Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

རྒྱུད་གྲྭ་དཔེ་མཛོད་ཁང་དུ་དཔེ་དེབ་ཞུ་སྒྲིག་དང་གནའ་དེང་དཀར་ཆག་རིག་པའི་རྒྱལ་ཡོངས་ཟབ་སྦྱོང་དབུ་འཛུགས།

དེ་རིང་ཟླ་ ༡༡ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་བཞུགས་སྒར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་རྒྱུད་སྟོད་གྲྭ་ཚང་གིས་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱུད་གྲྭ་དཔེ་མཛོད་ཁང་དུ་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རྒྱལ་ཡོངས་ཟབ་སྦྱོང་དབུ་འཛུགས་གནང་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་རེས་ཀྱི་ཟབ་སྦྱོང་འདི་དུས་ཀྱི་དགོས་མཁོ་དང་འཚམ་པའི་ལས་དོན་ཞིག་ཡིན་པར་གོ་སྒྲིག་གནང་མཁན་དང་མཉམ་ཞུགས་བ་ཡོངས་ལ་ཡི་རང་བསྔགས་བརྗོད་གནང་པ་དང་འབྲེལ། དེ་སྔ་ལོ་ ༦༠ སྔོན་ལ་བོད་ཀྱི་ཆོས་དང་རིག་གཞུང་ཙམ་མ་ཟད་མི་རིགས་ཆ་ཚང་ཆགས་འཇིག་གི་གནས་སྟངས་ལ་གྱར་བའི་འོག་བོད་མི་ས་ཡ་ ༡་༢ ཙམ་གྱི་ཚེ་སྲོག་ཤོར་བ་དང་དགོན་སྡེ་སྟོང་ཕྲག་མང་པོ་རྩ་མེད་དུ་ཕྱིན་པ་མ་ཟད། དེ་བཞིན་རིག་གཞུང་གི་འབྱུང་གནས་བཀའ་བསྟན་གཉིས་གཙོས་གསུང་རབ་རྣམས་རྩ་གཏོར་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད། ལྷག་དོན་བོད་དེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གངས་རི་ར་བས་སྐོར་བའི་ས་ཁུལ་ནང་དུ་ཁ་ཁུ་སིམ་པོར་ཕྱི་ཕྱོགས་དང་འབྲེལ་བ་མེད་པར་གནས་པ་བརྟེན་ཕྱི་ཕྱོགས་ནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་གི་གཏེར་མཛོད་ཆེན་པོ་ཡོད་པ་མ་ཤེས་པའི་གནས་སྟངས་ཆགས་ཡོད་པ་རེད། འོན་ཀྱང་བཙན་བྱོལ་དུ་སླེབས་པའི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་འཕྲིན་ལས་དང་བོད་བརྒྱུད་ནང་བསྟན་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་གཟི་བརྗིད་ལ་བརྟེན་ནས་དེང་སྐབས་འཇིག་རྟེན་ཁྱོན་ལ་བོད་ཟེར་བ་འདི་རིག་གཞུང་གི་བསྟི་གནས་ཤིག་ཡིན་པ་ར་འཕྲོད་གསལ་པོ་བྱུང་ཡོད་སྟབས། བོད་མི་རིགས་ཀྱི་ལས་དབང་ལ་ཕྱིར་བལྟར་བྱེད་སྐབས་དགའ་ཚོར་དང་འཇིགས་སྣང་སྐྱེས་དགོས་པའི་གནད་དོན་སོགས་བྱུང་ཡོད་སྐོར་གསུངས་སོང་། ད་ལྟའི་གནས་སྐབས་སུ་ ༥༩ སྔོན་གྱི་མི་རབས་རྣམས་རྫོགས་འགྲོ་གྱི་ཡོད་པ་དང་བོད་པའི་མི་རབས་གསུམ་པ་རྣམས་འཚར་ལོངས་འབྱུང་བཞིན་པའི་འཕོ་འགྱུར་གྱི་ས་མཚམས་ཆེན་པོ་ཞིག་ཏུ་སླེབས་ཡོད་སྟབས། ༸གོང་ས་མཆོག་གི་ལམ་སྟོན་ལྟར་ད་ཆ་བོད་མི་རིགས་ཡོངས་ལ་འོས་འགན་གང་ཡོད་པ་དེ་དག་ར་འཕྲོད་ཐོག་མ་འོངས་པའི་ལོ་རབས་ནང་གནའ་སྲོལ་དང་དེང་རབས་གནང་ཕྱོགས་དབར་འགལ་ཟླ་མེད་པར་གཅིག་ཕན་གཅིག་གྲོགས་ཚུལ་དུ་འཆར་གཞི་སྒྲིག་དགོས་གལ་ཡིན་པ་གསུངས་ཡོད། རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་འགོ་འཛིན་བློ་བཟང་ཀླུ་སྒྲུབ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིབླ་ན་མེད་པའི་ཐུགས་རྗེའི་བཀའ་འདྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ལེགས་བྱང་རྣམས་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པ་ལྟར་མ་འོངས་པའི་མི་རབས་གསར་པ་རྣམས་ལ་བརྒྱུད་སྤྲོད་གནང་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་ཆེད་དམིགས་ཀྱིས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་ཡོད་ཅེས་གསུངས་ཡོད་པ་རེད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་དཔེ་མཛོད་འཛིན་སྐྱོང་མཉེན་ཆས་སྤྱན་འབུལ་ཞུས་པ་དང་སྦྲགས་ཏེ་མཉན་ཆས་དེའི་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་སོང་། དེ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱུད་སྟོད་དཔེ་མཛོད་ནས་དཔར་སྐྲུན་ཞུས་པའི་རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་ཀྱི་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མའི་ཕྱག་དེབ་དབུ་བྱེད་དང་དགེ་བཤེས་སྨོན་ལམ་ལགས་ནས་བོད་ཀྱི་སྐད་ཡིག་ཐོག་སྨན་པའི་ཞབས་ཞུ་གནང་པར་ཡི་རང་གི་གཟེངས་བསྟོད་ཚུལ་དུ་སྟོན་པའི་ཞལ་ཐང་རིན་པོ་ཆེ་གསོལ་སྩལ་གནང་སོང་། རྩ་བའི་ཟབ་སྦྱོང་དེའི་ཐོག་མི་གྲངས་ ༤༥ ནས་ ༥༠ བར་གྱི་ས་དམིགས་བཞག་ཡོད་ཀྱང། ཟབ་སྦྱོང་དེར་གལ་ཆེ་དོན་ཆེར་བརྩི་ནས་མཉམ་ཞུགས་གནང་འདོད་ཡོད་མཁན་མང་པོ་བྱུང་དོན་ལྟར། ད་རེས་དངོས་སུ་ཚོགས་བཅར་བའི་ཁོངས་སུ་རིས་མེད་ཚོགས་སྡེ་དང་སློབ་གཉེར་བསྟི་གནས་ཁག་ ༣༦ ཙམ་ནས་ཚོགས་བཅར་བ་ཁྱོན་ ༧༠ ཙམ་ཕེབས་འདུག དེ་བཞིན་ཟབ་འཁྲིད་གནང་མཁན་ཁོངས་སུ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་མཁས་དབང་ཁག་ཅིག བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་བཅས་མཁས་དབང་ ༨ ཙམ་གདན་འདྲེན་ཞུས་འདུག

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༡༠༡ འཁོར་བའི་དུས་དྲན་སྲུང་བརྩི།

རྒྱལ་སྤྱིའི་ཁྱོན་དུ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་བརྒྱ་དང་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༡༡ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཚེས་ ༥ བར་ཉིན་གྲངས་ལྔ་རིང་རྒྱལ་ས་དིལླི་ནི་ཛམ་མུཌྡིན་ཡན་ལག་སྨན་རྩིས་ཁང་དུ་<< འཚོ་གནས་བདེ་ཐང་། >>ཞེས་པའི་བརྫོད་བྱ་གཙོར་བཟུང་ཐོག་རིན་མེད་ཀྱི་ནད་པར་བརྟག་དཔྱད་དང་། ངག་ཐོག་རྩིས་འབྲས། གཏམ་བཤད། དངོས་བྱུང་གློག་བརྙན། སྨན་རྩིས་འགྲེམས་སྟོན་སོགས་གོ་སྒྲིག་གནང་འདུག དེ་རིང་སྔ་དྲོ་དུས་དྲན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་གཙོས་པའི་ནི་ཛམ་མུཌྡིན་ཡན་ལག་སྨན་རྩིས་ཁང་དང་འབྲེལ་ཡོད་རྒྱ་གར་ས་གནས་ཀྱི་ཡུལ་མི་དང་། དབུས་སྨན་རྩིས་ཁང་དང་ཐད་ཀར་འབྲེལ་ཡོད་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག།དེ་བཞིན་བོད་སྨན་བསྟེན་གཏུགས་བྱེད་མཁན་གྱི་ས་གནས་རྒྱ་གར་བ་བཅས་མི་གྲངས་ ༥༠ ལྷག་འདུ་འཛོམས་གནང་འདུག སྐབས་དེར་དབུས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས་ཀྱིས་དུས་དྲན་འདི་ནི་སྨན་རྩིས་ཁང་གི་ལས་དོན་ཁག་དང་ལྷག་པར་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་གཏིང་ཟབ་ཡོད་པ་དེ་དག་ས་གནས་རྒྱ་གར་ཡུལ་མིར་ངོ་སྤྲོད་ཐུབ་ཐབས་དང་། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ཁང་དྲིལ་བསྒྲགས་མང་ཙམ་དགོས་པའི་ལམ་སྟོན་གཞིར་བཟུང་དུས་དྲན་སྲུང་བརྩི་ཞུ་གི་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། བོད་ཀྱི་སྨན་རྩིས་ཁང་གི་ངོས་ནས་ད་དུང་ཕྱི་ཟླ་  ༡༡  ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་བའེ་ནང་ཉིན་གྲངས་བཞིའི་རིང་འགྲེམས་སྟོན་དང་བོད་སྨན་བསྟེན་གཏུགས་སོགས་གནང་སྟེ་དུས་དྲན་སྲུང་བརྩི་ཞུ་རྒྱུ་དང་། ལོ་རྗེས་མའི་ཕྱི་ཟླ་ ༣ ནང་རྒྱལ་ས་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་འཆར་འདུག གཞི་རྩའི་ད་ལྟའི་ཆར་སྨན་རྩིས་ཁང་གི་ཁྱབ་ཁོངས་རྒྱལ་ས་ལྡི་ལིའི་ནང་སྨན་རྩིས་ཁང་གི་ཡན་ལག་ཁག་ ༥ ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་སུ་དབུས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ ༦༠ ཙམ་ཡོད་པ་རེད་འདུག

ཞི་བདེ་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་བགྲོ་གླེང་ཐོག་བོད་མི་མཉམ་ཞུགས་ཀྱིས་གསུང་བཤད་གནང་བ།

ཉེ་ཆར་ཟླ་བ་འདིའི་ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་ཨི་ཊ་ལིའི་རྒྱལ་ས་ Rome ནང་དུ་ཞི་བདེ་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་མོས་སོགས་ཀྱི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་ཐོག་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་མཉམ་ཞུགས་ཀྱིས་བོད་དོན་གསུང་བཤད་གནང་འདུག ལྷན་ཚོགས་དེ་ནི་ཨི་ཊ་ལིའི་ Nonviolent Radical Party ཞེས་པའི་འཚེ་མེད་ཞི་བའི་ཆབ་སྲིད་ཚོགས་པས་གོ་སྒྲིག་འོག་ཁུལ་དེའི་རྒྱལ་ས་རོམ་ནང་རྟེན་གཞི་བྱས་པའི་ཆབ་སྲིད་ཚོགས་པ་དེའི་ཚོགས་ཁང་དུ་བསྐོང་ཚོགས་གནང་འདུག ཨ་རི་དང་ཕ་རན་སི། ཨ་ཧྥི་རི་ཀ དེ་བཞིན་ཨེ་ཤ་ཡ་སོགས་རྒྱལ་ཁབ་འདྲ་མིན་ ༡༥ ཙམ་ནས་གཞུང་ཚབ་པ་དང་གྲོས་ཚོགས་འཐུས་མི། མཁས་དབང་བཅས་ཁྱོན་གསུང་བཤད་གནང་མཁན་མི་སྣ་ ༤༠ མན་ཙམ་གདན་འདྲེན་ཞུས་འདུག་པ་མ་ཟད། བོད་མིའི་ཕྱོགས་ནས་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱང་གདན་ཞུ་གནང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་དང་དྲང་བདེན་ཐོག་ལས་འགུལ་སྤེལ་ཕྱོགས། དེ་བཞིན་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་ལ་སོགས་པའི་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་དང་དྲི་བ་འདྲི་ལན་གྱི་ལས་རིམ་ཞིག་ཀྱང་གནང་འདུག རླུང་འཕྲིན་ཁང་གི་གསར་འགོད་པས་སྤྱི་འཐུབ་བསྟན་དབང་ཆེན་ལགས་སུ་བགྲོ་གླེང་ལྷན་ཚོགས་དེ་དང་འབྲེལ་བའི་ཐོག་བཀའ་འདྲི་ཁག་ཅིག་ཞུས་ཡོད།

བོད་མིར་རང་དབང་རང་བཙན་སྤྲོད་དགོས་པའི་དགོས་འདུན་བཏོན་པ།

རྒྱ་གར་གྱི་གཞུང་འཛིན་  BJP  ཆབ་སྲིད་ཚོགས་པ་དང་འབྲེལ་བ་ཡོད་པའི་  Swadesh Jagaran Manch ཚོགས་པས་རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་བོད་མིའི་རང་དབང་རང་བཙན་ཐོག་རྒྱབ་སྐྱོར་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རམ་ལི་ལ་ཐང་ཆེན་དུ་ Swadeshi Jagaran Manch  ཚོགས་པས་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།    རྒྱ་གར་རྒྱལ་ཡོངས་ནས་ལས་འགུལ་བ་ཁྲི་ཚོ་དུ་མ་འདུ་འཛོམས་བྱུང་བའི་ལས་འགུལ་དེའི་ཁྲོད་ Swadeshi Jagaran Manch  ཚོགས་པས་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་བསྟུན་ཅ་དངོས་ཕྱི་ཚོང་འཕེལ་རྒྱས་འགྲོ་བཞིན་པ་དེས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་བཟོ་གྲྭ་སྒོ་རྒྱབ་དགོས་བྱུང་བ་དང་།   ལྷག་པར་དམག་དོན་གྱི་སྟོབས་ཤུགས་ཀྱང་དེ་མཚུངས་འཕེལ་རྒྱས་འགྲོ་བཞིན་པ་དེས་བོད་ཧྲིལ་པོ་བཙན་བཟུང་བྱས་པ་མ་ཟད།   རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་གི་ས་ཁྱོན་བཙན་བཟུང་བྱེད་བཞིན་པ་དེས་རྒྱལ་སྤྱིའི་ཁྱོན་དུ་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད་སྟབས། རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་བྱེད་དགོས་པ་མ་ཟད།   གཞུང་ཕྱོགས་ནས་རྒྱ་ནག་དང་མཉམ་དུ་བཞག་པའི་ཚོང་འབྲེལ་གྲོས་མཐུན་ཁག་ཕྱིར་འཐེན་བྱེད་གོས། ལྷག་དོན་འཛམ་གླིང་རྒྱལ་ཁབ་གཞན་ཁག་དང་འབྲེལ་བ་གནང་པའི་བརྒྱུད་རྒྱ་ནག་དེ་རྒྱལ་སྤྱིའི་ཚོང་ར་ཁག་ནས་ཁེར་རྐྱང་འཇོག་ཐབས་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད། Swadeshi Jagaran Manch  ཚོགས་པས་ཁ་སང་གི་ལས་འགུལ་དང་བསྟུན་ནས་དོན་ཚན་ཁག་བརྒྱད་ཡོད་པའི་བསྒྲགས་གཏམ་ཞིག་འགྲེམས་སྤེལ་གནང་ཡོད་པ་དང་། དེའི་ནང་རྒྱ་གར་གཞུང་གི་ངོས་ནས་བོད་མིའི་རང་དབང་རང་བཙན་ཐོག་རྒྱབ་སྐྱོར་གནང་དགོས་པ་མ་ཟད་རྒྱ་གར་གྱི་སྣེ་ཁྲིད་དེ་རྒྱལ་སྤྱིའི་ནང་བོད་དོན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་གོ་རྟོགས་སྤེལ་བའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་གནང་དགོས་པ་སོགས་ཀྱི་དགོས་འདུན་ཡང་བཏོན་ཡོད་པ་རེད། ཁ་སང་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་གཞི་རྒྱ་ཆེ་བའི་རྒྱ་གར་གྱི་ལས་འགུལ་དེའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་།    ལ་དྭགས་རྡ་རམ་ས་ལ། དེ་བཞིན་ལཱ ལ་ཀི་ལཱའི་སུད་ཚོང་བའི་བོད་མི་ཁག་ཅིག་བཅས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ལས་འགུལ་དེའི་ཐོག་ཕེབས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་མིའི་སྐུ་ཚབ་ཚོའི་ལྷན་དུ་རྒྱལ་ས་ལྡིའི་ས་གནས་ཁག་ཅིག་ཏུ་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེའི་བསྒྲགས་གཏམ་འགྲེམས་སྤེལ་དང་གོ་རྟོགས་སྤེལ་ཆེད་སྐོར་བསྐྱོད་ནང་ལྷན་ཞུགས་གནང་ཡོད་པ་རེད། གཞི་རྩའི་རྒྱ་གར་ནང་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེ་ལོ་གཉིས་ཀྱི་སྔོན་ཙམ་ནས་འགོ་འཛུགས་བྱས་ཡོད་པ་དང་། Swadeshi Jagaran Manch  ཞེས་པའི་ཚོགས་པ་དེས་རྒྱ་གར་རྒྱལ་ཡོངས་ནང་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེ་སྔ་ལོར་འགོ་འཛུགས་གནང་ཡོད་པ་རེད། ཁ་སང་གཞི་རྒྱ་ཆེ་བའི་ལས་འགུལདེ་ནི་ལོ་གཅིག་ཧྲིལ་པོ་འཁོར་བའི་མཇུག་སྡོམ་ཉིན་མོ་ཡིན་པ་མ་ཟད།  ཚོགས་པ་དེས་ད་དུང་རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་དེ་གཞི་རྒྱ་ཆེ་རུ་གཏང་རྒྱུའི་འཆར་གཞི་ཡོད་པ་རེད།

༢༠༡༧ ལོའི་བོད་ཀྱི་མཛངས་པ་ཨང་དང་པོ་དེ་ཉི་མ་ལགས་ལ་ཐོབ་སོང་།

ཆེས་ཐོག་མའི་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པ་འགྲན་སྡུར་ཁྲོད་ནས་ཨང་དང་པོའི་གཟེངས་རྟགས་དང་ཧིན་སྒོར་ ༡,༡༠༠༠༠ བྱ་དགའ་དེ་སྦེ་ལོར་ནས་ཡིན་པ་ཉི་མ་ལགས་ལ་ཐོབ་སོང་། ཁ་ཉིན་ཟླ་ ༡༠ ཚེས་ ༢༨ ཉིན་དགོང་དྲོ་ཚོུད་ ༧།༠༠ ཡོན་ཙམ་ལ་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པ་འགྲན་སྡུར་ཆེས་མཐའ་མ་དེ་གནང་པའི་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ནས་ཡིན་པའི་ཉི་མ་ལགས་ལ་བོད་ཀྱི་མཛངས་པའི་རྒྱལ་ཁ་ཐོབ་ཡོད་པ་རེད། ཐེངས་དེའི་བོད་ཀྱི་མཛངས་པ་འགྲན་སྡུར་གྱི་ཨང་དང་པོ་དེ་སྦེ་ལོར་དུ་ཁྲིམས་ལུགས་རིག་པའི་ཐོག་སློབ་གཉེར་གནང་བཞིན་པ་བོད་པའི་གཞོན་སྐྱེས་ཉི་མ་ལགས་ལ་ཐོབ་སོང་བ་དང། ཨང་གཉིས་པ་སྦེང་ལོར་ནས་ཡིན་པ་ཚེ་རིང་ཆོས་འཕེལ་ལགས། ཨང་གསུམ་པ་རྡ་ས་ནས་ཡིན་པ་བློ་བཟང་ཆོས་འཕེལ་ལགས་བཅས་ལ་ཐོབ་ཡོད་པ་རེད། སྐབས་དེར་བོད་ཀྱི་མཛངས་པ་འགྲན་བསྡུར་གོ་སྒྲིག་གནང་མཁན་བསྟན་འཛིན་བཀྲིས་ལགས་ཀྱིས་ཨང་དང་པོར་བོད་ཀྱི་མཛངས་པའི་རྟགས་མ་དང་ཧིན་སྒོར་ ༡,༡༠༠༠༠ དང། ཨང་གཉིས་པར་ ༧༠༠༠༠ ཐམ་པ་དང་དེ་བཞིན་ཨང་གསུམ་པར་ ༤༠༠༠༠ བཅས་ཀྱི་བྱ་དགའ་གནང་ཡོད་པ་རེད། སྐབས་དེར་རླུང་འཕྲིན་ཁང་གི་གསར་འགོད་པས་བོད་ཀྱི་མཛངས་པ་ཨང་དང་པོ་ཐོབ་མཁན་ཉི་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་མ་འོངས་པར་རང་ཉིད་ལ་འཛམ་གླིང་མཛངས་པ་འགྲན་སྡུར་ནང་དུ་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་བྱུང་ཚེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནད་དོན་འཁྱེར་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་སོང། ལོ་ན་ ༢༣ སོན་པའི་བོད་པའི་མཛངས་པ་འགྲན་བསྡུར་གོ་སྒྲིག་གནང་མཁན་དང་གཡག་རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་བཀྲིས་ལགས་ཀྱིས་མ་འོངས་པར་གཡག་རྩེད་རིགས་ཚོགས་པའི་ངོས་ནས་བོད་ཀྱི་མཛངས་པ་འགྲན་སྡུར་གཉེར་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ། བོད་པའི་གཞོན་སྐྱེས་ཚོས་ཆང་རག་རིགས་སྤྱོད་ནས་དུས་ཚོད་འཕྲོ་བརླག་མ་གཏང་པར་རང་ཉིད་ཀྱི་དོ་དབྱིངས་དང་དགའ་མོས་ཡོད་པའི་ཕྱོགས་ལ་འབད་བརྩོན་གནང་ཐོག་མི་ཚེའི་མདུན་ལམ་ལེགས་པོ་བཟོ་དགོས་པ་གསུངས་སོང་། རྩ་བའི་ད་རེས་ཀྱི་ཆེས་ཐོག་མའི་བོད་ཀྱི་མཛངས་པ་འགྲན་སྡུར་དེའི་ནང་ཐོག་མའི་འཆར་བོད་པའི་སྐྱེས་པ་ ༡༧ ནས་མཉམ་ཞུགས་གནང་མཁན་བྱུང་ཡོད་པ་དང་། འགྲན་བསྡུར་ནང་གི་དགོས་ངེས་ཀྱི་ཆ་རྐྱེན་སྒྲིག་གཞི་ལྟར་མཐར་བོད་པའི་སྐྱེས་པ་ལྔ་འདེམས་སྒྲུབ་གནང་ཡོད་པ་རེད། དེ་དག་ནི་སྦེང་ལོར་ནས་ཉི་མ་ལགས་དང་། སྦིར་ནས་ཀརྨ་མཐུ་སྟོབས་ལགས། ཧུན་སུར་ནས་བསྟན་འཛིན་བློ་ལྡན་ལགས། སྦེང་ལོར་ནས་ཚེ་རིང་ཆོས་འཕེལ་ལགས། དེ་བཞིན་རྡ་ས་ནས་བློ་བཟང་ཆོས་འཕེལ་ལགས་བཅས་སྐྱེས་པ་ལྔ་ནས་མཉམ་ཞུགས་གནང་ཡོད་པ་རེད། འགྲན་སྡུར་དེའི་ཁྲོད་དུ་འགྲན་ཞུགས་པ་རྣམས་ནས་རང་ཉིད་སོ་སོའི་རྐྱལ་གོས་བཞེས་ཏེ་རང་ཉིད་ཀྱི་ལུས་པའི་བྲང་ཁོག་དང་། རྐང་ལག་གི་དབྱིབས་དང་རྩལ་སོགས་ལུས་པོ་སྤྱི་ཡོངས་ཀྱི་སྟོབས་དང་བྱད་གཟུགས་རྣམས་གཟུ་དཔང་གཙོས་པའི་མང་ཚོགས་རྣམས་ལ་གཟིགས་འབུལ་ཞུས་ཡོད་པ་མ་ཟད། མཐར་ཁ་ཉིན་ཕྱི་ཚེས་ ༢༨ ཉིན་དགོང་དྲོ་བཞུགས་སྒར་བོད་ཀྱི་ཟློས་སྒར་ཚོགས་པའི་ཐང་ཆེན་དུ་མང་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཐོག་ ༢༠༡༧ ལོའི་བོད་ཀྱི་མཛངས་པ་ཆེས་མཐའ་མའི་འགྲན་སྡུར་དང་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་ཡོད་པ་རེད།

རྒྱ་ནག་གིས་རྒྱལ་ཚོགས་དང་འཛམ་གླིང་སྤྱི་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལན་འདེབས་བྱེད་དགོས་ཀྱི་རེད།

ཁ་སང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་སྔར་ལོའི་ལོ་མཇུག་ཙམ་ནས་འགོ་འཛུགས་ཀྱིས་ད་བར་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཁག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྤུན་མཆེད་ཀྱི་གནད་དོན། དེ་བཞིན་གསེར་རྟ་བླ་རུང་སྒར་གྱིས་གཙོས་པའི་བོད་ཀྱི་ཁོར་ཡུག་དང་ཆོས་དད་རང་དབང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐད་ལ་འདྲི་རྩད་དང་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་བོད་དོན་སྐོར་འདྲི་རྩད་བྱས་པ་ཞེས་པའི་སྐར་མ་གཉིས་ལྷག་ཙམ་ཡོད་པའི་གནས་ཚུལ་ཕྱོགས་སྒྲིག་ཞུས་པའི་བརྙན་ཐུང་ཞིག་འདོན་སྤེལ་གནང་འདུག དེའི་ནང་ལ་གཙོ་བོ་འདས་པའི་དུས་ཡུན་ནང་ལ་རྒྱལ་ཚོགས་ཀྱི་གང་བྱུང་དུ་འཛིན་བཟུང་ཐད་ཀྱི་དམིགས་བསལ་སྐུ་ཚབ་དང་སྨྲ་བརྗོད་རང་དབང་དང་། བསམ་བརྗོད་རང་དབང་སྲུང་སྐྱོབ་གོང་འཕེལ་གཏོང་མཁན་གྱི་དམིགས་བསལ་སྐུ་ཚབ། དེ་བཞིན་གྲངས་ཉུང་མི་རིགས་ཀྱི་གནད་དོན་གྱི་དམིགས་བསལ་སྐུ་ཚབ་སོགས་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ནས་རྒྱ་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་འདྲི་རྩད་གནང་ཁག་གསལ་སྟོན་གནང་འདུག་པ་མ་ཟད། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་དེ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཞིག་ཡིན་སྟབས། ཚོགས་པ་དེའི་གཏན་འབེབས་སྒྲིག་གཞི་གཞིར་བཟུང་ལས་དོན་སྤྱི་ཡོངས་ཐོག་མཉམ་ཞུགས་གནང་གལ་ཡིན་སྐོར་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་སྤྱི་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་བྱེད་དགོས་ཀྱིེ་རེད་ཅེས་གསུངས་འདུག གཞི་རྩའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་དང་སྦྲགས། འདས་པའི་དུས་ཡུན་ནང་ལ་རྒྱ་ནག་གཞུང་ལ་བཀྲིས་དབང་ཕྱུག་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ། དེ་བཞིན་གསེར་རྟ་བླ་རུང་སྒར་བཅས་ཀྱི་གནད་དོན་ཟུར་འདོན་གནང་སྟེ་རྒྱ་གཞུང་ལ་འདྲི་རྩད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ནས་དེ་དག་ཐོག་ལན་འདེབས་ཞུས་པ་ད་ལྟའི་ཆར་ཡོངས་བསྒྲགས་གང་ཡང་བྱུང་མེད་པ་རེད།

བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོ་དངོས་སུ་འགོ་འཛུགས།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༢༦ ཉིན་ཚོུད་ ༡༢།༠༠ ཙམ་ལ་བཞུགས་སྒར་ཉེ་འཁྲིས་ནོར་གླིང་དུ་རྟེན་གཞི་བྱས་པའི་ Highland མགྲོན་ཁང་གི་རྐྱལ་རྫིང་དུ་ཆེས་ཐོག་མའི་བོད་ཀྱི་མཛངས་པ་འགྲན་ཞུགས་པ་རྣམས་ནས་རང་ཉིད་ཀྱི་ལུས་པོའི་སྟོབས་དང་། རྩལ་རྣམས་མང་ཚོགས་ལ་གཟིགས་འབུལ་ཞུས་པའི་ཐོག་འགྲན་བསྡུར་ཐེངས་པོ་དེ་དངོས་སུ་འགོ་འཛུགས་གནང་སོང་། བོད་ཀྱི་མཛངས་པའི་གཟུགས་བྱད་འགྲན་སྡུར་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ངེས་སྟོན་པ་། དམིགས་བསལ་སྐུ་མགྲོན་རྡ་ས་ས་གནས་འགོ་འཛིན། དེ་བཞིན་འགྲན་སྡུར་གྱི་གཟུ་དཔང་རྣམ་པ་བཞིས་གཙོས་པའི་དོ་དབྱིངས་ཅན་གྱི་མང་ཚོགས་བཅས་མཉམ་ཞུགས་གནང་འདུག འགྲན་བསྡུར་གྱི་ཐོག་མར་འགྲན་ཞུགས་པ་རྣམས་ནས་རང་ཉིད་སོ་སོའི་རྐྱལ་གོས་བཞེས་ཏེ་རང་ཉིད་ཀྱི་ལུས་པའི་བྲང་ཁོག་དང་། རྐང་ལག་གི་དབྱིབས་དང་རྩལ་སོགས་ལུས་པོ་སྤྱི་ཡོངས་ཀྱི་སྟོབས་དང་བྱད་གཟུགས་རྣམས་གཟུ་དཔང་གཙོས་པའི་མང་ཚོགས་རྣམས་ལ་གཟིགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་གཟུ་དཔང་རྣམས་པས་ཁོང་རྣམས་ལ་ཐོབ་བྱའི་བརྒྱ་ཆ་ཡང་གནང་ཡོད་པ་རེད། གཞན་ཡང་སྐབས་དེར་ཆེས་ཐོག་མའི་བོད་ཀྱི་མཛངས་པ་འགྲན་བསྡུར་གྱི་གཟུ་དཔང་རྒྱ་གར་ཤར་ཕྱོགས་ཀྱི་མཛངས་པ་ཐོབ་མྱོང་མཁན་བསྟན་འཛིན་འཇམ་དབྱངས་ལགས་དང་། ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་གི་མཛངས་པ་འགྲན་སྡུར་ཐོབ་མྱོང་མཁན་པ་ཝན་ཤེ་ཊི་ལགས། དེ་བཞིན་བྷར་སིལ་ནས་ཕེབས་པའི་མཛེས་བཟོ་མཁས་ལས་པ་ Beatriz Bispo ལགས་དང་བྱང་ཨ་རིའི་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བསོད་ནམས་ལགས་བཅས་གནད་ཞུ་གནང་འདུག དེ་རིང་དགོང་མོ་ཚོུད་ ༧།༠༠ སྟེང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་གདན་འདྲེན་ཞུས་པའི་གཞས་པ་ཚོས་གཞས་སྣ་འཁྲབ་སྟོན་དང་། འགྲན་ཞུགས་པའི་དབར་ཕྱི་ལུགས་ཀྱི་ཆས་གོས། ཐུན་མིན་བོད་ཀྱི་ཆས་གོས། གོམ་སྟབས་སོགས་ཀྱི་འགྲན་སྡུར་བཅས་གནང་གི་ཡོད་པ་རེད།  དེ་བཞིན་སང་ཚེས་ ༢༧ ཉིན་རིག་རྩལ་འགྲན་སྡུར་དང་གཟུ་དཔང་ཚོའི་དྲི་བར་ལན་འདེབས་ཀྱི་འགྲན་བསྡུར་གནང་རྒྱུ་དང་། གནངས་ཚེས་ ༢༨ ཉིན་མཐའ་མའི་འགྲན་སྡུར་དང་གྲུབ་འབྲས་ཇི་སོན་གསལ་བསྒྲགས་གནང་ཐོག་ཨང་པོ་ཐོབ་མཁན་ལ་ཧིན་སྒོར་ ༡,༡༠༠༠༠ དང། ཨང་གཉིས་པར་ ༧༠༠༠༠ ཐམ་པ་དང་དེ་བཞིན་ཨང་གསུམ་པར་ ༤༠༠༠༠ བཅས་གནང་གི་ཡོད་པ་རེད།    

ཏང་གི་ཚོགས་ཆེན་ཐེངས་ ༡༩ པ་མཇུག་སྒྲིལ་དང་བསྟུན་གཞུང་ཚབ་མདུན་དུ་ངོ་རྒོལ་གནང་འདུག

དབྱིན་ཡུལ་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཟུང་འབྲེལ་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག དེ་ཡང་དབྱིན་ཡུལ་བོད་རིགས་ཚོགས་པས་གོ་སྒྲིག་འོག་རེས་གཟའ་ལྷག་པ་འཆར་ཅན་ཁུལ་དེའི་རྒྱལ་ས་ལོན་ཊན་ནང་གི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཁ་སང་ལྷག་དཀར་ཉིན་མོ་དང་ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་མཇུག་སྒྲིལ་གྱིས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་གསར་པ་བདུན་ཡོངས་བསྒྲགས་བྱས་པའི་དུས་ཚིགས་ཤིག་ཀྱང་ཆགས་ཡོད་སྟབས། དབྱིན་ཡུལ་ནང་གནས་སྡོད་བོད་མི་ཁག་ཅིག་ནས་འདས་པའི་ཞི་ཅིང་ཕིང་གི་སྲིད་འཛིན་ལས་ཡུན་ནང་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། སྐད་ཡིག་སོགས་ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་བོད་ནང་གི་གནས་སྟངས་དེ་སྔ་ལས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཙམ་ཡང་ཕྱིན་མེད་པར་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱིས་རྒྱ་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་མིའི་གནས་སྟངས་འཁོད་པའི་ཤོག་བྱང་འགྲེམས་སྤེལ་དང་སྐད་འབོད་སོགས་གནང་སྟེ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག ཉེ་ཆར་ཟླ་བ་འདིའི་ཚེས་ ༡༨ ཉིན་སྲིད་འཛིན་ཞི་ཅིང་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་འགོ་འཛུགས་བྱས་ཡོད་པ་དང་བསྟུན་ནས་ཁུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ། ཞི་ཅིང་ཕིང་གི་གཞུང་འཛིན་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་པར་སེམས་འཚབ་ཀྱིས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་ཡོང་བར་དུ་སྐྱབས་བཅོལ་བོད་མི་རྣམས་ནས་ཞི་ཅིང་ཕིང་ལ་སྔར་ལྷག་གདོང་ལེན་བྱ་རྒྱུའི་ཆོད་སེམས་གཏན་པོ་ཡོད་པའི་བརྡ་ལན་སྤྲད་ཡོད་པ་རེད། རྩ་བའི་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་ཟླ་བ་འདིའི་ཚེས་ ༡༨ ནས་འགོ་འཛུགས་ཀྱིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཁ་ཉིན་ཚེས་ ༢༤ ཉིན་མཇུག་སྒྲིལ་བྱས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་བདུན་གསར་དུ་བསྐོ་གཞག་དང་འབྲེལ། ཞི་ཅིན་ཕིང་གིས་མ་འོངས་དབང་ཆ་སྲ་བརྟན་དུ་བཏང་ཡོད་པ་དང་སྔར་སྲོལ་དང་མི་འདྲ་བར་སྲིད་འཛིན་གྱི་ལས་ཡུན་གཉིས་པའི་རྗེས་སུའང་དབང་ཆ་མུ་མཐུད་འཛིན་འདོད་ཡོད་པ་མངོན་གསལ་བྱས་ཡོད་སྐོར་གསུངས་ཡོད་པ་རེད།

གློག་བརྙན་བཟོ་མཁན་བོད་རིགས་ན་གཞོན་གསུམ་ལ་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གློག་བརྙན་བཟོ་སྐྲུན་གནང་མཁན་བོད་རིགས་ན་གཞོན་གསུམ་ལ་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་བ་དང་འབྲེལ། སྒྱུ་རྩལ་དང་གློག་བརྙན་བརྒྱུད་ནས་བོད་ཕྱི་ནང་གཉིས་སུ་སྙོབ་ཐུབ་པ་གནང་རྒྱུ་དེ་ཆེས་གནད་ཆེ་ཆགས་ཡོད་པ་གསུངས་སོང་། རྩ་བའི་འདི་ལོའི་ཕྱི་ཟླ་ ༥པའི་ནང་དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེགས། དེ་བཞིན་གློག་བརྙན་སྐྲུན་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ་སོགས་ལ་དམིགས་ཏེ།བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་སྐྲུན་པ་ཚོར་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་རྒྱུའི་ཡོངས་བསྒྲགས་གནང་ཡོད་པ་རེད། དེ་རིང་སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་དང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་དྲུང་ཆེ་རྣམ་གཉིས་ལྷན་འཛོམས་ཐོག་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་ཕྱི་ལོ་ ༢༠༡༧ ལོའི་གློག་བརྙན་མ་དངུལ་ཐོབ་མཁན་མིང་གཞུང་ཡོངས་བསྒྲགས་ཀྱི་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་བ་དང་འབྲེལ། སྒྱུ་རྩལ་དང་གློག་བརྙན་བརྒྱུད་ནས་བོད་ཕྱི་ནང་གཉིས་སུ་སྙོབ་ཐུབ་པ་གནང་རྒྱུ་དེ་ཆེས་གནད་ཆེ་ཆགས་ཡོད་པ་གསུངས་སོང། སྤྱིར་ཧིན་སྒོར་འབུམ་གསུམ་གྱི་མ་དངུལ་ཞུ་མཁན་ཚོའི་ངོས་ནས་བཟོ་སྐྲུན་བྱེད་དགོས་པའི་གློག་བརྙན་བརྗོད་ཁག་ནི། བཙན་བྱོལ་ནང་གི་མང་གཙོ། བོད་གཞིས་བྱེས་གཉིས་ཀྱི་མཐོུང་གི་མངོན་འདོད། དེ་བཞིན་ཕོ་མོ་འདྲ་མཉམ་དང་བེུད་ནུས་སྟོབས་གོང་སྤེལ་བཅས་གང་རུང་ཐོག་བཟོ་དགོས་ཀྱི་ཡོད་པ་དང། ཐོག་མར་ལས་འཆར་དེའི་ནང་དུ་ཞུ་སྙན་ཕུལ་མཁན་གྱི་མི་འགྲོ་ ༡༢ བྱུང་འདུག་པ་དང་། དེ་ནས་དངོས་གཞིའི་ཟབ་སྦྱོང་དང་འདེམས་སྒྲུག་འགྲན་རྩོད་ནང་དུ་ཞུགས་མཁན་མི་འགྲོ་ ༩ ཡོད་པའི་ཁྲོད་ནས་མཐར་འདེམས་སྒྲུག་བརྒྱུད་ནས་ཐེངས་འདིའི་མ་དངུལ་འབུམ་གསུམ་རེ་ཐོབ་མཁན་བོད་མི་གློག་བརྙན་བཟོ་སྐྲུན་པ་གསུམ་གྱི་མིང་གཞུང་ཡོངས་བསྒྲགས་གནང་ཡོད་པ་རེད། དེའང་ཕོ་མོ་འདྲ་མཉམ་དང་བེུད་ནུས་སྟོབས་གོང་སྤེལ་ཐོག་གློག་བརྙན་བཟོ་མཁན་ཐུབ་བསྟན་བསོད་ནམས་རྡོ་རྗེ་དང། བཙན་བྱོལ་ནང་གི་མང་གཙོ་བརྗོད་གཞིའི་ཐོག་གློག་བརྙན་བཟོ་མཁན་སྐལ་བཟང་འཇིགས་མེད། དེ་བཞིན་བོད་གཞིས་བྱེས་གཉིས་ཀྱི་མཐོུང་གི་མངོན་འདོད་ཞེས་པའི་བརྗོད་གཞིའི་ཐོག་གློག་བརྙན་བཟོ་མཁན་འཇམ་དཔལ་ཤེས་རབ་བཅས་ཡིན་པ་རེད། རྩ་བའི་ཐེངས་འདིའི་གློག་བརྙན་དེ་དབྱིན་བོད་སྐད་ཡིག་གང་རུང་ཐོག་བཟོ་དགོས་པ་དང་འདི་བཞིན་དུས་ཡུན་སྐར་མ་བཅུ་ལས་མ་མང་བ་ཞིག་དགོས་ཀྱི་ཡོད་པ་རེད། མ་དངུལ་ཐོབ་མཁན་རྣམས་ནས་ལོ་རྗེས་མའི་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་བཟོ་སྐྲུན་བྱས་པའི་གློག་བརྙན་དེ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པར་དབུལ་དགོས་ཀྱི་ཡོད་པ་རེད།

Latest news