Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྲིད་ཚབ་མཆོག་གིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་མ་རེད་གནང་སྦྱིན་རང་རེད་ཅེས་བསྐྱར་ནན་གནང་སོང་།

ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུན་གཡར་གྱི་ཕྱོགས་གཉིས་ཀའི་མོས་མཐུན་གན་རྒྱ་བཞག་སྐོརཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་པ་དང་འབྲེལ། ཕྱོགས་གཉིས་ནས་ལས་ཀ་མཉམ་དུ་བྱས་པའི་མྱོང་ཚོར་གཞི་ལ་བཞག་སྟེ་དུས་ཚོད་རན་འཚམས་སུ་བུན་ལོན་རོགས་སྐྱོར་དུ་བསྒྱུར་རྒྱུར་རེ་བ་ཞུ་གི་ཡོད་ཅེས་གསུངས་འདུག དེ་ཡང་ཉེ་ལམ་ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་བརྒྱུད་རིམ་ཁྲོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་དབར་གྱི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༦ ཉིན་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་གནད་དོན་དེའི་ཐོག་གསལ་བཤད་ཕྱིར་བསྒྲགས་ཤིག་སྤེལ་འདུག དེའི་ནང་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་དོན་གཅོད་ལས་ཁུངས་གསར་གཟིགས་གནང་རྒྱུའི་ཐོག་བོད་ཀྱི་ཐེབས་རྩ་ཁང་གིས་མཐུན་རྐྱེན་སྦྱོར་བའི་ཆེད་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་སྐུ་ཚབ་དོན་གཅོད་ཁང་དང་བོད་ཀྱི་ཐབས་རྩའི་དབར་བུན་དངུལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་མོས་མཐུན་གན་ཡིག་བཞག་ཡོད་པ་དང།  སྐྱིན་ཚབ་ལོ་སུམ་ཅུའི་ནང་ཕྱིར་སློག་གནང་རྒྱུའི་དུས་བཀག་བཟོས་ཐོག བུན་གཡར་དང་འབྲེལ་བའི་ཆ་རྐྱེན་ཡོངས་རྫོགས་ཡིག་ཐོག་གཏན་འབེབས་ཀྱིས་ནེའུ་ཡོག་མངའ་སྡེའི་ཁྲིམས་སྲོལ་དང་མཐུན་པ་བྱུང་ཡོད་སྐོར་དང། དེ་ཡང་སྐུ་ཚབ་དོན་གཅོད་ཁང་གི་རེ་འདུན་བཞིན་བུན་དངུལ་དེ་དག་ཆ་ཚང་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཕུལ་ཡོད་པ་འཁོད་འདུག འོན་ཀྱང་བོད་ཀྱི་ཐེབས་རྩ་ཁང་གིས་གསལ་བཤད་ཕྱིར་བསྒྲགས་གནང་པ་དེའི་ནང་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་གཙོ་འཛིན་ནས་སྲིད་སྐྱོང་མཆོག་ལ་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༧ ཚེས་ ༦ ཉིན་ཕུལ་བའི་གནས་འཕྲིན་ནང་ཐོག་མར་བུན་གཡར་སྐབས་ཕྱོགས་གཉིས་ནས་དུས་ཡུན་གང་འཚམས་རྗེས་བུན་ལོན་ཧྲིལ་པོ་སྤྲོད་འཇལ་མ་དགོས་པར་བོད་མིའི་སྒྲིག་འཛུགས་ལ་རོགས་སྐྱོར་ཚུལ་དུ་འབུལ་ཐུབ་པའི་རེ་བ་བྱས་ཡོད་ཀྱང། བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་རྒྱུའི་ལོ་དུས་སོགས་ཞིབ་ཕྲ་གོ་བསྡུར་དང་མོས་མཐུན་གང་ཡང་བྱུང་མེད་ཅིང། ཕྱོགས་གཉིས་ནས་ལས་ཀ་མཉམ་དུ་བྱས་པའི་མྱོང་ཚོར་གཞི་ལ་བཞག་སྟེ་དུས་ཚོད་རན་མཚམས་སུ་བུན་ལོན་རོགས་སྐྱོར་དུ་བསྒྱུར་རྒྱུར་བོད་ཀྱི་ཐེབས་རྩ་འགན་འཛིན་ལྷན་ཚོགས་ནས་རེ་བ་ཞུ་གི་ཡོད་ཅེས་འཁོད་འདུག ལྷག་པར་དུ་ཕྱིར་བསྒྲགས་གནང་པའི་ནང་བོད་མིའི་སྒྲིག་འཛུགས་ནས་བུན་དངུལ་ཡིག་ཆའི་འབྲུ་དོན་རྩ་འཛིན་དང་། བོད་ཀྱི་ཐེབས་རྩ་ཁང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་མུ་མཐུད་བསམ་ཞིབ་ཞུ་བཞིན་པ་བཅས་འཁོད་འདུག དེ་རིང་གསར་འགོད་པས་གནད་དོན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་བཅར་འདྲི་ཞུས་པར་སྲིད་ཚབ་མཆོག་གིས་བོད་ཀྱི་ཐེབས་རྩའི་ངོས་ནས་ཁྲིམས་དང་དངུལ་དང་འབྲེལ་བའི་ཡིག་ཆ་འགྲོ་སྟངས་ཀྱི་ཆ་ནས་གནས་སྐབས་རིང་བུན་ལོན་དང་རིམ་པས་གནང་སྦྱིན་ལ་བསྒྱུར་ནས་ཁོ་རང་ཚོའི་འགྲོ་སྟངས་ཆགས་ཀྱི་ཡོད་པ་དང། བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེ་སྔོན་དོན་ཚན་བཅུའི་ནང་གསལ་བཤད་གནང་པ་ལྟར། དངུལ་དེ་བུན་ལོན་མིན་པར་གནང་སྦྱིན་རང་ཆགས་ཡོད་པ་བསྐྱར་ནན་གནང་སོང་། ད་ལན་བོད་ཀྱི་ཐེབས་རྩ་ཁང་གི་གསལ་བཤད་ཡིག་ཆ་དེའི་ནང་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་ཐེབས་རྩ་ཁང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་མུ་མཐུད་བསམ་ཞིབ་ཞུ་བཞིན་པ་བཅས་འཁོད་པ་དེར་སྲིད་ཚབ་མཆོག་གིས་གནད་དོན་དེའི་ཤེས་རྟོགས་གང་ཡང་མེད་ལ། དེའི་འདྲ་སྐད་ཆ་ཡང་ཡོད་མ་རེད་ཅེས་གསུངས་སོང། རྩ་བའི་བོད་མིའི་སྒྲིགས་འཛུགས་བཀའ་ཤག་ནས་ཉེ་སྔོན་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་ནས་འཕོ་འགྱུར་གནང་བའི་རྒྱུད་རིམ་ཁྲོད་དོན་ཚན་བཅུ་ཅན་གྱི་རྒྱུ་མཚན་གསལ་བཤད་གནང་བའི་ནང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཨ་སྒོར་ས་གཅིག་དང་ཕྱེད་ཀའི་གནད་དོན་དེ་འཁོད་ཡོད་པ་རེད། དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་ཟླ་བ་འདིའི་ཚེས་ ༥ ཉིན་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་ཐོག་བཀའ་ཤག་གིས་གསལ་བཤད་གནང་ཁག་ལ་ལན་འདེབས་གནང་སྐབས་གནད་དོན་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་པ་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཟླ་བ་སྔོན་མའི་ནང་ཁེ་ན་ཊའི་གྲོང་ཁྱེར་Toronto ནང་དུ་གཞུང་འབྲེལ་ཕྱོགས་སྐབས་ས་གནས་བོད་རིགས་ཚོར་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་སྐབས་བོད་ཀྱི་ཐེབས་རྩ་ཁང་གི་ངོས་ནས་ཁྲིམས་ཀྱི་འགྲོ་སྟངས་ཆ་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བོད་མིའི་སྒྲིག་འཛུགས་ལ་བུན་ལོན་གྱི་ངོ་བོའི་ཐོག་ནས་གནང་བ་ཙམ་ལས་དོན་དངོས་ཐོག་བུན་ལོན་སྤྲད་དགོས་ཀྱི་མེད་པར་གནང་སྦྱིན་རང་ཡིན་སྐོར་གསུངས་ཡོད་པ་རེད། རྩ་བའི་བོད་མིིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་སྒྲིག་གཞི་ལྟར་བྱས་པ་ཡིན་ན། ལྷན་ཁང་སོ་སོའི་ལོ་འཁོར་སྔོན་རྩིས་འཆར་འབུལ་གང་འདྲ་ཞིག་ཡིན་རུང། ཐོག་མར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང། དེ་ནས་འཛིན་སྐྱོང་བཀའ་ཤག དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཅས་རིམ་པར་འཆར་འབུལ་གྱིས་ཞིབ་འཇུག་དང། མཐར་སྔོན་རྩིས་འཆར་འབུལ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་དུ་སྤྱི་འཐུས་རྣམ་པ་བགྲོ་གླེང་གནང་སྟེ་གཏན་འབེབས་གནང་གི་ཡོད་པ་རེད།

སྤྱི་ཚོགས་ནང་གི་འཁྲུག་རྐྱེན་དང་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་མཇུག་འབྲས་ཡོངས་ཀྱི་འགན་བཀའ་ཤག་དང་སྲིད་སྐྱོང་ལ་ཡོད།

ཨ་རིའི་སྐུ་ཚབ་དོན་གཅོད་ནས་འཕོས་མ་ཐག་པ་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་མཆོག་ནས་དེ་རིང་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བཀའ་ཤག་གིས་ཁོང་དོན་གཅོད་ནས་འཕོ་འགྱུར་བཏང་དགོས་དོན་གྱི་གསལ་བཤད་སྔ་རྗེས་ཐད་ལ་ཚོུད་ ༤།༠༠ ཙམ་རིང་ལན་འདེབས་གནང་སོང་བ་དང་། ཁོང་གིས་སྐབས་དེར་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་ནས་སྤྱི་ཚོགས་ནང་གི་འཁྲུག་རྐྱེན་དང་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་མཇུག་འབྲས་ཡོངས་ཀྱི་འགན་བཀའ་ཤག་དང་སྲིད་སྐྱོང་ལ་ཡོད་ཅེས་གསུངས་སོང་། སྐབས་དེར་ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་མཆོག་ནས་ལན་འདེབས་གསལ་བཤད་ཁུངས་སྐྱེལ་ཡིག་ཆ་ཤོག་གྲངས་ ༩༠ ཡས་མས་འགོས་འགྲེམས་གནང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གསལ་བཤད་དོན་ཚན་བཅུ་ཅན་དང་། དེ་བཞིན་ད་དབར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་མཆོག་གིས་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་ཐད་ལ་གསལ་བཤད་དང་འགྲེལ་བརྗོད་གང་གནང་པ་དེ་དག་བདེན་པ་ཡིན་མིན་ཁུངས་སྐྱེལ་དཔང་ཡིག་དང་བཅས་པ་འགྲེལ་བརྗོད་ཞིབ་ཚགས་གནང་སོང་། ཁྱད་པར་དུ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་མཆོག་ནས་དེ་རིང་གི་གསར་འགོད་ལྷན་ཚོགས་འདིའི་ཐོག་ནས་བཀའ་ཤག་གི་དོན་ཚན་བཅུ་ཅན་གྱི་གསལ་བཤད་དེ་དོན་ཚན་གསུམ་གྱི་ཐོག་ནས་ལན་འདེབས་དང་སྦྲགས། ད་བར་ཁོང་ལ་འཁྲི་པའི་ལས་དོན་བསྒྲུབ་མ་ཐུབ་པ་གང་ཡང་མེད་པ་དང་། འཛིན་སྐྱོང་གི་ངོས་ནས་ཁོང་ལ་ཡིད་ཆེས་བློས་འགེལ་གནང་མེད་པ། བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་མེད་པ་དཔེ་མཚོན་རེ་རེ་གཉིས་གཉིས་ཁུངས་སྐྱེལ་དང་བཅས་འགྲེལ་བརྗོད་གནང་ཡོད་པ་མ་ཟད་སྒོས་སུ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་མཆོག་གིས་དོན་གཅོད་འཕོ་འགྱུར་གྱི་ཐག་གཅོད་དེ་བཀའ་ཤག་གིས་གནང་པ་ལས་ཁོང་གིས་དགོངས་ཞུ་གནང་པ་དེ་འདྲ་མིན་སྟབས། དེའི་རྗེས་འབྲེལ་གྱི་གནས་ཚུལ་ཡོངས་རྫོགས་ཀྱི་འགན་དབང་བཀའ་ཤག་དང་སྲིད་སྐྱོང་མཆོག་ལ་ཡོད་ཅེས་གསུངས་ཡོད། ད་དུང་ཁོང་གིས་ཐེངས་འདིའི་གནས་ཚུལ་ཁོངས་སུ་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་དང་འབྲེལ། གནད་དོན་དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་པ་མ་ཟད། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་གྱི་གྲོས་འགོ་བཏོན་མཁན་དང་པོ་དེ་འཛིན་སྐྱོང་ཡིན་སྟབས་དེའི་མཇུག་འབྲས་ཇི་བྱུང་གི་འགན་ཡོངས་རྫོགས་བཀའ་ཤག་དང་སྲིད་སྐྱོང་མཆོག་ལ་ཡོད་པ་གསུངས་ཡོད་པ་རེད། དུས་ཡུན་ཚོུད་ ༢།༠༠ ལྷག་རིང་ལ་ལན་འདེབས་གསལ་བཤད་གནང་པའི་ཁྲོད་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་མཆོག་གིས་ཁོང་ནས་ལོ་གཅིག་དང་ཟླ་གསུམ་རིང་ཨ་རིའི་དོན་གཅོད་ཀྱི་ལས་འགན་བཞེས་པའི་ཁྲོད་རྩ་དོན་དང་སྒྲིག་འཛུགས་གཙོ་བཟུང་ཐོག་ལས་འགན་འཁུར་ཡོད་སྟབས། དོན་མེད་ཉེས་མེད་ཉེས་འཛུགས་དང་མ་ཉེས་ཁག་གཡོགས་གནང་ཚེ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ནས་དཀར་ནག་བདེན་རྗུན་མཐའ་སེལ་གྱི་བྱེད་ཐབས་ཇི་དགོས་བརྩམ་རྒྱུ་ཡིན་ཞེས་གསུངས་ཡོད། དེ་བཞིན་དོན་གཅོད་ཟུར་པ་མཆོག་གིས་རྒྱ་ཆེ་མང་ཚོགས་ནས་གནས་ཚུལ་འདི་ནི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་གཅིག་དང་འབྲེལ་ཡོད་སྟབས། བློ་གཟུ་བོར་གནས་པའི་ཐོག་ནས་བདེན་རྫུན་ཞིབ་འཇུག་གནང་གལ་ཡིན་པར་འབོད་སྐུལ་སོགས་གནང་སོང་། སྐུ་ཞབས་སྤེན་པ་ཚེ་རིག་མཆོག་དོན་གཅོད་ཀྱི་ལས་གནས་ནས་འཁྱུར་མ་ཐག་ཚོགས་ཟུར་གྱི་མཚན་གནས་ཐོག་ནས་མང་ཚོགས་ལ་འབྲེལ་བ་བྱ་རྒྱུའི་སྒེར་གྱི་ངོ་དེབ་གཅིག་ཕྱེས་ཡོད་ནའང། ཁ་སང་ངོ་དེབ་བཀག་ཡོད་པའི་གནས་ཚུལ་བྱུང་བ་མ་ཟད། དེ་རིང་གསར་འགོད་ལྷན་ཚོགས་དེ་ངོ་དེབ་ཁ་བྱང་གཞན་ཞིག་གི་ཐོག་ནས་གནང་ཡང་ལས་རིམ་དེ་འགོ་འཛུགས་ནས་ཚོུད་ཕྱེད་ཀ་ཙམ་སོང་མཚམས་སུ་ངོ་དེབ་དེ་ཡང་བཀག་པའི་གནས་ཚུལ་བྱུང་ཡོད་པ་རེད། རྩ་བའི་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་ཏེ་འཛིན་སྐྱོང་བཀའ་ཤག་གིས་ཐོག་མའི་བཀོད་ཁྱབ་དེ་ཟླ་བ་སྔོན་མའི་ཚེས་ ༧ ཉིན་བཏང་རྗེས་སྤྱི་ཚོགས་ནང་གནད་དོན་དེའི་རྒྱུ་རྐྱེན་ཇི་ཡིན་སོགས་གླེང་གཞི་ཅན་དུ་འགྱུར་ནས་དྲི་བ་དང་དྭོགས་པ་རྣམ་རྟོག་ཇེ་སྙེད་ཅིག་ལྷག་ཡོད་ཅིང་། ཕྱི་ཚེས་ ༩ ཉིན་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་ནས་གསར་འགོད་པར་གསལ་བཤད་དང་དྲི་བར་ལན་འདེབས་བཅས་གནང་ཡོད་པ་དང་། དེའི་རྗེས་སུ་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དོན་ཚན་བཅུ་ཅན་ཞིག་གི་ཐོག་ནས་དོན་གཅོད་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་བསྒྲུབ་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་གསུངས་ཡོད་པ་རེེད། ཐེངས་འདིའི་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་དང་འབྲེལ་ནས་ཉིན་ཤས་གོང་ཟླ་སྔོན་མའི་ ༢༧ དང་ ༢༨ སོ་སོར་ཨ་རིའི་རྒྱལ་ས་ Washington DC དང་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་མང་ཚོགས་བརྒྱ་སྐོར་ལ་ཉེ་བས་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་དང་འབྲེལ་འཛིན་སྐྱོང་ནས་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་ཐོག་དོན་རྐྱེན་གང་ཡིན་གང་མགྱོགས་ཕྱི་གསལ་ནང་གསལ་གྱི་ཐག་གཅོད་བྱེད་དགོས་པ་དང་དབང་ཆ་བེད་སྤྱོད་ལོག་པ་གཏང་རྒྱུ་མེད་པ། མི་མང་གི་མངོན་འདོད་སྣང་མེད་གཏང་མི་ཆོག་པ་བཅས་བོད་མིའི་སྒྲིག་འཛུགས་ལ་ཞུ་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་དབུ་འབྱེད།   

ཁ་སང་ཕྱི་དྲོ་བཞུགས་སྒར་དུ་འདས་པའི་ལོ་ངོ་ ༣༢ རིང་གཞིས་བྱེས་གཉིས་སུ་དགའ་ལྡན་ཕོ་བྲང་གཞུང་གི་གཞུང་ཞབས་སྲི་ཞུ་བསྒྲུབས་མཁན་བཀའ་ཟུར་དམ་པ་ས་འདུ་ཚང་རིན་ཆེན་དོན་གྲུབ་ལགས་ཀྱིས་བརྩམས་པའི་བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས། གཞིས་བྱེས་གཉིས་སུ་གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་ཞུའི་ལས་སྐལ་བྱུང་བ་” ཞེས་དཔེ་དེབ་ཞིག་དབུ་འབྱེད་གནང་ཡོད་པ་དང་། དཔེ་དེབ་དེ་ནི་ཐོག་མར་དབྱིན་ཡིག་ནང་ A life unforeseen ཞེས་པ་དེ་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་བོད་བསྒྱུར་གྱིས་དབུ་འབྱེད་འགྲེམས་སྤེལ་གནང་བ་ཞིག་ཆགས་ཀྱི་འདུག དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་བློ་བཟང་དར་རྒྱས་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་ལས་ཐོག་དང་ལས་ཟུར་རྣམ་པ། གཞན་ཡང་གནད་ཡོད་མི་སྣ་ཁག་ཅིག་དང་འབྲེལ་ཡོད་སེར་སྐྱ་མི་མང་བཅས་ཕེབས་ཡོད་པ་རེད། སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཟུར་རིན་ཆེན་དོན་གྲུབ་ལགས་ལྟ་བུ་ནི་བོད་ཀྱི་ཆབ་སྲིད་འཕོ་འགྱུར་ཆེ་བའི་སྐབས་སུ་གནད་འགག་ཆེ་བའི་ལས་དོན་མང་པོ་ནང་དུ་ཞུགས་མཁན་དཀོན་པོ་ཡིན་པ་གསུངས་སོང་བ་དང། དེ་བཞིན་ ༡༩༥༡ ནས་ད་ལྟ་བར་འདས་པའི་ལོ་ ༦༠ ལྷག་གི་རིང་བོད་ཀྱི་ལོ་རྒྱུས་ཁྲོད་སྤྱི་ཡོངས་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། ལྷག་པར་དུ་བོད་རང་དབང་ཡིན་པའི་གཞུང་དང་བཙན་བྱོལ་གཞུང་ནང་སྲི་ཞུ་མི་མི་རེ་ངོ་རེའི་འཚོ་བའི་གནས་སྟངས་དེ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་བྱུང་རབས་ཆ་ཤས་གལ་ཆེ་ཞིག་ཆགས་ཡོད་པ་སོགས་གསུངས་སོང། གཞི་རྩའི་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་བོད་ཁམས་ཏྲེ་ཧོར་ས་ཁུལ་དཀར་མཛེས་རྫོང་གི་གྲོང་གསེབ་གླིང་ཚང་ཞེས་པར་འཁྲུངས་འདུག་ཅིང།  སྔར་སྲོལ་ཡིག་རྩིས་རིག་གནས་སློབ་གཉེར་བའི་རྗེས་སུ་ རྡོར་གླིང་དབྱིན་སློབ་ཏུ་སློབ་སྦྱོང་གནང།  ༡༩༤༨ ལོར་གཞུང་ཞབས་ཤོད་དྲུང་ཁོངས་སུ་གསར་མཇལ་ཞུས་ཤིང་། མི་རིང་བར་ལྷ་ལྡན་ཕྱི་རྒྱལ་ལས་ཁུངས་ཀྱི་ལས་བྱར་བསྐོ་གཞག་གནང་བ་དང།  བཀའ་ཟུར་སྐུ་གཤེགས་རིན་ཆེན་ལགས་ཀྱི་གནས་བབ་ཁྱད་པར་བ་གཅིག་ནི་ ༥༩ གོང་དུ་ཕ་བརྒྱུད་བུ་བརྒྱུད་གཞུང་ཞབས་མ་ཡིན་མཁན་ཚོང་པ་ཆེན་པོ་ཞིག་གི་མི་ཚང་ནས་གཞུང་ཞབས་ཞུས་པ་དང་པོའི་གྲས་ཆགས་ཀྱི་ཡོད་པ་རེད་འདུག ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོར་རང་ཡུལ་བོད་རྒྱལ་ཁབ་ནང་རྒྱ་དམར་དྲག་པའི་དབང་འགྱུར་བྱས་པའི་རྗེས། བཙན་བྱོལ་དུ་ཡོང་དགོས་བྱུང་སྐབས་༸རྒྱལ་བའི་བཞུགས་སྒར་མ་སུ་རིར་འཕྲལ་དུ་ངོ་བཅར་གྱིས་རྒྱ་གར་གྱི་དཔོན་རིགས་རྣམ་པར་མཇལ་འཕྲད་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་བོད་དོན་ཞུ་སྐུལ་གྱི་གནད་དོན་ནམ་བྱུང་ལ་གསུང་སྒྱུར་ཞབས་ཞུ། རིམ་པས་དྷ་ས་༸སྐུ་སྒེར་ཡིག་ཚང་དང།  དེ་བཞིན་བཀའ་བློན་གྱི་མཚན་གནས་ཐོག་ལྡི་ལི་དོན་གཅོད་དུ་བསྐོ་གཞག་གནང་དོན་ཐུགས་འགན་ཞེས་པ་སོགས་མི་ལོ་ ༣༢ རིང་བོད་གཞིས་བྱེས་གཉིས་སུ་གཞུང་ཞབས་གནང་མཁན་ཞིག་ཆགས་ཀྱི་འདུག

བཞུགས་སྒར་དུ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུས་པ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༣ ཉིན་མོ་སྟེ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་དང་སྟབས་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་ནུས་གསོ་ལྟེ་གནས་ཁང་ནས་རྡ་ས་ཡོངས་གླིང་སློབ་གྲྭར་བོད་པའི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་དབང་པོ་སྐྱོན་ཅན་རྣམས་ལ་མང་ཚོགས་ཀྱི་གཟིགས་ཕྱོགས་ཡར་རྒྱས་གཏོང་ཐབས་དང་ཤེས་ཡོན་སོགས་ཀྱི་གོ་སྐབས་འདྲ་མཉམ་ཐོབ་ཐབས་དང་འབྲེལ་བའི་གོ་རྟོགས་ཀྱི་གསུང་བཤད་གནང་པའི་བརྒྱུད་ཉིན་མོ་འདི་སྲུང་བརྩི་ཞུས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས། སྙིང་སྟོབས་གླིང་གི་གགན་འཛིན་སྤྱི་ཟུར་ངག་དབང་ལྷ་མོ་ལགས་དང་དབང་པོ་སྐྱོན་ཅན་གྱི་སློབ་མ་ཁག་ཅིག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་ས་གནས་མི་མང་བཅས་ནས་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་མར་བོད་མིའི་ནུས་གསོ་ལྟེ་གནས་ཁང་གི་འགན་འཛིན་བདེ་ལེགས་དབང་མོ་ལགས་ནས་ཉིན་མོ་འདི་སྲུང་བརྩི་ཞུ་དོན་གང་ཡིན་སོགས་རྒྱབ་ལྗོངས་ཞིབ་རྒྱས་ངོ་སྤྲོད་གནང་པ་དང་སྦྲགས། ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་དུ་དམིགས་བསལ་དོ་སྣང་གནང་དགོས་པའི་དབང་པོ་སྐྱོན་ཅན་མི་ཉུང་བ་ཞིག་ཡོད་པ་རྣམས་ལ་སློབ་གྲྭ་དང་ཆོས་སྡེ་ཁག དེ་བཞིན་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གཅིག་མཚུངས་གནང་རྒྱུ་དང་། མི་མང་ཁྲོད་ནས་དབང་པོ་སྐྱོན་ཅན་རྣམས་ལ་དེ་ནི་ལས་དབང་རེད་ཅེས་མཐོང་ཆུང་དང་ཁྱད་གསོད་རིགས་གནང་རྒྱུ་མེད་པ་དང་། ལྷག་དོན་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ནས་ལས་ཀའི་གོ་སྐབས་མི་གཞན་དང་འདྲ་མཉམ་བསྐྲུན་རྒྱུ་གཙོས་ཡོངས་འབྲེལ་ཤེས་ཡོན་སྲིད་བྱུས་བརྒྱུད་ཤེས་ཡོན་གྱི་གོ་སྐབས་གནང་གལ་ཡིན་པ་བཅས་དོན་གནད་གཙོ་བོ་བཞིའི་ཐོག་གསུང་བཤད་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མིའི་སྒྲིག་འཛུགས་ནས་འཕྲོད་བསྟེན་ལས་ཁུངས་བརྒྱུད་དབང་པོ་སྐྱོན་ཅན་རྣམས་ལ་སྤྱི་ཡོངས་ཀྱི་གཟིགས་རྟོག་ཞུ་ཕྱིར་ལོ་ལྟར་མ་དངུལ་ས་ཡ་བཞི་ལྷག་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་པ་དང་འབྲེལ། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་དབང་པོ་སྐྱོན་ཅན་ཚོའི་གནས་སྟངས་དང་མང་ཚོགས་ཀྱི་གཟིགས་ཕྱོགས་ཡར་རྒྱས་ཡོང་བར་དང་པོ་དབང་པོ་སྐྱོན་ཅན་དོ་བདག་སོ་སོའི་ནང་མིའི་ངོས་ནས་ཁོང་རྣམས་ལ་རྒྱབ་སྐྱོར་གནང་རྒྱུ་དང་། དེ་ནས་སྒྲོག་འཛུགས་དང་སྤྱི་ཚོགས། དེ་བཞིན་ཚོགས་སྒེར་བཅས་ཕྱོགས་ཡོངས་ནས་མཐུན་མོང་གི་ནུས་པ་མཉམ་སྤུངས་གནང་གལ་ཡིན་པར་ལམ་སྟོན་གནང་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་ཚེ་རྒྱལ་ལགས་ཀྱིས་ཀྱང་སྤྱི་ཚོགས་ཁྲོད་ནས་དབང་པོ་སྐྱོན་ཆན་ཚོར་གཟིགས་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་དང་། ལྷག་པར་དུ་ཕ་མ་ཚོས་དེ་དག་ལ་ལས་དབང་རེད་ཅེས་དབང་པོ་སྐྱོན་ཅན་ཡོད་རིགས་ནང་ལ་མ་བཞག་པར་རང་ནུས་ཀྱི་ཤེས་ཡོན་དང་སྒྱུ་རྩལ་སོགས་སྡེ་ཚན་སྤྱིའི་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་བསྐྲུན་རོགས་ཞེས་འབོད་སྐུལ་ནན་པོ་གནང་སོང་། རྩ་བའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་དབང་པོ་སྐྱོན་ཅན་རྣམས་མི་གཞན་དང་གཅིག་མཚུངས་ཀྱི་གོ་སྐབས་དང་ཐོབ་ཐང་ཁག་འདྲ་མཉམ་ཐོབ་ཐབས་སོགས་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༡༢ ཕྱི་ཚེས་ ༣ ཉིན་མོ་འདི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཉིན་མོ་ཞེས་སྲུང་བརྩི་ཞུ་གནང་གི་ཡོད་པ་ལྟར་འདི་ལོ་ལོ་ངོ་ ༢༥ འཁོར་ཡོད་པ་རེད། སྔ་དྲོ་གསུང་བཤད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་མ་ཐག་སྙིང་སྟོབས་གླིང་གི་བོད་རིགས་དབང་པོ་སྐྱོན་ཅན་ཁག་ཅིག་ནས་མང་ཚོགས་རྣམས་ལ་བོད་གཞས་གཙོས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་སོང་།

བཞུགས་སྒར་དུ་རྒྱལ་གཅེས་པ་བསྟན་དགའ་ལགས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གནང་པ།

ཉེ་ཆར་ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཙམ་ཡིན་པའི་དགེ་འདུན་པ་བསྟན་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་བཞུགས་སྒར་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང། དེ་རིང་ཟླ་ ༡༢ ཕྱི་ཚེས་ ༢ ཉིན་རྒྱབ་ཚོུད་ ༤།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ལས་ཁུངས་ཁག་ལས་མཚམས་བཞག་སྟེ་ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་ཕྱྭར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་ཟུར་པ་ཐུབ་བསྟན་ཆོས་འཕེལ་མཆོག་ཚོགས་མགོན་དུ་དབུ་གཞུགས་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་པའི་སྲི་ཞུ་བ་ད ང་དྷ་ས་བཅའ་བཞུགས་བོད་མི་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་སྨོན་ལམ་གསུང་དོན་གནང་ནས་རྒྱལ་གཅེས་པ་བསྟན་དགའ་ལགས་དམ་པ་དེ་ཉིད་གཙོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བོད་མི་སྐུ་སྲོག་ཤོར་བ་དང། ད་ལྟ་རྒྱ་གཞུང་གི་མནར་སྤྱོད་འོག་བཙོན་ཁང་སོགས་ཀྱི་ནང་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་ཡོད་པ་དེ་དག་ལ་རྗེས་དྲན་གྱི གདུང་སེམས་མཉམ་བསྐྱེད་ཞུས་སོང། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་གཅེས་པ་བསྟན་དགའ་ལགས་ཀྱིས་གཙོས་པའི་ད་བར་བོད་དོན་ཆེད་སྐུ་སྲོག་བློས་བཏང་གནང་མཁན་ཡོངས་ལ་མྱ་ངན་གུས་འདུད་ཞུས་པ་དང་འབྲེལ། ད་ལྟའི་ཆར་ཁེ་ན་ཌ་གཙོས་པའི་མཉམ་འབྲེལ་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཐུགས་སྣང་ཆེན་པོ་གནང་གི་འདུག་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་མི་རང་སྲེག་གནང་མཁན་ཚོའི་ཞི་རྒོལ་དེ་དག་ནི་འཚེ་བ་མེད་པ་ཡིན་པ་དང་། ཁོང་རྣམ་པའི་མངོན་འདོད་ཁག་ལ་ངེས་པར་ཐུགས་སྣང་དང་རྟོག་ཞིབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་པོ་ཞུས་སོང་། དེ་བཞིན་རྒྱ་གཞུང་གི་འགོ་ཁྲིད་ཚོའི་ངོས་ནས་༸གོང་ས་མཆོག་གི་དགོངས་པ་ལྟར་དབུ་མའི་ལམ་གྱི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་གནང་རྒྱུའི་དུས་བབ་ཡོད་པ་གསུངས་སོང་། རྩ་བའི་བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཆེད་གྲྭ་བསྟན་དགའ་ལགས་གཙོས་པའི་ད་བར་ཁྱོན་བོད་མི་ ༡༥༠ ནས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ལྷག་དོན་འདི་ལོ་གཅིག་པོའི་ནང་བོད་མི་ ༥ ཡིས་རང་སྲེག་གནང་ཡོད་པ་མ་ཟད། ད་རེས་རང་ལུས་མེར་སྲེག་གནང་མཁན་གྲྭ་བསྟན་དགའ་ལགས་དཀར་མཛེས་རྫོང་ཐོག་ནས་རང་སྲེག་གནང་མཁན་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།

གཉན་ནད་རེག་དུག་ཕོག་པའི་ནད་པ་ཚོར་མཐོང་ཆུང་དང་ཁྱད་གསོད་མི་བྱེད་པར་རོགས་རམ་གང་ཐུབ་བྱེད་དགོས།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་མོ་འདི་ནི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་འམ་ World AIDS Day ཡིན་པ་དང། དེ་རིང་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་བྱེད་སྒོ་འདྲ་མིན་བརྒྱུད་མང་ཚོགས་ཁྲོད་ལ་ནད་གཞི་དེ་སྔོན་འགོག་ཇི་ལྟར་གནང་དགོས་པའི་ཐོག་གོ་རྟོགས་སྤེལ་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རྒྱལ་ལགས་ཀྱིས་རྒྱལ་བལ་གཉིས་ནང་གི་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་པའི་གཉན་ནད་རེག་དུག་གི་ནད་གཞི་དེ་ནི་ཧ་ཅང་གི་ཛ་དྲག་ཞིག་ཆགས་ཡོད་པ་དང། མང་ཚོགས་ཚོས་ངེས་པར་དུ་ནད་གཞི་དེ་ཇི་ལྟར་སྔོན་འགོག་གནང་དགོས་པ་ཤེས་དགོས་གལ་ཡིན་པ་དང་། ལྷག་དོན་བོད་མི་ཚོས་བཙན་བྱོལ་སྤྱི་ཚོགས་ཁྲོད་ནད་གཞི་དེ་ཕོག་ཟིན་པ་ཚོར་མཐོང་ཆུང་དང་ཁྱད་གསོད་རིགས་མི་བྱེད་པར་རོགས་རམ་གང་ཐུབ་གནང་དགོས་གལ་ཡིན་པའི་འབོད་སྐུལ་ནན་པོ་གནང་སོང་། དེ་རིང་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་འདིར་འཛམ་གླིང་ས་ཕྱོགས་གང་སར་གཞུང་སྒེར་ཚོགས་པ་ཁག་གིས་མང་ཚོགས་ཁྲོད་ནད་གཞི་དེ་དང་འབྲེལ་བའི་གོ་རྟོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་ཡོད་པ་དང། བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཆ་མཚོན་ན། འཕྲོད་བསྟེན་ལས་ཁུངས་དང་རྡ་ས་ཀུན་ཕན་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ཕྱི་ཟླ་ ༡༡ ཚེས་ ༢༧ ནས་སང་ཉིན་ཕྱི་ཟླ་ ༡༢ ཚེས་ ༢ བར་ནད་གཞི་དེ་དང་འབྲེལ་བའི་སློབ་གྲྭ་ཁག་ནང་རྩོམ་ཡིག་འགྲན་སྡུར་དང། མང་ཚོགས་ཁྲོད་གཏམ་བཤད། གོ་རྟོགས་ཀྱི་ཁྲོམ་སྐོར། དེ་བཞིན་རིན་མེད་བརྟག་དཔྱད་སོགས་ཀྱི་ལས་རིམ་གནང་རྒྱུ་རེད་འདུག རྩ་བའི་གཉན་ནད་རེག་དུག་གི་ནད་གཞི་དེ་ཁྱབ་བརྡལ་བྱུང་བ་ནས་ད་བར་འཛམ་གླིང་ནང་མི་འབོར་ས་ཡ་ ༧༥ ལྷག་ལ་ནད་དེ་ཕོག་ཡོད་པ་དང་ས་ཡ་ ༣༦ ལྷག་ཙམ་ནད་གཞི་དེའི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་རེད། ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ལ་གཞིགས་ན་བཙན་བྱོལ་ནང་ནད་གཞི་དེ་ཕོག་པ་བོད་མི་ ༤༠ ལྷག་ཙམ་ཆགས་ཀྱི་འདུག འོན་ཀྱང་དོན་དངོས་ཐོག་བཙན་བྱོལ་ནང་ནད་གཞི་དེ་ཕོག་པའི་གྲངས་འབོར་དེ་ལས་མང་བ་ཡོད་པ་ཚོད་དཔག་གནང་གི་ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གཉན་ནད་རེ་དུག་ཕོག་པའི་ནད་པ་ཚོར་སྨན་གྲོན་གྱི་རོགས་སྐྱོར་དང། ཟླ་བ་དྲུག་རེ་མཚམས་སུ་གཟུགས་གཞི་ཆ་ཚང་བརྟག་དཔྱད་ཀྱི་མཐུན་འགྱུར་དང། དེ་བཞིན་ཟླ་རེར་ཟས་བཅུད་ཀྱི་དོད་སྒོར་ ༡༠༠༠ རེ་གནང་གི་འདུག ཁྱད་པར་དུ་བོད་མིའི་སྒྲིག་འཛུགས་བཀག་ཤག་ནས་གཉན་ནད་རེག་དུག་ཕོག་པའི་ནད་པ་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏང་ཕྱིར་འདི་ལོ་ཕྱི་ཟླ་ ༡༠ ནང་མོན་གྷོ་འདོད་རྒུ་གླིང་དུ་ཚེམ་བཟོ་ཁང་གི་ཞིག་ཀྱང་ཆེད་འཛུགས་གནང་ཡོད་པ་རེད་འདུག

སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་དང་ལེན་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག

ཉེ་ཆར་ཟླ་བ་འདིའི་ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཙམ་ཡིན་པའི་དགེ་འདུན་པ་བསྟན་དགའ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་ཡོད་སྟབས། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གནད་དོན་དེའི་ཐོག་ཐུགས་འཚབ་དང་འབྲེལ། རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་དང་ལེན་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ད་ཆ་བོད་ནས་བོད་མི་སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་རྒྱ་གཞུང་ལ་ཞི་རྒོལ་གྱིས་མུ་མཐུད་རང་སྲེག་གནང་དང་གནང་བཞིན་པ་མཐོང་སྐབས་སེམས་འཚབ་ཧ་ཅང་ཆེན་པོ་འབྱུང་བཞིན་འདུག་ཅེས་གསུངས་པ་དང་འབྲེལ།  དོན་རྐྱེན་དེས་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གིས་དམ་བསྒྲགས་སུན་གཙེར་འོག་ཞི་བདེའི་འཚོ་བ་རོལ་རྒྱུར་དཀའ་ངལ་ཇི་ཙམ་འཕྲད་བཞིན་ཡོད་པ་གསལ་བཏོན་གནང་པ་མ་ཟད། རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་ཉན་འཇོག་དང་བརྩི་བཀུར་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་ཏེ་བོད་མིར་སྨྲ་བརྗོད་རང་དབང་སྤྲོད་དགོས་པ་དང་༸གོང་ས་མཆོག་བོད་ལ་གདན་འདྲན་དགོས་པ། དེ་བཞིན་འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་མིའི་སྐུ་ཚབ་ལྷན་གྲོས་མོལ་བསྐྱར་གསོ་དགོས་པར་བསྐྱར་ནན་གནང་འདུག རྩ་བའི་བོད་ནང་ཕྱི་ལོ་ ༢༠༠༩ ནས་བཟུང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཆེད་གྲྭ་བསྟན་དགའ་ལགས་གཙོས་པའི་ད་བར་ཁྱོན་བོད་མི་ ༡༥༠ ནས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ལྷག་དོན་འདི་ལོ་གཅིག་པོའི་ནང་བོད་མི་ ༥ ཡིས་རང་སྲེག་གནང་ཡོད་པ་མ་ཟད། ད་རེས་རང་ལུས་མེར་སྲེག་གནང་མཁན་གྲྭ་བསྟན་དགའ་ལགས་དཀར་མཛེས་རྫོང་ཐོག་ནས་རང་སྲེག་གནང་མཁན་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད། ཁ་སང་བཙན་བྱོལ་དུ་རྒྱལ་གཅེས་པ་བསྟན་དགའ་ལགས་ཀྱིས་རང་སྲེག་གནང་བའི་ཡིད་སྐྱོའི་གནས་ཚུལ་དེ་ཐོན་མ་ཐག་བཞུགས་སྒར་གཙོས་པའི་རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བོད་རིགས་རྣམས་ནས་དམ་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རྣམ་པ་འདྲ་མིན་སྤེལ་གནང་འདུག དེ་ཡང་བཞུགས་སྒར་རྡ་རམ་ལ་སར་མཚོན་ན་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་ཐོུང་གིས་གོ་སྒྲིག་འོག་ས་གནས་མང་ཚོགས་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྡོ་རིང་མདུན་ཐང་དུ་འདུ་འཛོམས་ཀྱིས་རྒྱལ་གཅེས་པ་བསྟན་དགའ་ལགས་གཙོ་གྱུར་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཀྱིས་མར་མེ་ཁྲོམ་སྐོར་གནང་སོང་། སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་རྒྱལ་གཅེས་པ་གྲྭ་བསྟན་དགའ་ལགས་ཀྱིས་རང་སྲེག་གནང་པའི་གནས་ཚུལ་ངོ་སྤྲོད་དང་སྦྲགས། ཆེས་གཉན་འཕྲང་གི་དུས་ཚོད་འདིར་སྐྱབས་བཅོལ་བོད་མི་ཡོངས་ནས་དམིགས་བསལ་འགན་བཞེས་པའི་ཐོག་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་དྲིལ་བསྒྲགས་རྒྱ་གང་ཆེ་གནང་ཐབས་སུ་འབད་དགོས་གལ་ཡིན་པར་སྐུལ་མ་གནང་སོང་། དེ་དང་ཕྱོགས་མཚུངས་ཨ་རི་ནིའུ་ཡོག་ཏུ་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལྷན་འཛོམས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་གནང་འདུག་པ་མ་ཟད་དབྱིན་ཡུལ་རྒྱལ་ས་ལོན་ཊོན་གྱི་བོད་མི་རྣམས་ནས་ཀྱང་གྲྭ་བསྟན་དགའ་ལགས་ཀྱིས་གཙོས་པའི་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་བཏང་གནང་མཁན་ཡོངས་ཀྱི་ཆེད་དུ་སྨོན་ལམ་གསུང་འདོན་དང་ཁྲོམ་སྐོར་གོ་སྒྲིག་གནང་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཞི་རྒྱ་ཆེ་བའི་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་སྤེལ་རྒྱུ་རེད་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་སྔ་དྲོ་ཚོུད་ ༡༠།༠༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཡིག་ཚང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཐོུང་ཐོག་རིང་མིན་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནས་དབུ་འཛུགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ཀྱི་འདས་པའི་ལོ་རྒྱུས་ནང་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་། ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་ཡོང་ཐབས་སོགས་ལ་ཆེད་དམིགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་སོང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ལས་འགུལ་འདི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཁག་ཅིག་ས་གནས་འཆར་འགོད་ཐོག་བཞུགས་སྒར་རྡ་རམ་ས་ལ་དང་། རྒྱ་གར་བྱང་ཤར་ས་ལུ་གྷ་ར། དེ་བཞིན་རྒྱ་གར་ཕྱོགས་ཅན་ནའི་གྲོང་ཁྱེར་བཅས་སུ་ཟླ་ ༡༢ ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་རྒྱ་གར་གྱི་མངལ་སྡེ་ ༢༢ ལྷག་གི་གྲོང་ཁྱེར་དང་གྲོང་རྡལ་ཆེ་ཁག་ ༡༥༠ ནང་བསྐྱོད་གནང་གི་ཡོད་པ་དང་། སྐབས་དེར་ཁོང་རྣམས་ནས་ས་གནས་ཀྱི་དཔོན་རིགས་དང་མི་མང་མཇལ་འཕྲད། དེ་བཞིན་གསར་འགོད་ལྷན་ཚོགས་དང་ཡིག་ཆ་འགྲེམས་སྤེལ། མཚན་རྟགས་བསྡུ་རུབ། ས་གནས་སོ་སོའི་མཐོ་རིམ་སློབ་མ་རྣམས་ལ་གསུང་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་འདྲ་མིན་བརྒྱུད་རྒྱ་གར་དབུས་ས་་གཉིས་ཀྱི་དཔོན་རིགས་དང་མི་མང་རྣམས་ལ་འདས་པའི་ལོ་རྒྱུས་ཀྱི་བྱུང་བ་དང་། ད་ལྟའི་དངོས་ཡོད་ཀྱི་གནས་བབས། མ་འོངས་པའི་རྒྱ་གར་དང་བོད་ཀྱི་མདུན་ལམ་སོགས་ཀྱི་ཐད་འགྲེལ་བརྗོད་གནང་ནས་བོད་རང་བཙན་གྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་ཨེ་ཤ་ཡའི་བརྟན་ལྷིང་ལ་ཐད་ཀར་འབྲེལ་བ་ཡོད་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་གསུངས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་། བོད་དང་རྒྱ་གར་གཉིས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད། ལྷག་པར་དུ་ས་མཚམས་དང་ཁོར་ཡུག་གི་གནས་བབས་ཆ་ནས་དམིགས་བསལ་འབྲེལ་བ་ཞིག་ཡོད་སྟབས། དེང་སྐབས་རྒྱ་གཞུང་ནས་བོད་ནང་གི་གཙང་པོ་ཁ་བསྒྱུར་དང་། ཆུ་རགས་གསར་རྒྱག དེ་བཞིན་ཤིང་ནགས་གཅོད་བྲེག་སོགས་རང་བྱུང་ཁོར་ཡུག་གཏོར་བརླག་འཚབ་ཆེ་གཏོང་བཞིན་པ་དེ་དག་ཨེ་ཤ་ཡ་སྤྱི་དང་། རྒྱ་གར་གྱི་གནམ་གཤིས་དང་ཁོར་ཡུག་ལ་གནོན་པ་མ་ཟད་མི་མང་གི་འཚོ་ཐབས་ལ་ཡང་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་པ་དང་ཆབས་ཅིག རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་དགོས་པ་དང་། རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ། དེ་བཞིན་ཧིན་བོད་མི་མང་ནས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་སྤྱོད་གསུམ་བྱ་རྒྱུ་མཚམས་འཇོག་དགོས་པ་བཅས་འབོད་སྐུལ་གནང་འདུག གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་གྱི་ཡིག་ཆ་འབུམ་བཅུ་ལྷག་ཡོད་པ་དེ་དག་བོད་ཡིག་དང་ཧིན་དྷི།  དེ་བཞིན་དབྱིན་ཡིག བྷན་གྷ་ལི་སོགས་སྐད་ཡིག་མི་འདྲ་བ་དྲུག་ནང་ལ་འགྲེམས་སྤེལ་ཞུ་གནང་གི་ཡོད་མ་ཟད། ད་བར་བོད་ཕྱི་ནང་གཉིས་སུ་རང་སྲེག་གནང་མཁན་ཁོང་རྣམ་པའི་ལོ་རྒྱུས་དང་དགོས་འདུན། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྱི་མཛད་རྣམ་ཡོད་པའི་འོད་སྡེར་སོགས་ཀྱང་འགྲེམས་སྤེལ་གནང་རྒྱུ་རེད་འདུག

བོད་ཀྱི་སྲོལ་སྒྱུ་རྩལ་ནང་འཛུལ་མཁན་ཉུང་རུ་འགྲོ་གི་འདུག

དེ་རིང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་མཆོག་དང་། ལྟེ་གནས་ཁང་གི་འགན་འཛིན་ལས་ཟུར་རྣམ་པ་བཅས་ལྷན་འཛོམས་ཐོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་ངོ་ ༢༢ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་སོང། འདི་ག་རླུང་འཕྲིན་ཁང་ནས་སྐབས་དེར་ནོར་གླིང་བོད་ཀྱི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་སུ་ལྟེ་གནས་ཁང་གི་ལས་དོན་སྤྱོ་ཡོངས་སྐོར་ལ་བཅར་འདྲི་ཞུས་པར་ལྟེ་གནས་ཁང་དེ་དབུ་བརྙེས་ནས་ད་བར་གྱི་བརྒྱུད་རིམ་ལ་གཞིགས་ན། དཔལ་འབྱོར་གྲུབ་འབྲས་ཡག་པོ་ཆགས་ཡོད་ཀྱང་དཀའ་ངལ་གཙོ་བོ་ཞིག་ནི་དགོས་མཁོ་ལ་གཞིགས་པའི་ཐོན་འབྲས་བཏོན་མ་ཐུབ་པའི་དཀའ་ངལ་ཡོད་པ་དང། ལྟེ་གནས་ཁང་དེའི་ནང་དུ་ཡོད་པའི་བོད་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་བཟོ་གྲྭ་ཁག་ཏུ་བོད་མི་འཛུལ་ཞུགས་བྱེད་མཁན་ཉུང་རུ་འགྲོ་གི་ཡོད་པ་གསུངས་སོང་། རྩ་བའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུར་གཙོ་དམིགས་ཀྱིས་ཕྱི་ལོ་ ༡༩༩༥ ལོར་དབུ་བརྙེས་ཡོད་པ་དང་། ད་ལྟའི་ཆར་ལྟེ་གནས་ཁང་དུ་རྟེན་བཞེངས་དང་ལྟ་བྲིས། ཤིང་བསྐོས་དང་ཤིང་བཟོ། གོས་ཐང་དང་ལག་ཚེམ། ཐག་ལས་སོགས་སྒྱུ་རྩལ་སྡེ་ཚན་་དང། དེ་བཞིན་རིག་གནས་ཁོངས་སུ་མཐོ་སློབ་དང་ཉམས་ཞིབ་སྡེ་ཚན། མཛད་རྣམ་སྡེ་ཚན། དེ་བཞིན་ཡིག་ཚགས་སོགས་ཡོད་པའི་བཙན་བྱོལ་ནང་གི་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཆེ་གྲས་ཤིག་ཆགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ད་བར་ལྟེ་གནས་ཁང་དེའི་ངོས་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བའི་ལས་དོན་ཐོག་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། ལྟེ་གནས་ཁང་དེ་ལྟ་བུ་འཛིན་སྐྱོང་གནང་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་པ་དེ་ལྟར་ཡང། ཚང་མས་གཙོ་བོ་བསམ་ཤེས་གནང་རྒྱུ་དེ་སྤྱི་པའི་ལས་དོན་ལ་ཧ་ཅང་གནད་ཆེ་ཆགས་ཡོད་སྐོར་གསུངས་པ་མ་ཟད། ལྷག་དོན་ལྟེ་གནས་ཁང་དུ་རྟེན་བཞེངས་སྒྱུ་རྩལ་གྱི་གནས་བབས་ཉག་ཕྲ་པོ་ཆགས་ཡོད་པའི་གནད་དོན་འབྲེལ། སྒྱུ་རྩལ་ཐོག་དོན་གཉེར་བྱེད་མཁན་ཚོར་རིགས་རུས་དབྱེ་འབྱེད་གནང་ཚེ་རིག་པ་ཡོངས་སུ་འགལ་གྱི་ཡོད་པ་གསུངས་ཡོད་པ་རེད།

Latest news