Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ།

བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག དེའང་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཚིགས་དང་བསྟུན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཉིས་མཉམ་འབྲེལ་ཐོག་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི་རྒྱ་ནག་གིས་ད་བར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བྱས་པའི་གནས་ཚུལ་དང་། ལྷག་དོན་རྒྱ་ནག་གཞུང་གི་ནག་ཉེས་དེ་རྒྱལ་སྤྱིའི་མང་ཚོགས་ཁྲོད་ནས་ཤེས་རྟོགས་ཐུབ་ཐབས་གནང་ཆེད་ཡིན་པ་རེད། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་ལས་འགུལ་དེའི་ཐོག་བཙན་བྱོལ་ནང་གི་བོད་མིའི་གྲངས་འབོར་དང་། དེ་བཞིན་བོད་མིའི་མངོན་འདོད་མཚོན་ཕྱིར་༸སྐུའི་འཁྲུངས་སྐར་གྱི་མངར་ཟས་ Cake ཕི་ཀྲི་ ༡༤༧ ལྷག་ཡོད་པའི་སྟེང་དུ་མཆོད་མེ་ ༡༣༠༠༠༠ ཕུལ་ནས་ Guinness World Record འམ་འཛམ་གླིང་ཟིན་ཐོ་ནང་འཁོད་ཐུབ་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༢༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་ཕྱི་ལོ་ ༡༩༨༩ ལོར་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གློ་བུར་དུ་གདན་ས་བཀྲིས་ལྷུན་པོར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༦ ལ་ཕེབས་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་ངོས་འཛིན་མཛད་ཡོད། འོན་ཀྱང་སྐབས་དེར་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་ནག་ཆུ་ས་གནས་ལྷ་རི་རྫོང་བཞུགས་གནས་ནས་བཙན་ཁྲིད་བྱས་ཡོད་སྟབས། དུས་དེ་ནས་བཟུང་ད་བར་གར་ཡོད་ཤེས་རྟོགས་མེད་པར་འགྱུར་ནས་མི་ལོ་ ༢༣ ཏག་ཏག་འགྲོ་ཡི་ཡོད་པ་རེད། འདས་པའི་མི་ལོ་ ༢༣ དེའི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་དང་། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ནས་རྒྱ་གཞུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པ་དང་། ཁོང་གི་ཤེས་ཡོན་དང་༸སྐུ་གཟུགས་ཀྱི་གནས་སྟངས་ཇི་ཆགས་གསལ་པོ་དགོས་པའི་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ད་བར་རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མ་མཆོག་གི་ནང་མི་དང་ལྷན་པེ་ཅིང་དུ་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པ་ཡོངས་བསྒྲགས་བྱས་པ་ཙམ་ལས། ཁོང་གི་ཤེས་ཡོན་དང་༸སྐུ་གཟུགས་ཀྱི་གནས་སྟངས་སོགས་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད།

རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྨང་གཞི་ཐད་ལ་འགྱུར་བ་རྩ་བ་ནས་མི་འདུག

བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་ཏེ་ཧིན་དྷི་ཐོག་ནས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་ཤིག་འདོན་སྤེལ་གནང་བ་དང་སྦྲགས། དབུ་འབྱེད་མཛད་སྒོའི་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྨང་གཞི་ཐད་ལ་འགྱུར་བ་རྩ་བ་ནས་མི་འདུག་ཅེས་གསུངས་སོང་། དེ་རིང་ཟླ་ ༣ ཚེས་ ༢༨ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཀའ་ཤག་གི་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཐུགས་རྗེ་ཆེ་ཞུའི་ཆེས་མཐོའི་ཚོགས་ཆུང་གི་ཚོགས་མི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ཆེད་ཕེབས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པས་བཟོ་སྒྲིག་ཞུས་པའི་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་གླུ་གཞས་དེ་དབུ་འབྱེད་གནང་ཡོད་པ་རེད། གླུ་གཞས་དེའི་ཐོག་ནས་འཕགས་བོད་གཉིས་ཀྱི་དབར་ལོ་ངོ་སྟོང་ཕྲག་རིང་ནས་ཐོུང་མ་ཡིན་པའི་འབྲེལ་བ་དང་ཁྱད་པར་དུ་ཆོས་ཕྱོགས་ནས་བླ་སློབ་ཀྱི་འབྲེལ་བ་དམིགས་བསལ་བ་ཡོད་སྐོར་གསལ་བཏོན་གནང་འདུག་པ་མ་ཟད། སྒོས་སུ་རྒྱ་དམར་གཞུང་ནས་བོད་བཙན་འཕྲོག་བྱས་རྗེས་ད་བར་བོད་མི་རྣམས་ལ་གཟིགས་སྐྱོང་རྒྱ་ཆེ་འོག་གནས་ཚང་གཡར་ཏེ་བཀྲིན་ཧ་ཅང་གི་ཆེན་པོ་ཆགས་ཡོད་པར་རྗེས་དྲན་ཞུས་འདུག གླུ་གཞས་འདོན་སྤེལ་དང་ཆབས་ཅིག་ཏུ་སྲིད་སྐྱོང་མཆོག་ནས་ཕྱི་དྲིལ་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་འཕགས་བོད་དབར་གྱི་འདས་དང་མ་འོངས་པའི་སྐྱིད་སྡུག་མཉམ་མྱོང་གི་མཛའ་འབྲེལ་དེབ་གཅིག་དང་བོད་གནས་ཉམས་ཞིབ་པ་སྐུ་ཞབས་ Claude Arpi ལགས་ནས་ཉམས་ཞིབ་ཕྱོགས་སྒྲིག་གནང་བ་རྒྱ་གར་དང་བོད་ཀྱི་གནའ་བོའི་འབྲེལ་བ་དང་ད་ལྟའི་གནས་བབ་ཞེས་པའི་དེབ་གཅིག་བཅས་དབུ་འབྱེད་གནང་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བོད་མི་རྣམས་ལ་རྒྱ་གར་གཞུང་ལས་ལྷག་པ་བཀྲིན་ཅན་གྱི་རྒྱལ་ཁབ་གཞན་སུ་ཡང་མེད་སྟབས་ང་ཚོས་ཚིག་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ཉིན་རེ་བཞིན་དུ་བཀྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ་སྲུང་བརྩི་ཞུ་གལ་ཡིན་པ་ནན་བརྗོད་གནང་སོང་། དེ་བཞིན་སྐབས་དེར་གསར་འགོད་པས་སྲིད་སྐྱོང་མཆོག་ལ་ཉེ་ཆར་རྒྱ་གར་དབུས་གཞུང་གིས་བཀོད་ཁྱབ་གནང་ཐོག་གཞུང་འབྲེལ་དཔོན་རིགས་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཐོག་ཞུགས་མི་ཆོག་པ་གསུངས་ཡོད་པ་དང་འབྲེལ་ནས་མི་མང་ཞིག་ལ་སེམས་འཚབ་རང་བཞིན་ཞིག་ཆགས་ཡོད་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་དེའི་བཀའ་ལན་དུ་རྒྱ་གར་གཞུང་ནས་བོད་དོན་དང་༸གོང་ས་མཆོག་གི་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྨང་གཞི་ཐད་ལ་འགྱུར་བ་རྩ་བ་ནས་མི་འདུག་ཅེས་གསུངས་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུའི་མཛད་རིམ་གཙོ་བོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་འཚོགས་རྒྱུར་གྲ་སྒྲིག་གནང་ཡོད་ནའང་། དེ་འབྲེལ་མཛད་རིམ་ལ་ཕྲན་བུ་འགྱུར་བ་བཏང་དགོས་བྱུང་ནས་མཐར་བཞུགས་སྒར་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་སྲུང་བརྩི་ཞུ་གཏན་ཁེལ་ཡོད་པ་རེད། དེ་མིན་ཐུགས་རྗེ་ཆེ་ཞུའི་ལས་རིམ་གཞན་ཁོངས་སུ་ཁོར་ཡུག་གཙང་བཟོ་དང་གཏམ་བཤད། མཆོད་འབུལ་སྨོན་ལམ། ཉམ་ཐག་དང་དབུལ་ཕོངས་ལ་བྱིན་པའི་བྱ་བ་སོགས་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་སྤེལ་རྒྱུ་རེད་འདུག

བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༢ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་ཟླ་ ༣ ཚེས་ ༢༨ ཉིན་སྔ་དྲོ་ཚོུད་ ༩།༣༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ཏེ་མི་ལོ་ ༡༠༢ འཁོར་བ་དང་། བྱེས་སུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཞུགས་སྒར་དུ་སྨན་རྩིས་ཁང་གསར་འཛུགས་མཛད་དེ་མི་ལོ་ ༥༧ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་༸སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས། སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་དབུས་པའི་དགེ་ལས་སློབ་གཉེར་བ་བཅས་མཉམ་ཞུགས་གནང་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་་བཀའ་བློན་མཆོག་ནས་བོད་མི་རྒན་རབས་མང་དག་ཞིག་གིས་སྐུ་ལས་བསྐྱོན་པར་བརྟེན་ད་ལྟའི་ཆ་ལ་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་དེ་བོད་མི་དང་ས་གནས་རྒྱ་གར་གྱི་ཡུལ་མི་ཙམ་མ་ཟད། རྒྱལ་སྤྱིའི་མང་ཚོགས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་པ་དེ་སྤོབས་པ་བྱ་འོས་པ་ཞིག་ཡིན་པ་དེ་ལྟར་ཡང་། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་འདི་མུ་མཐུད་ནས་འཛིན་སྐྱོང་སྤེལ་གསུམ་ཡོང་བར་སྨན་རྩིས་ཁང་གི་ངོས་ནས་རྒྱུན་འཛིན་གནང་དགོས་གལ་ཡིན་སྟབས། ཚང་མས་རྩ་ཆུ་བཟང་ས་ལ་མགོ་ཐོན་བྱས་ནས་མ་ཕྱིན་པར་གང་ཐུབ་ཅི་ཐུབ་ཀྱི་ང་ཚོའི་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་དགོས་པ་གསུངས་སོང་། དེང་སྐབས་བོད་པའི་སྤྱི་ཚོགས་ཁྲོད་ལ་སེམས་ཁམས་བདེ་མིན་དང་འབྲེལ་བའི་ན་ཚ་ཡོད་མཁན་ཇེ་མང་དུ་འགྲོ་བའི་གནས་ཚུལ་ཡང་ཡང་འཐོན་བཞིན་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། ད་ལྟ་ནས་གནད་དོན་དེའི་ཐོག་གོ་རྟོགས་དང་སློབ་གསོའི་ལས་གཞི་སྤེལ་གནད་ཆགས་ཡོད་པ་མ་ཟད། བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་སུ་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་ཐོག་ནད་གཞི་སྔོན་འགོག་གི་གོ་རྟོགས་སྤེལ་གལ་ཡིན་པ་སོགས་ཀྱང་གསུངས་ཡོད། གཞན་ཡང་ཐེངས་འདིའི་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༢ འཁོར་བའི་དུས་དྲན་སྲུང་རྩིའི་མཛད་སྒོའི་ཐོག་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བཀྲིས་ལགས་ནས་སྨན་རྩིས་ཁང་གི་ལས་དོན་གཙོ་ཆེ་ཤོས་དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་ཞབས་ཕྱི་ཞུ་རྒྱུ་དེ་ཡིན་སྟབས། ༸སྐུའི་བླ་སྨན་པ་རྣམས་ནས་མུ་མཐུད་འཐུས་ཤོར་མེད་པར་དེའི་ཐོག་ཞབས་ཕྱི་ཞུ་མུས་ཡིན་པ་མ་ཟད། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གི་དགུང་ཀེག་དང་འབྲེལ་བའི་སྐར་དཔྱད་རྩིས་རིག་ཐོག་ནས་ཞུ་སྒོ་མཐའ་དག་ཆད་ལྷག་མེད་པར་ཞུ་བཞིན་ཡོད་པ་གསུངས་སོང་། དེ་རིང་གི་མཛད་སྒོ་དང་བསྟུན་སྨན་རྩིས་ཁང་ནས་༸སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ལ་ཉེ་ཆར་རྒྱ་གཞུང་གི་པདྨ་ཤྲཱི་ཆེ་བསྟོད་གཟེངས་རྟགས་ཐོབ་པར་དགའ་བསུའི་བསྔགས་བརྗོད་དང་འབྲེལ་ལེགས་གསོའི་ཕྱག་རྟགས་ཤིག་ཕུལ་སོང་བ་མ་ཟད། སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་བསྟོད། དེ་བཞིན་འདས་ལོའི་ནང་སྨན་རྩིས་ཁང་གི་ཞིབ་འཇུག་སྡེ་ཚན་དང་རྒྱ་ཡིག་སྡེ་ཚན་སོགས་ནས་ཕྱོགས་བསྒྲིགས་ཞུས་པའི་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་འགྲེམས་སྤེལ་གནང་ཡོད།   གཞི་རྩའི་ཕྱི་ལོ་ ༡༦༩༦ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་རྣམ་གཉིས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་རྗེས། ཕྱི་ལོ་ ༡༩༡༦ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གསོ་དཔྱད་སྨན་སྐར་དཔྱད་རྩིས་ཀྱི་རིག་པ་གཉིས་ཀྱི་སློབ་གཉེར་ཁང་གསར་འཛུགས་གནང་སྟེ་རིམ་པས་བོད་ཆོལ་གསུམ་གཙོས་པའི་འབྲུག་དང་འབྲས་ལྗོངས། ཁུ་ནུ། དེ་བཞིན་ལ་དྭགས་བཅས་ནས་སློབ་ཕྲུག་བསྡུ་བཞེས་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་༸རྒྱལ་མཆོག་༸སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་སླད། ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེ་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་དངོས་སུ་དབུ་བརྙེས་པ་ནས་བཟུང་དུས་ད་ལྟ་བར་རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་གསོ་རིག་སྨན་པས་ཞབས་འདེགས་ཞུ་མུས་ཡིན་པ་མ་ཟད། ད་ལྟའི་ཆ་ལ་སྨན་རྩིས་ཁང་དུ་ལས་བྱེད་དང་སློབ་ཕྲུག་ ཁྱོན་ ༧༨༡ ཡོད་པ་རེད་འདུག

ཉི་མ་ལྷ་མོ་ལགས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་མཉམ་ཞུགས།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཁ་སང་ཚེས་ ༢༧ ཉིན་ཨོ་སི་ཊོ་ལི་ཡའི་གུ་ཡངས་ཆབ་སྲིད་ཚོགས་པའི་འཐུས་མི་དང་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ Kevin Andrews ལགས་ཀྱིས་རྐང་གོ་སྒྲིག་འོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཉན་ཞིབ་ལས་རིམ་ཐོག་ལྷན་ཞུགས་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་གསེང་ཞུས་འདུག སྐབས་དེར་ཉི་མ་ལྷ་མོ་ལགས་ཀྱིས་ཁོ་མོའི་ཞང་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་ཁག་ལུང་འདྲེན་དང་འབྲེལ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་རྒྱ་གཞུང་ལ་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་པ་ནས་བཟུང་ཁོང་རང་ཉིད་གཙོས་པའི་ནང་མི་ཉེ་འབྲེལ་དང་དེ་བཞིན་གྲོང་མི་སོགས་ལ་དམ་དྲག་གིས་སུན་གཙེར་བྱས་པ་དེ་ནི་བོད་ནང་གི་བོད་མི་རྣམས་དང་ལྷག་དོན་ཆབ་སྲིད་བཙོན་པ་ཚོར་རྒྱ་ནག་གི་དབང་སྒྱུར་འོག་བསམ་ཡུལ་ལས་འདས་པའི་ངལ་བ་འཕྲད་པའི་དཔེ་མཚོན་མང་པོའི་ནང་གཅིག་ཡིན་སྐོར་གསུངས་འདུག དེ་བཞིན་ཁོང་གིས་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ས་ཁྱོན་ཡོངས་སུ་བོད་མིའི་ཁྲོད་ནས་རང་ལུས་མེར་སྲེག་གཅིག་རྗེས་གཉིས་མཐུད་གནང་བ་དེ་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་འ་ཆད་འུ་ཐུག་ནས་གནང་བ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ཁོང་རང་ཉིད་ཀྱི་ངོས་ནས་ཀྱང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་དགོངས་པ་རྫོགས་པའི་བརྒྱུད་རིམ་ཁྲོད། རྒྱལ་སྤྱིའི་ཚོགས་སྐྱིད་ཁག་ནས་བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་འོག་དཀའ་སྡུག་དྲག་པོ་མྱོང་བའི་གནས་སྟངས་ཐོོག་ཐུགས་སྣང་ཞིག་ཡོང་བར་དགོངས་ནས་རང་སྲོག་བཅད་ཐབས་གནང་སྐོར་གསུངས་འདུག ཨོ་སི་ཊོ་ལི་ཡའི་གུ་ཡངས་ཆབ་སྲིད་ཚོགས་པའི་འཐུས་མི་དང་བློན་ཆེན་ཟུར་པ་སྐུ་ཞབས་ Kevin Andrews ལགས་ཀྱིས་ཉི་མ་ལྷ་མོ་ལགས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་བསྔགས་བརྗོད་གནང་བ་དང་འབྲེལ། ཁོང་གི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་འདི་བཞིན་བོད་ནང་གི་གནས་སྟངས་ལ་ཐུགས་སྣང་གནང་ངེས་ཡིན་པ་གསུངས་འདུག དེ་བཞིན་ཨོ་སི་ཊོ་ལི་ཡའི་ངལ་སྩོལ་ཚོགས་པའི་འཐུས་མི་ལྕམ་སྐུ་ Meryln Swanson ལགས་ཀྱིས་ཉི་མ་ལྷ་མོ་ལགས་དང་ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་མ་ཟད། ཁོང་ནས་བོད་མི་རིགས་ཀྱི་བདེན་དོན་སླད་ཞུམ་པ་མེདཔའི་སྙིང་སྟོབས་དང་བློས་བཏང་ལ་ཡི་རང་བསྔགས་བརྗོད་ཀྱང་གནང་འདུག གཞི་རྩའི་ ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲེན་ཏུར་འབར་རྫས་གས་ཐོར་གྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་བརྗོད་ནས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང། དེའི་རྗེས་ལོ་གཉིས་དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་གིས་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་མཐར་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས ༡༢ ཉིན་ཁྲན་ཏུ་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་པ་རེད།      

༸གོང་ས་མཆོག་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་དྲན་གསོའི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་ལེགས་གྲུབ་གནང་བ།

དེ་རིང་ཟླ་ ༣ ཚེས་ ༡༧ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷ་ས་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཆིབས་བསྒྱུར་མཛད་པའི་ཉིན་མོ་དང་བསྟུན། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར་རྟ་དབང་ནང་རྟེན་གཞི་བྱས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་རྐང་གོ་སྒྲིག་ཐོག་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་ཆུ་དྭངས་མོ་ནས་འགོ་འཛུགས་གནང་བའི་པཐ་ཡཏྲ་ཞེས་དྲན་གསོའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་དོན་ལྟར། དེ་རིང་རྒྱ་གར་གྱི་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཏེ་ཛ་པུར་ནང་མཇུག་སྒྲིལ་ལེགས་གྲུབ་གནང་འདུག མཇུག་སྒྲིལ་གྱི་མཛད་སྒོ་དེ་དེ་རིང་སྔ་དྲོ་ཚོུད་ ༡༠ ཙམ་ལ་གོམ་བགྲོད་པ་རྣམས་གྲོང་ཁྱེར་ Tezpur ནང་འབྱོར་མ་ཐག་ཁུལ་དེར་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ནང་༸ཞབས་སོར་བདེ་བར་འཁོད་རྗེས་བོད་མི་ཚོར་བཀའ་སློབ་ཐོག་མ་བསྩལ་ཡུལ་ས་ཚིགས་ཆེས་ཐོག་མ་ཆགས་པའི་ Darrang མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་ཆེན་མོར་ཚོགས་ཡོད་པ་དང་། སྐབས་དེར་ Darrang མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་། རྟ་དབང་དགོན་པའི་མཁན་པོ། ས་གནས་ཀྱི་གནད་ཡོད་མི་སྣ་དང་མང་ཚོགས་མང་དག་ཞིག་ནས་མཉམ་ཞུགས་གནང་འདུག གཞི་རྩའི་ཐེངས་འདིའི་དྲན་གསོའི་གོམ་བགྲོད་ཀྱི་ལས་འགུལ་འདི་ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་ཆུ་དྭངས་མོ་ནས་འགོ་འཛུགས་གནང་སྟེ། འདས་པའི་ཉིན་གྲངས་༡༡ རིང་ལ་ཁུལ་དེའི་གྲོང་ཁྱེར་རླུང་ལ་གྲོང་ཁྱེར་དང་ས་གནས་རྟ་དབང་དང་བྱང་སྡེ་རང་། འབུམ་སྡེ་ལ། དེ་བཞིན་སེང་གེ་རྫོང་སོགས་དེ་སྔ་༸གོང་ས་མཆོག་ཆིབས་བསྒྱུར་མཛད་ཡུལ་ས་གནས་སོ་སོར་གོམ་བགྲོད་གནང་ནས་ཕེབས་པ་མ་ཟད་ས་གནས་དེ་དག་ནང་འབྱོར་སྐབས་མཛད་རིམ་འདྲ་མིན་གོ་སྒྲིག་ཐོག་ས་གནས་མང་ཚོགས་རྣམས་ལ་༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་༸སྐུ་པར་འགྲེམས་སྤེལ། དེ་བཞིན་དགོན་སྡེ་ཁག་ལ་ཆོས་ཕྱོགས་ཀྱི་ལས་དོན་སོགས་རྒྱ་ཆེ་སྤེལ་ཡོད་པ་རེད།

བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༦ དབུ་འཛུགས་གནང་བ།

དེ་རིང་ཟླ་ ༣ ཚེས་ ༢༦ ཉིན་སྔ་དྲོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༦ དབུ་འཛུགས་གནང་སོང་བ་དང་། འཕྲོད་བསྟེན་ལས་ཁུངས་ནས་འགྲེལ་བརྗོད་གནང་གསལ་ཉེ་ལམ་བཙན་བྱོལ་བོད་མིའི་གཞོན་སྐྱེས་ཁྲོད་ Depression འམ་སེམས་བུག་དོག་པའི་ནད་གཞི་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསུངས་འདུག བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༦ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང། ༸གོང་ས་མཆོག་གི་ཕྱི་ལུགས་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས། ༸གོང་ས་མཆོག་གི་བོད་ལུགས་༸སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གཞིས་སྒར་ཁག་གི་སྨན་ཁང་འགན་འཛིན་དང་སྨན་པ་དང། དབུས་སྨན་རྩིས་ཁང་གི་སྨན་པ། དེ་བཞིན་ནང་སྲིད་དང་ཤེས་རིག འཕྲོད་བསྟེན། ཆོས་རིག་སོགས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༣༥ ནས་ཚོགས་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མི་འབོར་ལ་གཞིགས་པའི་གློ་ནད་ཊི་སྦི་དང་མཆིན་པའི་གཉེན་ཚད་ཀྱི་ནད་གཞི་གཉིས་པོ་དེ་ད་དུངའང་ཉེན་འཚབ་ཆེ་བའི་ནད་གཞི་ཆགས་ཀྱི་ཡོད་པ་དང། ལྷག་པར་དུ་དེ་སྔ་དང་མི་འདྲ་བར་ཉེ་བའི་ཆར་བཙན་བྱོལ་བོད་མིའི་གཞོན་སྐྱེས་ཁྲོད་ Depression འམ་སེམས་བུག་དོག་པའི་ནད་གཞི་ཡོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་འདུག་ཅེས་གསུངས་ཡོད། རྩ་བའི་ཕྱི་ལོ་ ༢༠༡༦ ལོར་༸གོང་ས་མཆོག་གིས་ནད་རིགས་སྔོན་འགོག་ཐོག་འཐུས་ཤོར་ཕྱིན་ཡོད་པར་བཀའ་སློབ་ནན་པོ་ཕེབས་ཡོད་པ་ལྟར། ལོ་དེའི་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་དམིགས་བསལ་ཚོགས་ཆེན་བསྐོང་ཚོགས་དང་འབྲེལ་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་གནང་ཡོད་པ་དང། ད་རེས་སླར་བཞུགས་སྒར་དུ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༦ བསྐོང་ཚོགས་གནང་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆེད་ཕེབས་གནང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ནད་རིགས་ཀྱི་ལས་དོན་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་གལ་གནད་ཤིན་ཏུ་ཆེ་བ་ཡིན་སྐོར་གསུངས་བ་དང་ཆབས་ཅིག ཕྱི་ལོ་ ༢༠༢༡ ནང་ཚུལ་ལ་བོད་པའི་སློབ་གྲྭ་ཁག་ཏུ་གློ་ནད་ཊི་སྦི་ནད་གཞི་མེད་པ་བཟོ་དགོས་པ་དང་། དེ་བཞིན་ནད་རིགས་ཁག་གི་གྲངས་ཐོར་བསྐྱར་ཞིབ་ཚད་ལྡན་གནང་དགོས་གལ་ཡིན་པ་གསུངས་ཡོད། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཚོགས་བཅར་བ་ཡོངས་ནས་ཚོགས་འདུ་ཐོག་དཀའ་ངལ་རྐྱང་པ་གསུང་བ་ཙམ་མ་ཡིན་པར་གཙོ་བོ་དེ་དག་སེལ་ཐབས་ཐོག་དགོངས་ཚུལ་སྤུངས་དགོས་པ་གསུངས་ཡོད། རྩ་བའི་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ ༥ པ་དེ་ཕྱི་ལོ་ ༢༠༡༡ ལོར་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་ཐོག་ཚོགས་ཐེངས་སྔ་མའི་གྲོས་ཆོད་ལ་བསྐྱར་ཞིབ་དང་། བཙན་བྱོལ་བོད་མི་སྤྱི་ཡོངས་ཀྱི་འཕྲོད་བསྟེན་གནས་སྟངས། དེ་དག་ལ་གདོང་ལེན་དང་ཐབས་ལམ། གསོ་རིག་དང་ཕྱི་ལུགས་ཟུང་འབྲེལ་གྱི་སྨན་བཅོས་ཞུ་ཕྱོགས། ཊི་སྦི་དང་མཆིན་པའི་གཉེན་ཚད། ཕོ་བ་དང་འབྲས་ནད། མྱོས་རྫས་ངན་གོམས་དང་གཉན་ནད་རེག་དུག་བཅས་ཀྱི་སྔོན་འགོག་སོགས་བརྗོད་གཞི་ཁག་འདྲ་མིན་ཐོག་ཆེད་ལས་སྨན་པ་ཁག་གི་གཏམ་བཤད་དང་བགྲོ་གླེང་། གོ་བསྡུར་སོགས་གནང་གི་ཡོད་པ་རེད། སྤྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༥ ལོའི་གྲངས་ཐོར་གཞིགས་ཚེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློད་ནད་ཊི་སྦི་ཡོད་མཁན་མི་གྲངས་ ༢༩༦ དང་། མཆིན་པའི་གཉེན་ཚད་ཡོད་མཁན་ ༢༢༡ དེ་བཞིན་གཉེན་ནད་རེག་དུག་ཡོད་མཁན་ ༦༥ སེམས་ནད་ཡོད་མཁན་ ༣༠ བཅས་ཆགས་ཡོད་པ་རེད། རྩིས་ལོ་ ༢༠༡༨༌༌༌༡༩ ལོའི་སྔོན་རྩིས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་མོ་གཅིག་གི་ལས་འཆར་ཁྲོད་ཤེས་ཡོན་གྱི་ལས་འཆར་རྗེས་སུ་དངུལ་འབོར་མང་ཤོས་དེ་འཕྲོད་བསྟེན་ཐོག་ཆགས་ཀྱི་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་འདི་ལོའི་སྔོན་རྩིས་ནང་དུ་མང་ཚོགས་ཀྱི་འཕྲོད་བསྟེན་ལས་དོན་ཆེད་ཧིན་སྒོར་ས་ཡ་ ༡༣༠ ལྷག་གྲོས་ཚོགས་སུ་རྒྱབ་གཉེར་གྱིས་གཏན་འབེབས་གནང་ཡོད་པ་དང་། དེའི་ཁྲོད་ནས་སྨན་ཁང་ཉམས་གསོ་དང་འཕྲོད་ལས་པའི་ལས་ཤག་ཆེད་ཧིན་སྒོར་འབུམ་ ༨༠ འགྲོ་གྲོན་གནང་རྒྱུ་རེད་འདུག

ཁེ་ན་ཌ་དང་རྒྱ་ནག་གཉིས་ཀྱི་རང་དབང་ཚོང་འབྲེལ་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་སྐོར་ལས་རིམ་ཞིག་ཚོགས་པ།

ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོོགས་པས་ཟླ་ ༣ ཚེས་ ༢༢ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྟེན་གཞི་བྱས་པའི་ཨོ་ཊ་ཝའི་མཐོ་སློབ་ཀྱི་འགྲོ་བ་མི་ཐོབ་ཐང་ཞིབ་འཇུག་དང་ཤེས་ཡོན་བསྟི་གནས་ཁང་དང་མཉམ་སྦྲེལ་ཐོག་ཁེ་ན་ཌ་དང་རྒྱ་ནག་དབར་གྱི་རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་བཞག་པ་དེས་བོད་ནང་གི་བོད་མིའི་འགྲོ་བ་མིི་ཐོབ་ཐང་གི་གནས་སྟངས་ཐད་ལ་ཤུགས་རྐྱེན་ཇི་ལྟར་སྤྲད་སྐོར་ཟབ་སྦྱོང་གི་ལས་རིམ་ཞིག་ཚོགས་འདུག རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དྲུང་ཆེ་སྐུ་ཞབས་ Ales Neve  ལགས་དང་ཨོ་ཊ་ཝའི་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ཀྱི་སློབ་དཔོན་ལྕམ་ Penelope Simon ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ Gernett Genius ལགས། ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཞིབ་འཇུག་འབྲེལ་མཐུད་པ་དཀོན་མཆོག་སྒྲོལ་མ་ལགས། དྲྭ་རྒྱའི་སྲུང་སྐྱོབ་མཁས་ལས་པ་སྐུ་ཞབས་ Greg Walton ལགས་བཅས་གསུང་བཤད་གནང་མཁན་དང་།  གཞུང་འབྲེལ་གྱི་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཁྲིམས་ཀྱི་སློབ་ཕྲུག གྲོས་ཚོགས་ཀྱི་ལས་བྱེད།  དེ་བཞིན་ཚོང་འབྲེལ་གྱི་མི་སྣ་ཁག་ཅིག་བཅས་ཁྱོན་མི་གྲངས་ ༣༥ ནས་མཉམ་ཞུགས་གནང་འདུག སྐབས་དེར་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་ཁག་ཅིག་གིས་ཁེ་ན་ཌ་གཞུང་གི་ངོས་ནས་བོད་ནང་གི་བོད་མི་རྣམས་ཀྱི་འཚོ་གནས་དང་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་མི་འགྲོ་བའི་སྒོ་ནས་རྒྱ་ནག་དང་ལྷན་དུ་རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་སྟངས་ཀྱི་ཐབས་ལམ་བྱེ་བྲག་ཐོག་གྲོས་བསྡུར་གནང་བ་མ་ཟད་ཚོང་འབྲེལ་གྱི་གྲོས་མཐུན་དེའི་ཆ་ཤས་འོག་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཞིབ་བཤེར་འཐུས་ཚང་ཞིག་གནང་དགོས་པའི་དགོངས་ཚུལ་ཡང་ཕུལ་འདུག ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཞིབ་འཇུག་འབྲེལ་མཐུད་པ་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་ངོ་སྤྲོད་གླེང་མོལ་གནང་སྐབས་རང་དབང་ཚོང་འབྲེལ་གྱི་གྲོས་མཐུན་ཐོག་འགྲོ་བ་མིའི་ཐོབ་ཐང་གི་རྣམ་པའི་ཐོག་ནས་གཟིགས་ཚེ་བོད་དེ་དཔེ་མཚོན་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། བོད་ནང་གི་བོད་མི་ཚོར་རང་ཉིད་ཀྱི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད་པའི་དཔའ་འབྱོར་དང་ཆབ་སྲིད་ཀྱི་གནད་དོན་ཅི་འདྲ་ཞིག་གི་ཐོག་ཐག་གཅོད་གནང་རྒྱུའི་གོ་སྐབས་རྩ་བ་ནས་མེད་པ་རེད་ཅེས་གསུངས་འདུག གཞན་ཡང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས་ནས་དྲྭ་རྒྱར་དམ་དྲག་གི་གནད་དོན་དང། ལྷག་ཏུ་རྒྱ་ནག་ནང་ལས་མི་ཚོར་དཀའ་ངལ་འཕྲད་སྐབས་ཞུ་གཏུག་བྱ་རྒྱུའི་ལམ་ལུགས་རན་འཚམ་མེད་པའི་གནས་སྟངས་ཐོག་ཐུགས་འཚབ་ཀྱི་རྣམ་པ་གསལ་བཏོན་དང་འབྲེལ། རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་ཀྱིས་བོད་མི་རྣམས་ཀྱི་རེ་འདུན་མི་བསྒྲུབ་པ་མ་ཟད་འགྲོ་བ་མི་ཐོབ་ཐང་གི་ཁྲིམས་རྩོད་པ་མང་དག་ཞིག་བཀག་སྐྱིལ་བྱེད་མུས་ཁར། བོད་ས་ཁྱོན་ཡོངས་ཀྱི་དྲྭ་རྒྱའི་ཐོག་མང་ཚོགས་ལ་སྨྲ་བརྗོད་ཀྱི་རང་དབང་ཙམ་ཡང་མེད་སྐོར་འགྲེལ་བརྗོད་གནང་འདུག  

བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་དང་སྦྲགས་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་གནང་བ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིག་གནང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དགོས་དངུལ་སྔོན་རྩིས་ཧིན་སྒོར་ས་ཡ་ ༢༦༥༢,༥༥༥༧༨༡ བཀའ་འཁྲོལ་གཏན་འབེབས་གནང་སོང་། དེ་རིང་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་སྔ་དྲོ་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་ཀྱི་ལས་རིམ་མཐའ་མར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམ་གསུང་བཤད་གནང་སྐབས་ད་བར་འདས་པའི་གྲོས་ཚོགས་ཀྱི་ལས་ཉིན་བཅུ་པོའི་རིང་ལ་རྐང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༨༌༌༡༩ ལོའི་སྔོན་རྩིས་གཏན་འབེབས་ཆགས་ཡོད་པ་དང་། དེ་དང་དུས་མཉམ་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ ༣ དང་སྐར་རྟགས་ཅན་གྱི་དྲི་བ་ ༢ ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆོད་གྲོས་འཆར་ ༡ བཅས་ཕེབས་ཡོད་སྐོར་གསུངས་སོང་བ་དང་། ཁྱད་པར་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གཅིག་ཕེབས་གསལ་དེའི་ཐོག་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པས་རྩལ་དུ་བཏོན་ནས་འགན་འཁུར་གྱི་ཆ་ཤས་བཞེས་པ་དེ་དག་དེ་སྔ་ལས་གནས་ཚད་ཏོག་ཙམ་མཐོ་རུ་སོང་ཡོད་པར་བསྔགས་བརྗོད་གནང་སོང་། ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ཆ་ནས་འཛིན་སྐྱོང་བཀའ་ཤག་ལ་བཅའ་ཁྲིམས་རིན་པོ་ཆེས་བསྐུར་བའི་འགན་ཆེ་ཤོས་བོད་དོན་བདེན་མཐའ་གསལ་ཆེད་ཐབས་བྱུས་ལྡན་པའི་ཐོག་ནས་འབད་བརྩོན་གནང་རྒྱུ་དེ་ཆགས་ཡོད་ཅེས་གསུངས་ཡོད། ལྷག་དོན་ང་ཚོ་བཙན་བྱོལ་དུ་གནས་པའི་རིང་ལ་ནང་ཁུལ་གྱི་ཆབ་སྲིད་ཀྱི་འཁོར་ལོ་བསྐོར་བ་མ་ཡིན་པར་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བོད་ཆོལ་གསུམ་ཆིག་སྒྲིལ་དང་མཐུན་ལམ་ལ་འགྱུར་བ་མེད་པར་གོང་བུ་གཅིག་ཏུ་སྒྲིལ་ཐོག་ཚང་མས་མནོ་བསམ་གནང་གལ་ཡིན་པ་གསུངས་ཡོད། སྒོས་སུ་ཚོགས་གཙོ་མཆོག་གིས་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་དང་། དེ་ལ་ཆེ་མཐོང་དང་ཡིད་ཆེས། དེ་དེ་བཞིན་རྒྱལ་སྤྱིའི་གཞུང་མང་ནས་བོད་ཀྱི་རིག་གཞུང་ལ་དོ་སྣང་ཤུགས་ཆེ་ཡོང་བཞིན་པའི་འབྱུང་ཁུངས་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། བོད་མི་ཚང་མས་མགོན་པོ་༸གང་ཉིད་མཆོག་གི་སྐུ་དྲིན་ལ་བསམ་ཤེས་ཀྱིས་༸རྒྱལ་བའི་བཀའ་གསུང་ཅི་བསྒྲུབ་ཞུ་གལ་ཡིན་པ་མ་ཟད། ཁྱད་པར་དུ་ལོ་རྗེས་མ་༸སྐུའི་དགུང་སྐེག་འཁེལ་ཡོད་སྟབས་༸སྐུ་ལ་ངན་འཚེ་ཕྲ་མོ་ཙམ་ཡང་མི་ཡོང་བ་གནང་གལ་ཡིན་པར་འབོད་སྐུལ་བཅས་གནང་སོང་། གཞི་རྩའི་ཐེངས་འདིའི་གྲོས་ཚོགས་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༨༌༌༡༩ ལོའི་དགོས་དངུལ་སྔོན་རྩིས་སྒོར་ས་ཡ་ ༢,༦༥༢,༥༥༥,༧༨༡ བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དེ་ཡང་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་འཆར་འབུལ་ཞུས་པ་ནས་བརྒྱད་འབུམ་ལྔ་ཁྲི་ཙམ་གཅོག་ཆ་གནང་ཡོད་པ་རེད།

མ་འོངས་པར་གནས་ཚུལ་བཟང་ངན་གང་བྱུང་ཡང་དེའི་འགན་བཀའ་སྤྱི་གཉིས་འགན་ཡོད།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་བཞི་པ་ནས་བཟུང་བོད་མི་བདེན་རྒྱབ་དང་བླངས་མི་མང་ལས་འགུལ་ཞེས་པའི་མིང་བྱང་འོག་བོད་མི་ལས་འགུལ་བ་ ༧༠ སྐོར་ཞིག་ནས་གངས་ཅན་སྐྱིད་ཤོངས་སིལ་པོལ་རྩེད་ཐང་དུ་འདུ་འཛོམས་དང་འབྲེལ། བཀའ་ཤག་གི་ངོས་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐོག་དྲང་པོ་བྱུང་མེད་པ་དང།  གྲོས་ཚོགས་ནས་གནད་དོན་དེའི་ཐད་ལ་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་པའི་དགོས་བདུན་བཏོན་ཡོད་ཀྱང། དེ་རིང་གྲོས་ཚོགས་ཚོགས་དུས་ལྔ་པ་ཡོངས་སུ་མཇུག་སྒྲིལ་ཟིན་ཡོད་ནའང་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་གནང་ཐུབ་མེད་པར་བརྟེན་བོད་མི་དེ་དག་གིས་མ་འོངས་པར་གནས་ཚུལ་བཟང་ངན་གང་བྱུང་ཡང་དེའི་འགན་ཡོངས་རྫོགས་བཀའ་སྤྱི་གཉིས་འགན་ཡོད་པར་འགྲེལ་བརྗོད་གནང་སོང་། རྩ་བའི་ཐེངས་འདིའི་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༨་༌༡༩ ལོའི་ལོ་འཁོར་སྔོན་རྩིས་ཐོག་བགྲོ་གླེང་གནང་བའི་ཁྲོད། སྤྱི་འཐུས་རྣམས་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གནད་དོན་ཐད་ལ་བཀའ་ཤག་ལ་འདྲི་རྩད་རིམ་པ་གནང་ཡོད་པ་དང་། དེའི་ཁོངས་སུ་སྤྱི་འཐུས་ཁག་ཅིག་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་པ། ལ་ལས་དེར་མོས་མཐུན་གནང་མེད་པ་མ་ཟད། གཞན་ཁག་ཅིག་གིས་བཀའ་ཤག་ནས་གནད་དོན་དང་འབྲེལ་ངོ་རྒོལ་གནང་མཁན་རྣམས་དང་ལྷན་མཇལ་མོལ་གནང་གལ་ཡིན་པ་སོགས་ཀྱི་དགོངས་ཚུལ་མང་དག་ཕུལ་མཁན་བྱུང་བ་དེར་ལྟར་ཡང། སྲིད་སྐྱོང་མཆོག་གིས་གནད་དོན་དེའི་ཐོག་བཀའ་ཤག་གིས་ཡིག་ངག་གཉིས་ཐོག་ནས་ལན་འདེབས་གསལ་བཤད་དང་ཆབས་ཅིག བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བ་དེ་ནི་ཁྲིམས་བཟོ་ལྷན་ཚོགས་ནས་བཀའ་ཤག་ལ་བསྐུར་བའི་སྐུ་དབང་གཞིར་བཞག་ཐག་གཅོད་གནང་བ་ཞིག་ཡིན་པ་དང། ཐག་གཅོད་དེ་ཁྲིམས་དང་མཐུན་པ་ཞིག་བྱུང་ཡོད་མེད་ཐག་གཅོད་གནང་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མར་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་སྐབས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་སྔ་རྗེས་སུ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་ཐད་ལ་དྲི་བ་ཧ་ལམ་བརྒྱ་ལྷག་ཙམ་གནང་ཡོད་པ་འགྲེལ་བརྗོད་དང་འབྲེལ། སྲིད་སྐྱོང་མཆོག་གིས་གནད་དོན་དེའི་ཐོག་བཀའ་ཤག་གིས་ཡིག་ངག་གཉིས་ཐོག་ནས་གསལ་བཤད་ཞུས་ཟིན་སྟབས། མང་ཚོགས་ནས་ཕན་ཚུན་དབར་འཁོན་འཛིན་གྱི་བློ་བཅང་རྒྱུ་མེད་པ་དང་། སྤྱིར་༸གོངས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་མི་རྣམས་ལ་མང་གཙོའི་ཐོབ་ཐང་ཆ་ཚང་བ་ཞིག་ཡོད་ཀྱང། གནད་དོན་དེའི་རིགས་ཀྱི་ཐོག་ངོ་རྒོལ་སོགས་གནང་སྐབས་བཟང་སྤྱོད་དང་ལྡན་པ་དགོས་གལ་ཡིན་པ་མ་ཟད། ལྷག་པར་དུ་མང་ཚོགས་ཀྱི་ཆིག་སྒྲིལ་དང་མཐུན་འབྲེལ་ལ་གནོད་སྐྱོན་མི་འགྲོ་བ་ཞིག་གནང་དགོས་པ། དེ་བཞིན་མང་ཚོགས་ཀྱི་ངོས་ནས་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་རྒྱའི་ཐོག་བོད་མིའི་ཆིག་སྒྲིལ་དང་མཐུན་འབྲེལ་ལ་གནོད་པའི་དཀྲོག་གཏམ་རིགས་སྤེལ་རྒྱུ་མེད་པ་གསུངས་པ་དང་ཆབས་ཅིག དེ་འདྲའི་རིགས་དོ་བདག་ལ་བཏང་འབྱོར་བྱུང་སྐབས་དེ་མ་ཐག་སུབ་ནས་གཞན་ལ་བརྒྱུད་སྤྲོད་གནང་རྒྱུ་མེད་པར་ལམ་སྟོན་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་བཀའ་ཤག་གི་དྲུང་འཕར་ཕུན་ཚོགས་ཚེ་རིང་ལགས་ལས་འགུལ་སྤེལ་སར་ཆེད་ཕེབས་གནང་སྟེ། བཀའ་ཤག་གི་ངོས་ནས་བོད་མི་དེ་དག་གི་སྐུ་ཚབ་དང་མཇལ་མོལ་གནང་རྒྱུ་གྲ་སྒྲིག་ཡོད་པ་དེ་ལྟར་ཡང། ཕྱོགས་གཉིས་ཀྱི་མཇལ་མོལ་སྐབས་གསར་འགོད་པ་ཕེབས་མི་ཆོག་པ་མ་ཟད་པར་ལེན་སྒྲ་འཇུག་སོགས་རྩ་བ་ནས་མི་གནང་བའི་ཆ་རྐྱེན་ཆེད་བཏོན་གནང་སྟབས། བོད་མི་བདེན་རྒྱབ་དང་བླངས་མི་མང་ལས་འགུལ་ཞེས་པའི་བོད་མི་དེ་དག་གི་སྐུ་ཚབ་ནས་དེར་ངོས་ལེན་མ་གནང་བ་དང་ཆབས་ཅིག ཁུངས་སྐྱེལ་ར་སྤྲོད་དང་དཔང་རྟགས་མེད་པར་ཕྱོགས་གཉིས་ཕན་ཚུན་ཁ་ཁུ་སིམ་པོར་ཐུག་ན་དེས་གནད་དོན་སྡུག་ཏུ་གཏོང་རྒྱུ་མ་གཏོགས་ཕན་ཐོགས་མེད་པར་གཟིགས་ཀྱི་ཡོད་སྐོར་གསུངས་ཡོད། གཞི་རྩའི་བཀའ་ཤག་གིས་སྔ་ལོ་ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གྱི་གསལ་བསྒྲགས་གནང་རྗེས་བོད་མིའི་སྤྱི་ཚོགས་ཁྲོད་དུ་གནད་དོན་དེའི་སྐོར་ལབ་གླེང་ཤུགས་ཆེ་བྱུང་ཡོད་པ་དང། བཀའ་ཤག་གི་ངོས་ནས་སྐབས་དེར་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱི་ཕྱག་ལས་གནང་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་བཞིན་ཚུལ་མཐུན་ཡོང་གི་མེད་པ་དང་། ལྷག་དོན་ལས་དོན་ལ་འཐུས་ཤོར་འགྲོ་ཉེན་ཡོད་པ་བཅས་མཚོན་རྟགས་མང་པོ་བསྟན་པར་བརྟེན་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་སྐོར་གསུངས་ཡོད་པ་དེ་ལྟར་ཡང། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་ཁོང་ནས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ལྟར་མ་ཞུ་བ་དང་ལས་དོན་ལ་འཐུས་ཤོར་བཏང་བ་བཅས་ཀྱི་སྐྱོན་འཛུགས་ལ་ངོས་ལེན་རྩ་བ་ནས་མེད་སྐོར་གནད་དོན་རེ་རེའི་ཐོག་གསལ་བཤད་གནང་ཡོད་པ་རེད།

Latest news