཡོད་པ་རེད།

ཨི་ཊཱ་ན་གར་བོད་མིའི་ཁྲོམ་སའི་ཉེ་འཁོར་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་ཡུལ་མིའི་ངོ་རྒོལ་བར་འགོག་ཐབས་གནང་བཞིན་འདུག

ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར་ Itanagar གྱི་བོད་མིའི་ཁྲོམ་སའི་ཉེ་འཁོར་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་ས་གནས་ཡུལ་མིའི་ངོ་རྒོལ་ལས་འདུལ་སྤེལ་བར་འགོག་ཐབས་གནང་བཞིན་འདུག ཉེ་ཆར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་ཞུ་རྒྱུའི་ཐག་གཅོད་བྱུང་བ་དེར་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་དང་ས་གནས་ཡུལ་མིའི་ཚོགས་སྒེར་ཁག་ཅིག་ནས་སྐྱོན་བརྗོད་དང་འབྲེལ། སྲིད་བྱུས་དེ་དུས་བཀག་ཚད་ཅན་གྱི་ནང་ཚུད་ཕྱིར་བསྡུ་མ་གནང་ཚེ་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ཁོང་རྣམས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ Itanagar ནས་འགོ་འཛུགས་ཀྱིས་བོད་མི་ཕྱིར་འབུད་བྱ་རྒྱུའི་ངོ་རྒོལ་གྱི་ལས་གཞི་གཞིི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་ཉེན་བརྡ་བཏང་ཡོད་པ་ལྟར། དེ་རིང་ཨི་ཊཱ་ན་གར་རྫོང་གི་ཁྲིམས་དཔོན་མཆོག་གིས་སློབ་ཕྲུག་མཐུན་ཚོགས་ཀྱི་ལས་འགུལ་དེ་ཁྲིམས་འགལ་ཡིན་པ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག་པ་མ་ཟད། ཨི་ཊཱ་ན་གར་ས་གནས་ཀྱི་ཉེན་རྟོག་པའི་འགོ་གཙོ་གཞོན་པ་མཆོག་གིས་བཀོད་ཁྱབ་འོག་བོད་མི་ཚོང་ལས་གཉེར་ཡུལ་ Takhal Complex ཁྲོམ་སའི་ཉེ་འཁོར་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་ས་གནས་ཡུལ་མིའི་ངོ་རྒོལ་ལས་འདུལ་སྤེལ་བར་འགོག་ཐབས་གནང་བཞིན་འདུག གནད་དོན་དེ་དང་འབྲེལ་ནས་ད་ཆ་ཨི་ཊཱ་ན་གར་ལ་ཆེད་བཅར་ཞུས་པའི་བསྟན་འཛིན་སྒང་དང་འབུམ་དི་ལ། རྟ་དབང་གསུམ་གྱི་ས་གནས་འགོ་འཛིན་གཅིག་ལྕོགས་དབྱངས་གྲུབ་ལགས་སུ་ས་གནས་ཀྱི་གནས་སྟངས་ཇི་ཆགས་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ཁ་ཉིན་ཨི་ཊཱ་ན་གར་དུ་འབྱོར་མ་ཐག་ས་གནས་ཉེན་རྟོག་པའི་འགོ་གཙོ་གཞོན་པ་སྐུ་ཞབས་ Shri Prince Dhawal ལགས་དང་སྤྱི་ཁྱབ་ཉེན་རྟོག་པ་རྣམ་གཉིས་དང་ཐུག་འཕྲད་གནང་པ་མ་ཟད། ཉེན་རྟོག་པའི་འགོ་གཙོ་གཞོན་པ་མཆོག་ནས་ཁ་སང་བོད་མི་ཚོ་དང་ཟུར་དུ་ཐུག་འཕྲད་ཀྱིས་སེམས་འཚབ་གནང་མི་དགོས་པའི་སེམས་གསོ་གནང་ཡོད་པ་འགྲེལ་བརྗོད་གནང་སོང་། དབྱངས་གྲུབ་ལགས་ཀྱིས་ད་ཆ་ཨི་ཊཱ་ན་གར་ས་གནས་ཀྱི་གནས་སྟངས་ལ་གཞིགས་ནས་ཉེན་རྟོག་ལས་ཁུངས་ཀྱིས་དེ་རིང་ནས་མུ་མཐུད་བདུན་ཕྲག་གཅིག་ཙམ་རིང་ལ་ཁུལ་དེར་རྟེན་གཞི་བྱས་པའི་བོད་མིའི་ཁྲོམ་ར་དང་སྨན་རྩིས་ཁང་གཉིས་ཀྱི་ཉེ་འཁོར་དུ་ཉེན་རྟོག་པ་འགྲེམས་འཇོག་གིས་བོད་མིར་ཉེན་སྲུང་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་གསུངས་སོང་། རྩ་བའི་ཨ་རུ་ནཱ་ཅལ་སློབ་ཕྲུག་མཐུན་ཚོགས་དང་སློབ་ཕྲུག་མདུན་སྐྱོད་ཆིག་སྒྲིལ་ཚོགས་པ་ཟེར་བ་དེ་དག་གིས་དུས་བཀག་ཚད་ཅན་གྱི་ནང་ཚུད་མངའ་སྡེ་གཞུང་ནས་སྐྱབས་བཅོལ་བོད་མི་ཚོར་རོགས་སྐྱོར་གནང་རྒྱུའི་ལས་དོན་ཕྱི་བཤོལ་གནང་ཚེ། མངའ་སྡེའི་རྒྱལ་ས་ Itanagar ནས་འགོ་འཛུགས་ཀྱིས་ས་གནས་བོད་མི་རྣམས་ཕྱིར་འབུད་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་སྟབས། དེ་རིང་ཨི་ཊཱ་ན་གར་རྫོང་ཁོངས་ཀྱི་ཁྲིམ་དཔོན་མཆོག་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། མངའ་སྡེ་དེའི་སློབ་ཕྲུག་མཐུན་ཚོགས་ཁག་ཅིག་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་མངའ་སྡེར་གནས་སྡོད་སྐྱབས་བཅོལ་བོད་མི་རྣམས་རང་གནས་ནས་ཕྱིར་འབུད་བྱ་རྒྱུའི་ལས་འགུལ་སྤེལ་བ་དེ་ནི་ཁྲིམས་འགལ་ཆགས་ཀྱི་ཡོད་པ་མ་ཟད། སྐྱབས་བཅོལ་བོད་མི་དེ་དག་གི་གཞུང་འབྲེལ་ཡིག་ཆ་ཁག་ས་གནས་ཡུལ་མིའི་ཚོགས་སྒེར་ཁག་ནས་གཞུང་གི་དབང་ཚད་མེད་ཐོག་གང་བྱུང་དུ་སྔོག་གཤེར་རིགས་རྩ་བ་ནས་བྱེད་ཆོག་མེད་པའི་ནན་བརྗོད་གནང་འདུག གནད་དོན་དེའི་ཐད་ཟླ་བ་འདིའི་ཚེས་ ༥ ཉིན་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ Kiren Rijiju མཆོག་ནས་ཀྱང་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་དེ་ད་ཆ་མངའ་སྡེ་དེའི་ནང་ལག་བསྟར་ཞུ་འགོ་འཛུགས་མེད་སྐོར་འགྲེལ་བརྗོད་དང་སྦྲགས། ས་གནས་ཡུལ་མི་རྣམས་ནས་དེ་འབྲེལ་གྱི་གནད་དོན་ཐོག་གོ་རྟོགས་གསལ་པོ་མེད་བཞིན་དུ་སྲིད་བྱུས་དེར་ངོ་རྒོལ་བྱེད་བཞིན་འདུག་ཅེས་གསུངས་པ་མ་ཟད། མངའ་སྡེ་དེའི་ནང་ཡོད་པའི་སྐྱབས་བཅོལ་བོད་མི་རྣམས་ནས་ཡུལ་དེའི་མི་སེར་རྩོད་ཀྱི་ཡོད་མ་རེད་ཅེས་གསལ་བཤད་ནན་པོ་གནང་པ་དང་ཆབས་ཅིག སྲིད་བྱུས་དེ་ཨ་རུ་ནཱ་ཅལ་ནང་ལག་བསྟར་ཞུས་མིན་ཐོག་ས་གནས་ཡུལ་མིའི་ཚོགས་སྒེར་ཁག་དང་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་བཅས་གོ་བསྡུར་ཐོག་ཐག་གཅོད་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།    

བཞུགས་སྒར་དུ་ཕྱི་ལོ་ ༡༩༨༧ ལོར་བོད་མིའི་ཞི་རྒོལ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གྱིས་རྗེས་དྲན་ཞུས་པ།

ཁ་སང་རེས་གཟའ་ཟླ་བའི་དགོང་དྲོ་ཚོུད་ ༤།༠༠ ཐོག་དབྱིན་ཡུལ་ནང་ཡོད་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཕྱི་ལོ་ ༡༩༨༧ ལོར་ལྷ་སའི་ནང་ཞི་བའི་སྒེར་ལངས་གནང་ནས་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་དང་བསྟུན། 30 Years Of Resistance ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་དང་འདི་བཞིན་སྐབས་དེའི་ཞི་རྒོལ་དང་འབྲེལ་བའི་གྲོས་བསྡུར་གྱི་ལས་རིམ་བཅས་ཚོགས་པའི་བརྒྱུད། ཕྱི་ལོ་ ༡༩༨༧ ལོར་བོད་མིའི་ཞི་བའི་སྒེར་ལངས་ཉིན་མོ་རྗེས་དྲན་ཞུས་སོང་། རྗེས་དྲན་གྱི་འདུ་འཛོམས་ཐོག་བོད་གནས་ལྟ་ཞིབ་ཁང་དང་བོད་རང་དབང་ཚོགས་པའི་ངེས་སྟོན་པ་ Eleanor་J Byrne- Rosengren ལགས་ཀྱིས་གཙོས་པའི་ཚོགས་མི་དང་ལས་བྱེད། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ངེས་སྟོན་པ་ Alison Reynolds ལགས། ཕྱི་ནང་གི་གསར་འགོད་པ་དང་དོ་དབྱིངས་ཅན་ཁག་ཅིག་བཅས་ཁྱོན་མི་མང་བརྒྱ་སྐོར་ཙམ་ནས་མཉམ་ཞུགས་གནང་འདུག སྐབས་དེར་ལས་རིམ་གྱི་ཐོག་མར་བོད་གནས་ལྟ་ཞིབ་ཁང་གི་ངེས་སྟོན་པ་ Eleanor་J Byrne-Rosengren ལགས་དང་། ༡༩༨༧ ལོར་ལྷ་སའི་ཞི་བའི་སྒེར་ལངས་ནང་མཉམ་ཞུགས་གནང་མྱོང་མཁན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཟུར་གྲྭ་ངག་དབང་འོད་འབར་ལགས། དེ་བཞིན་སྐབས་དེའི་ཞི་རྒོལ་གི་གནས་སྟངས་དངོས་སུ་མཐོང་མྱོང་ཡོད་པ་ཧོ་ལན་ཡུལ་མི་ Christa Meindersma ལགས་བཅས་གསུམ་ནས་ ༡༩༨༧ ལོ་ནས་ ༨༩ བར་བྱུང་བའི་ལྷ་སའི་ཞི་བའི་སྒེར་ལངས་དང་འབྲེལ་བའི་སྙན་ཐོ་དེ་དབུ་འབྱེད་གནང་ཡོད། དེའི་རྗེས་གྲྭ་ངག་དབང་འོད་འབར་ལགས་ནས་ཕྱི་ལོ་ ༡༩༨༧ ལོར་ལྷ་སའི་ཞི་རྒོལ་དེ་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་འཛུལ་བྱས་རྗེས་བོད་རང་དབང་བསྐྱར་གསོའི་ལས་འགུལ་གྱི་མེ་ལྕེ་ཐོག་མ་དེ་ཡིན་པ་དང་། དུས་དེ་ནས་བཟུང་སྟེ་ད་བར་མི་ལོ་སུམ་ཅུ་འགྲོ་བཞིན་ཡོད་ཀྱང་འཐབ་རྩོད་ཀྱི་མེ་ལྕེ་དེ་མ་ཤི་བར་གསོན་པོ་གནས་ཡོད་ཞེས་དང་། ལྷག་པར་དུ་འདས་པའི་དུས་ཡུན་དེའི་ནང་ལ་གཞོན་སྐྱེས་ཚོས་རང་གི་རྒྱལ་ཁབ་དང་རིག་གཞུང་ལ་བཅངས་པའི་ལ་ཞེན་ཇེ་ཆེར་ཕྱིན་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། དེ་བཞིན་ཧོ་ལན་ཡུལ་མི་ Christa Meindersma ལགས་ནས་སྐབས་དེའི་དུས་ཚོད་དྲན་གསོ་དང་སྦྲགས་ཏེ་ཕྱི་ལོ་ ༡༩༨༨ ལོའི་ཟླ་ ༡༢ ནང་སླར་ལྷ་སར་ཞི་རྒོལ་བྱུང་སྐབས། ཁོང་དང་རོགས་པ་ཁག་ཅིག་རྒྱལ་ས་ལྷ་སར་ཡོད་པ་དང་། སྐབས་དེའི་ཞི་རྒོལ་ཁྲོད་དུ་རྒྱ་གཞུང་གིས་ཉེན་བརྡ་གང་ཡང་མ་བཏང་པར་ཞི་རྒོལ་བ་ཚོར་མེ་མདའ་རྒྱབ་སྟེ་ཁག་ཅིག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཞི་རྒོལ་བ་མང་པོ་ཞིག་ལ་རྨས་སྐྱོན་ཕོག་སྐོར་འགྲེལ་བརྗོད་གནང་སོང་པ་མ་ཟད། སྐབས་དེའི་ཟིང་ཁྲོད་ཁོང་གི་ལག་པ་གཡོན་མར་མེ་མདའ་ཕོག་ཡོད་པ་སོགས་གསུངས་སོང་། སྐབས་དེའི་འདུ་འཛོམས་ཀྱི་མཐའ་མ་དེར་བོད་གནས་ལྟ་ཞིབ་ཁང་གི་ངེས་སྟོན་པ་ Eleanor་J Byrne-Rosengren ལགས་ཀྱིས་དེའི་སྐབས་ཀྱི་ཞི་རྒོལ་ནང་མཉམ་ཞུགས་བ་ཚོའི་བྱས་རྗེས་གཙོ་བོ་ཞིག་ནི། ལས་འགུལ་དེའི་རྐྱེན་པས་ད་ལྟའི་ཆར་རྒྱལ་སྤྱིའི་ཁྲོད་བོད་དོན་གསོན་པོ་གནས་ཡོད་པ་མ་ཟད། ལྷག་པར་དུ་ཁོང་རྣམས་པའི་དྲང་བདེན་གྱི་བློས་གཏོང་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་དང་ཤེས་ལྡན་མི་སྣ་ཡང་ཇེ་མང་དུ་འགྲོ་བཞིན་པ་དེ་རེད་ཅེས་གསུངས་པ་དང་ཆབས་ཅིག ང་ཚོས་ཁོང་རྣམ་པའི་བྱས་རྗེས་ཁག་དྲན་ཐོག་རང་དབང་འཐབ་རྩོད་མུ་མཐུད་གནང་གལ་ཡིན་པ་གསུངས་ཡོད། གཞི་རྩའི་ཁ་སང་བོད་གནས་ལྟ་ཞིབ་ཁང་ནས་ཕྱི་ལོ ༡༩༨༧ ལོར་ལྷ་སའི་ཞི་བའི་སྒེར་ལངས་དང་འབྲེལ་བའི་སྙན་ཐོ་ཤོག་གྲངས་ ༣༤ ཡོད་པ་ཞིག་འདོན་སྤེལ་གནང་པ་དང་། དེའི་ནང་གཙོ་བོ་ཕྱི་ལོ་༡༩༨༧ དང་ ༨༨ དེ་བཞིན་ ༨༩ བཅས་སུ་རྒྱལ་ས་ལྷ་སར་བྱུང་བའི་ཞི་རྒོལ་ཁག་གི་བྱུང་རབས་དང་ས་ཚིགས། དེ་བཞིན་ཚོགས་པ་དེར་སྐབས་དེའི་ཞི་རྒོལ་དང་འབྲེལ་བའི་པར་རིས་གསར་པ་ལག་སོན་བྱུང་ཁག་དང་། དེ་དག་ཐོག་ལ་ཉམས་ཞིབ་མཐིལ་ཕྱིན་གནང་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཡོད་པ། གཞན་ཡང་ཕྱི་ལོ་ ༡༩༨༩ ལོར་རྒྱ་གཞུང་གིས་ལྷ་སར་ Martial Law འམ་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་སྐབས་ཀྱི་གནས་སྟངས་སོགས་ཆེད་བཀོད་གནང་འདུག

ནཱ་སིག་བོད་མི་ཚོར་གནོད་འཚེ་གང་ཡང་ཕོག་མི་འདུག

རྒྱ་གར་གྱི་མ་ཧཱ་རཤ་ཊ་མངའ་ཁུལ་གྱི་ནཱ་སིག་གྲོང་ཁྱེར་ནང་ཡོད་པའི་བོད་མིའི་ཁྲོམ་སར་གས་ཐོར་གྱི་གནས་ཚུལ་བྱུང་འདུག་ཀྱང་། ས་གནས་ཀྱི་བོད་མིར་གནོད་འཚེ་གང་ཡང་ཕོག་མི་འདུག དེ་ཡང་ཟླ་ ༡༠ ཚེས་ ༧ ཉིན་སྔ་དྲོ་རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་ Maharashtra ཁུལ ་གྱི་ Nasik ནང་དུ་རྟེན་གཞི་བྱས་པའི་ Tibetan Market ཞེས་པའི་བོད་མིའི་ཁྲོམ་སར་གློ་བུར་དུ་གས་ཐོར་བྱུང་བའི་གནས་ཚུལ་ཐོན་འདུག་པ་དང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གས་ཐོར་གྱི་གནད་དོན་དེའི་ཁྲོད་ཚོང་ཁང་བརྒྱད་གཏོར་སྐྱོན་བྱུང་པ་བཀོད་འདུག དེ་རིང་འདི་ག་རླུང་འཕྲིན་ཁང་ནས་ནཱ་སིག་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཞོན་ཚེ་རིང་བུ་ཆུང་ལགས་སུ་ཞལ་པར་བརྒྱུད་ནས་ས་གནས་སུ་གནས་ཚུལ་ཇི་བྱུང་རྒྱུས་ལོན་ཞུས་པར་ཁོང་གིས་བོད་མིའི་ཁྲོམ་ས་ཞེས་པའི་ཁོར་ཡུག་དེའི་ནང་དུ་ཁྱོན་ཚོང་ཁང་ ༥༠༠ ཡོད་པ་ལས་བོད་པའི་ཚོང་ཁང་ ༡༠༢ མ་གཏོགས་དེ་མིན་ཚོང་ཁང་ ༣༩༨ དེ་དག་ཚང་མ་རྒྱ་གར་ཡུལ་མིའི་ཚོང་ཁང་ཡིན་པ་གསུངས་སོང་བ་དང་། རླངས་རྫས་གས་ཐོར་བྱུང་ཡུལ་དེ་རྒྱ་གར་གྱི་ཚོང་ཁང་ཕྱོགས་སུ་ཡིན་པར་བརྟེན་བོད་མི་དང་ཚོང་ཁང་ཁག་ལ་གནོད་འཚེ་གང་ཡང་བྱུང་མེད་པ་རེད་ཅེས་གསུངས་ཡོད། རྩ་བའི་ད་རེས་གས་ཐོར་བྱུང་སའི་བོད་མིའི་ཁྲོམ་ར་དེ་དུས་རྒྱུན་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་གནང་ཡུལ་ས་ཁུལ་ཞིག་རེད་འདུག་པ་དང། ས་ཁུལ་དེར་གྱོན་ཆས་ཚོང་ཁང་དང་འདི་བཞིན་ཟ་ཁང་ཡང་ཡོད་པ་རེད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྐབས་དེར་ནཱ་སིག་བོད་མིའི་ཁྲོམ་སར་གས་ཐོར་བྱུང་བའི་གནས་ཚུལ་ཐོན་རྗེས། ཕྱི་ཚེས་ ༨ ཉིན་ཁྲོམ་ས་ཡོངས་རྫོགས་སྒོ་བརྒྱབ་སྟེ་ས་གནས་གཞུང་གིས་འབར་རྫས་ལྟ་ཞིབ་ཚོགས་ཆུང་དང་ས་གནས་ཉེན་རྟོག་དཔོན་རིགས་མཐོ་གྲས་ཁག་ས་གནས་སུ་སླེབས་ནས་ལྟ་ཞིབ་ནན་པོ་གནང་འདུག་པ་མ་ཟད། ཞིབ་དཔྱད་ཀྱི་གྲུབ་དོན་དུ་ད་ལན་གས་ཐོར་བྱུང་བ་འདི་ནི་རླངས་རྫས་གས་ཐོར་ཡིན་པར་འགྲེལ་བརྗོད་གནང་འདུག རྩ་བའི་རྒྱ་གར་གྱི་ Maharashtra མངའ་ཁུལ་གྱི་ Nasik གྲོང་ཁྱེར་དུ་ཆགས་པའི་བོད་མིའི་ཁྲོམ་ས་དེ་ཕྱི་ལོ་ ༢༠༠༣ ལོར་གསར་འཛུགས་གནང་པ་ཞིག་ཡིན་པ་དང། ཁྲོམ་སའི་ཚོང་ཁང་ཁག་གཏན་འཇགས་དང་ཁུལ་དེར་ཡོད་པའི་བོད་མི་རྣམས་དབྱར་དགུན་མེད་པར་ཚོང་གཉེར་གནང་གི་འདུག ད་ལྟའི་ཆར་ས་གནས་བོད་མི་སུད་ཚོང་བ་ ༢༠༠ ལྷག་ཡོད་པ་དང་། བོད་མི་སུད་ཚོང་བ་དེ་དག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་རེད་འདུག

བཞུགས་སྒར་དུ་བོད་རིགས་འདྲེས་མའི་ཚོགས་འདུ་ཐེངས་ ༣ དབུ་འཛུགས་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་བོད་པ་དང་མི་རིགས་གཞན་པ་འདྲེས་པའི་བོད་རིགས་འདྲེས་མའི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་འདུའི་ཐོག་བཀྲིས་དོན་གྲུབ་ལགས་དང་འདྲ་བ་ཨ་རི་སོགས་རྒྱལ་ཁབ་ ༩ ནས་བོད་རིགས་འདྲེས་མ་ན་གཞོན་ ༡༥ ཕེབས་འདུག ཁག་ཅིག་དེ་སྔའི་ཚོགས་འདུ་གཉིས་པོའི་ནང་ཕེབས་མྱོང་འདུག་པ་དང་ཁག་ཅིག་ད་རེས་ཐེངས་དང་པོ་དང་ལྷག་པར་དུ་རྡ་རམ་ས་ལར་ཕེབས་པ་ཐོག་མ་ཆགས་ཀྱི་འདུག ཐེངས་འདིའི་ཚོགས་འདུའི་གཙོ་འགན་བཞེས་མཁན་ཁོངས་སུ་ཡོད་པ་བོད་པ་དང་སོག་རིགས་འདྲེས་མ་ཡིན་པ་ཀུན་བཟང་སྐལ་ལྡན་ལགས་སུ་དེ་རིང་སྔ་ཐོག་ཚོགས་བཅར་བ་ཀུན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བཀའ་སློབ་ཐོབ་ཡོད་པའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གི་མཇལ་ཁ་དེ་དམིགས་བསལ་ཅན་ཞིག་ཆགས་ཡོད་དང་། ཁོང་རྣམ་པའི་ཁོངས་ནས་ཚོགས་བཅར་བ་ཁག་ཅིག་ནི་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་ཐོག་མ་དེ་ཡིན་པ་གསུངས་སོང་བ་དང་། ཁྱད་པར་དུ་སྐབས་དེར་༸གོང་ས་མཆོག་གིས་བོད་རིགས་འདྲེས་མ་ཡིན་རུང་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་གལ་དང་། ནང་ཆོས་དང་ནང་ཆོས་ཀྱི་ལྟ་གྲུབ། དེ་བཞིན་ཆོས་ལུགས་ལ་མ་བརྟེན་བཟང་སྤྱོད་སོགས་ཀྱི་སྐོར་ལ་སློབ་སྦྱོང་གནང་གལ་ཡིན་པ་མ་ཟད། དེ་ལྟར་ཡོང་བར་གཙོ་བོ་བོད་སྐད་ཡིག་སྦྱོང་རྒྱུ་ཤིན་ཏུ་ནས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག ཚོགས་འདུའི་གཙོ་འགན་བཞེས་གནང་མཁན་ཁོངས་ནས་ཡིན་པ་ཀུན་བཟང་སྐལ་ལྡན་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ། ཉིན་གྲངས་ལྔའི་རིང་གི་ལས་རིམ་ནང་གཙོ་བོ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་བོད་རིགས་འདྲེས་མ་ནང་ཁུལ་དབར་ངོ་སྤྲོད་དང་བསམ་ཚུལ་བརྗེ་རེས། ལྷག་པར་དུ་དུས་ཚོད་མང་ཆེ་བ་དེ་བོད་པའི་ངོ་བོ་གཅེས་སྲུང་གནང་ཕྱོགས་དང་དེ་བཞིན་གོ་བསྡུར་སྦྱང་བཤད་སོགས་གནང་ཕྱིར་གཏང་རྒྱུ་ཡིན་པ་གསུངས་ཡོད། རྩ་བའི་ཕྱི་ལོ་ ༢༠༡༤ ལོར་དབྱིན་ཡུལ་གྱི་རྒྱལ་ས་ London ནང་དུ་བོད་རིགས་འདྲེས་མའི་ཚོགས་འདུ་ཐོག་མ་དེ་ཚོགས་གནང་ཡོད་པ་དང་ཚོགས་འདུ་གཉིས་པ་ Swiss གྲོང་ཁྱེར་ Zurich ནང་དུ་ཚོགས་གྲུབ་ཡོད་པ་རེད། ཁོང་རྣམ་པའི་ལས་རིམ་འདི་ལྟ་བུའི་ཐོག་ནས་བོད་རིགས་འདྲེས་མ་གཅིག་པ་ཡིན་པ་ནང་ཁུལ་ངོ་ཤེས་གྲོགས་འདྲིས་དང་བོད་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་ཙམ་དུ་མ་ཟད། སྒོས་སུ་ Tibet Corp འམ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་མཁས་ལས་དྭང་བླངས་ཞབས་ཞུ་ཚན་པ་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཚོགས་པ་དང་ལས་དོན་ཁག་ཅིག་གི་ཐོག་ལ་ཞབས་ཞུ་མི་དམན་པ་བསྒྲུབས་དང་སྒྲུབ་མུས་རེད་འདུག  

ལྔ་དང་ལྔ་བཅུ་ཚོགས་འདུའི་ཐོག་གི་དགོངས་འཆར་ལ་གཟིགས་ཞིབ་གནང་ནས་ཐབས་བྱུས་གདིང་རྒྱུའི་དགོངས་བཞེས་གནང་གི་ཡིན་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་འདི་ག་བཞུགས་སྒར་དུ་ལྔ་དང་ལྔ་བཅུའི་ཉིན་གསུམ་གྱི་ཚོགས་འདུའི་མཇུག་བསྡོམས་མཛད་སྒོ་ཐོག་ཐེངས་འདིའི་ཚོགས་འདུ་ཐོག་གནད་ཡོད་མི་སྣ་ཚོས་བོད་མིའི་འཐབ་རྩོད་ཀྱི་ནུས་པ་ཇེ་བཟང་ཇེ་མཐོར་སྤེལ་སླད་དོན་གཉེར་ཆེན་པོས་དགོངས་འཆར་ལྷུག་པོ་གསུངས་གནང་པར་ཐུགས་རྗེ་ཆེ་ཞུ་གསུངས་གནང་འདུག་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཚོགས་འདུའི་ཐོག་གིས་དགོངས་ཚུལ་ཁག་ལ་གཟིགས་ཞིབ་གནང་ནས་ཐབས་བྱུས་གདིང་རྒྱུར་དགོངས་པ་བཞེས་ཀྱི་ཡིན་གསུངས་འདུག རྩ་བའི་ཐེངས་འདིའི་ཚོགས་འདུ་དེ་ནི་རྡ་ཤོད་ཉེ་འཁྲིས་རྒྱ་གར་གྱི་ Pavilion གསོལ་མགྲོན་ཁང་དུ་བཞུགས་མོལ་གྱི་རང་བཞིན་ཐོག་ནས་ཚོགས་ཡོད་པ་ལྟར། གསར་འགོད་པ་སོགས་ཕྱི་མི་སུ་གཅིག་ཀྱང་གཏང་རྒྱུ་མིན་པ་གསུངས་ཡོད་པ་རེད། བརྗོད་གཞི་གཙོ་བོ་བོད་རྒྱ་ཞི་མོལ་ཡོང་ཐབས་དང་། བོད་དང་ཨེ་ཤ་ཡ་དང་རྒྱལ་སྤྱིའི་འབྲེལ་ལམ་དང་གལ་གནད་སོགས་དོན་ཚན་བཞི་བཞག་གནང་ཡོད་པ་དང་། ཚོགས་འདུའི་སྔ་སྣུར་དུ་ཕེབས་བསུ་སྣེ་ལེན་གྱི་གསོལ་སྟོན་མཛད་སྒོ་ཞིག་གི་ཐོག་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གདན་ཞུས་ཕུལ་ཡོད་པ་དང། ཉིན་གཉིས་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། ཚོགས་འདུའི་ཐོག་རྒྱ་གར་དང་དེ་བཞིན་ཕྱི་རྒྱལ་རྒྱལ་ཁབ་ ༢༡ ནས་བོད་དོན་ཐོག་ཐུགས་སྣང་དང་ཉམས་ཞིབ་གནང་མཁན། གཞུང་ལ་སློབ་སྟོན་གནང་མཁན་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ ༨༢ དང་། བོད་རིགས་བཀའ་ཟུར་རྣམ་པ་དང་སྐུ་ཚབ་དོན་གཅོད་རྣམ་པ། ཉམས་ཞིབ་པ་ཁག་ཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཁྱོན་མི་གྲངས་ ༡༨༤ ཙམ་ཚོགས་འདུར་ཕེབས་ཡོད་པ་རེད། ཚོགས་བསྡུར་ཕེབས་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཞིག་གིས་ཐེངས་འདིའི་ཚོགས་ལ་གུ་ཡངས་པོ་ཞིག་ཏུ་གཟིགས་སྐོར་འགྲེལ་བརྗོད་གནང་འདུག ཡང་ཚོགས་བཅར་གཞན་ཞིག་གིས་ཀྱང་ཚོགས་འདུ་གོ་སྒྲིག་གནང་སྟངས་ལ་བསྔགས་བརྗོད་དང་སྦྲགས། ད་རེས་ཀྱི་ཚོགས་འདུ་འདི་རྣམ་རྒྱུན་ལྟར་སྒང་ནས་མར་བཤད་སྡོད་ཡག་དང་གཤམ་འོག་ནས་ཉན་སྡོད་ཡག་གཅིག་པོ་མ་ཡིན་པར། དུས་ཚོུད་མང་ཆེ་བ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་སོང་བ་དེ་མི་འདྲ་བ་ཞིག་གནང་སོང་། ལྷག་པར་དུ་བསམ་ཚུལ་གང་སྤུངས་གནང་པ་དེ་དག་རིམ་པས་གཟིགས་ཞིབ་གནང་ནས་དགོངས་པ་བཞེས་རྒྱུ་ཡིན་པ་གསུངས་སོང་བ་དེ་ཧ་ཅང་ཡག་པོ་མཐོང་སོང་ཞེས་གསུང་མཁན་འདུག ལྷག་པར་དུ་ཁོང་གིས་ཚོགས་འདུའི་ཐོག་ལ་བཞག་པའི་གནད་དོན་གཙོ་བོ་གཅིག་ནི་ད་བར་བོད་དང་བོད་མི་ཚོའི་ངོས་ནས་འཛམ་གླིང་སྤྱི་ལ་སྨན་པའི་ཞབས་འདེགས་རླབས་ཆེན་མང་དག་ཅིག་བཞག་ཡོད་པ་དེ་དག་ང་ཚོས་བོད་དོན་འཐབ་རྩོད་ཀྱི་ལག་ཆར་སྤྱོད་ཐུབ་ཀྱི་མེད་པའི་ཞེན་ཆ་ཡོད་སྟབས། དེའི་ཐོག་ལ་ཤུགས་སྣོན་རྒྱག་དགོས་གལ་ཏུ་གཟིགས་ཀྱི་ཡོད་པ་ཞུས་ཡོད་ཅེས་གསུངས་ཀྱི་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༩ དབུ་འཛུགས་གནང་པ།

དེ་རིང་ཟླ་ ༡༠ ཚེས་ ༩ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༩ པ་དབུ་འཛུགས་གནང་སོང་བ་དང་། ཚོགས་འདུ་འདི་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ཚོགས་གནང་གི་ཡོད་པ་རེད། ཚོགས་འདུའི་ཐོག་སྲོད་སྐྱོང་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༡༧ ཡོངས་རྫོགས་མཉམ་ཞུགས་གནང་འདུག་པ་དང་། ཁོང་རྣམས་ནས་ཐེངས་འདིའི་ཚོགས་འདུའི་ཐོག་གཙོ་བོ་ཉེ་ཆར་བཞུགས་སྒར་དུ་ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་ཐོག་བོད་རྒྱ་ཞི་མོལ་དང་འབྲེལ་བའི་གནད་དོན་གླེང་སློང་བྱུང་ཁག་དང་མ་འོངས་པར་བོད་རྒྱ་ཞི་མོལ་དང་འབྲེལ་བའི་ལས་དོན་གནང་ཕྱོགས། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཐོག་རྒྱ་ནག་གི་འགོ་ཁྲིད་ཚོ་འཕོ་འགྱུར་ཇི་ལྟར་འགྲོ་མིན་དང་། འཕོ་འགྱུར་ཕྱིན་ཚེ་བོད་དོན་ཐོག་འགྱུར་བ་གང་འགྲོ་མིན་སོགས་ཀྱི་ཐད་ལ་གྲོས་བསྡུར་གནང་གི་འདུག གཞི་རྩའི་ཐེངས་འདིའི་ཚོགས་འདུ་དེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགན་བཞེས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༧ དེ་ཆགས་ཀྱི་ཡོད་པ་དང་། ལྷག་དོན་ད་ལན་སྲིད་སྐྱོང་མཆོག་གིས་སྲིད་སྐྱོང་གི་ལས་ཡུན་གཉིས་པ་གནང་རྗེས་བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཚོགས་འདུ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ད་བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཟིན་ཡོད་པ་དེ་ལྟར་ཡང། འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༡ པོའི་ཟླ་མཇུག་ཏུ་གནང་རྗེས། འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀྱིས་ལས་གནས་ནས་དགོངས་ཞུ་གནང་པ་མ་ཟད། ད་བར་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་ཀྱང་། སྲིད་སྐྱོང་མཆོག་གིས་མ་འོངས་པའི་ལས་དོན་སྐོར་ལ་གསུང་བཤད་གནང་པའི་ནང་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུ་དེ་གནད་དོན་གཙོ་གྲས་སུ་བརྩི་བཞིན་ཡོད་པ་དང། བོད་མིའི་ཕྱོགས་ནས་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་དུས་དང་ས་གནས་གང་ཞིག་ཏུ་གནང་ཡང་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་བོད་རྒྱ་ཞི་མོལ་ཚོགས་འདུ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་ཡོད།

Latest news