Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བཞུགས་སྒར་དུ་ས་བྱི་ཞི་རྒོལ་ཆེན་མོ་རྗེས་དྲན་ཞུས་པ།

དེ་རིང་ཟླ་ ༣ ཚེས་ ༡༩ ཉིན་དེ་སྔ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་བོད་ཆོལ་གསུམ་ས་ཁྱོན་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ ༡༠ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སྐབས་དེར་རྒྱ་གཞུང་གིས་བོད་མི་ཞི་རྒོ་བའི་ཐོག་དྲག་གནོན་བྱས་པའི་པར་རིས་འགྲེམས་སྟོན་གནང་སྟེ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་བློས་བཏང་ལ་རྗེས་དྲན་སྲུང་བརྩི་ཞུས་སོང་། གཞི་རྩའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཟླ་བ་འདིའི་ཚེས་ ༥ ཉིན་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་རྡོ་རིང་མདུན་དུ་དེ་སྔ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་དགའ་ལྡན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་བོད་མི་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པའི་ཞི་རྒོལ་གྱི་ལས་འགུལ་སྤེལ་སྐབས་སུ་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཞི་རྒོལ་བར་ཆེས་དྲག་གནོན་གྱིས་དམར་བསད་བཏང་བ་དང་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཀྱི་པར་རིས་ཁག་བཤམ་སྟོན་གནང་ཡོད་པ་མ་ཟད། དེ་རིང་སླར་ཡང་བོད་ཆོལ་གསུམ་ས་ཁྱོན་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་ ༡༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་ནསརྒྱལ་གཅེས་པ་འདས་གསོན་ཚོའི་ཞུམ་པ་མེད་པའི་བློས་བཏང་ལ་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་ཞུས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ལ་བཅར་འདྲི་ཞུས་པར་ཁོང་གིས་མི་རབས་གཞོན་པ་ཚོས་མི་རབས་གཞན་པ་ཚོའི་བོད་ཀྱི་བདེན་དོན་ཆེད་ཞུམ་པ་མེད་པའི་སྙིང་སྟོབས་དང་ལ་རྒྱ་རྒྱུན་སྐྱོང་གནང་དགོས་གལ་ཡིན་པའི་འབོད་སྐུལ་ཞུས་སོང་། རྩ་བའི་ཐེངས་འདིའི་འགྲེམས་སྟོན་ཐོག་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་དང་འབྲེལ་བའི་པར་རིས་ ༢༦༠ ལྷག་འགྲེམས་སྟོན་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་བདེན་རྒྱབ་དང་བླངས་མི་མང་གི་རེ་འདུན་ལ་མོས་མཐུན་མེད་ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ། བདེན་རྒྱབ་དང་བླངས་མི་མང་ལས་འགུལ་བ་ཚོས་མང་གཙོའི་འགྲོ་ལུགས་ལྟར་ལས་འགུལ་སྤེལ་ཆོག་ཀྱང་སྲིད་སྐྱོང་མཆོག་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་དགོས་པའི་རེ་འདུན་ལ་མོས་མཐུན་མེད་ཅེས་གསུངས་སོང་། དེ་ཡང་བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་པ་དང་བསྟུན། དེ་རིང་ལས་ཉིན་ལྔ་པའི་ཉིན་རྒྱ་གར་དང་ཨ་རི་གཙོས་པའི་ཡུལ་ཁག་ཅིག་ནས་བོད་མི་བདེན་རྒྱབ་དང་བླངས་མི་མང་ལས་འགུལ་བ་ ༧༠ སྐོར་ཞིག་ནས་གངས་ཅན་སྐྱིད་ཤོངས་སིལ་པོལ་རྩེད་ཐང་དུ་སྔ་དྲོ་ཚོུད་ ༡༠།༠༠ ནས་ངོ་རྒོལ་ལས་འགུལ་ཞིག་སྤེལ་གནང་སོང་བ་དང་། ལས་འགུལ་བ་རྣམ་པས་སྐབས་དེར་ཉེ་ལམ་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐོག་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དྲང་བདེན་གྱི་ཐག་གཅོད་གནང་མེད་སྟབས་སྲིད་སྐྱོང་མཆོག་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་དགོས་པ་དང་། དེ་བཞིན་གྲོས་ཚོགས་ནས་གནད་དོན་དེའི་ཆེད་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་རེ་འདུན་དོན་ཚན་གསུམ་ཅན་ཞིག་བཏོན་ཡོད་པ་རེད། ལས་འགུལ་བའི་རེ་འདུན་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་དང་ཆབས་ཅིག་ཏུ་མང་གཙོའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཆོག་ཀྱང་། སྲིད་སྐྱོང་མཆོག་དང་ཕྱག་སྦྲེལ་བཀའ་བློན་རྣམ་པ་མང་གཙོའི་འགྲོ་ལུགས་ལྟར་མང་ཚོགས་དང་གྲོས་ཚོགས་ནས་བདམས་རྗེས་མང་ཚོགས་ཀྱི་འགན་འཁུར་ནས་འགྲོ་བཞིན་ཡོད་སྟབས་ལས་འགུལ་བའི་རེ་འདུན་ལ་མོས་མཐུན་མེད་ཅེས་གསུངས་ཡོད། གཞན་ཡང་ལས་འགུལ་བ་ཚོས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུས་ཡོད་སྟབས་ཁོང་ཡང་སྤྱི་འཐུས་ནས་དགོངས་པ་ཞུས་དགོས་པ་གསུངས་ཡོད་པ་ལྟར་གསར་འགོད་པ་རྣམས་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་དེའི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་གནད་དོན་དེའི་སྐོར་ལ་གྲོས་ཚོགས་སྔ་མའི་ཐོག་དགའ་ལྡན་ཕོ་བྲང་ཡིག་ཚང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གསལ་བཤད་གཙང་མ་གནང་ཡོད་པ་གསུངས་སོང་། རྩ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་དེའི་རིང་ལ་ཨ་རིའི་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ལས་འཕྲོས་ནས་དྲི་བ་དང་བགྲོ་གླེང་གསལ་བཤད་སོགས་སྔ་རྗེས་སུ་གནང་སོང་བ་དང་། དེའི་ཁྲོད་གྲོས་ཚོགས་ནས་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་སོགས་འཛུགས་དགོས་པའི་གླེང་སློང་ཡང་བྱུང་ཡོད་ནའང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནད་དོན་དེའི་ཐོག་བཀའ་ཤག་གི་ཁྲིམས་དང་མཐུན་མིན་དང་དྲང་བདེན་གནང་ཡོད་མེད་དང་འབྲེལ་མཐར་ཁྲིམས་ཁང་དུ་ཁྲིམས་གཏུགས་གནང་རྒྱུ་ཡིན་པ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད། ད་དུང་ཁ་སང་གྲོས་ཚོགས་ཀྱི་ར་བའི་ནང་དུ་སྤྱི་འཐུས་ཁ་ཤས་ནས་སྲིད་སྐྱོང་མཆོག་ནས་མང་ཚོགས་ངོ་རྒོལ་གནང་མཁན་རྣམས་ལ་མཇལ་འཕྲད་དང་ཁོང་ཚོའི་བཀའ་མོལ་གསན་གནང་རྒྱུ་གལ་ཆེ་ཡིན་པ་གསུང་མཁན་བྱུང་ཡོད་སྟབས། བཀའ་ཤག་ནས་དེ་ལྟར་མ་གནང་བ་རྩ་བ་ནས་མིན་སྐོར་ཡང་གསུངས་ཡོད། རྩ་བའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་གྱི་སྔོན་རྩིས་ཐོག་བགྲོ་གླེང་མུ་མཐུད་གནང་ཐོག་ད་ལྟའི་བཀའ་ཤག་འདིའི་ནང་ཕྱི་དྲིལ་བཀའ་བློན་ཞིག་ངེས་པར་དུ་བསྐོ་གཞག་གནང་དགོས་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་བཏང་འཛིན་གནང་བཞིན་པའི་གཞུང་འབྲེལ་དྲ་རྒྱ་དང་གསར་ཤོག་ཐོག་གནས་ཚུལ་སྤེལ་ཕྱོགས་ཐོག་ལའང་བགྲོ་གླེང་ལྷུག་པོ་གནང་སོང་། དེ་བཞིན་གྲོས་ཚོགས་ཚོགས་དུས་ལྔ་པ་འདིའི་ཐོག་གླེང་སློང་ཤུགས་ཆེ་གནང་བཞིན་པའི་གནད་དོན་ནི་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཡིན་པ་དང་། བར་ལམ་ཞིག་ནས་བོད་པའི་སྤྱི་ཚོགས་ནང་དུ་གནད་དོན་དེ་བཀའ་ཤག་མཉམ་མཐུན་གྱིས་ཐག་གཅོད་གནང་བ་ཞིག་མིན་པ་གསུང་མཁན་བྱུང་ཡོད་པ་དང་འབྲེལ། དེ་རིང་གྲོས་ཚོགས་སུ་ནང་སྲིད་བཀའ་བློན་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་མཆོག་ནས་གསལ་བཤད་ནན་པོ་གནང་ཡོད།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་དཔེ་སྟོན་གྱི་ཟབ་སྦྱོང་།

དེ་རིང་ཟླ་ ༣ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་འོག་བོད་པའི་སློབ་གྲྭ་ཁག་ཅིག་གི་དགེ་སློབ་ཚོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྟེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་གནང་སྟངས་དང་འབྲེལ་བའི་དཔེ་སྟོན་གྱི་ཟབ་སྦྱོང་ཞིག་གནང་སོང་། ཟབ་སྦྱོང་དེ་ཡང་གཙོ་བོ་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་ Social, emotional and Ethical Learning འམ་ཚོགས་སྤྱོད་དང་། སེམས་མྱོང་། ཚུལ་སྤྱོད་བཅས་བྱམས་བརྩེ་དང་ཤེས་རབ་གོང་སྤེལ་གཏོང་བའི་ཤེས་ཡོན་སློབ་གསོའི་བསླབ་གཞི་གཏན་འབེབས་གནང་མཁན་ཁོངས་སུ་ཡོད་པ་ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Jennifer Knox ལགས་དང་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་གཉིས་ཡིན་པ་དང་། སྐབས་དེར་ཁོང་རྣམ་པ་གཉིས་ནས་དགེ་རྒན་ཚོས་བཟང་སྤྱོད་སློབ་ཁྲིད་བྱེད་སྐབས་ཐོག་མར་འཛིན་གྲྭའི་ཁོར་ཡུག་དེ་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་དང་། དེ་རྗེས་རིམ་བཞིན་གྲོས་བསྡུར་གྱི་ལམ་ནས་སློབ་མའི་རྒྱུད་ལ་ཡོད་པའི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ། དེ་བཞིན་བྱ་བ་བཟང་ངན་གང་ཡིན་སོགས་ལ་ངེས་པ་རྙེད་ཐུབ་པ་བཟོ་དགོས་གལ་ཡིན་པ་དཔེ་མཚོན་དང་དྲི་བ་དྲིས་ལན་གྱི་ལམ་ནས་འགྲེལ་བརྗོད་གནང་ཡོད། གཞན་ཡང་སྐབས་དེར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་གཙོས་པའི་ལས་བྱེད་ཁག་ཅིག་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དྷ་ས་སྟེང་འོག་གཉིས་ཀྱི་བོད་ཁྱིམ་སློབ་གྲྭ་གཙོས་བཞུགས་སྒར་ཉེ་འཁོར་གྱི་བོད་སློབ་ཁག་དགུའི་དགེ་ལས་སློབ་མ་ ༨༠ ཙམ་ནས་མཉམ་ཞུགས་གནང་འདུག གཞི་རྩའི་ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་ British Columbia གཙུག་ལག་སློབ་གཉེར་ཁང་དང་། Montreal གཙུག་ལག་སློབ་གཉེར་ཁང་གཉིས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་བསླབ་གཞི་གཏན་འབེབས་ཀྱིས་ས་གནས་སུ་ལག་བསྟར་གནང་སྟེ་ལོ་ངོ་བཅུ་དང་བཅོ་ལྔ་ལྷག་འགྲོ་བཞིན་ཡོད་པ་དང་། ཉེ་ཆར་བཞུགས་སྒར་དུ་ཚོགས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ ༦ ཐོག་འདི་ལོ་ནས་དབུ་འཛུགས་ཀྱིས་གཟའ་འཁོར་གཅིག་ནང་བོད་པའི་སློབ་གྲྭ་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཚོགས་དུས་གཅིག་རེ་ཚོགས་རྒྱུ་གཏན་འབེབས་གནང་ཡོད་པ་རེད།

ཨ་རིའི་དོན་གཅོད་འཕོ་འགྱུར་གནད་དོན་དེ་ཁྲིམས་གཏུགས་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད།

དེ་རིང་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དང་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་བ་དང་འབྲེལ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་དོན་གཅོད་འཕོ་འགྱུར་གནད་དོན་དེ་ཁྲིམས་གཏུགས་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པ་གསུངས་སོང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གསུམ་པའི་གྲོས་ཚོགས་ཐོག་བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་སྔོན་རྩིས་དང་འབྲེལ། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་ཨ་རི་བོད་ཀྱི་ཐེབས་རྩ་ཁང་གཉིས་དབར་གྱི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དང། དེ་བཞིན་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐོག་སྤྱི་འཐུས་བཅུས་ཆ་ཤས་བཞེས་ནས་བགྲོ་གླེང་ལྷུག་པོ་གནང་སོང་།  སྐབས་དེར་སྤྱི་འཐུས་ཁག་ཅིག་གིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དང་དོན་གཅོད་འཕོ་འགྱུར་གྱི་གནད་དོན་དེའི་འབྱུང་རྩ་དང་གནད་དོན་དེ་རྐྱེན་བཙན་བྱོལ་བོད་མི་ནང་ཁུལ་དབར་ནང་འཁྲུག་ཆེན་པོ་བྱུང་ཁག་བཀའ་ཤག་གི་ངོས་ནས་ཕྱག་ལས་གནང་སྟངས་མ་འགྲིག་པ་ཡིན་སྐོར་གསུངས་སོང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མི་མང་ལ་གནད་དོན་དེའི་ཐོག་དགོངས་སེལ་ཞུ་དགོས་པ་དང་། དེ་བཞིན་སྤྱི་འཐུས་ལ་ལས་གནད་དོན་དེ་ཞི་འཇམ་དུ་ཡོང་ཆེད་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་དགོས་པ། དེ་ལྟར་མ་གནང་ཚེ་བཀའ་སྤྱི་གཉིས་ཀ་བཟང་སྤྱོད་ཀྱི་ཐོག་ནས་དགོངས་ཞུ་གནང་དགོས་པ་གསུངས་ཡོད། དེ་བཞིན་སྤྱི་འཐུས་གཞན་ཁག་ཅིག་གིས་གནད་དོན་དེ་ཞི་འཇམ་ཡོང་རྒྱུའི་འགན་དང་ངལ་བ་དེ་དག་སེལ་ཐུབ་པའི་ནུས་པ་དེ་འཛིན་སྐྱོང་བཀའ་ཤག་ཁོ་ནར་ཡོད་སྐོར་གསུངས་མཁན་བྱུང་ཡོད་པ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་གྲོས་ཚོགས་སུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་འབྲེལ་ནས་བཀའ་ཤག་གིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེ་གྲོས་ཚོགས་ནས་བཀའ་འཁྲོལ་ཞུས་ཟིན་པ་ཞིག་ཡིན་པ་སོགས་གསུངས་ཡོད་པ་མ་ཟད། དེ་རིང་སླར་གནད་དོན་དེའི་ཐོག་སྲིད་སྐྱོང་མཆོག་གིས་བསྐྱར་ནན་གནང་བ་དང་སྦྲགས། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཐོག་མ་ཉིད་ནས་བླངས་པའི་སྐབས་བུ་གཡར་ཞིག་རྩ་བ་ནས་མིན་པ་མ་ཟད། བཀའ་ཤག་ནས་དོན་གཅོད་འཕོ་འགྱུར་གནང་བ་དེ་གྲོས་ཚོགས་ནས་བཀའ་ཤག་ལ་བསྐུར་བའི་སྐུ་དབང་ཞིག་གི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་དང་། ད་ཆ་ཐག་གཅོད་དེ་ཁྲིམས་དང་མཐུན་པ་ཞིག་ཡིན་མིན་ཁ་གསལ་ཡོང་བར་ཁྲིམས་ཁང་ལ་གཏུགས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པ་གསུངས་ཡོད། གནད་དོན་དེའི་ཐོག་སྲིད་སྐྱོང་མཆོག་གིས་བསྐྱར་ནན་སོགས་གནང་བ་མ་ཟད་ལྷག་པར་དུ་ཨ་རིའི་དོན་གཅོད་ཀྱི་འཕོ་འགྱུར་གྱི་གནད་དོན་དེ་ཁྲིམས་གཏུགས་བྱ་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པ་གསུངས་ཡོད་པ་རེད། རྩ་བའི་དེ་རིང་སྔ་དྲོ་བཞུགས་སྒར་མེག་གྷན་  club house ཁང་དུ་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་ཐག་གཅོད་ལ་མོས་མཐུན་མེད་པ་དང་ཐག་གཅོད་དེ་ནི་དྲང་བདེན་མིན་པ་ཞིག་ཏུ་ངོས་འཛིན་གནང་བཞིན་པ་བདེན་རྒྱབ་དང་བླངས་མི་མང་ཞེས་པའི་ལས་འགུལ་བ་སྐོར་ཞིག་ནས་ད་རེས་སྐབས་ ༡༦ གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཁོང་རྣམ་པས་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་གནད་དོན་དང་འབྲེལ་གྲོས་ཚོགས་ནས་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་དགོས་འདུན་བཏོན་ཡོད། ཨ་རིའི་གྲོང་ཁྱེར་ New York ནས་ཕེབས་པ་འཕྲིན་ལས་སྐལ་བཟང་ལགས་ནས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་སང་ཉིན་ནས་གངས་ཅན་སྐྱིད་ཤོངས་སུ་བདུན་ཕྲག་གཅིག་རིང་ལ་ཞི་རྒོལ་གནང་རྒྱུ་ཡིན་པ་གསུངས་སོང་། ལྷག་དོན་ཇི་སྲིད་དྲང་བདེན་གྱི་ཐག་གཅོད་ཞིག་མ་བྱུང་བར་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་ཡང་གསུངས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་སྟངས་དེ་སྔ་ལས་ཡག་ཏུ་ཕྱིན་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག་གིས་སྒྲིག་འཛུགས་ཀྱི་མ་དངུལ་གནས་སྟངས་དེ་སྔ་ལས་ཡག་ཏུ་ཕྱིན་ཡོད་པ་གསུངས་སོང་། དེ་རིང་ཉིན་རྒྱབ་གྲོས་ཚོགས་ཀྱི་ཚོགས་དུས་ཐོག་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༡༨ དང་ ༡༩ ལོའི་སྔོན་རྩིས་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་སྙན་ཐོ་སྙན་སྒྲོན་ཟིན་ཐོག་སྤྱི་ཡོངས་ཀྱི་ཐད་ལ་བགྲོ་གླེང་གནང་སོང་བ་དང། སྐབས་དེར་སྤྱི་འཐུས་ཁག་ཅིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རེའི་སྔོན་རྩིས་དངུལ་འབོར་འཕར་བཞིན་ཡོད་པ་དང་དེ་བཞིན་འདི་ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབས་ཛ་དྲག་ཏུ་འགྱུར་ཉེན་ཡོད་པ་གསལ་བཏོན་ལུང་འདྲེན་དང་འབྲེལ། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་སྟངས་དེ་ལོ་རེར་འཁྱོལ་བ་མ་གཏོགས་ཕུགས་འཁྱེལ་བ་ཞིག་མེད་པ་གསུང་མཁན་བྱུང་བ་མ་ཟད། གནས་སྟངས་དེ་འདྲའི་ཐོག་མ་འོངས་པར་གཏན་འཇགས་མ་དངུལ་ཐོག་ཡར་རྒྱས་གཏོང་ཕྱོགས་ཐད་ལ་འཆར་གཞི་གང་ཡོད་མེད་སོགས་དང་འབྲེལའཛིན་སྐྱོང་བཀའ་ཤག་ལ་དྲི་བ་ཕུལ་ཡོད། རྩ་བའི་ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས་གསུང་བཤད་གྲུབ་རྗེས་བོད་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་སྙན་ཐོ་སྙན་སྒྲོན་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་སྟངས་སྐོར་དང་འབྲེལ། སྤྱི་ཡོངས་མ་དངུལ་གནས་བབས་ཧིན་སྒོར་ས་ཡ་ ༧༠༠ ཟིན་ཡོད་ཐོག་ལོ་ལྟར་འཕར་བཞིན་ཡོད་པ་དེ་ལྟར་ཡང། ལས་ཁུངས་སོ་སོའི་མ་དངུལ་ལ་བལྟས་ཚེ་ད་ལྟའི་གནས་སྟངས་བཞིན་འགྲོ་ན་རྩིས་ལོ་ ༣ ལས་ལྷག་མི་འདང་བ་དང། ལྷག་པར་དུ་ལས་ཁུངས་རེ་ཟུང་གི་རོགས་དངུལ་བྱེ་བྲག་པ་ཁ་ཤས་རྩ་ཆད་འགྱུར་ཚེ་རྩིས་ལོ་གཅིག་ཀྱང་འཁྱོལ་ཁག་པོ་ཡིན་པར་བརྟེན་འབྲེལ་ཡོད་རྣམས་ནས་ཐུགས་འཚབ་ཀྱང་གནང་བཞིན་ཡོད་པ་གསུངས་ཡོད། དེ་རིང་གྲོས་ཚོགས་སུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་སྟངས་དེ་སྔ་ལས་ཡག་ཏུ་ཕྱིན་ཡོད་པ་དང་། མ་འོངས་པར་དཔལ་འབྱོར་གྱི་གནས་བབས་ཡར་རྒྱས་འགྲོ་ཕྱིར་འདི་ལོའི་ནང་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་འཕྲོད་བསྟེན་དང་དཔལ་འབྱོར། ཤེས་རིག དེ་བཞིན་རིག་གཞུང་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཆེན་པོ་ཞིག་བསྐོང་ཚོགས་གནང་རྒྱུའི་ལས་འཆར་བང་སྒྲིག་ཡོད་པ་གསུངས་སོང་། གཞན་ཡང་སྤྱི་འཐུས་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ལ་ཕན་པའི་ཆེད་དུ་འཛིན་སྐྱོང་བཀའ་ཤག་ལ་བོད་མིའི་དང་བླངས་དཔྱ་དངུལ་གྱི་དངུལ་འབབ་སྤར་ཆ་གནང་དགོས་པའི་གཞེན་སྐུལ་གནང་བ་དང་། བེུད་ནུས་སྟོབས་གོང་སྤེལ་གྱི་ལས་འཆར། བོད་དོན་ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བའི་སྔོན་རྩིས་ལས་འཆར། ཤེས་ཡོན་དང་འབྲེལ་བའི་ལས་འཆར་སོགས་ཀྱི་སྐོར་ལའང་དོགས་འདྲི་གནང་ཡོད།

གྲོས་ཚོགས་སུ་སྤྱི་མོས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་བ།

དེ་རིང་ཟླ་ ༣ ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གཉིས་པའི་ཚོགས་ཐེངས་གཉིས་པའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཐོག་གཏན་འབེབས་གནང་སོང་། ཁ་སང་དང་དེ་རིང་བཅས་གྲོས་ཚོགས་སུ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གི་ལས་རིམ་གནང་དོན་ལྟར་ཁྱོན་སྤྱི་འཐུས་ ༡༩ ནས་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་བཀའ་བསྡུར་ལྷུག་པོ་གནང་ཡོད། སྐབས་དེར་སྤྱི་འཐུས་རྣམས་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་ལ་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུས་ཡོད་པ་དང་འབྲེལ། བཙན་བྱོལ་བོད་མི་ཚོས་ཞལ་ནས་གདུང་སེམས་བསྐྱེད་ཡོད་གཅིག་པོ་གསུངས་བ་ཙམ་མིན་པར་བཙན་བྱོལ་བོད་མི་ནང་ཁུལ་དབར་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་ཆིག་སྒྲིག་གྱི་ནུས་པ་མཉམ་སྤུངས་ཐོག་དོན་དམ་པའི་གདུང་སེམས་མཉམ་བསྐྱེད་གནང་གལ་ཡིན་པ་སོགས་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྐབས་དེར་བཀའ་ཤག་གི་ངོས་ནས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཐོག་རྒྱབ་སྐྱོར་དང་སྦྲགས། གྲོས་ཆོད་དེ་ལས་འཕྲོས་ནས་ཁ་སང་དང་དེ་རིང་བཅས་སུ་སྤྱི་འཐུས་རེ་ཟུང་ནས་རང་ལུས་མེར་སྲེག་དང་འབྲེལ་བའི་དྲི་བ་ཁག་ཅིག དེ་དང་འབྲེལ་ནས་རྒྱལ་སྤྱིའི་ཁྲོད་ནས་བོད་དོན་ཐོག་གཟིགས་ཕྱོགས་ལ་འགྱུར་བ་ཡོད་མེད་སྐོར་བཀའ་འདྲི་ཞུས་ཡོད་སྟབས། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཐུགས་འཚབ་དང་བོད་དོན་ལ་རྒྱབ་སྐྱོར་གནང་མུས་ཡིན་པ་གསུངས་ཡོད།  དེ་བཞིན་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་དང་འབྲེལ་ནས་སྤྱི་འཐུས་ཁག་ཅིག་གིས་ཆབ་སྲིད་དང་བོད་མིའི་ཆིག་སྒྲིལ། དེ་བཞིན་ཡིད་ཆས་དང་སེམས་ཤུགས་ཀྱི་ཆ་ནས་ཉམས་རྒུད་དུ་འགྲོ་ཡི་ཡོད་པའི་སྐོར་གསུང་མཁན་བྱུང་ཡོད་པ་དང་འབྲེལ་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ངོས་འཛིན་གནང་ཕྱོགས་དེ་ལྟར་མིན་པ་གསུངས་སོང་། གཞན་ཡང་གྲོས་ཆོད་གྲོས་འཆར་དེ་དང་འབྲེལ་ཨ་རིའི་སྒོར་མོ་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེའི་རྐྱེན་པས་སྤྱི་ཚོགས་ནང་དུ་འཁྲུག་ཐེབས་ཡོད་པའི་གནད་དོན་སྐོར་གླེང་སློང་བྱུང་ཡོད་སྟབས། སྲིད་སྐྱོང་མཆོག་ནས་བཀའ་ཤག་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེ་གྲོས་ཚོགས་ནས་བཀའ་འཁྲོལ་ཞུས་ཟིན་པ་ཞིག་ཡིན་པ་དང་། སྤྱི་ཚོགས་འཁྲུག་བཞིན་པ་དེ་ནི་མི་རེ་ཟུང་གིས་འགྲེལ་ལོག་གནང་རྐྱེན་ཡིན་པས་བགྲོ་གླེང་དང་གསལ་བཤད་རིམ་པས་ཨ་རིའི་དོན་གཅོད་ཀྱི་སྔོན་རྩིས་སྐབས་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།

སྦེང་ལོར་གྲོང་ཁྱེར་དུ་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་འཇམ་དཔྱད་ཁང་གསར་པ་དབུ་འབྱེད་གནང་བ།

ཁ་སང་ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་གཟའ་དང་བསྟུན། རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་གྱི་ཀོ་ར་མང་ལཱ་ས་གནས་སུ་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་འཇམ་དཔྱད་ཁང་གསར་པ་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་སྦེང་ལོར་སྨན་རྩིས་ཁང་ལ་ལོ་ངོ་ ༢༠ ལྷག་སྦྱིན་བདག་གནང་དང་གནང་མུས་ཡིན་པ་རྒྱ་གར་ས་གནས་ཡུལ་མི་སྐུ་ཞབས་སྐུ་བུམ་སྦག་ག་རེའི་སྐུ་ཟླ་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད། དེ་བཞིན་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། སྦེང་ལོར་བོད་རང་དབང་བདེན་པའི་ལས་འགུལ་ཁང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་དང་བོད་མི་སུད་ཚོང་བ་བཅས་མི་གྲངས་ ༥༠ ཙམ་མཉམ་ཞུགས་གནང་འདུག ད་ལྟའི་སྨན་རྩིས་ཁང་དང་འཇམ་དཔྱད་ཁང་གི་ཐོག་ཁང་གསར་པ་དེར་ཐོག་བརྩེགས་གཉིས་དང་། ཁང་མིག་བཅུ། ཚོགས་ཁང་གཅིག སྒོ་ར་བཅས་འདུག  སྨན་རྩིས་ཁང་དེའི་ནང་སྨན་པ་གཅིག་དང་ལས་བྱེད་བཞི་བཅས་ཁྱོན་ལས་མི་ལྔ་ཡོད་པ་དང་། སྦེང་ལོར་སྨན་རྩིས་ཁང་དང་འཇམ་དཔྱད་ཁང་དེ་ཀོ་ར་མང་ལཱ་ས་གནས་སུ་གསར་འཛུགས་གནང་དོན་ནི་ས་གནས་དེར་བོད་སྨན་ལ་རྒྱུས་མངའ་ཡོད་པའི་རྒྱ་གར་བ་དང་ལྷག་དོན་ལྷོ་སྤྱི་ལས་ཁུངས་དང་བོད་ཁྱིམ་སྡོད་ཁང་སོགས་བོད་མི་གནས་སྡོད་མང་ཤོས་གནང་ཡུལ་ལྟེ་གནས་ཤིག་ཡིན་པ་རེད། སྤྱིར་དབུས་བོད་ཀྱི་སྨན་རྩིས་ཁང་ལ་རྒྱ་གར་དང་བལ་ཡུལ་བཅས་ཀྱི་ནང་ཡན་ལག་སྨན་ཁང་ ༥༦ཙམ་ཡོད་ཀྱང་སྦེང་ལོར་ཡན་ལག་སྨན་རྩིས་ཁང་ནི་བོད་སྨན་སྨན་བཅོས་ཙམ་མ་ཡིན་པར་འཇམ་དཔྱད་སྟེ་བོད་ཀྱི་གསོ་བ་རིག་པ་ནས་བསྟན་པའི་ཕུར་མཉེ་དང་རླངས་འཁྲུས་སོགས་ཡོད་པའི་ཁྱད་ཆོས་དམིགས་བསལ་བ་ཡོད་པ་ཞིག་ཆགས་ཀྱི་འདུག སྦེང་ལོར་གྲོང་ཁྱེར་ནང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཐོག་མ་དེ་ཕྱི་ལོ་ ༡༩༩༠ ནང་གསར་འཛུགས་གནང་ཡོད་པ་དང་དེ་ནི་སྦེང་ལོར་གྲོང་ཁྱེར་གྱི་མ་ཧཱ་ལཤྨི་ས་གནས་སུ་མུ་མཐུད་གནས་ཡོད་པ་དང་། ས་གནས་རྒྱ་གར་ཡུལ་མི་སྐུ་ཞབས་བག་ག་རི་ཡ་ཞུ་བ་ཞིག་འབྲས་ནད་ཀྱི་གནར་ཏེ་ཕྱི་ལུགས་སྨན་བཅོས་གང་ཞུས་ཀྱང་བཅོས་ཐབས་མེད་པར་གྱུར་རྗེས་བཞུགས་སྒར་དྷ་རྨ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ་ཡོད་དང་། སྐབས་དེར་༸གོང་ས་མཆོག་གིས་ཁོང་ལ་བོད་ཀྱི་གསོ་བ་རིག་པའི་སྨན་པ་བསྟེན་གཏུག་གནང་དགོས་པར་ལམ་སྟོན་ཕེབས་པ་ལྟར་བོད་ཀྱི་གསོ་རིག་སྨན་པ་བསྟེན་ནས་བོད་སྨན་མཆོད་རྗེས་ནད་གཞིར་ཕན་འབྲས་ཆེན་པོ་བྱུང་སྟབས། ཁོང་གིས་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་རྩིས་ཁང་གི་སྦྱིན་བདག་གནང་བ་མ་ཟད། ད་ལྟའི་ཆར་ལོ་ངོ་ ༢༠ ལྷག་འགྲོ་བཞིན་ཡོད་པ་རེད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་བ།

དེ་རིང་ཟླ་ ༣ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་བ་དང་འབྲེལ། ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ནས་རྩིས་ལོ་ ༢༠༡༨་༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༦༥༣ ལྷག་འཆར་འབུལ་ཞུས་ཏེ་སྔ་ལོའི་སྔོན་རྩིས་བཀའ་ཁྲོལ་གཏན་འབེབས་བྱུང་བ་ལ་གཞིགས་ན་སྒོར་ས་ཡ་ ༢༡༨ ལྷག་གི་མང་བ་ཆགས་ཀྱི་འདུག དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་སྦྲགས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དང་པོ་ཚོགས་ཡོད། དབུ་འབྱེད་གསུང་བཤད་སྐབས་ཚོགས་གཙོ་མཆོག་གིས་ད་བར་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་རྒྱུའི་ཐད་ལ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་དང་ལྷན་སྔ་རྗེས་སུ་འབྲེལ་མོལ་ལམ་ནས་སེལ་རྒྱུར་འབད་བརྩོན་དུ་མ་གནང་ཡོད་པ་མ་ཟད། འབྲེལ་མོལ་དེ་ཡང་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་ཐད་ལ་ཡིག་ངག་གཉིས་ཐོག་ནས་གོ་བརྡ་གསལ་པོ་སྤྲད་པ་དེ་ལྟར་ཡང་རྒྱ་གཞུང་གི་ངོས་ནས་དེའི་ཐོག་གོམ་པ་མདུན་བསྐྱོད་མ་བྱས་མེད་སྟབས་རང་གནས་སུ་ལྷག་ཡོད་པ་གསུངས་སོང་། ལྷག་པར་དུ་ད་བར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེའི་འོག་བོད་མིའི་ཞི་རྒོལ་རིམ་པ་བྱུང་བ་མ་ཟད་ཕྱོ་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༡༥༢ ནས་རང་ལུས་མེར་བསྲེགས་གནང་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་ནང་གི་བོད་མིའི་མངོན་འདོད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་བཅས་ཀྱི་གནས་བབ་ལ་བསྐྱར་དུ་རྟོག་ཞིབ་དང། ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཐོག་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་རྒྱུར་འབོད་སྐུལ་གནང་ཡོད། དེ་བཞིན་བོད་གཞིས་བྱེས་གཉིས་སུ་གྱེས་ནས་མི་ལོ་ ༦༠ སོང་བའི་དུས་ཡུན་དེའི་ནང་བོད་མི་ཚོར་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བསྐྱངས་དང་སྐྱོང་བཞིན་པར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག གོམས་སྲོལ། ལྷག་པར་དུ་བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དང་རྒྱབ་སྐྱོར་ཐོབ་པ་དེ་དག་མགོན་པོ་༸གང་ཉིད་མཆོག་གི་བཀྲིན་ཉག་གཅིག་ཡིན་པ་དང་། ད་ལྟའི་མི་རིབས་འདིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་པ་དེ་རྒྱུན་སྐྱོང་ཚད་ལྡན་ཞིག་ཞུས་ནས་མ་འོངས་པའི་བོད་ཀྱི་ལོ་རྒྱུས་ཐོག་ནག་ཐིག་མ་ཕོག་པ་ཞིག་གནང་གནད་ཡིན་པ་གསུངས་ཡོད། ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་དབུ་འཛུགས་མ་གནང་གོང་དུ་སྔ་དྲོ་ཚོགས་དུས་ལས་རིམ་ཐོག་གཙོ་བོ་སྔ་ལོ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ནས་ཉེ་ཆར་ཟླ་ ༣ ཚེས་ ༧ བར་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་སྐུ་འདས་གྲོངས་སུ་གྱུར་བ་གྲྭ་བསྟན་དགའ་ལགས་དང་དཀོན་དཔེ་ལགས། ཚེ་ཁོ་ལགས་གསུམ་གྱིས་གཙོས་པའི་ད་བར་བོད་དོན་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་རྒྱུའི་གཞུང་འབྲེལ་མྱ་ངན་གུས་འདུད་དང་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་་གྲོས་ཚོགས་སུ་སྙོན་སྒྲོན་གནང་ལྷན་གྲོས་ཚོགས་འཐུས་མི་ཚོ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། ལྷག་པར་དུ་ད་ལན་གྲོས་ཚོགས་སུ་སྤྱི་འཐུས་ལྷན་ཚོགས་ནས་བཏོན་གནང་བའི་བོད་ནང་ཛ་དྲག་གནས་སྟངས་ལ་གཞིགས་པའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་དེའི་ནང་དོན་ཚན་ལྔ་ཡོད་པ་ལས། བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་མངོན་འདོད་དང་ཞལ་ཆེམས་ལ་རྒྱ་གཞུང་གིས་འགན་ཁུར་བདག་སྤྲོད་དགོས་པ། རྒྱ་གཞུང་ནས་བོད་རྒྱ་འབྲེལ་མོལ་མྱུར་དུ་འགོ་འཛུགས་དགོས་པ། བོད་ནང་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་འཕྲལ་དུ་འཚམས་འཇོག་དགོས་པ། གཙུག་ལག་ཁང་གི་མེ་སྐྱོན་ཐོག་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཚོགས་སྒེར་ཁག་ནས་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུར་ནན་སྐུལ། བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་། དེ་དག་གི་འཕྲོད་བསྟེན་ལ་རྒྱ་གཞུང་ནས་འགན་ལེན་དགོས་པ། ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་ཁག་ལ་བཀྲིན་ཆེ་ཞུ་རྒྱུ་བཅས་རེད་འདུག སྐབས་དེའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་འབྲེལ། གཞིས་ལུས་བོད་མིའི་སྙིང་སྟོབས་ལ་རྗེས་དྲན་དང་ཆེ་བསྟོད་ཞུས་པ་དང་འབྲེལ་བགྲོ་གླེང་ལྷུག་པོ་གནང་ཡོད། ལྷག་པར་དུ་སྤྱི་འཐུས་ཁག་ཅིག་ནས་ད་ལྟའི་དུས་སྐབས་འདིར་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་ཀྱི་ཐོག་ནས་བོད་ནང་གི་བོད་མི་ཚོར་མང་མོས་འོས་བསྡུའི་ཐོབ་ཐང་ཞིག་སྤྲོད་རྒྱུའི་སྤོབས་པ་དང་གདེང་ཚོད་རྒྱ་ནག་གཞུང་ཡོད་མེད་བལྟ་རྒྱུའི་དུས་ཚོད་རན་ཡོད་སྐོར་གསུངས་ཡོད། སྤྱི་འཐུས་ལ་ལས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཚད་ལྡན་ཞིག་གནང་དགོས་གལ་ ཡིན་པ་དང། དེ་བཞིན་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཐོག་ཚང་མ་ནུས་པ་མཉམ་སྤུངས་གནང་གནད་ཡིན་པའང་གསུངས་སོང་། རྩ་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནི། སྔོན་རྩིས་གྲོས་ཚོགས་ཤིག་ཆགས་ཀྱི་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྒྱུན་གྲོན་དང། དམིགས་བཀར། དམིགས་བསལ། ཟུར་བཀོད། དེ་བཞིན་བར་སྐལ་བཅས་ལོ་འཁོར་མོ་གཅིག་གི་འགྲོ་གྲོན་ཁག འཛིན་སྐྱོང་བཀའ་ཤག་ནས་གྲོས་ཚོགས་ཐོག་འཆར་འབུལ་ཞུ་ཡི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་ཡོད་པ་རེད། འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨ དང་ ༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་ཡོད་པ་དེ། ཧིན་སྒོར་ས་ཡ་ ༢༦༥༣ ལྷག་ཆགས་ཀྱི་འདུག་པ་དང། འདི་ནི་སྔ་ལོའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་གནང་བ་ལས་ཧིན་སྒོར་ས་ཡ་  ༢༡༨ ལྷག་མང་བ་བྱུང་འདུག་པ་མ་ཟད། བརྒྱ་ཆར་གཞིགས་ཚེ་ ༨.༩ ལྷག་ཙམ་འཕར་ཆ་བྱུང་འདུག  ད་རེས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ལས་དོན་འཆར་སྒྲིག་དང་དགོས་དངུལ་རྒྱབ་གཉེར་དངུལ་འབོར་ཆེ་ཤོས་གྲོས་ཚོགས་སུ་འཆར་འབུལ་ཁོངས་སུ་ཤེས་ཡོན་ཐོག་ཧིན་སྒོར་ས་ཡ་ ༣༠༡ དང། མང་ཚོགས་ཀྱི་འཕྲོད་བསྟེན་ཆེད་སྒོར་ས་ཡ་ ༡༣༠ ལྷག ཉམ་ཐག་ལྟ་སྐྱོང་ལས་འཆར་ཆེད་སྒོར་ས་ཡ་ ༡༠༥  མང་ཚོགས་ཀྱི་བདེ་དོན་ཆེད་སྒོར་ས་ཡ་ ༡༧༤ བཅས་ཆགས་ཀྱི་འདུག དེ་བཞིན་དཔལ་འབྱོལ་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༡༨ དང་ ༢༠༡༩ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་གྲུབ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་ཡོད་པ་རེད། གཞི་རྩའི་སྔ་དྲོ་གྲོས་ཚོགས་ཀྱི་ཚོགས་ཐེངས་དང་པོའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཐད་ལ་ཉེ་སྔོན་སྐུ་གཤེགས་རྒྱ་གར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་དམ་པ་ Nand Kishore Trikha མཆོག་དང། བོད་མི་མང་སྤྱི་ཟུར་ཧོར་གཙང་བློ་བཟང་བསྟན་འཛིན་ལགས་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་ཞུས་པའི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙོན་སྒྲོན་གནང་ལྷན་གྲོས་ཚོགས་འཐུས་མི་ཚོ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་ཀྱང་ཞུས་ཡོད་པ་རེད།

རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་གཞིས་བྱེས་བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་གྱི་མ་རེད།

དེ་རིང་ཟླ་ ༣ ཚེས་ ༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་གྱི་དྲག་གནོན་རྗེས་དྲན་ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད། དེའང་ལྡི་ལི་ཁུལ་གྱི་བོད་མི་ཚོས་ Parliament Street ཁུལ་དུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་བ་དང་། ལས་འགུལ་དེ་ནི་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ནས་ཚེས་ ༡༣ བར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཐོག་མར་དབུ་འཛུགས་ཀྱིས་བོད་རྒྱལ་ཡོངས་སུ་རྒྱ་ནག་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་བོད་མི་ཚོས་མ་གྲོས་སེམས་པ་གཅིག་མཐུན་གྱིས་ཞི་བའི་སྒེར་ལངས་གནང་ཡོད་པ་དང་།    མཐར་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་དྲག་ཆས་དམག་དཔུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱས་སྟབས་བོད་མི་ལས་འགུལ་བ་ ༢༢༥ ལྷག་གི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་བ་མ་ཟད།  བོད་མི་ ༧༠༠༠ ཙམ་ཞིག་འཛིན་བཟུང་དང་དེ་བཞིན་བོད་མི་ ༥༠༠ ལྷག་ཙམ་ཞིག་དུས་བཀག་འདྲ་མིན་གྱི་བཙོན་འཇུག་བྱས་པ་སོགས་ས་བྱི་ཞི་རྒོལ་གྱི་དྲག་གནོན་རྗེས་དྲན་ལས་འགུལ་ཞིག་ཡིན་པ་རེད། ལས་འགུལ་གོ་སྒྲིག་ཞུ་མཁན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་མགྲིན་ཚབ་པ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་བོད་ནང་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལས་འགུལ་དེ་དང་ལྷག་པར་དེ་རྗེས་བོད་མི་ ༡༥༠ ལྷག་ནས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་དམར་པོའི་སྲིད་གཞུང་གི་ངོས་ནས་བོད་མིའི་ཐོག་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཇི་ལྟར་བྱས་ཀྱང་། གཞིས་བྱེས་བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་གྱི་མ་རེད་ཅེས་གསུངས་སོང་། དེ་རིང་རྒྱལ་ས་ལྡི་ལིའི་  Parliament Street ཁུལ་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་ཞུས་པའི་ས་བྱི་ཞི་རྒོལ་གྱི་རྗེས་དྲན་ལས་འགུལ་དེའི་སྐབས་ལྡི་ལི་ཁུལ་གྱི་བོད་མི་ ༢༠༠ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ལས་འགུལ་བ་ཚོས་བོད་རང་བཙན་གཙང་མ་ཡིན།  རྒྱ་ནག་བོད་ནས་ཕྱིར་ལོག་དགོས།  ༸གོང་ས་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་སོགས་ཀྱི་ངོ་རྒོལ་སྐད་འབོད་གནང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་སྐབས་དེར་ས་བྱི་ཞི་རྒོལ་གྱི་ལས་འགུལ་དེའི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ཤིག་མང་ཚོགས་ལ་དྲན་སྐུལ་ཞུས་པ་དང་འབྲེལ། ནམ་ཞིག་དུས་ཚོད་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡོད་པས་བོད་མི་ཚོའི་ངོས་ནས་དུས་ཚོད་ཀྱི་གོ་སྐབས་དེ་དམ་འཛིན་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་གནད་ཡོད་མི་སྣ་གཉིས་ཕེབས་འདུག་པ་དང་། དེ་སྔོན་བོད་དུ་དངོས་སུ་ཕེབས་མྱོང་ཡོད་པའི་གསར་འགོད་པ་སྐུ་ཞབས་ Vijay Kranti  མཆོག་གིས་ང་བོད་ནང་དངོས་སུ་ཕྱིན་ཏེ་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་བྱུང་སྐོར་གསུངས་ཡོད། རྒྱ་ནག་གི་དྲག་གནོན་ཇི་ཙམ་བྱེད་བཞིན་ཡོད་ཀྱང་བོད་ནང་གི་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་སྙིང་སྟོབས་ཞུམ་པ་མེད་པར་ལས་འགུལ་ཤུགས་ཆེན་པོ་མུ་མཐུད་སྤེལ་གྱི་རེད། ཁྱེད་རང་ཚོའི་ངོས་ནས་ཀྱང་ལས་འགུལ་མུ་མཐུད་སྤེལ་དགོས་ཀྱི་རེད།  རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུར་ཐེ་ཚོམ་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་མི་མང་དང་རྒྱལ་སྤྱིའི་ཁྱོན་ནས་ཁོང་ལ་ཡིད་ཆེས་དང་ཆེ་མཐོང་དད་པ་སོགས་ཆེན་པོ་ཡོད་རེད།  ང་རང་སྒེར་གྱི་ངོས་ནས་བོད་མི་ཚོ་བསོད་ནམས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་སོགས་གསུངས་ཡོད། བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་གནང་མཁན་རྩོམ་པ་པོ་གྲགས་ཅན་ལྕམ་སྐུ་  Madhu Keshwar  མཆོག་ནས་རྒྱ་གར་གྱི་སྲིད་བློན་དང་པོ་པཎྡྲ་ཏ་ནེཧརུ་མཆོག་གིས་བོད་དང་བོད་མིའི་ཐོག་འཛིན་པའི་རྒྱ་གར་གྱི་སྲིད་བྱུས་རྐྱེན་པས་ད་ལྟ་རྒྱ་ནག་ཕྱོགས་ནས་དཀའ་ངལ་མང་པོ་ཞིག་སྤྲོད་བཞིན་པའི་ཆབ་སྲིད་ཀྱི་དཀའ་ངལ་ཁག་ཅིག་འགྲེལ་བརྗོད་གནང་བ་མ་ཟད། ཁོང་སྒེར་གྱི་ངོས་ནས་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཚོ་བཙན་བྱོལ་བ་ཞིག་ཏུ་ངོས་འཛིན་གནང་གི་མེད། བོད་མི་ཚོ་ནི་རྒྱ་གར་གྱི་གནའ་བོའི་རྩ་ཆེའི་རིག་གཞུང་དེ་དག་ཉར་ཚགས་བྱེད་མཁན་ཤིན་ཏུ་ནས་བཀྲིན་ཆེ་བའི་མི་རིགས་ཤིག་ཡིན་པ་མ་ཟད།   བོད་མི་ཚོར་རྒྱ་གར་ཡུལ་མི་གཞན་དང་གཅིག་མཚུངས་ཀྱི་རང་དབང་སྤྲོད་དགོས་པ་དང་། ལྷག་པར་དུ་ཉེ་ཆར་སྲིད་བློན་ Narendra  Modi  མཆོག་གི་སྲིད་གཞུང་གི་ངོས་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཚོ་བོད་མིའི་ལས་འགུལ་དང་ཚོགས་འདུ་སོགས་སུ་འགྲོ་མི་ཆོག་པའི་བཀོད་ཁྱབ་དེར་ཁོང་སྒེར་གྱི་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་གནང་གི་ཡོད་པ་སོགས་གསུངས་ཡོད།  

Latest news