Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ ༤༠ ལྷག་མཇལ་དང་འཕྲད་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ཁྲིད་འོག་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་བཅས་སྤྱི་འཐུས་ཚོགས་ཆུང་ཞིག་གིས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་ཀྱི་དགུན་དུས་གྲོས་ཚོགས་དང་བསྟུན་ཕྱི་ཚེས་  ༡༨ ནས་འགོ་འཛུགས་ཀྱིེས་དེ་རིང་བར་ཉིན་གྲངས་ལྔའི་རིང་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ ༡༥ ལྷག་ནས་ཕེབས་པའི་སྲིད་དོན་ཚོགས་པ་འདྲ་མིན་ཁག་ ༡༠ ཙམ་གྱི་གྲོས་ཚོགས་ཚོགས་མི་ ༤༠ ལྷག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། གྲོས་འཐུས་དེ་དག་ལ་བོད་ཀྱི་འདས་མ་ད་གསུམ་གྱི་གནད་དོན་ཁག་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་དང་། ལྷག་དོན་རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་ཐབས་སོགས་ཀྱི་འབོད་སྐུལ་ཞུས་འདུག ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཙོགས་མཆོག་གིས་བོད་དོན་ཞུ་སྐུལ་ལས་འགུལ་དེའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Mulayam Singh Yadav  མཆོག་གིས་དབུས་པའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པ་སྐུ་ཞབས་ KTS Tulsi  མཆོག་དང་སྐུ་ཞབས་  Vivek Tankha མཆོག དེ་སྔོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ Shanta Kumar མཆོག་སྐུ་ཞབས་ Bhagat Singh Koshyari  མཆོག སྐུ་ཞབས་ Moti Lal Vohra  མཆོག དེ་བཞིན་སྐུ་ཞབས་   Subhash Chandra མཆོག་སོགས་རྒྱ་གར་ཆབ་སྲིད་ཚོགས་པ་ཆེ་གྲས་ཀྱི་གནད་ཡོད་དཔོན་རིགས་མང་དག་ཞིག་དང་འཇལ་འཕྲད་གནང་ཐུབ་ཡོད་སྐོར་གསུངས་སོང་། གྲོས་ཚོགས་ཀྱི་ཚོགས་མི་དེ་དག་གིས་མགྲིན་དབྱངས་གཅིག་གྱུར་གྱིས་རྒྱ་ནག་དེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཆགས་པ་ནས་བཟུང་རྒྱ་གར་གྱི་བདེ་འཇགས་ལ་དཀའ་ངལ་འཕྲད་པའི་སྐོར་དང་། ལྷག་པར་དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཕན་ཚུན་དབར་ལྟ་གྲུབ་སོགས་མི་མཐུན་པའི་ཆ་ཕྲན་བུ་ཡོད་ཀྱང་། བོད་དང་བོད་མིའི་བདེ་དོན་ཐོག་ཆབ་སྲིད་ཚོགས་པ་ཚང་མས་གུས་བརྩི་དང་ཆེ་མཐོང་གནང་བ་མ་ཟད་གོ་སྐབས་ནམ་བྱུང་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་སོགས་ཀྱང་གནང་ཡོད་པ་རེད། དེ་བཞིན་ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོ་ལྡི་ལིར་ཕེབས་ཞོར་དང་བསྟུན་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཚོ་འཇལ་འཕྲད་གནང་བ་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་དེའི་ཐོག་ནས་ལས་དོན་བསྐྱར་ཞིབ་དང་ལྷག་པར་མ་འོངས་པར་ལས་དོན་གནང་ཕྱོགས་དང་འབྲེལ་བའི་གྲོས་ཆོད་ཁག་གཅིག་ཀྱང་བཞག་ཡོད་པ་རེད།

གཞོན་ནུ་ལྷན་ཚོགས་ཀྱིས་རྡོ་རྗེ་གདན་དུ་ཕྱི་ཟླ་དང་པོ་ནས་ཞབས་ཞུའི་ལས་དོན་དབུ་འཛུགས་གནང་རྒྱུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་བསྩལ་རྒྱུ་དང་བསྟུན་ཆོས་ཞུ་བ་ཚོར་ཞབས་ཞུའི་རྣམ་གྲངས་ལྔའི་ཐོག་ནས་རོགས་རམ་གནང་རྒྱུ་རེད་འདུག དེའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ ཚེས་ ༥ ནས་དབུ་འཛུགས་ཀྱིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས་ཉིན་གྲངས་དྲུག་ཙམ་རིང་ཆོས་འབྲེལ་མཛད་གཏན་འཁེལ་བ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྭང་བླངས་ཞབས་ཞུ་བ་ ༨༠ ལྷག་གིས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢ ནས་ ༡༨ བར་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་དང་གནས་མཇལ་བ་ཚོར་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་ཆེ་བསྒྲུབ་རྒྱུ་རེད་འདུག སྤྱི་ཚོགས་ཞབས་ཞུའི་ལས་རིམ་དེའི་ཁྲོད་གསལ་བསྒྲགས་ཁང་དང་། ཛ་དྲག་གི་རོགས་རམ་སྡེ་ཚན། མེ་འཁོར་འབབ་ཚུགས་ཁག་ཏུ་དྭང་བླངས་ཞབས་ཞུ་བ་ཆེད་འཛུགས་ཀྱིས་ཆོས་ཞུ་བ་རྣམས་ལམ་ནོར་དང་བོར་བརླག་སོགས་མི་ཡོང་བ་དང་སྐད་སྒྱུར། ལྷག་དོན་ནད་མནར་དང་འདས་གྲོངས་རིགས་བྱུང་ཚེ་དགོས་ངེས་ཀྱི་རོགས་རམ་དང་འདས་པོའི་ནང་མིའི་རེ་འདོད་གཞིར་བཟུང་སྐུ་ཕུང་ཞུགས་འབུལ་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་མ་ཟད། ནད་པ་དང་བགྲེས་སོང་རྣམས་གསུང་ཆོས་ར་བའི་བར་ Wheel Chair འམ་འཁོར་ལྡན་ཞབས་སྟེགས་ནང་འོར་འདྲེན་གནང་རྒྱུ་སོགས་ཀྱི་ཕྱག་རོགས་ཞུ་རྒྱུ་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལྟར་ན། མགོན་པོ་༸གང་ཉིད་མཆོག་གིས་ཟླ་བ་འདིའི་ནང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེར་བྱེས་གྲྭ་ཚང་དུ་རྟ་མགྲིན་ཡང་གསང་གི་བཀའ་དབང་སྩལ་རྒྱུ་གཙོས་པའི་མཛད་འཆར་ཁག་ཅིག་ལེགས་པར་གྲུབ་རྗེས། བྷེང་ལོར་གྲོང་ཁྱེར་དང་རྒྱལ་ས་ལྡི་ལི། དེ་བཞིན་ཝཱ་རཱ་ཎ་སཱི་བཅས་སུ་ཆིབས་སྒྲུར་བསྐྱང་ནས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་འཕགས་ཡུལ་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༥ ནས་ ༧ བཅས་ཉིན་གྲངས་གསུམ་རིང་རྒྱ་གར་ནཱ་ལེནྡཱི་ཤིཀ་ཤཱའམ་ནཱ་ལེནྡྲའི་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོག་མགོན་པོ་༸གང་ཉིད་མཆོག་གིས་རྡོ་རྗེ་གདན་དུ་ནཱ་ལེནྡྲའི་སློབ་གཉེར་བ་གཙོས་པའི་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་ཁག་ཅིག་ལ་ཆོས་འཁོར་མོད་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་མ་ཟད། ཚེས་ ༡༤ ནས་ ༡༦ བར་སོག་པོའི་དད་ལྡན་ཆོས་ཞུ་བ་དང་རྣམ་རྒྱལ་གྲྭ་ཚང་གཉིས་ཐུང་མོང་ནས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་ནང་གི་བོད་མི་ཚོར་ GST ཁྲལ་སྐོར་རམ་འདེགས་གནང་རྒྱུ་རེད་འདུག

འདས་པའི་ཟླ་ཤས་ནས་རྒྱ་གར་གཞུང་གི་དངོས་ཟོག་དང་ཞབས་ཞུའི་ཁྲལ་ GST དེ་གཏན་འབེབས་བྱུང་རྗེས་རྒྱ་གར་བ་ཙམ་དུ་མ་ཟད་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ལ་ GST སྐོར་གོ་རྟོགས་མེད་རྐྱེན་དཀའ ་ངལ་ཇེ་སྙེད་ཅིག་འཕྲད་མུས་ཡིན་སྟབས། དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་རྒྱས་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་འོག་བཞུགས་སྒར་ཉེ་འཁྲིས་དབུས་སྣེ་ལེན་ཁང་དུ་བོད་ཕྲུག་ཁག་ཅིག་ལ་ GST ཁྲལ་སྐོར་ཟླ་བ་གཅིག་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་། ཟབ་སྦྱོང་འདིའི་ཐོག་མོན་གྷོ་དང་སྦེལ་ཀོབ། ལ་དྭགས། ལྡི་ལི་སོགས་བོད་མིའི་གཞིས་སྒར་ཁག་ཅིག་ནས་ཚོང་རིག་ཐོག་ལ་མཐོ་རིམ་དང་གཙུག་ལག་རབ་འབྱམས་པ་ཐོན་མཁན་སློབ་མ་ ༡༢ ནས་མཉམ་ཞུགས་གནང་འདུག་པ་དང་། ཁོང་རྣམས་ལ་ ICA འམ་རྒྱ་གར་རྒྱལ་ཡོངས་རྩིས་རིག་ཁྱད་མཁས་ལྷན་ཚོགས་ཀྱི་ཚོགས་མི་རྒྱ་གར་བ་ཆེད་ལས་མི་སྣ་ཁག་ཅིག་གིས་ཟབ་འཁྲིད་གནང་གི་འདུག དེ་རིང་སྔ་དྲོ་ཚོུད་༩༣༠སྟེང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྒྲིག་འཛུགས་ཀྱི་ལས་གཞི་འདིའི་གལ་གནད་སྐོར་གསུང་བཤད་གནང་བའི་ཁྲོད། བཀའ་བློན་མཆོག་གིས་ཕྱི་རྒྱལ་གཙོས་པའི་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚང་མས་རང་གི་གནས་ཚུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་བཀུར་ཞུ་རྒྱུ་ནི་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་ཞིག་ཡིན་པར་དྲན་སྐུལ་གནང་བ་དང་སྦྲགས། རྒྱ་གར་ནང་ལ་ཉེ་ལམ་ GST ཁྲལ་དང་འབྲེལ་བའི་ཁྲིམས་གསར་པ་གཏན་འབེབས་བྱུང་ཡོད་སྟབས། ང་ཚོ་བོད་མི་ཚོའི་ངོས་ནས་ GST དེ་གལ་ཆེར་ངོས་འཛིན་གྱིས་ཁྲིམས་མཐུན་གནང་གལ་ཡིན་པ་ལམ་སྟོན་གནང་སོང་། ལྷག་པར་དུ་དཔལ་འབྱོར་བཀའ་བློན་མཆོག་གིས་ཐེངས་འདིའི་ཟླ་བ་གཅིག་གི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་གཅིག་ནི་ཚོགས་བཅར་བ་རྣམས་ལ་GST ཁྲལ་སྐོར་སློབ་སྦྱོང་ཕུལ་རྒྱུ་ཙམ་མ་ཟད་རྗེས་སུ་བོད་མིའི་གཞིས་སྒར་ཁག་ཏུ་བསྐྱོད་ནས་དེ་འབྲེལ་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་པ་གསུངས་ཡོད། དཔལ་འབྱོར་ལས་ཁུངས་ཀྱི་ཟབ་སྦྱོང་འདིའི་ཐོག་ནས་ཐེངས་འདིའི་ཚོགས་བཅར་བའི་ཁོངས་ནས་ཡིག་རྒྱུགས་རྩེད་ཕུད་སོན་མཁན་ཁ་ཤས་འདེམས་སྒྲུག་གནང་ནས་ས་གནས་སུ་དཔལ་འབྱོར་ལས་ཁུངས་ཀྱི་སྐུ་ཚབ་ལྟ་བུ་འཇོག་འཆར་འདུག ཟླ་བ་གཅིག་རིང་གི་ཟབ་སྦྱོང་སྐབས་རྐང་ Tally རྩིས་རིག་སྐོར་དང་ GST ཁྲལ་གྱི་དབྱེ་བ་དང་དེབ་སྐྱེལ་ཞུ་ཕྱོགས་སྐོར་ཟབ་འཁྲིད་གནང་རྒྱུ་ཡིན་པ་རེད་འདུག

རྒྱ་གར་གྱིས་རྒྱ་ནག་དང་འབྲེལ་ལམ་གནང་སྐབས་བོད་དེ་གླེང་གཞི་གཙོ་བོར་ངོས་འཛིན་དགོས་པ་གསུངས་འདུག

ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་ནས་རྒྱུན་ལྡན་རྒྱ་ནག་དང་མཉམ་གྲོས་མོལ་གནང་སྐབས་བོད་དེ་གླེང་གཞི་གཙོ་བོ་ཞིག་ཏུ་ངོས་འཛིན་གནང་དགོས་པར་བཀའ་མོལ་གནང་བ་དང་སྦྲགས། འཛམ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་སྟོབས་ཆེན་རྒྱལ་ཁབ་གཞན་དང་ཆ་མཉམ་ཞིག་ཡོང་ཐབས་སུ་རྒྱལ་ཁབ་གཞན་ཚོས་ཀྱང་མཐུན་མོང་གི་ནུས་པ་བཏོན་དགོས་གལ་ཡིན་པ་སོགས་གསུངས་ཡོད་པ་རེད། རྒྱལ་ས་ལྡི་ལིའི་ India International  ལྟེ་གནང་ཁང་དུ་སློབ་དཔོན་  ML Sodhi མཆོག་དམ་པའི་དྲན་རྟེན་གྱི་གཏམ་བཤད་ལས་རིམ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།  རྒྱ་གར་གྱི་གཞུང་འཛིན་  BJP ཆབ་སྲིད་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav མཆོག དེ་བཞིན་དེ་སྔོན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་གཞུང་ཚབ་སོགས་གནང་མྱོང་མཁན་སྐུ་ཞབས་ Lalit Mansingh མཆོག་བཅས་ལ་པེ་ཅིང་དང་གྲོས་མོལ་སྐབས་བོད་དེ་གནད་དོན་གཙོ་བོ་རེད་ཟེར་བའི་བརྗོད་གཞིའི་ཐོག་བཀའ་མོལ་གནང་དགོས་པར་རེ་སྐུལ་གནང་ཡོད་པ་ལྟར།   བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རང་ཉིད་བོད་མིའི་དབུ་ཁྲིད་ཞིག་ཡིན་པའི་ཐོག་ནས་རྒྱལ་ཁབ་གཞན་ཁག་དང་འབྲེལ་བ་གནང་སྐབས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་ནང་རྒྱ་ནག་གི་ཤུགས་རྐྱེན་དང་གནོན་ཤུགས་ཆེན་པོ་བསླེབས་རྐྱེན་རྒྱལ་སྤྱིའི་ཁྱོན་ལ་བློ་འཚབ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། སྨྲ་བརྗོད་རང་དབང་། དེ་བཞིན་བདེན་པར་བདེན་སྐྱོབ་བྱེད་མ་ཐུབ་སོགས་ཀྱི་གནས་སྟངས་ཆགས་ཡོད་པའི་ཚོར་སྣང་བྱུང་སྐོར་ངོ་སྤྲོད་དང་སྦྲགས། གལ་སྲིད་རྒྱལ་ཁབ་ཞིག་གིས་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། མང་གཙོའི་ཁེ་དབང་། ཁྲིམས་ཀྱི་དབང་བསྒྱུར། ཞི་བདེ་བཅས་ལ་རྒྱབ་སྐྱོར་གནང་གི་ཡོད་ཚེ་བོད་ཀྱི་གནད་དོན་ལ་ངེས་པར་རྒྱབ་སྐྱོར་གནང་དགོས་པ་དང་། དེ་ལྟར་རྒྱབ་སྐྱོར་གནང་གི་མེད་པ་ཡིན་ན་བོད་ཙམ་མ་ཟད་རྒྱལ་ཁབ་དེས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། ཁྲིམས་ཀྱི་དབང་བསྒྱུར། ཞི་བདེ་བཅས་པར་རྒྱབ་སྐྱོར་གནང་གི་མེད་པ་ཞིག་མཚོན་གྱི་ཡོད་སྐོར་གསུངས་འདུག སྲིད་སྐྱོང་མཆོག་ནས་བཀའ་མོལ་དེ་མཉམ་འབྲེལ་རྒྱལ་ཚོགས་དབུས་པའི་དབུ་ཁྲིད་གཞན་ཚོར་ལའང་གསུངས་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་ཤུགས་རྐྱེན་དེ་ད་ཆ་རིམ་པས་སྤྱི་ཚོགས་ཁྱོན་ཡོངས་ལ་བསླེབས་ཡོད་སྟབས། རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་དགོས་ཚེ་ད་ལྟ་ཕྱི་མ་དྲག་པའི་གོང་ནས་ངེས་པར་དུ་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་དགོས་པ་དང་། ལྷག་པར་དེ་སྔོན་སློབ་དཔོན་   ML Sodhi མཆོག་གིས་ཀྱང་རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་དང་མཉམ་བཀའ་མོལ་གནང་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་དེ་གླེང་གཞི་གཙོ་བོར་ངོས་འཛིན་དགོས་པ་གསུངས་ཡོད་སྐོར་བསྐྱར་དྲན་གནང་ཡོད། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་གཞུང་ཚབ་བཅས་གནང་མྱོང་ཡོད་པའི་སྐུ་ཞབས་ Lalit Mansingh   མཆོག་ནས་ཀྱང་བརྗོད་གཞི་དང་འབྲེལ་བའི་རང་ཉིད་ཀྱི་དགོངས་ཚུལ་གསུངས་ཡོད་པ་མ་ཟད། རྒྱ་གར་གྱི་གཞུང་འཛིན་  BJP  ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Ram Madhav  མཆོག་ནས་ཁོང་ཚོའི་ཆབ་སྲིད་ཚོགས་པའི་ངོས་ནས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དེ་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་སྒེར་གི་ངོས་ནས་བོད་ཀྱི་དཀའ་ངལ་དེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱོགས་གཉིས་དབར་གྲོས་མོལ་གནང་པའི་བརྒྱུད་སེལ་དགོས་པའི་དགོངས་གཞི་དེར་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད་པ་རེད། ལས་རིམ་དེའི་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་དབུས་པའི་ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གི་སྐུ་ཚབ་དང་། མཁས་དབང་། བོད་དོན་དོན་གཉེར་ཅན་སོགས་མི་གྲངས་ ༡༠༠ ཙམ་ཞིག་འདུ་འཛོམས་བྱུང་འདུག། གཞི་རྩའི་གཏམ་བཤད་ཀྱི་ལས་རིམ་དེ་ནི་ ML Sodhi དམ་པའི་ཐེབས་རྩ་ཁང་གི་གོ་སྒྲིག་ཞུས་པ་ཞིག་ཡིན་དང་། སློབ་དཔོན་  ML Sodhi དམ་པ་ཁོང་ནི་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་མཁས་དབང་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཞིག་ཡིན་པ་རེད།

རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད།

རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་ཡིག་ཆ་ཨང་ལྔ་པ་ཞེས་པའི་སྲིད་བྱུས་ལག་བསྟར་བྱེད་སྒོ་བཙུགས་ནས་འདི་ལོ་ལོ་ངོ་ ༡༠ འཁོར་གྱི་ཡོད་པའི་ཁྲོད་འདིར་རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་དོན་ཚོགས་ཆུང་གི་ཚོགས་གཙོ་ Zhu Weiqun ཡིས་རྒྱ་གཞུང་གི་ཡིག་ཆ་ཨང་ལྔ་པ་ཞེས་པའི་བཀོད་ཁྱབ་དེས་ཏཱ་ལའི་བླ་མར་བོད་པའི་བླ་སྤྲུལ་ཚོའི་བརྒྱུད་བོད་བརྒྱུད་ནང་བསྟན་ལ་དོ་ཕོག་དང། རྒྱལ་ཁབ་ཀྱི་གཅིག་སྒྲིལ་གཏོར་བཤིག་ཀྱི་ལས་དོན་ཁག་ལམ་ལྷོང་ལྡན་པའི་ངང་འགོག་ཐུབ་པ་བྱུང་ཡོད་སྐོར་སོགས་བརྗོད་ཡོད་པ་དེ་ལྟར་ཡང་། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་ལོ་ངོ་བཅུ་ཕྲག་སྔོན་ཙམ་གྱི་སྲིད་བྱུས་དེས་ ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་དར་བའི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལ་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་རྩ་འཛིན་ཡིག་ཆ་ཨང་ལྔ་པ་ཞེས་པ་ཞིག་གཏན་འབེབས་བརྒྱུད། བོད་པའི་བླ་སྤྲུལ་ཁག་ཡོངས་རྫོགས་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པ་དང། དེ་ལྟར་མི་བྱེད་མཁན་རྣམས་ལ་བླ་སྤྲུལ་གྱི་ངོས་འཛིན་ཐུབ་རྒྱུ་མིན་པ་མ་ཟད་ཁྲིམས་འགལ་ཆགས་རྒྱུ་ཡིན་པ་བཅས་བཀོད་ཡོད་པ་རེད། དེའང་རྒྱ་ནག་གཞུང་གི་ངོས་ནས་བོད་པའི་བླ་སྤྲུལ་རྣམས་ཀྱི་སྒྲིག་འཛུགས་སྲ་བརྟན་བཟོ་རྒྱུ་དང། བླ་སྤྲུལ་རྫུན་མ་བཀག་འགོག་བྱ་ཕྱིར་ཆེད་དམིགས་ཀྱིས་བཟོ་ཡོད་སྐོར་བཤད་འདུག དེས་ན་རྒྱ་གཞུང་གི་སྲིད་བྱུས་དེ་ནི་དོན་དངོས་སུ་བོད་མི་ཡོངས་རྫོགས་གོང་དུ་གཅིག་ཏུ་སྒྲིལ་མཁན་ནང་པའི་ཆོས་བྱེད་ཕྱོགས་ལ་ཐེ་བྱུས་ཀྱིས་བོད་བཙན་བཟུང་བྱས་པ་དེ་ཁྲིམས་མཐུན་བཟོ་ཐབས་ཆེད་ཡིན་པ་སྐྱོན་བརྗོད་བྱས་ཡོད། རྒྱ་ནག་གཞུང་འབྲེལ་ Global Times གསར་ཤོག་ཐོག་ཕྱི་ཚེས་ ༡༠ ཉིན་སྤེལ་བའི་གནས་ཚུལ་ ཐོག་རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་ཆོས་དོན་ཚོགས་ཆུང་གི་ཚོགས་གཙོ་ Zhu Weiqun ཡིས་རྒྱ་གཞུང་གི་སྲིད་བྱུས་དེས་རྒྱ་ནག་གི་གཅིག་སྒྲིལ་གཏོར་རྒྱུ་དང་བོད་བརྒྱུད་ནང་བསྟན་ལ་དོ་ཕོག་གཏང་རྒྱུའི་ཐད་ལ་ཏཱ་ལའི་བླ་མའི་ཤུགས་རྐྱེན་འགོག་ཐུབ་པ་བྱུང་ཡོད་པ་དང། བོད་བརྒྱུད་ནང་བསྟན་གྱི་དགོན་པ་གང་སར་བླ་སྤྲུལ་གང་བྱུང་དུ་ངོས་འཛིན་བྱེད་བཞིན་ཡོད་པ། ཁག་ཅིག་གིས་སྤྲུལ་སྐུ་ཡིན་ཚུལ་བྱེད་ནས་དད་ལྡན་རྣམས་ལ་བསླུ་ཁྲིད་བྱེད་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ། ཁྲིམས་སྒྲིག་ཡིག་ཆ་དེས་རྒྱ་ནག་གཞུང་ལ་བོད་པའི་བླ་སྤྲུལ་གྱི་སྒྲིག་འཛུགས་ལ་བཏང་འཛིན་བྱེད་རྒྱུར་ཕན་ཐོགས་བྱུང་བ་མ་ཟད། གནད་དོན་དེའི་ཐོག་གཞུང་ལ་ཐག་གཅོད་བྱེད་རྒྱུའི་དབང་ཚད་ཡང་སྤྲད་ཡོད་སྐོར་སོགས་བརྗོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་གསོད་ནམས་ནོར་བུ་ལགས་ཀྱིས་དེ་སྔ་རིག་གནས་གསར་བརྗེ་སྐབས་རྒྱ་གཞུང་གིས་དེང་དུས་ལ་བསྒྱུར་བཅོས་ཁ་གཡར་སྟེ་བོད་པའི་དགོན་པ་མང་ཆེ་བ་གཏོར་བཤིག་དང། བོད་པའི་གྲྭ་བཙུན་མང་དག་ཅིག་བཙན་དབང་ཐོག་སྐྱ་སར་ཕབ་བཅུག་ནས་ སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བརྒྱུད་ཁོང་ཚོར་བསམ་བློའི་བཅོས་བསྒྱུར་གཏང་ཐབས་བྱེད་པའི་གནད་དོན་ལུང་འདྲེན་དང་འབྲེལ། ཆབ་སྲིད་ཀྱི་ཁེ་དབང་ཆེད་བོད་མིའི་ཆོས་དད་ལ་ཐེ་བྱུས་བྱེད་པ་ནི་རྒྱ་གཞུང་གི་ཐབས་བྱུས་རྙིང་པ་ཞིག་ཡིན་པར་གསུངས་འདུག ལྷག་དོན་ཁོང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་ལ་བཏང་འཛིན་བྱེད་པའི་བརྒྱུད་བོད་ཐོག་དབང་འཛིན་ཁྲིམས་མཐུན་བཟོ་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་ཡིན་སྐོར་གསུངས་པ་མ་ཟད། རྒྱ་གཞུང་གི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང་འབྲེལ་སྲིད་བྱུས་དེས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་དར་བའི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་དེ་སྔོན་རྒྱ་ནག་གཞུང་གི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་དང་འབྲེལ་བའི་སྲིད་བྱུས་དེ་ནི་ Cuba དམར་པོའི་རིང་ལུགས་པ་ Fidel Castro ཡིས་ཡི་ཤུའི་བླ་ཆེན་ Pope ངོས་འཛིན་བྱེད་པ་དང་གཅིག་མཚུངས་ཡིན་སྐོར་གསུངས་མྱོང་ཡོད་པ་རེད། རྩ་བའི་རྒྱ་གཞུང་གིས་འདས་པའི་ལོ་བཅུའི་ནང་བོད་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་བྱེད་པའི་ཁྲོད། ཕྱི་ལོ་ ༢༠༡༦ ལོར་གཞུང་འབྲེལ་དྲ་གནས་ཐོག་བླ་སྤྲུལ་གྱི་གྲངས་ཐོ་འདོན་སྤེལ་བྱས་པའི་ནང་དུ་བླ་སྤྲུལ་ཁྱོན་ ༡༣༠༠ ཙམ་འཁོད་ཡོད་པ་དང། ད་ལྟའི་ཆར་ལོ་ངོ་ ༡༦ མན་གྱི་བོད་པའི་བླ་སྤྲུལ་ ༧ ལ་རྒྱལ་གཅེས་ཆོས་གཅེས་དང་དམར་ཤོག་ཚོགས་པའི་ལག་བསྟར་བྱེད་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལྟ་གྲུབ་སོགས་ཀྱི་སྦྱོང་བརྡར་སྤྲོད་མུས་ཡིན་པ་རེད།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་སྙན་གསེང་ཞུས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྙན་གསེང་ཞུས་འདུག དེའང་སྤྱི་འཐུས་ཚོགས་གཙོ་མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་ཀྱིས་ད་ཆ་རྒྱལ་ས་ཝ་ཤིང་ཊོན་ནང་ཕྱོགས་ཕེབས་གནང་བཞིན་པ་དང་འབྲེལ། ཁ་ཉིན་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ནིའུ་ཡོག་ས་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་གཅིག་ལྕོགས་ཡིན་པ་སྐུ་ཞབས་ Eliot Engel ལགས་དང་ཨ་རིའི་གཞུང་འཛིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་སྐུ་ཞབས་ Jim Sensenbrenner ལགས། དེ་བཞིན་གྲོས་ཚོགས་དཀྱིལ་ཤར་ཡུལ་གྲུ་དང་ལྷོ་ཨེ་ཤི་ཡའི་མངའ་ཁུལ་ལས་དོན་ཚན་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Steve Chabot ལགས་བཅས་ཀྱི་ལས་ཁུངས་སུ་བཅར་ནས་མཇལ་འཕྲད་གནང་འདུག སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་དང་ལྷན་དུ་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཆེད་བཅར་ཞུས་འདུག ལྷན་རྒྱས་ཀྱི་མཇལ་མོལ་དེའི་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་སྦྲགས། རྒྱ་གཞུང་གིས་བོད་མིའི་ཆབ་སྲིད་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་དང་བོད་མིའི་ཐུན་མིན་རིག་གཞུང་དང་བཅས་པ་རྩ་མེད་བཏང་དང་གཏོང་བཞིན་པ་གསལ་བཤད་གནང་སྟེ། གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་རེ་འདུན་བཏོན་འདུག ལྷག་དོན་རྒྱ་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཞག་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་གནང་དགོས་པར་འབོད་སྐུལ་ཞུས་འདུག རྩ་བའི་སྤྱི་འཐུས་ཚོགས་གཙོ་མཆོག་ཟླ་བ་འདིའི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས་ཁུལ་དེར་སང་ཉིན་བར་ལས་འཆར་བསྐྱང་གནང་གི་འདུག་པ་མ་ཟད། ཚེས་ ༡༥ ཉིན་ San Francisco གྲོང་ཁྱེར་དང་ཚེས་ ༡༧ ཉིན་ཡུ་ཊ་མངའ་སྡེའི་རྒྱལ་ས་ Salt Lake City ནང་ཕེབས་གནང་རྗེས་ཚེས་ ༡༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་གི་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱི་རྗེས་དྲན་རྩོམ་ཡིག་མཛད་སྒོར་མཉམ་ཞུགས་གནང་འདུག

ཁ་ཉིན་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ Liu Xiabo ལགས་ཀྱི་རྗེས་དྲན་རྩོམ་ཡིག་མཛད་སྒོར་ལྷན་ཞུགས་ཀྱིས་དམ་པ་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་བསྔགས་བརྗོད་གནང་འདུག དེ་ཡང་སྐུ་ཞབས་ Liu Xiabo ལགས་དམ་པ་དེ་ཉིད་ཀྱི་རྗེས་དྲན་རྩོམ་ཡིག་གི་མཛད་སྒོ་དེ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་གིས་གོ་སྒྲིག་འོག་ཚོགས་འདུག་པ་དང་། སྐབས་དེར་རྒྱ་རིགས་མཁས་དབང་ཁག་ཅིག་དང་མང་གཙོ་དོན་གཉེར་བ། དེ་བཞིན་བོད་མིའི་ཕྱོགས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་བཅས་ལྷན་ཞུགས་གནང་འདུག མཛད་སྒོའི་ཐོག་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དམ་པ་ཁོང་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་འདི་བཞིན་རྒྱ་གཞུང་ལ་གནད་དོན་དེའི་ཐོག་གདོང་ལེན་གྱིས་ཕྱག་ལས་བསྟུད་མར་གནང་མཁན་གྱི་སྐྱེས་བུ་གཉིས་ལྡབ་ཅན་ཞིག་ཡིན་པར་ཆེ་བསྟོད་ཞུས་འདུག་པ་དང་། ལྷག་དོན་དམ་པ་ཁོང་སྐུ་འཚོ་བཞུགས་མེད་ཀྱང་ཁོང་གིས་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཆེད་ཡུན་རིང་ནས་འབད་བརྩོན་གནང་པའི་དམིགས་ཡུལ་དེ་དག་ཐོག་ང་ཚོས་མུ་མཐུད་འབད་བརྩོན་གནང་དགོས་གལ་ཡིན་པར་སྐུལ་མ་གནང་འདུག ད་རེས་ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་གིས་རྐང་འགན་བཞེས་ཐོག་སྐུ་ཞབས་ལིའུ་ཞའོ་པའོ་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་ཞུ་ཕྱིར་རྩོམ་དེབ་ཕྱོགས་སྒྲིག་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་བསྔགས་བརྗོད་ཡོད་པ་གསུངས་འདུག་པ་དང་ཆབས་ཅིག ཁོང་གི་སྐུ་ཟླ་ལྕམ་ Liu Xia ལགས་ལ་སེམས་གསོ་དང་ཁོ་མོའི་སེམས་སྡུག་རྣམས་རིམ་བཞིན་སེལ་ཐུབ་པར་སྨོན་འདུན་ཞུས་ཡོད་པ་རེད། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་ཀྱང་སྐུ་ཞབས་ Liu Xiaobo ལགས་ཀྱི་མཛད་རྗེས་ལ་ཆེ་བསྟོད་ཀྱིས་རྩོམ་ཡིག་ཕྱོགས་སྒྲིག་གནང་མཁན་ཀུན་ལ་ཡི་རང་བསྔགས་བརྗོད་གནང་པ་དང་འབྲེལ། སྐུ་ཞབས་ཁོང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་རྒྱུར་ཕྱག་ལས་རླབས་ཆེན་གནང་པ་དེ་དག་རྒྱ་ནག་དང་བོད་ནང་ཙམ་མིན་པར་འཛམ་གླིང་སྤྱིའི་ཞི་བདེ་ལ་ཕན་པའི་ཐུགས་རེ་མཛད་ཡོད་སྟབས། ང་ཚོས་དམ་པ་ཁོང་གི་དགོངས་བཞེས་དང་རླབས་ཆེན་གྱི་མཛད་རྗེས་མུ་མཐུད་ནས་མཇུག་སྐྱོང་གནང་གལ་ཡིན་པ་གསུངས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ ༩ འཛིན་བཟུང་བྱས་འདུག

  ཁ་སང་ཕྱི་དྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་རྒྱལ་ས་ལྡི་ལིའི་ Janpath ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་  Wang Yi  སྡོད་གནས་ Imperial  མགྲོན་ཁང་གི་གཡས་གཡོན་གང་སར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པར་ལྟོས་མེད་ཀྱིས་ལས་འགུལ་བ་ཕོ་མོ་མི་གྲངས་དགུས་རིང་ཚད་ཧྤེ་ཊི་བཅུ་ལྷག་ཡོད་པའི་བོད་ལ་རང་དབང་སྤྲོད་དགོས་ཟེར་བའི་རས་བྱང་ཞིག་བཤམས་པ་མ་ཟད།  ལས་འགུལ་བ་དེ་དག་གིས་ Wang Yi  སྡོད་གནས་མགྲོན་ཁང་གི་ཕྱི་ཕྱོགས་སུ་ངོ་རྒོལ་སྐད་འབོད་སོགས་ཀྱང་གནང་སོང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་  Wang Yi  ད་རེས་རྒྱལ་ས་ལྡི་ལིའི་ནང་རྒྱ་གར་དང་ཨུ་རུ་སུ། རྒྱ་ནག་བཅས་རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་ཤིག་གི་ཆེད་ཁ་ཉིན་ཕྱི་དྲོ་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁོ་པ་གནམ་ཐང་ནས་མགྲོན་ཁང་དུ་ཡོང་སྐབས་བོད་ལ་རང་དབང་དགོས་པའི་འཕྲེད་དར་འཕྱར་ནས་སྣེ་ལེན་ཞུས་ཡོད་པ་མ་ཟད།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་རྒྱལ་ས་ལྡི་ལིའི་ India Gate  ཁུལ་དུ་ Flash Mob རྔམ་སྟོན་གྱི་ལས་འགུལ་སྤེལ་བའི་བརྒྱུད་བོད་མིའི་མངོན་འདོད་ཁག་གསལ་སྟོན་གནང་ཡོད་པ་རེད།  ཁ་སང་ཕྱི་དྲོ་ Imperial  མགྲོན་ཁང་གི་མདུན་དུ་ས་གནས་སྐོར་སྲུང་བས་ཕར་འགྲོ་ཚུར་འོང་གི་མི་འགྲོ་ཁག་ལ་བཀག་འགོག་བྱས་འདུག་ཀྱང་།   ལས་འགུལ་བ་དེ་དག་ Wang Yi  སྡོད་སའི་མགྲོན་ཁང་གི་ཁ་སྤྲོད་ཁང་པ་ཞིག་གི་བར་ནས་ཆུ་ཚོད་  ༦༌༣༠ ཙམ་ལ་ཐོག་རྒྱག་ཡོང་སྟེ་ཉེ་འཁྲིས་སུ་ཡོད་པའི་གསང་སྤྱོད་ཞིག་གི་ཐོག་ཁར་འཛེགས་ཏེ་བོད་མིར་རང་དབང་དགོས་ཟེར་བའི་འབོད་ཚིག་འཁོད་པའི་རས་བྱང་བཤམ་སྟོན་གནང་པ་མ་ཟད་བོད་མིར་རང་དབང་སྤྲོད་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྐད་འབོད་སོགས་གནང་ཡོད་པ་རེད། ལས་འགུལ་བ་དེ་དག་ཁོངས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱང་མཉམ་ཞུགས་གནང་འདུག ས་གནས་སྐོར་སྲུང་བས་འཛིན་བཟུང་བྱས་པའི་ལས་འགུལ་བ་དེ་དག་ད་ལྟའི་ཆར་ Malcha Marg སྐོར་སྲུང་ལས་ཁུངས་སུ་དོ་དམ་འོག་གནས་ཡོད་པ་རེད།

བཀའ་སྤྱི་གཉིས་དབུ་བཞུགས་ཐོག་གཞི་རྒྱ་ཆེ་བའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་ལྟར་ཕྱི་ལོ་ ༢༠༡༧ ལོ་འདི་བོད་དོན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་པའི་ཁྲོད་ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་འཚེ་མེད་ཞི་བ་དང་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ ༦༩ འཁོར་བ་དང་ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༨ འཁོར་བའི་སྐལ་བཟང་གི་དུས་ཆེན་གཉིས་འཛོམས་ཐོག་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་སྟོང་ཕྲག་བརྒལ་བ་ལྷན་ཞུགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་དང་ཆོས་དད་རང་དབང་དགོས་པར་ཞི་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་དབུས་པའི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ས་གནས་སྤྱི་འཐུས། དེ་བཞིན་མཛད་སྒོའི་སྐུ་མགྲོན་དུ་མེས་པོ་དམ་པ་གཱན་དྷིའི་ཚ་བོ་སྐུ་ཞབས་ Rajmohan Gandhi མཆོག་དང་རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Chen Guangcheng ལགས། གཞན་ཡང་ཨ་རི་དང་ཁེ་ན་ཌ་སོགས་ནས་བོད་མི་སྟོང་ཕྲག་ལྷག་བ་མཉམ་ཞུགས་གནང་འདུག ལས་འགུལ་དེའི་ཐོག་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་སྒོས་བོད་མི་ས་ཡ་དྲུག་ལ་བྱམས་བརྩེའི་གཟིགས་པ་ཆེན་པོས་ད་བར་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ཀྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། བོད་ཀྱི་གནད་དོན་འདི་བོད་མི་གཅིག་པོའི་གནད་དོན་ཞིག་མིན་པར་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་སྟབས་བོད་མིའི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་བདེན་མཐའ་སེསལ་ཐབས་བྱེད་བཞིན་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་ཞིག་སྤྲོད་བཞིན་ཡོད་པས་རྒྱལ་ཚོགས་ནས་ངེས་པར་དུ་བོད་མིར་རྒྱབ་སྐྱོར་གནང་དགོས་པ་དང་ལྷག་དོན་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་སླད་རྒྱ་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་དགོས་པར་ཚོར་ཤུགས་ཆེན་པོས་རེ་འདུན་བཏོན་འདུག ཁ་སང་སྔ་དྲོ་གསུང་བཤད་ཀྱི་ལས་རིམ་ཁག་གྲུབ་རྗེས་ལས་འགུལ་བ་རྣམས་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ནས་འགོ་འཛུགས་ཀྱིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་བར་གོམ་བགྲོད་གནང་འདུག་པ་དང་གོམ་བགྲོད་པ་རྣམས་ཀྱི་ཕྱག་ཏུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་དགོས་པ་བཅས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱར་བ་དང་། ལྷག་དོན་བོད་མི་ ༡༥༠ ཡིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་གིས་དབང་བསྒྱུར་ལ་ཞི་རྒོལ་བྱས་ཡོད་པའི་པུར་སྒམ་བཅས་འཁུར་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་འདུག་པ་མ་ཟད། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འབྱོར་སྐབས་རྒྱ་རིགས་མཁས་དབང་གཉིས་ནས་ཀྱང་རྒྱ་གཞུང་གིས་དབང་བསྒྱུར་འོག་བོད་མི་རྣམས་ལ་ཐོབ་ཐང་འདྲ་མཉམ་མེད་པ་དང་༸གོང་ས་མཆོག་ལ་རྒྱ་རིགས་མང་ཚོགས་ཚོའི་ངོས་ནས་འཚེ་མེད་ཞི་བའི་དབུ་ཁྲིད་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུང་བཤད་སོགས་གནང་ནས་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།

Latest news