Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༡ ཚེས་ ༢༠ རྗེས་ཀྱི་གཟའ་ཚེས་དགེ་བའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་འདུགཁ་ཉིན་ཕྱི་ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རིང་མིན་བོད་ཟླ་ ༡ ཚེས་ ༢༠ འམ་ཕྱི་ཟླ་ ༣ པའི་ཚེས་ ༡༢ རྗེས་ཀྱི་གཟའ་ཚེས་དགེ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པས། བླ་སློབ་དད་དམ་དང་སྤྱི་མཐུན་དགེ་ཚོགས་རྟེན་འབྲེལ་མཚོན་ཕྱིར་བློས་བཅད་ཞལ་འདེབས་འབུལ་བློ་ཡོད་མཁན་རྣམས་ནས་རང་རང་སོ་སོའི་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་དང་། བོད་རིགས་ཚོགས་འམ་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོས་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་ཆོས་རིགས་ལས་ཁུངས་སུ་འབུལ་གཏོང་དགོས་པ་གསུངས་འདུག འདི་གའི་གསར་འགོད་པའི་དེ་རིང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་སྐྱབས་འཇུག་ཞུས་ཡོད་སྐོར་སོགས་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ནང་དུ། ཚོགས་གཙོ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཚོགས་མི་ ༨ ཡོད་པ་དང་། བརྟན་བཞུགས་ཀྱི་ཐུགས་འགན་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཞེས་རྒྱུ་ཡིན་པ་རེད་འདུག

རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་གནང་བཞིན་འདུག

ཟླ་བ་འདིའི་ཕྱི་ཚེས་ ༧ ནས་ ༢༧ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པའི་དུས་སྐབས་དང་བསྟུན། བོད་མི་མང་སྤྱི་འཐུས་རྒྱུན་ལས་དྲུག་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་འདུགཉེ་ཆར་ཕྱི་ཚེས་ ༢༢ ཉིན་དབུ་འཛུགས་གནང་པའི་བོད་དོན་ཞུ་སྐུལ་གྱི་ལས་རིམ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་དང་པོའི་ནང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་བཅས་དང་། སྐུ་ཚབ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་བཅས་ལྷན་ཞུགས་གནང་འདུགསྐུ་ཚབ་རྣམ་པས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་གྲོས་ཚོགས་གོང་འོག་གཉིས་ཀྱིས་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། དབྱིན་སྐད་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དཔེ། དེ་བཞིན་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་ཕྱག་དེབ་གཅིག་བཅས་ཕུལ་པ་མ་ཟད། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་འབེབས་གནང་བའི་བོད་དོན་དང་འབྲེལ་བའི་དོན་ཚན་བཞིའི་ཐོག་ཞུ་སྐུལ་གནང་འདུགའདི་ག་རླུང་འཕྲིན་ཁང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གཉིས་པའི་ནང་ཡོད་པའི་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་ཙམ་མ་ཟད་རྒྱ་གར་གྱི་ས་མཚམས་ཁུལ་དུ་དཀའ་ངལ་བཟོས་དང་བཟོ་བཞིན་པའི་གནད་དོན་དེས་རྒྱ་གར་གྱི་བདེ་འཇགས་ལ་མུ་མཐུད་དཀའ་ངལ་འབྱུང་བཞིན་ཡོད་པར་བརྟེན། བོད་ཀྱི་གནད་དོན་དེ་ཛ་དྲག་ཅིག་ལ་ངོས་འཛིན་གྱིས་གནད་དོན་དེ་དག་ལ་དོ་སྣང་མང་ཙམ་གནང་དགོས་གལ་དང་།བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་འགོ་ཁྲིད་དབར་གྲོས་མོལ་སླར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་གལ་སོགས་བོད་དོན་དང་འབྲེལ་བའི་དོན་ཚན་བཞིའི་ཐོག་ཞུ་སྐུལ་གནང་བར་འགྲེལ་བརྗོད་གནང་སོང་།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་པོ་ནང་ཡོད་པའི་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་སུ་བཀའ་འདྲི་ཞུས་སྐབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གཏན་འབེབས་གནང་བའི་བོད་དོན་དང་འབྲེལ་བའི་དོན་ཚན་བཞི་དང་། དེ་མིན་འདི་ཚེས་ ༢༤ ཉིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shri Sujeet Kumar མཆོག་དང་ལྷན་དུ་མཇལ་འཕྲད་སྐབས། བོད་མིའི་དགུན་ཚོང་བའི་ས་ཆའི་དཀའ་ངལ་དང་། ས་གནས་ཀྱི་གནས་བབ་སོགས་ལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག་པ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་གནད་དོན་དེ་ཚོའི་ཐོག་གང་ཐུབ་གནང་འཆར་ཡོད་པ་མ་ཟད། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་གང་མང་གདན་ཞུས་གནང་སྟེ། བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞིག་ཀྱང་འཚོགས་འཆར་ཡོད་པ་གསུངས་འདུག ལྷག་པར་དུ་སྐུ་ཚབ་རྣམས་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་གཞིས་ལུས་བོད་མི་གྲངས་ ༡༥༧ ཙམ་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་སྐོར་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནད་དོན་སོགས་གླེང་སློང་གནང་བ་སོགས་འགྲེལ་བརྗོད་གནང་སོང་།གཞི་རྩའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་དེ་རིང་བར་རྒྱ་གར་གྱི་བློན་ཆེན་གཙོས་པའི་གྲོས་ཚོགས་འཐུས་མི་ ༣༠ ལྷག་མཇལ་འཕྲད་གནང་ཡོད་པ་དང་འབྲེལ། འདི་ཚེས་ ༢༨ བར་བོད་མི་མང་སྤྱི་འཐུས་སྐུ་ཚབ་རྣམ་པས་བོད་དོན་ཞུ་སྐུལ་གྱི་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད། པར་དབང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས།

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདོན་སྤེལ།

ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་དང་། སྐུ་ཞབས་ Todd Young ལགས། དེ་བཞིན་སྐུ་ཞབས་ Patrick Leahy ལགས་བཅས་ནས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་འདོན་སྤེལ་གནང་འདུགབོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཐོག་མར་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ JimMcgovern ལགས་དང་སྐུ་ཞབས་ Michael McCaul ལགས་རྣམ་གཉིས་ནས་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་འདོན་སྤེལ་གནང་ཡོད་པ་དང་། ཁྲིམས་འཆར་དེའི་ནང་གཙོ་བོ་ཨ་རི་གཞུང་ནས་བོད་རྒྱའི་དཀའ་རྙོག་དེ་དུས་ད་ལྟའང་ཐག་གཅོད་ཟིན་མེད་པ་ཞིག་ལ་ངོས་འཛིན་དང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སླར་གསོ་མ་ཐུབ་པ་དེ་ནི་རྒྱ་ནག་གཞུང་གི་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་སོགས་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱེད་བཞིན་པ་ཁག་ངོས་ལེན་མེད་པ་མ་ཟད། དེ་འབྲེལ་གནད་དོན་ཐོག་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་པའི་དེའི་ཁྱབ་ཁོངས་སུ་ཡོད་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་རྒྱ་ནག་གཞུང་ལ་གདོང་ལེན་གནང་དགོས་པ་སོགས་ཀྱི་དོན་ཚན་ཆེ་ཁག་ལྔ་ཙམ་འཁོད་ཡོད། ཁ་སང་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་འདོན་སྤེལ་གནང་སྐབས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ནས། མི་མང་གི་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་གུས་བཀུར་ཞུ་རྒྱུ་ཨ་རིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ནི་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་བཞག་སྐབས་རྨང་གཞི་གཙོ་བོ་ཞིག་ཏུ་ངོས་འཛིན་ཞུ་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་ལོག་བཤད་སྣ་ཚོགས་བྱེད་བཞིན་པའི་དུས་སྐབས་འདིར་ཁྲིམས་འཆར་འདི་ནི་དེ་བས་ཀྱང་གལ་ཆེན་པོ་ཞིག་ཆགས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁྲིམས་འཆར་འདིའི་བརྒྱུད་ཨ་རི་གཞུང་དང་མི་མང་གི་ངོས་ནས་བོད་ཀྱི་གནད་དོན་ཐོག་ལ་གཟིགས་ཕྱོགས་ཁ་གསལ་བཟོས་པ་ཙམ་མ་ཟད། རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་བསྐྱར་གསོ་དང་། ད་ཆ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་ལས་དོན་ཁག་གིས་བོད་མིའི་མངོན་འདོད་གྲུབ་ཐུབ་ཀྱི་མེད་པའི་བརྡ་ལན་གསལ་པོ་ཞིག་མཚོན་ངེས་ཡིན་པ་གསུངས་འདུགམ་ཟད་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Todd Young ལགས་ནས། རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འབྲེལ་མོལ་གྱི་གནས་བབ་བསྐྱར་གསོ་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་སུ་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་དོན་སྣ་ཚོགས་སྤེལ་བཞིན་པ་དེ་ངོས་ལེན་ཞུ་ཐབས་བྲལ་བ་རེད་ཅེས་གསུངས་འདུག གྲོས་ཚོགས་འཐུས་མི་སྐུ་ཞབས་ Patrick Leahy ལགས་ནས། རྒྱ་ནག་གཞུང་གིས་ད་བར་བོད་རྒྱའི་དཀའ་རྙོག་ཞི་སྒྲིག་ཡོང་ཐབས་ལས་ལྡོག་སྟེ། བོད་མིའི་ཐོག་དྲག་གནོན་དང་ཐུན་མིན་གྱི་རིག་གཞུང་ཁག་རྩ་མེད་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཁྲིམས་འཆར་འདིའི་བརྒྱུད་བོད་རྒྱལ་ཁབ་འདི་ཉིད་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་སྐོར་གསུངས་འདུགཐེངས་འདིའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་འདོན་སྤེལ་གནང་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབྲེལ་ཡོད་གྲོས་ཚོགས་འཐུས་མི་དང་། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། རིམ་པས་ཁྲིམས་འཆར་འདི་ཉིད་གྲོས་ཚོགས་གོང་འོག་ནང་གཏན་འབེབས་གནང་བའི་ཐོག་ཨ་རིའི་སྲིད་འཛིན་མཆོག་གི་མཚན་རྟགས་དང་འབྲེལ། ཁྲིམས་སུ་གཏན་འབེབས་ཐུབ་རྒྱུར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུགམ་ཟད་ཁྲིམས་འཆར་འདིའི་ཐོག་ས་གནས་སུ་ཞུ་གཏུག་སོགས་ཀྱི་ལས་དོན་སྣེ་ཁྲིད་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཡང་དགའ་བསུ་དང་སྦྲགས། ཁྲིམས་འཆར་འདི་ནི་ཨ་རིའི་མི་མང་གི་འདོད་པ་ལྟར་བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སླར་གསོ་ཐུབ་རྒྱུའི་གོམ་པ་ཆེན་པོ་ཞིག་ཡིན་པ་མ་ཟད། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ནས་ཀྱང་འབྲེལ་ཡོད་ཨ་རིའི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་རིམ་པས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་ཐུབ་རྒྱུའི་ཡིད་ཆེས་དང་རེ་བ་ཞུ་བཞིན་ཡོད་པ་གསུངས་འདུག

འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་རྩོད་རྙོག་སློང་བའི་བྱ་སྤྱོད་དེ་སུ་གང་ལ་ཕན་ཐོགས་མེད་རེད་ཅེས་གསུངས་པ། 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇམ་མུ་ནང་གསར་འགོད་པར་ཉེ་ལམ་ཨ་རུ་ནཱ་ཅལ་གྱི་དོན་རྐྱེན་དང་འབྲེལ་ཏེ་འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་རྩོད་རྙོག་སློང་བའི་བྱ་སྤྱོད་དེས་སུ་གང་ལ་ཕན་ཐོགས་མེད་པ་ཞིག་རེད་ཅེས་གསུངས་འདུགསྲིད་སྐྱོང་མཆོག་ Bharat Tibet Sangh ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཇམ་མུ་མཐོ་སློབ་ཀྱི་ནང་དོན་རིག་པའི་ཚན་པ་དང་ཟུང་སྦྲེལ་གྱིས་ཇམ་མུ་ནང་ཁ་སྔོན་ནས་དབུ་འཛུགས་གནང་སྟེ་ཉིན་གྲངས་གཉིས་རིང་གོ་སྒྲིག་ཞུས་པའི་ National Working Committee meet cum Seminar ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དང་བགྲོ་གླེང་གི་་དབུ་འབྱེད་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མོགན་ཆེན་པོ་མཆོག་གི་དགོངས་གཞི་གཉིས་སྨན་དབུ་མའི་ལམ་ནི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་བྱེད་པའི་ཐབས་ལམ་གཅིག་པོ་དེ་ཡིན་པར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་ནག་གིས་བོད་མིའི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་ཕྱིར་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ཏེ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་དང་བོད་མིར་དམ་བསྒྲགས་སླད་ Grid lock system ཞེས་གཞི་རིམ་མང་ཚོགས་བསྡུ་རུབ་བྱས་པའི་དྲ་མིག་ཅན་གྱི་འཛིན་སྐྱོང་ལས་གཞི་བརྒྱུད་མང་ཚོགས་ལ་ལྟ་བཤེར་དང་། བོད་མིའི་རིགས་རྫས་ DNA དང་ Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་སོགས་བྱེད་ཀྱི་ཡོད་སྐོར་གསུངས་འདུགལྷག་པར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་ཁག་ལ་ཆུ་རགས་མང་དག་ཅིག་གསར་རྒྱག་དང་ཆུ་རྒྱུན་གྱི་ཁ་ཕྱོགས་བསྒྱུར་བ་དེས་བོད་ནང་དང་ཁྱིམ་མཚེས་རྒྱལ་ཁབ་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་སྐོར་དང་ཆབས་ཅིག་རྒྱ་ནག་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མང་གཙོའི་རྒྱལ་ཁབ་ཚང་མར་ཉེན་ཁ་ཆགས་ཡོད་སྟབས། དེར་དོགས་ཟོན་དང་རྒྱ་ནག་ལ་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་པ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་རྒྱལ་ཁབ་ཚོས་པེ་ཅིང་ནས་ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་དང་ཡང་ན་སྐུ་ཚབ་དབར་གྲོས་མོལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་རོགས་ཞེས་འབོད་སྐུལ་ཞུས་འདུགསྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་དབུ་འབྱེད་མཛད་སྒོ་རྗེས་སུ་རྒྱ་གར་གྱི་གསར་ཁང་ཉི་ཤུ་ཙམ་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྟེ་ཨ་རུ་ནཱ་ཅལ་གྱི་དོན་རྐྱེན་དང་རྒྱ་གར་གྱི་བདེ་འཇགས་སོགས་དང་འབྲེལ་ཏེ་གསུངས་པར་རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་རྩོད་རྙོག་སློང་བའི་བྱ་སྤྱོད་དེ་ནི་ཡ་ཉེན་མི་བཟོད་པའི་ཚོར་བའི་རྗེས་འབྲས་དང་ཨེ་ཤ་ཡ་ནང་དབང་ཤུགས་རྒྱ་སྐྱེད་གཏོང་ཐབས་ཆེད་ཡིན་པར་གསུངས་འདུག རྒྱ་ནག་གི་བྱེད་སྟངས་དེ་ནི་རྒྱ་གར་གཞུང་བསུན་པོ་བཟོ་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པས་བྱ་སྤྱོད་དེ་སུ་གཅིག་ལ་ཕན་ཐོགས་མེད་པ་དང་། ལྷག་དོན་རྒྱ་ནག་ནས་རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་ཡིད་ཆེས་གནང་བར་ལོ་མང་འགོར་ངེས་རེད་ཅེས་གསུངས་ཡོད། སྲིད་སྐྱོང་མཆོག་གིས་གལ་ཏེ་རྒྱ་ནག་གིས་མུ་མཐུད་ རྒྱ་གར་དེ་དེ་སྔ་ཕྱི་ལོ་ ༡༩༦༢ སྐབས་ཀྱི་རྒྱ་གར་དེ་རེད་བསམ་ཚེ་དེ་ནོར་བ་ཞིག་དང་། རྒྱ་གར་ནི་འདས་པའི་ལོ་མང་ནང་ཧ་ཅང་ཡར་རྒྱས་གོང་མཐོར་ཕྱིན་ཡོད་ཅེས་དང་། རྒྱ་གར་ནི་ཞི་བདེ་རྒྱལ་ཁབ་ཅིག་ཡིན་པར་མ་ཟད་འཕགས་བོད་གཉིས་ནི་རིག་གཞུང་གི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་སྟབས་ང་ཚོ་བོད་མི་རྣབམས་ཀྱིས་རྒྱ་གར་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་ཅེས་སོགས་ལན་འདེབས་གནང་འདུག གཞི་རྩའི་ཚོགས་འདུ་དེར་དམིགས་བསལ་སྐུ་མགྲོན་དུ་ Bharat Tibet Sangh ཚོགས་པའི་རྒྱལ་ཡོངས་ཚོགས་གཞོན་རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་ཟུར་པ་ Major General Nilendra Kumar Retd ལགས་དང་།  ཨ་རུ་ནཱ་ཅལ་དང་ཅན་རྡི་གྷར། གུཇ་རཱཊ། ཧར་ཡཱ་ནཱ།  ཧི་མཱ་ཅལ་མངའ་སྡེ། ཇམ་མུ་ཀ་ཤི་མིར། ལ་དྭགས། པན་ཇཱབ། རཇ་སི་ཐན། འབྲས་ལྗོངས།  ཨུཏྟར་ཁནྜའི་ Bharat Tibet Sangh  ཚོགས་པའི་ཚོགས་མི་དང་ཇམ་མུའི་མཐོ་སློབ་ཀྱི་ སློབ་ཕྲུག་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུམ་བཞེས་མཛད་ནས་བགྲང་བྱ་ ༣༣ འཁོར་བའི་དུས་སྟོན་སྲུང་བརྩི།

དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་༸རྒྱལ་བའི་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་བགྲང་བྱ་ ༣༣ འཁོར་བར་གཞུང་འབྲེལ་གྱི་དུས་སྟོན་སྲུང་བརྩིའི་མཛད་སྒོ་ཚོགས་སོང་།དེ་རིང་གཞུང་འབྲེལ་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Sujeet Kumar ལགས། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཁྲིམས་རྩོད་པ་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་དང་རྒྱུན་ལས་འཐུས་མི་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སེར་སྐྱ་མང་ཚོགས། དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་གནང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་བསྒྲགས་གཏམ་གསུང་སྒྲོན་གནང་སྐབས་ང་ཚོ་མི་རེ་ངོ་རེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཕན་གྱི་བསླབ་བྱར་གཙིགས་འཛིན་དང་ཉམས་ལེན་བྱེད་ཐུབ་པ་ཡིན་ན་ཞི་བདེའི་འགལ་རྐྱེན་དུ་འགྲོ་གཞིའི་གཡུལ་འཁྲུག་དང་བཙན་གནོན། མནར་གཅོད་མེད་པ་བཟོས་པར་ཕན་ནུས་རྨད་དུ་བྱུང་བ་ཐེ་ཚོམ་མེད་པ་དང་སྒོས་བོད་མི་རིགས་ལ་མཚོན་ནའང་མགོན་པོ་༸གང་ཉིད་མཆོག་གི་གདམས་ངག་རྣམས་ང་ཚོར་སྙིང་སྟོབས་དང་བློ་སྤོབས་འཕེལ་སྐྱེད་ཀྱི་སྨན་མཆོག་ཏུ་འཛིན་དགོས་ཤིང་། ང་ཚོས་དུས་ཆེན་སྲུང་བརྩིའི་དགོས་དོན་ངོ་མའང་འདི་ཡིན་ཅེས་གསུངས་སོང་།ལྷག་དོན་དེ་རིང་གི་ཉིན་མོ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་གཏན་འབེབས་བྱས་ཏེ་མི་ལོ་ ༧༤ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་བསྟུན་སྲིད་སྐྱོང་མཆོག་གིས་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་གནས་ཚུལ་རྒྱུན་མ་ཆད་པར་འབྱུང་བཞིན་པའི་ཐོག་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དང་རྒྱ་སྐད་ཁྱབ་སྤེལ་གྱི་སྲིད་བྱུས་འོག་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ལ་བཀག་སྡོམ་བཅས་བརྒྱུད། བོད་མིར་བཙན་འགེལ་ལག་བསྟར་བྱེད་བཞིན་པ་ནི་བོད་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཐོག་ལོ་རྒྱུས་སུ་གྲགས་མ་མྱོང་བའི་ཉེན་ཚབས་ཆེན་པོ་ཞིག་ཡིན་པར་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ལ་དགེ་སྐྱོན་གྱི་དཔྱད་ཞིབ་ཚད་ལྡན་དང་བཅས་རྒྱལ་སྤྱིའི་ཁྲིམས་སྲོལ་དང་མཐུན་ཞིང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་ལྷིང་ལ་ཕན་པའི་དོན་དངོས་ཕུགས་ཕན་གྱི་ཐབས་ཚུལ་བསྟེན་དགོས་པའི་ནན་བརྗོད་གནང་ཡོད། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ Gridlock Management System ཞེས་གཞི་རིམ་མང་ཚོགས་བསྡུ་རུབ་བྱས་པའི་དྲ་མིག་ཅན་གྱི་འཛིན་སྐྱོང་ལས་གཞི་བརྒྱུད་མང་ཚོགས་ལ་ལྟ་བཤེརདང་། ཟུང་སྦྲེལ་ཁྱིམ་ཚང་ཟེར་བའི་སྒྲིག་འཛུགས་བཙུགས་ནས་བརྟན་ལྷིང་སྲུང་སྐྱོབ་བྱེད་ཚུལ། གཞན་ཡང་ལྟ་སྲུང་བརྙན་མིག་དང་། ངོ་རྟགས་བརྩད་གཅོད། གཞི་རྒྱ་ཆེ་བའི་བོད་མིའི་རིགས་རྫས་བསྡུ་ལེན་སོགས་ཀྱི་ཛ་དྲག་གནས་སྟངས་ལ་བློ་འཚབ་ཀྱི་རྣམ་པ་གསལ་སྟོན་གནང་བར་མ་ཟད། རྒྱ་ནག་གིས་བོད་མིའི་ཐོག་རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་སྲིད་བྱུས་མུ་མཐུད་འཛིན་བཞིན་པར་སྐྱོན་བརྗོད་དང་འབྲེལ་ཏེ། སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། ཐབས་ལམ་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱ་གཞུང་ལ་མེས་འཚིགས་མེར་གཏུགས་ཀྱིས་གནད་དོན་སེལ་རྒྱུའི་རེ་བ་འཛིན་བཞིན་པ་གསུངས་སོང་།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་གནང་སྟེ་ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་བོད་དོན་ལ་རྒྱལ་སྤྱིའི་ནང་གོ་རྟོགས་དང་དོ་སྣང་ཇེ་ཆེར་འགྲོ་རྒྱུར་ཕན་ཐོགས་བྱུང་ཡོད་པ་དང་ཆབས་ཅིག་གཞིས་བྱེས་བོད་མི་ཚོས་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་འཚེ་མེད་ཞི་བའི་ལམ་ལ་ངེས་ཤེས་རྙེད་པའི་སྒོ་ནས་ཡིད་ཆེས་དང་དམ་བཅའ་བསྐྱར་ནན་ཞིག་འཇོག་ཐུབ་ཚེ་དུས་དྲན་འདི་སྲུང་བརྩི་ཞུ་གོ་ཆོད་ངེས་ཡིན་ཅེས་གསུངས་སོང་། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་བསྟུན་བོད་ནང་རྒྱ་གཞུང་གིས་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པས་འཛམ་གླིང་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་ལ་འགན་ཁུར་དགོས་པའི་བརྡ་ལན་གནང་དགོས་པའི་འབོད་སྐུལ་གནང་སོང་ལ། བོད་དང་རྒྱ་གར་གཉིས་དབར་རྒྱལ་རབས་ལོ་རྒྱུས་དང་ཆོས་རིག་གི་ཐོག་སྔ་མོ་ནས་འབྲེལ་འདྲིས་དམ་ཟབ་ཡོད་པར་མ་ཟད། བོད་དེ་རྒྱ་གར་གྱི་བདེ་འཇགས་ཐོག་ཧ་ཅང་གལ་གནད་ཆེ་བར་སོང་། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ་ཞུས་སོང་།མཛད་སྒོར་དམིགས་བསལ་སྐུ་མགྲོན་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཁྲིམས་རྩོད་པ་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་༸གོང་ས་མཆོག་གིས་གཞན་ཕན་དང་བྱམས་སྙིང་རྗེ། འཚེ་མེད་ཞི་བ། མཐུན་སྒྲིལ་སོགས་ཀྱི་དགོངས་གཞི་ནི་ང་ཚོ་ཚང་མར་སེམས་འགུལ་ཐེབས་གཞི་ཞིག་དང་ལྷག་པར་ལ་དྭགས་ལྟ་བུར་ཆ་མཚོན་ན་༸གོང་ས་མཆོག་ཡང་ཡང་ཆིབས་བསྒྱུར་མཛད་པ་དེས་ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བའི་གཞི་མ་ལྟ་བུ་གྱུར་ཡོད་སྟབས། ༸གོང་ས་མཆོག་ནི་ལ་དྭགས་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན་ཅེས་གསུངས་སོང་བ་དང་ཆབས་ཅིག ལ་དྭགས་ནང་ཡོད་པའི་བོད་མི་ཚོ་དང་ང་ཚོའི་དབར་འབྲེལ་འདྲིས་ཟབ་མོ་ཡོད། ལྷག་པར་ད་ཆ་ལ་དྭགས་དེ་བཞིན་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་ཡོད་སྟབས། ལ་དྭགས་ཁུལ་དུ་གནས་བཞུགས་བོད་མི་ཚོར་གཞི་རྩའི་མཐུན་རྐྱེན་བསྐྲུན་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་། དམིགས་བསལ་སྐུ་མགྲོན་སྐུ་ཞབས་ Shri Sujeet Kumar ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་༸སྐུ་བཞུགས་མཛད་པ་འདི་ནི་ང་ཚོའི་བསོད་ནམས་རེད་ཅེས་དང་། ལྷག་པར་དེ་རིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་བོད་ནང་གི་བོད་མི་ཚོ་ད་དུང་རྒྱ་ནག་གཞུང་གི་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པས་དེ་ནི་ཧ་ཅང་གི་བློ་ཕམ་ཞིག་དང་། བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་ཡོད།སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བོད་དང་ལ་དྭགས་གཉིས་ཀྱི་རིག་གཞུང་མཐུན་པའི་ཐོག་བཀའ་མོལ་གནང་སྟེ་བོད་ཀྱི་ཡུལ་དང་བོད་ཀྱི་མི་མང་།  རིག་གཞུང་ཞེས་བཀའ་མོལ་གནང་སྐབས་ལ་དྭགས་པ་ཚོར་སེམས་ཚོར་ཆེན་པོ་ཡོང་གི་ཡོད་པ་དང་། ལྷག་པར་༸གོང་ས་མཆོག་གིས་ཀྱང་ང་ཚོར་བོད་ཀྱི་རིག་གཞུང་ཉར་ཚགས་ཐད་ཐུགས་རེ་ཆེན་པོ་མཛད་ཀྱི་ཡོད་པས་དེ་ནི་ང་ཚོའི་གཟི་བརྗིད་ཡིན་པར་ཚོར་གྱི་འདུག་ཅེས་དང་སྒོས་ང་ཚོའི་ངོས་ནས་༸གོང་ས་མཆོག་གི་དགོངས་གཞི་བསྒྲུབ་པར་འབད་རྩོན་ཞུ་བཞིན་ཡོད། བོད་ཀྱི་དགོན་སྡེ་ཁག་ཏུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་བརྒྱ་ཆ་ ༦༦ ཡོད་པ་ཚོར་རིགས་གནས་བཅུའི་ཐོག་སློབ་སྦྱོང་གི་གོ་སྐབས་གཅིག་མཚུངས་ཐོབ་ཀྱི་ཡོད་པས་དེ་ནི་བཀའ་དྲིན་ཆེན་པོ་རེད་ཅེས་གསུངས་པ་དང་སྦྲགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུས་སོང་།དེ་རིང་གཞུང་འབྲེལ་མཛད་སྒོའི་སྔ་རོལ་དུ་མཛད་སྒོའི་སྐུ་མགྲོན་དང་དམིགས་བསལ་སྐུ་མགྲོན་རྣམས་ནས་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་དང་། སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལོ་རྗེས་མའི་དབྱར་དུས་སྐབས་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་མཛད་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཞལ་བཞེས་བཟང་པོ་སྨིན་སྩལ་མཛད་འདུགསྤྱིར་དེ་རིང་གི་ཉིན་མོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པར་མ་ཟད། བཞུགས་སྒར་ལ་ཆ་མཚོན་ན་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་འདས་པའི་ལོ་མང་གོང་ནས་ཧི་མཱ་ལ་ཡའི་དུས་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཏུ་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ས་གནས་ཡུལ་མི་དང་བོད་ཀྱི་ཐུན་མོང་མ་ཡིན་པ་རྐང་བྲོ་གླུ་གཞས་སོགས་གཟིགས་འབུལ་ཐོག་ནས་ཧི་མཱ་ལའི་དུས་སྟོན་སྲུང་བརྩི་ཞུས་ཡོད།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དང་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་ཚོས་བོད་མིར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་བགྲང་བྱ་ ༣༣ འཁོར་བའི་དུས་སྟོན་དང་འབྲེལ་ཏེ་བོད་མིའི་གནས་ཡུལ་ས་གནས་གང་སར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར།  དེ་རིང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭའི་ཐང་སྟེང་གི་མཛད་སྒོ་ཐོག་སྐུ་མགྲོན་གྱི་གཙོ་བོར་ས་གནས་ཀྱི་གྲོས་ཚོགས་ཚོགས་མི་སྐུ་ཞབས་ Parlad Singh Sawnhe མཆོག་དང་ཉེ་ཆར་གྲོང་སྡེ་ལས་ཁུངས་ཀྱི་འོས་བསྡུའི་འགྲན་རྩོད་ནང་རྒྱལ་ཁ་ཐོབ་མཁན་ AamAadmi ཆབ་སྲིད་ཚོགས་པའི་འཐུས་མི་བཅས་ཆེད་ཕེབས་དང་སྦྲགས་ཏེ་མ་འོངས་པར་ས་གནས་ཀྱི་བོད་མི་ཚོར་ཉེར་མཁོའི་མཐུན་འགྱུར་ཇི་དགོས་གནང་རྒྱུའི་ཞལ་བཞེས་གནང་སོང་བ་དང་། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་ས་གནས་སུ་ཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་ཡོད།དེ་རིང་སྔ་དྲོ་བོད་སྒར་བསམ་ཡས་གླིང་གི་མཛད་སྒོ་ཚོགས་ཡུལ་བོད་ཁྱིམ་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་གཅིག་ཏུ་ BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ལ་རང་དབང་དགོས་པའི་དྲིལ་བསྒྲགས་ཀྱི་སྦྱར་ཡིག་ཆེན་པོ་ཞིག་སྦྱར་ཡོད་པའི་སྟེང་མང་ཚོགས་ཀྱི་ཚན་རྟགས་བསྡུ་རུབ་གནང་བཞིན་འདུག་པ་ལྟར། ཚོགས་པ་དེའི་ས་གནས་ཀྱི་ཚོགས་གཙོ་ Sunil Garg མཆོག་གིས་དེ་རིང་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་གྱི་ཉིན་མོ་འདི་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་དང་སྟབས་ཁེལ་ཡོད་སྟབས་ཚོགས་པའི་ངོས་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་དང་བོད་མི་ཚོར་གཞི་རྩའི་མིའི་རང་དབང་སྤྲོད་དགོས་པའི་དགོས་འདུན་འཁོད་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ས་གནས་གང་སར་སྤེལ་བཞིན་ཡོད་པ་དང་། མཚན་རྟགས་བསྡུ་རུབ་གནང་བ་དེ་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕུལ་ཏེ་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་བོད་དོན་ཐད་འབྲེལ་ཡོད་ཚོར་གནོན་ཤུགས་སྤྲོད་ཐབས་ཀྱི་ལས་འགུལ་ཞིག་ཡིན་སྐོར་འགྲེལ་རྗོད་གནང་སོང་། མཛད་སྒོ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་དུས་སྟོན་དང་འབྲེལ་བའི་གསུང་བཤད་དེ་སྡི་ལི་དོན་གཅོད་ཀྱི་སྐུ་ཚབ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་གཉིས་ཀྱིས་སྒྲོག་སྦྱང་གནང་ཡོད་པ་དང་། དེ་བཞིན་ས་གནས་ཀྱི་གྲོས་ཚོགས་ཚོགས་མི་ Parlad Singh Sawnhe མཆོག་གིས་དབུས་པའི་ཉེ་ཆར་གྲོང་སྡེ་ལས་ཁུངས་ཀྱི་འོས་བསྡུ་ནང་རྒྱལ་ཁ་ཐོབ་མཁན་  AamAadmi ཆབ་སྲིད་ཚོགས་པའི་ ChandniChowk དང་  Civil Lines ས་ཁུལ་གཉིས་ཀྱི་འཐུས་མི་ Punardeep Singh Sawhne ལགས་དང་ Vikas Tank ལགས་གཉིས་ཆེད་ཕེབས་ཡོད་པ་བཞིན་སྐུ་ཞབས་ Parlad Singh Sawnhe ལགས་དང་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་མི་རྣམ་གཉིས་ཀྱིས་བོད་མི་ཚོས་འོས་བསྡུའི་སྐབས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་དང་མ་འོངས་པར་ས་གནས་ཀྱི་བོད་མི་ཚོར་ཉེར་མཁོའི་མཐུན་འགྱུར་ཇི་དགོས་གནང་རྒྱུའི་ཞལ་བཞེས་གནང་ཡོད།གཞན་ཡང་སྐུ་མགྲོན་དུ་ BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ PunkajGoyal ལགས་དང་། BTSS ཚོགས་པའི་རྒྱ་གར་བྱང་ཕྱོགས་ཀྱི་ཚོགས་གཙོ་དང་དྲུང་ཆེའི་དབུས་པའི་མང་ཚོགས་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་འདུ་འཛོམས་གནང་འདུགལྡི་ལི་བོད་ཁྱིམ་སློབ་ཕྲུག་དང་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མང་ཚོགས་ལ་དུས་སྟོན་དང་འབྲེལ་བའི་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་གཟིགས་འབུལ་ཞུས་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཤེས་པ་བྱས་ཏེ་བོད་ཀྱི་འཐབ་རྩོད་ཐོག་བེད་སྤྱོད་གཏོང་དགོས་ཞེས་གསུངས་ཡོད།

ཁ་སང་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པ་ཚོུད་ ༡༡ ཐོག་ཨི་ཊ་ལིར་རྟེན་གཞི་བྱས་པའི་ AREF ཚོགས་པ་དང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་སྦྲེལ་གྱི་གོ་སྒྲིག་འོག་བོད་ཀྱི་འགྲེམས་སྟོན་ཁང་དུ་ The Space of Memories ཞེས་དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་དབུ་འབྱེད་གནང་སོང་།དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཨི་ཊ་ལིར་རྟེན་གཞི་བྱས་པའི་ AREF ཚོགས་པའི་ཚོགས་གཙོ་ལྕམ་ Marillia Bellaterra ལགས། བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་ཞུགས་གནང་ཡོད།དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་ནི་དྷ་སྟེང་བོད་ཕྲུག་ཁྱམ་སྡེའི་སློབ་ཕྲུག་ཁག་གཅིག་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བྱམས་པ་གླིང་རྒས་གསོ་ཁང་གི་རྒན་རབས་ཁག་གཅིག་ལ་དེ་སྔ་བོད་ནང་བཞུགས་པའི་སྐབས་ཀྱི་ཚོར་བ་དང་ཕྱིས་སུ་བཙན་བྱོལ་ནང་དུ་ཕེབས་འབྱོར་རྗེས་དཀའ་སྡུག་གང་དང་གང་མྱོངས་པ་སོགས་དང་འབྲེལ་བའི་བཅར་འདྲི་ཞུས་པ་རྣམས་བརྙན་པར་གྱི་ལམ་ནས་འགྲེམས་སྟོན་གནང་བ་ཞིག་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་དེ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ། བོད་པའི་མི་རབས་གཞོན་པ་རྣམས་ནས་རང་མི་རིགས་ཀྱི་ལོ་རྒྱུས་དེ་དག་ངེས་པར་དུ་ཤེས་རྟོགས་དགོས་པ་དང་། ལྷག་དོན་ལོ་རྒྱུས་ངེས་པ་བྱས་ཏེ་སོ་སོའི་རྒྱུན་ལྡན་གྱི་བོད་ཀྱི་འཐབ་རྩོད་ཐོག་བེད་སྤྱོད་གཏོང་དགོས་ཞེས་གསུངས་ཡོད།བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་འགྲེམས་སྟོན་འདིའི་ཐོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་ངེས་པར་དུ་ཉིན་ཐོ་བྲིས་དགོས་པའི་འབོད་སྐུལ་དང་འབྲེལ། མ་འོངས་པར་དྲན་ཐོ་དེ་དག་གིས་བོད་མིའི་ལོ་རྒྱུས་དག་ཐེར་ལ་རམས་འདེགས་ཞུ་དགོས་གལ་ཡིན་པ་སོགས་གསུངས་ཡོད། རྩ་བའི་དྲན་པའི་གོ་ཡུལ་གྱི་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཨི་ཊ་ལིར་རྟེན་གཞི་བྱས་པའི་ Aref International Onlus ཚོགས་པའི་ཚོགས་གཙོ་ལྕམ་ Marillia Bellaterra ལགས་ཀྱིས་ལས་གཞི་དེ་བརྩམས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་ནང་ཡོད་པའི་བོད་མིའི་མི་རབས་རྒན་པ་རྣམས་ཀྱི་ལོ་རྒྱུས་མཁོ་སྒྲུབ་གནང་སྟེ་བོད་རིགས་གཞོན་སྐྱེས་རྣམས་ལ་དེ་འབྲེལ་གོ་རྟོགས་སྤེལ་ཏེ་མི་རབས་རྒན་གཞོན་དབར་གྱི་འབྲེལ་ལམ་གོང་འཕེལ་གནང་བ་ཙམ་དུ་མ་ཟད། བོད་དོན་འཐབ་རྩོད་ལའང་སྨན་ཕྱིར་ཡིན་སྐོར་གསུངས་སོང་།

བཀའ་ཤག་གིས་རྒྱ་གཞུང་གི་རིམས་འགོག་སྲིད་བྱུས་ལ་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་བ།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་བར་གདུང་སེམས་མཉམ་བསྐྱེད་དང་འབྲེལ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་རིམས་འགོག་གི་སྲིད་བྱུས་ལ་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་འདུགཕྱི་ཟླ་ ༡༢ ཚེས་ ༢ ཉིན་བཀའ་ཤག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འདི་ལོའི་ཕྱི་ཟླ་ ༨ ཟླ་མཇུག་ནས་བཟུང་རྒྱ་ནག་ཏུ་མི་འབོར་དུང་ཕྱུར་གསུམ་ལྷག་ཐེམ་སྤང་བཀའ་རྒྱའི་འོག་ཏུ་ཟླ་གྲངས་དུ་མར་ཚུད་ཅིང་། ལྷ་ས་དང་ཨུ་རུམ་ཆི་ལྟ་བུར་ཟུར་བཀག་གི་དུས་ཚོད་ཉིན་གྲངས་བརྒྱ་ལྷག་བརྒལ་བ་བྱུང་སྟེ་མི་མང་གི་འགྲོ་འདུག་ཉལ་འཆག་དང་བཟའ་བཏུང་། སྨན་བཅོས། འཚོ་གནས། སེམས་ཁམས་སོགས་ལ་ཚད་ལས་བརྒལ་བའི་དཀའ་ངལ་འཕྲད་སྟབས་རྒྱ་ནག་གི་གྲོང་ཁྱེར་དང་མཐོ་སློབ་སོགས་དུ་མར་རིམས་ནད་འགོག་པའི་སྲིད་བྱུས་ལ་ངོ་རྒོལ་དང་རང་དབང་མང་གཙོའི་འདོད་འདུན་བསྒྲགས་འདུག་པར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་དང་། ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔ་ཕྱི་ཟླ་ ༩ ནང་བོད་ནང་དུ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་ཏོག་དབྱིབས་སྲིད་བྱུས་ལ་བརྟེན་ནས་བོད་མིའི་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་གསར་འགོད་གསལ་བསྒྲགས་སྤེལ་ཟིན་པ་ལྟར། ནོར་འཁྲུལ་དེ་རིགས་བསྐྱར་ལྡབ་མི་ཡོང་བའི་རེ་སྐུལ་བསྐྱར་ནན་གནང་འདུག དེ་བཞིན་རིམས་ནད་ཀྱིས་འཛམ་གླིང་ཁྱོན་དུ་མིའི་ཚེ་སྲོག་དང་འཚོ་གནས་ལ་སྔར་མ་གྲགས་པའི་དཀའ་ངལ་འཕྲད་ཡོད་ཀྱང་། སྲིད་གཞུང་ཁག་གིས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ད་ཆ་ཡུལ་ལུང་ཕལ་ཆེ་བ་རྒྱུན་ལྡན་གྱི་འཚོ་བར་རོལ་ཐུབ་ཀྱི་ཡོད་པ་དང་། ཁ་རས་གྱོན་མ་དགོས་པའི་མི་འབོར་ས་ཡ་བརྒལ་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་ཡང་དབུས་ཤར་ཨེ་ཤ་ཡར་ཚ་ཚ་འུར་འུར་ངང་འགྲོ་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་ནི་གོ་ལའི་གྲོང་ཚོའི་ཆ་ཤས་ཤིག་དང་། འགྲོ་བ་མིའི་ཁྱིམ་ཚང་གི་གྲུབ་ཆ་ཞིག་ཡིན་སྟབས། རྒྱལ་མཚམས་ཀྱིས་གཅོད་ཐབས་མེད་ཅིང་། རྒྱལ་ཁབ་ལམ་ལུགས་ཀྱི་དབྱེ་བ་མེད་པའི་རིམས་ནད་འདིར་གདོང་ལེན་གཅིག་མཚུངས་སུ་བྱེད་དགོས་པ་ཡིན་པས། མི་མང་གིས་ནད་འགོག་སྲིད་བྱུས་ལ་འདོད་པ་ཁེངས་མེད་པའི་རྣམ་འགྱུར་བསྟན་པ་དང་། རང་དབང་དང་མང་གཙོའི་དགོས་འདུན་བཏོན་པར་དྲང་ཕྱོགས་ནས་ངོས་འཛིན་གྱིས་དྲག་གནོན་དང་མནར་གཅོད་མི་གཏོང་བར། རྒྱལ་སྤྱིའི་གཞུང་མང་མཉམ་འབྲེལ་གྱི་བྱེད་སྟངས་བཞིན་རིམས་འགོག་གི་སྲིད་བྱུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་གནང་བ་དང་ཆབས་ཅིག རིམས་ནད་ཀྱི་འཇིགས་པ་གང་མྱུར་ཞི་སྟེ། རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུགརྩ་བའི་ཟླ་བ་སྔོན་མའི་ཚེས་ ༢༨ ཙམ་ནས་རྒྱ་ནག་གི་གྲོང་ཁྱེར་མང་པོར་མི་མང་སྟོང་ཕྲག་དུ་མ་ཡར་ལངས་ཀྱིས་རྒྱ་ནག་དམར་པོའི་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་རིམ་པ་སྤེལ་ཡོད་པ་ལྟར། ད་ཆ་རྒྱ་ནག་ ནང་དུ་རིམས་ནད་ཕོག་མཁན་ཧ་ཅང་མང་པོ་འབྱུང་བཞིན་ཡོད་ཅིང་ཉིན་རེར་ནད་གཞི་གསར་པ་ཕོག་མཁན་མི་ཆིག་སྟོང་ལྷག་བ་ཡོད་པ་དེ་ལྟར་ནའང་། གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པ་ནས་རྒྱ་ནག་གི་གྲོང་ཁྲེར་ཁག་ཏུ་གཉན་རིམས་དང་འབྲེལ་བའི་དམ་བསྒྲགས་ལྷོད་ཡང་དུ་བཏང་སྟེ་ད་ཆ་མང་ཚོགས་འགྲིམ་འགྲུལ་བྱས་པའི་སྐབས་མ་གཏོགས་ནད་རྟགས་མེད་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་མི་དགོས་པ་བཟོས་པ་དང་། དེ་བཞིན་རྒྱལ་ས་པེ་ཅིང་ནང་ཏོག་ནད་བརྟག་དཔྱད་ཀྱི་ས་ཚིགས་ཁག་སྒོ་རྒྱག་པ་མ་ཟད། གྲོང་ཁྱེར་གཞན་ཚོ་ནང་ལའང་ད་ཆ་སློབ་གྲྭ་དང་ཚོང་ཁང་། ཟ་ཁང་སོགས་རིམ་པའི་སྒོ་མོ་ཕྱེ་རྒྱུ་ཡིན་པ་རེད་འདུག

མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་བསྒྲགས་གཏམ་སྤེལ་ཏེ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་མཇུག་སྒྲིལ།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཁ་ཉིན་ཕྱི་ཚེས་ ༢༨ ནས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་ཡོད་པ་ལྟར་ཁ་སང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་དང་སྦྲགས་ཏེ་ཉིན་གྲངས་གཉིས་རིང་ཚོགས་པའི་ཚོགས་འདུ་དེའི་ཐོག་ནས་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་བསྒྲགས་གཏམ་སྤེལ་ཏེ་ཚོགས་ཆེན་རེ་ཞིག་མཇུག་སྒྲིལ་གནང་ཡོད། རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༢༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དེ་དག་གི་ངོས་ནས་འདས་པའི་ཉིན་གྲངས་གཉིས་ནང་ས་གནས་སོ་སོའི་ལས་བསྡོམས་སྙན་སྒྲོན་དང་མཁས་དབང་མི་སྣའི་གསུང་བཤད། ལྷག་པར་དུ་ཚོགས་བཅར་བ་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་གྲོས་མོལ་ལྷུག་པོ་གནང་ཡོད་པ་རེད།ཕྱི་ལོ་ ༡༩༥༩ ལོར་ཐོག་མར་གསར་འཛུགས་གནང་སྟེ་དུས་ཡུན་ད་བར་གནས་པའི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ད་ཆ་རྒྱལ་ཡོངས་སུ་གོང་འཕེལ་སླར་གསོ་བྱུང་ཡོད་པ་ལྟར། འཕགས་བོད་གཉིས་ཀྱི་རིག་གཞུང་དང་ཆོས་ཕྱོགས། སྤྱི་ཚོགས། དཔལ་འབྱོར་སོགས་དེ་བྱུང་གི་རང་བཞིན་ལྡན་པའི་འབྲེལ་བ་ཡོད་པ་དེ་དག་ངོས་འཛིན་པའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས། དེ་བཞིན་ཁོར་ཡུག་བཅས་པ་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་འཚབ་ཡོད་པ་གསུངས་ཏེ། རྒྱ་གར་གཞུང་མང་གི་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲིམས་མཐུན་ངོ་ཚབ་ལ་ངོས་འཛིན་གནང་སྐྱོང་ཡོང་ཐབས་དང་བོད་རྒྱ་གཉིས་དབར་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་གང་མགྱོགས་ཡོང་ཐབས། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་རྒྱུ་ཡིན་པ་སོགས་ཀྱི་བསྒྲགས་གཏམ་སྤེལ་ཡོད།རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་གཞུང་མང་གི་ངོས་ནས་བོད་མི་དང་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གང་ཡོང་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ལྷག་དོན་རྒྱ་ནག་གིས་བོད་དང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ངན་པ་དེས་རྒྱ་ནག་ཁོ་ན་ཙམ་མིན་པར་འཛམ་གླིང་ཀུན་ལ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་སྐོར་གསུངས་ཡོད།མཇུག་སྡོམ་གྱི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་ཧི་མཱ་ཅལ་མངའ་སྡེའི་དབུས་གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་སློབ་དཔོན་ Kuldeep Chand Agnihotri མཆོག་གིས་དབུས་པའི་རྩོམ་བྲིས་པ་གྲགས་ཅན་ལྕམ་སྐུ་ Dr. Neerja Madhav ལགས་ཀྱིས་ཀྱང་གསུང་བཤད་གནང་ཡོད་པར་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཀེར་མཱེ་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་ཡོད།རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༥ ལྷག་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ཚོགས་ཆེན་འདིའི་ཐོག་ནས་དགོངས་པ་པ་དང་སེམས་ཤུགས་འཕར་མ་ཞིག་གི་ཐོག་ནས་སོ་སོའི་ས་གནས་སུ་ཕྱིར་ཕེབས་ཡོད་པ་རེད།

Latest news