Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་པ།

དེ་རིང་ཟླ་ ༩ ཚེས་ ༢༥ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༩༌༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་རྙིང་པར་རྟེན་གཞི་བྱས་པའི་གཱན་དྷཱི་མཚམས་ཁང་དུ་རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷཱི་མཆོག་སྐུ་འཁྲུངས་ནས་མི་ལོ་ ༡༥༠ འཁོར་བའི་རྗེས་དྲན་དང་བསྟུན། Harijan Sevak Sangh དང་ Global Interfaith WASH Alliance ཞེས་པའི་ཆོས་ཚོགས་ཀྱིས་གོ་སྒྲིག་འོག་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་སོང་། ལྷན་ཚོགས་ཐོག་ཐོག་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས་པའི་ཧིན་དུའི་བླ་ཆེན་ Swami Ramdev དང་ Morari Bapu བླ་ཆེན་ Chidanand Saraswati  ཨ་རི་འཚར་ལོངས་བྱུང་བའི་ཧིན་དུའི་བཙུན་མ་ Sadhvi Bhagawati Saraswati ཁ་ཆེའི་ཆོས་དཔོན་ Maulana Mahmood Madani དེ་བཞིན་ཡེ་ཤུའི་ཆོས་དཔོན་སོགས་ལྷན་འཛོམས་གནང་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་དེ་རིང་གྱི་ལྷན་ཚོགས་སུ་ཆེད་ཕེབས་གནང་བའི་ཆོས་ལུགས་ཁག་གི་ཆོས་དཔོན་ཚོར་འཚམས་འདྲི་བསྩལ་བ་དང་སྦྲགས། ཆོས་ལུགས་ཚང་མས་གཅིག་མཚུངས་སུ་འདོད་པའི་བྱམས་པ་དང་སྙིང་རྗེ་གོང་སྤེལ་གནང་གི་ཡོད་པ་དང་། དེང་གི་དུས་སུ་ཆོས་ལུགས་རྐྱེན་པས་མི་གསོད་ཁྲག་སྦྱོར་གྱི་གནད་དོན་མང་དག་ཅིག་འབྱུང་བཞིན་པ་ནི་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་ཡིན་པ་བཀའ་བསྩལ་བ་དང་འབྲེལ། རྒྱ་གར་འདི་ལོ་ངོ་ ༢༠༠༠ གི་གོང་ནས་ཆོས་ལུགས་སྣ་མང་འཛོམས་པའི་རྒྱལ་ཁབ་ཅིག་དང་། ལོ་ངོ་ ༣༠༠༠ གི་གོང་ནས་གྲངས་ཅན་པའི་ལྟ་གྲུབ་དེ་དར་ཟིན་པ་ཞིག་ཡིན་པ་དང་། ལྟ་གྲུབ་དེའི་ནང་གི་བརྡ་ལན་གཙོ་བོ་ནི་འཚེ་བ་མེད་པའི་ལྟ་གྲུབ་དང་སྙིང་རྗེ་གཞིར་ལ་བཞག་པའི་ལྟ་གྲུབ་དེ་གསུང་གི་ཡོད་སྟབས། རྒྱ་གར་གི་ངོས་ནས་རང་ཉིད་ལ་མངའ་བའི་ཆོས་ལུགས་མཐུན་སྒྲིལ་དེ་བདག་གཉེར་གནང་རྒྱུ་ཙམ་མིན་པར་འཛམ་བུ་གླིང་སྤྱི་ལ་རང་ཉིད་དཔེ་མཚོན་དུ་བཞག་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུ་ཡོད་པའི་བརྡ་ལན་ཞིག་སྤྲོད་དགོས་པ་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བ་འབྱུང་བཞིན་པ་ནི་དགོས་ངེས་ཅན་ཞིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་དུས་ནམ་ཡང་ནང་པའི་ཆོས་དེ་ཡག་ཤོས་ཤིག་རེད་ཅེས་བཀའ་བསྩལ་མཛད་ཀྱི་མེད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ཆོས་ལུགས་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བའི་དབང་གིས་འཁྲུག་རྩོད་རིགས་འབྱུང་བཞིན་པ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་ཞིག་ཡིན་པར་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ནང་གྱི་མི་ཐེར་འབུམ་བདུན་པོའི་ཁོངས་སུ་ཐེར་འབུམ་གཅིག་ཙམ་ཆོས་ཁས་མི་ལེན་མཁན་ཆགས་ཀྱི་ཡོད་ཀྱང་ཁོང་རྣམས་འགྲོ་བ་མི་གཅིག་མཚུངས་ཡིན་པར་བཀའ་བསྩལ་དང་འབྲེལ་ཏེ་རྒྱ་གར་གྱི་གནའ་བོའི་རིག་གནས་སུ་ཡོད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ་སེམས་བཅོས་ཐབས་ཀྱི་ཞི་གནས་དང་ལྷག་མཐོང་གི་ལྟ་གྲུབ་དེ་དག་ལོ་ངོ་ ༣༠༠༠ གོང་ནས་ཡོད་པ་ཞིག་ཡིན་སྟབས། དེ་ནི་སེམས་མ་རུང་བར་གཉེན་པོའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པ་དང་། ལྟ་གྲུབ་དེ་དག་ཆོས་ལུགས་ཤིག་ནས་ཆས་པ་ཞིག་ཡིན་ནའང་རང་ཉིད་ཀྱི་སེམས་བཅོས་ཐབས་ཀྱི་བསླབ་གཞིར་བཟུང་ནས་ཆོས་ཁས་ལེན་མིན་གང་ཡིན་རུང་ལོ་ངོ་སྟོང་ཕྲག་ལྷག་སོང་བའི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་ཉེར་བར་མཁོ་བ་ཞིག་ཆགས་ཡོད་པ་བཀའ་བསྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་གོ་ལའི་ཚ་དྲོད་འཕེལ་རྐྱེན་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་ནི་ཛ་དྲག་གྱི་གནད་དོན་ཞིག་དང་། གོ་ལ་འདི་ནི་ང་ཚོའི་ཁྱིམ་ཚང་གཅིག་པོ་དེ་ཡིན་སྟབས་ནམ་ཞིག་ཁང་པ་དེ་མེ་ལ་ཤོར་བ་ཡིན་ན་ང་ཚོ་འགྲོ་ས་དང་སྡོད་ས་མེད་ལུས་ངེས་ཡིན་པས་ཁོར་ཡུག་བདག་གཉེར་བྱ་རྒྱུའི་མཚོན་པས་ཆུ་འབགས་བཙོག་མི་བཟོ་བར་ཤིང་སྣ་གང་མང་འདེམས་འཛུགས་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་བ་མ་ཟད། དེ་སྔ་མགོན་པོ་མཆོག་བོད་ལ་བཞུགས་སྐབས་འཐུང་ཆུ་འབགས་བཙོག་ཤོར་བ་ཞིག་གསན་མྱོང་མེད་ནའང་རྒྱ་གར་དུ་ཆིབས་བསྒྱུར་རྗེས་འཐུང་ཆུ་ལ་འབགས་བཙོག་ཤོར་བས་མཆོད་མི་ཆོག་པ་དང་གཙང་མ་མཆོད་དགོས་ཞེས་བཀའ་མོལ་གསན་པ་ནས་བཟུང་རང་བྱུང་ཁམས་ཀྱི་གནད་དོན་དེ་ཐུགས་རྒྱུས་བྱུང་སྐོར་བཀའ་བསྩལ་བ་དང་འབྲེལ། འགྲོ་བ་སྤྱིའི་བདེ་འཇགས་ལ་དགོངས་བཞེད་མཁན་ཚོས་ངེས་པར་དུ་འཛམ་གླིང་གི་ཁོར་ཡུག་གི་གནད་དོན་ཐོག་ཐུགས་བསམ་བཞེད་དགོས་ཞེས་བཀའ་བསྩལ་ཡོད། གཞན་ཡང་མགོན་པོ་མཆོག་གིས་ཁོང་ཁྲོར་གཉེན་པོ་བསྟན་ཕྱོགས་སོགས་ཀྱི་སེམས་བཅོས་ཐབས་དང་འབྲེལ་བའི་སྐོར་ལ་ལོ་ངོ་ ༣༠༠ གོང་ནས་རྒྱ་གར་ལ་དར་ཟིན་པ་ཞིག་ཡིན་པ་མ་ཟད། དེ་ནི་རྒྱ་གར་གནའ་བོའི་རིག་གནས་ཤིག་ཡིན་པ་དང་། དེང་རབས་ཀྱི་ཤེས་ཡོན་ཁྲོད་སེམས་ཁམས་འཕྲོད་བསྟེན་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པ་དང་། སྤྱིར་དེང་རབས་ཀྱིཤེས་ཡོན་དང་འབྲེལ་བའི་ཚན་རིག་དང་། དཔལ་འབྱོར་རིག་པ་ནི་གལ་ཆེན་པོ་ཡིན་ནའང་། དེང་རབས་ཀྱི་ཤེས་ཡོན་ནི་ཕྱི་དངོས་པོ་ཡར་རྒྱས་འགྲོ་རྒྱུ་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། དེང་རབས་ཀྱི་ཤེས་ཡོན་དང་ལྷན་དུ་སེམས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་རྒྱ་གར་གནའ་བའི་རིག་གནས་དེ་ཟུང་དུ་འབྲེལ་ཐུབ་ཚེ་ཕྱོགས་གཉིས་ཀར་ཡར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པ་ལམ་སྟོན་མཛད་སོང་། སྐབས་དེར་ཧིན་དུའི་བླ་ཆེན་ Swami Ramdev མཆོག་གིས་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེད་དང་བཀའ་དགོངས་ལམ་སྟོན་འོག་ཉེ་ལམརྒྱ་གར་སྲིད་བློན་མཆོག་གིས་གཙོས་བློན་ཆེན་དང་ལྷན་དུ་ Bharati education board ཞེས་པ་ཞིག་ཆེད་འཛུགས་ཀྱིས་དེང་རབས་དང་རྒྱ་གར་གྱི་གནའ་བོའི་རིགས་གནས་གཉིས་ཀར་སློབ་ཁྲིད་གནང་འཆར་ཡོད་པ་དང་། ཤེས་ཡོན་སློབ་གསོ་དེ་བརྒྱུད་ནས་རྒྱ་གར་རང་ཉིད་ཀྱི་གནའ་བོའི་རིག་གནས་གོང་སྤེལ་གནང་རྒྱུ་ཡིན་སྐོར་དང་དེ་ནི་མེས་པོ་དམ་པ་གཱན་དྷཱི་མཆོག་གི་དགོངས་པ་ཞིག་ཀྱང་ཡིན་པ་སྙན་སེང་ཞུས་སོང་། དེ་རིང་གི་མཛད་སྒོའི་ཐོག་ཆོས་ལུགས་ཚང་མའི་བླ་ཆེན་གྱི་ངོས་ནས་མགོན་པོ་མཆོག་ལྷན་ཚོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་༸གོང་ས་མཆོག་གིས་སྐྱེ་འགྲོ་སྤྱིའི་བདེ་དོན་སླད་དུ་གོ་ལ་ཁྱོན་ཀུན་ཏུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པར་ཡི་རང་མངོན་བསྟོད་ཞུས་སོང་། སྐབས་དེར་ཧིན་དུའི་བླ་ཆེན་ Chidanand Saraswati  མཆོག་གིས་༸གོང་ས་༸སྐྱནས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ཆོས་ལ་སློབ་སྦྱོང་གནང་དགོས་ཞེས་ལམ་སྟོན་བཀའ་བསྩལ་དོན་ལྟར། ང་ཚོ་དུས་རྟག་དུ་ internet འམ་དྲྭ་རྒྱ་བཀོལ་སྤྱོད་བྱེད་མུས་བཞིན་ inner net འམ་ནང་སེམས་བཅོས་ཐབས་ཐོག་དགོངས་པ་བཞེད་དགོས་པ་དང་། དེ་བཞིན་ facebook འམ་ངོ་དེབ་ཡང་ཡང་བཀོལ་སྤྱོད་བྱེད་བཞིན་པ་ལྟར་ རང་ཉིད་ཀྱི་མི་ཚེའི་ངོ་དེབ་དེས་དེ་བས་ཀྱང་རྟོག་ཞིབ་བྱེད་དགོས་པ་གསུངས་ཡོད།  

༸གོང་ས་མཆོག་བཅོམ་བརླག་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་གྱི་ཞོགས་པ་ཚོུད་ ༦༌༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Sri Udasin Karshni Ashram གི་ཧིན་དུའི་བླ་ཆེན་གཙོས་གཞན་བླ་ཆེན་ཁག་གཅིག་དང་ལྷན་དུ་ཕྱག་ཚོད་ཕྱེད་ཀ་ཙམ་གྱི་རིང་ལ་སྒོམ་སྒྲུབ་མཛད་འདུག་པ་དང་། དེ་ནས་ Ashram ཉེ་འཁྲིས་སུ་ཆགས་པའི་ཡ་མུ་ན་གཙང་པོའི་ཉེ་འདབས་སུ་ལ་མེའི་མཆོད་པ་དང་། དེ་རྗེས་ཕྱིར་བཞུགས་གནས་ལ་ཆིབས་བསྒྱུར་བསྐྱངས་ནས་ཤི་བ་ལིངྒ་ལ་འཁྲུས་ལ་ཀྱི་མཆོད་འབུལ་སོགས་མཛད་དེ་ཁུལ་དེའི་ཚོགས་ཁང་ཞིག་གི་ནང་གསར་འགོད་པ་དང་། མང་ཚོགས་ལ་བཀའ་སློབ་ལམ་སྟོན་བསྩལ་མཛད་འདུག་པ་མ་ཟད། ཉིནརྒྱབ་ཏུ་ཧིན་དུའི་བླ་ཆེན་ཁག་གཅིག་དང་ལྷན་དུ་མཇལ་མོལ་གྱིས་རྒྱ་གར་ Uttar Pradesh ནང་གི་མ་ཐུ་ར་འམ་བཅོམ་བརླག་ཁུལ་དུ་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་བསྟུན་ཕྱིར་རྒྱལ་ས་ལྡི་ལིར་ཆིབས་༸ཞལ་བསྒྱུར་གནང་སྟེ་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༣ ཙམ་ལ་རྒྱལ་ས་ལྡི་ལིའི་བཞུགས་གནས་གསོལ་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་གསར་འགོད་པ་དང་མང་ཚོགས་ལ་བཀའ་སློབ་བསྩལ་སྐབས་རྒྱ་གར་འདི་ཆོས་ལུགས་སྣ་འཛོམས་དང་། གནའ་བོའི་རིག་གནས་ཕྱུག་པོ་ཡོད་སྐོར་བཀའ་བསྩལ་དང་འབྲེལ། དེང་གི་འཛམ་བུ་གླིང་འདིའི་ནང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་ནང་སེམས་ཀྱི་བདེ་སྐྱིད་དེ་ཡོང་གི་མེད་སྟབས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་ཁོངས་སུ་ཡོད་པ་ཞིག་ཡིན་པས་རྒྱ་གར་བ་ཚོས་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་གསར་འགོད་པ་ཞིག་གི་བཀའ་འདྲིར་ང་ཚོ་འགྲོ་བ་མི་ཚང་མ་ཕྱིའི་གཟུགས་པོ་དང་ནང་སེམས་ཚོར་བཅས་ཚང་མ་གཅིག་མཚུངས་ཤིག་ཡིན་པ་མཟད། དང་པོ་བཙའ་བའི་གནས་སྐབས་དང་མཐར་འཆི་བའི་གནས་སྐབས་སུའང་ལམ་བུ་གཅིག་མཚུངས་ཤིག་ཡིན་སྟབས་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་བྱམས་པ་དང་འཚེ་མེད་ཞི་བའི་ཐོག་ལ་བློ་སྒྲིམ་དགོས་པ་བཀའ་ན་མཛད་འདུག རྩ་བའི་མགོན་པོ་མཆོག་ཁ་སང་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་ཧིན་དུ་བླ་ཆེན་ Swami Karshni Gurusharanandaji Maharaj མཆོག་གིས་གཙོས་གནད་ཡོད་མི་སྣས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ Krishna ལྷ་ཁང་ལ་གནས་གཟིགས་མཛད་པ་དང་སྦྲགས། ཧིན་དུའི་རྗེས་འབྲང་པ་ཚོས་རིག་བྱེད་ཀྱི་ཆོ་ག་འདོན་བཞིན་རྒྱ་གར་གནའ་བོ་ལམ་སྲོལ་གྱི་ཐོག་ནས་གསོལ་ཞོ་དང་ཆབ་ཞོ། གསོལ་མར་དང་གུར་ཀུམ་སོགས་ཀྱིས་ཞབས་བསིལ་ནས་རྒྱ་གར་ཧིན་དུའི་དགེ་སློང་དག་ལ་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་དེ་འཛམ་གླིང་རྒྱལ་སྤྱིའི་གནའ་བོའི་རིག་གནས་ཀྱི་ཁོངས་སུ་མདུན་དུ་སྐྱོད་མཁན་གྱི་ངོ་མཚར་ཅན་གྱི་གནའ་བོའི་རིག་གནས་ཤིག་ཡིན་པ་བཀའ་བསྩལ་བ་དང་འབྲེལ། ལེགས་སྦྱར་གྱི་བརྒྱུད་ནས་རྒྱ་གར་གནའ་བོའི་རིག་གནས་ཀྱི་བརྡ་ལན་གཙོ་བོ་ནི་འཚེ་མེད་ཞི་བ་དང་སྙིང་རྗེ་ཡིན་པ་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ལོ་ངོ་སྟོང་ཕྲག་སོང་བའི་རྒྱ་གར་གྱི་གནའ་བོའི་རིག་གནས་ཏེ་འཚེ་མེད་ཞི་བ་དང་སྙིང་རྗེ་གཞིར་བཞག་པའི་ལྟ་གྲུབ་དེ་དག་བདག་གཅེས་གནང་དགོས་པ་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུག ཐེངས་འདིའི་༸གོང་ས་མཆོག་གྱི་མཛད་འཆར་དང་ལྷན་དུ་ཆིབས་ཞབས་སུ་ཡོད་པའི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བཅོམ་བརླག་ཁུལ་གྱི་མཛད་འཆར་རྣམས་ལེགས་གྲུབ་བྱུང་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ལ་སླར་ཁུལ་དེར་ཡང་ཡང་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་སྐོར་སོགས་གསུངས་། མཛད་འཆ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནངས་ཕྱི་ཚེས་ ༢༥ ཉིན་སླར་ལྡི་ལི་རྙིང་པའི་ཁུལ་དུ་ཆགས་པའི་ Harijan Sevak Sangh, Gandhi Ashram ཞེས་པ་དེར་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་ཕྱིར་བཞུགས་སྒར་དུ་ཆིབས་༸ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།

ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་བསྩལ་བ།

དེ་རིང་ཕྱི་ཟླ་  ༩ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཏཱཇ་མན་སིངྒ་གསོལ་མགྲོན་ཁང་དུ་གསོལ་མགྲོན་ཁང་གིས་གོ་སྒྲིག་འོག་ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ་དང་། བརྒྱུད་ལམ་ཁག་གི་ལས་བྱེད། མཁས་དབང་།  ཤེས་ལྡན་མི་སྣ། དེ་བཞིན་ཚོང་པ་སྙན་གྲགས་ཅན་སོགས་ཁྱོན་མི་གྲངས་ ༡༥༠ ཙམ་ཞིག་ལ་མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་ལམ་སྟོན་བསྩལ་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད་མི་སྒེར་རེ་རེ་བཞིན་སྤྱི་ཚོགས་ལ་བརྟེན་ནས་ཡོད་སྟབས་འགྲོ་བ་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་དགོས་པ་དང་། དེ་བཞིན་ཚོས་ལུགས་མཐུན་སྒྲིལ་དང་འབྲེལ་ནས་རང་ཉིད་ཀྱི་ངོས་ནས་ཆོས་གང་བྱེད་དང་མི་བྱེད་ནི་མི་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ནི་བྱམས་པ་དང་སྙིང་རྗེ་ཡིན་སྟབས། རྒྱ་གར་ལྟ་བུ་མི་རིགས་སྣ་མང་དང་། སྐད་ཡིག་སྣ་མང་། དེ་བཞིན་ཆོས་ལུགས་སྣ་མང་འཛོམས་པའི་རྒྱ་ཁབ་ཅིག་ཡིན་པ་མ་ཟད་ཆོས་ལུགས་མཐུན་འབྲེལ་གྱི་ཐོག་ནས་རྒྱ་གར་འདི་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་མིག་ལྟོས་འོས་པ་ཞིག་ཡིན་པར་བཀའ་བསྩལ་ཡོད་སྐོར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསུངས་སོང་། ད་དུང་མགོན་པོ་མཆོག་ནས་ཕྱི་ལོ་ ༢༠༡༡ ནས་བཟུང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གནང་ཟིན་སྐོར་བཀའ་བསྩལ་བ་དང་འབྲེལ། བོད་ཀྱི་ཁོར་ཡུག་གི་གནད་དོན་སོགས་ལ་ཐུགས་སྣང་མཛད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་རིག་གནས་རྙིང་པ་དང་གལ་ཆེན་པོ་ཞིག་ཡིན་པར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་དེང་རབས་ཀྱི་ཤེས་ཡོན་དེ་ཚད་མཐོ་པོ་ཡོད་ཀྱང་དེ་ནི་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་པ་མ་གཏོགས་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་སྟོང་ཆ་ཆགས་ཡོད་སྟབས། རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱིས་སྟོང་ཆ་ཡོད་པ་དེ་ཁ་སྐོང་གནང་ཐུབ་རྒྱུ་མ་ཟད་དུས་རབས་ཉེར་གཅིག་པའི་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དགོས་མཁོ་ཆེན་པོ་ཆགས་ཡོད་པ་བཀའ་བསྩལ་འདུག མཛད་འཆར་ལྟར་ན་མགོན་པོ་མཆོག་ནས་སང་ཕྱི་ཚེས་ ༢༢ དང་ ༢༣ ཉིན་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་རྒྱ་གར་ Uttar Pradesh ནང་གི་མ་ཐུ་རར་མཛད་འཆར་ཁག་གཅིག་བསྐྱང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་སླར་ཡང་ལྡི་ལི་རྙིང་པའི་ཁུལ་དུ་ཆགས་པའི་ Harijan Sevak Sangh, Gandhi Ashram ཞེས་པའི་སྤྱི་ཚོགས་ཞབས་ཞུ་ཁང་དུ་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོར་དབུ་བཞུགས་མཛད་ཀྱི་ཡོད་པ་རེད། ༸སྐུ་པར་རྣམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས།

སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སོང་།

༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཉིད་མཆོག་ལ་ཡོད་པ་ལས་ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པར་ནན་བརྗོད་དང་བཅས་དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སྟེ་དེ་རིང་ཉིན་དང་པོའི་ལས་རིམ་ཐོག་གཙོ་བོ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ ༩ ཙམ་གཏན་འབེབས་དང་། དེའི་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་ཐོག་ཉིན་རྒྱབ་ཀྱི་ཚོགས་དུས་བར་དུ་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས་མཐར་སྤྱི་མོས་ཐོག་དོན་ཚན་ ༥ ཅན་གྱི་གྲོས་ཆོད་ཅིག་བཞག་གནང་སོང་། གྲོས་ཆོད་དེའི་ནང་གཙོ་བོ་མ་འོངས་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་མཆོག་༸སྐུ་སྒེར་ལ་ཡོད་པ་ལས་ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པར་ནན་བརྗོད་དང་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་བརྒྱུད་ཞི་མོལ་ཡོང་ཐབས་ལ་འབད་བརྩོན་ཡོད་རྒུ་གནང་བཞིན་པ་ལྟར་རྒྱ་གཞུང་གི་ངོས་ནས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་རྒྱུ་གསལ་པོར་འཁོད་འདུག གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་དེ་རིང་ཉིན་གང་ལ་བགྲོ་གླེང་གནང་བའི་ཁྲོད་ཁྱོན་སྤྱི་འཐུས་ ༡༩ ཙམ་དང་སྲིད་སྐྱོང་བཅས་གྱིས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཞུས་པ་དང་འབྲེལ། རྒྱ་ནག་ལ་༸སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་རྒྱུ་ཕར་ཞོག ཐ་ན་དེའི་སྐོར་སྐད་ཆ་ཙམ་ཡང་བཤད་རྒྱུའི་ཐོབ་ཐང་མེད་པ་དང་། གནད་དོན་དེའི་ཐོག་བོད་པའི་སྤྱི་ཚོགས་ནང་གི་ཤེས་ཡོན་ལྡན་པའི་མི་སྣ་ཡོངས་རྫོགས་ཀྱིས་འགན་ཁུར་བླངས་ཏེ་རྒྱ་ནག་ལ་ཡ་ལན་ཁ་གཏད་གཅོག་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་བ་མ་ཟད་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་དམིགས་བསལ་སྐུ་ཚབ་བསྐོ་གཞག་དང་འབྲེལ་བའི་གནད་དོན་ཐོག་ལ་ཡང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད། གཞི་རྩའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་སྐབས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུ་འབྱེད་གཏམ་བཤད་ནང་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འཆར་ཁག་ངོ་སྤྲོད་དང་། འཛིན་སྐྱོང་བཀའ་ཤག་ནས་སྤྱི་འཐུས་ལྷན་ཚོགས་ལ་ལས་བསྡོམས་འབུལ་དགོས་ཀྱི་ཡོད་པ་ལྟར། ང་ཚོ་སྤྱི་འཐུས་རྣམས་མི་མང་གི་བདམས་པ་ཡིན་པའི་ཆ་ནས་མི་མང་ལ་ལས་བསྡོམས་འབུལ་དགོས་གལ་ཡིན་པའི་གསུང་བཤད་གནང་བ་དང་འབྲེལ། སྐབས་རེར་མང་ཚོགས་ཁྲོད་སྤྱི་ཚོགས་ནང་མ་མཐུན་པ་དང་མ་འགྲིག་པ་མང་དག་ཅིག་གྲོས་ཚོགས་ནས་འགོ་འཛུགས་ཀྱི་ཡོད་པར་གསུང་མཁན་ཡོད་པ་དེ་ཐབས་སྐྱོ་བོ་ཡིན་པར་གསུངས་པ་དང་ཆབ་ཅིག་ཏུ་ད་ནས་བཟུང་ང་ཚོའི་སྤྱི་ཚོགས་ནང་མ་འགྲིག་པ་དང་མ་མཐུན་པའི་གནད་དོན་གང་ཡོད་པ་རྣམས་མཐུན་པ་བཟོ་དགོས་པ་དེ་གྲོས་ཚོགས་ནས་འགོ་འཛུགས་དགོས་པའི་རེ་སྐུལ་ཞུས་སོང་། རྩ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ཐོག་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་ལས་ཁུངས་མ་ལག་དང་བཅས་པའི་ལྷན་ཁང་ཁག་གི་ལས་བསྡོམས་སྙན་ཐོ་འགོ་འབུལ་དང་དེའི་ཐོག་བགྲོ་གླེང་སོགས་གནང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཀྱི་ཚོགས་དུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གྱིས་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།  

༸གོང་ས་མཆོག་གིས་སེམས་བཅོས་ཐབས་ཀྱི་ཤེས་ཡོན་ཐོག་བཀའ་སློབ་བསྩལ་བ།

དེ་རིང་ཕྱི་ཟླ་ ༩ ཚེས་ ༢༠ སྔ་དྲོའི་ཚོུད་ ༡༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཤྲི་རཱམ་སློབ་ཁང་དུ་རྒྱ་གར་གཞོན་སྐྱེས་ཁྲོད་གནའ་བོའི་རིག་གཞུང་དང་རོལ་ཆའི་སྒྱུ་རྩལ་སོགས་གོང་སྤེལ་གནང་མཁན་Spic Macay ཞེས་པའི་ཚོགས་པས་གོ་སྒྲིག་ཞུས་ཐོག་སློབ་གྲྭ་ཁྱོན་ ༥༠ ནས་སློབ་མ་ ༢༣༠༠ ཙམ་ལ་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་ལ་བཀའ་སློབ་བསྩལ་སོང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་བདག་ཉིད་བདག་གི་མགོན་ཡིན་ལ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེཌ་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན་ཞེས་གསུངས་པ་ལྟར་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་གཙོ་བོ་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ལ་རག་ལས་ཡོད་སྟབས་བཟང་ཕྱོགས་ཐོག་ནས་བསམ་བློ་བཏང་བ་དེས་ངལ་འཕྲད་སྐབས་སུའང་ཞི་བདེ་བག་ཕེབས་ཀྱི་བསམ་བློ་བསྐྲུན་ཐུབ་པ་མ་ཟད། སློབ་དཔོན་ཞི་བ་ལྷས་སྐྱོན་འཛུགས་ནི་བཟོད་བསྲན་གྱི་ཉམས་ལེན་བྱ་ཡུལ་ཞིག་ཡིན་ཞེས་གསུངས་ཡོད་པ་ལྟར་དེ་ནི་ཡ་མཚན་ཞིག་ཚོར་སྲིད་ཀྱང་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་པ་དང་། དགྲ་བོས་རང་ལ་སྐྱོན་འཛུགས་བྱེད་སྐབས་དེར་གུས་བརྩི་དང་ཡི་རངས་བྱེད་དགོས་ཞེས་ལམ་སྟོན་བསྩལ་སོང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་སྟེ་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་མཛད་རྒྱུའི་ཐུགས་བསྐྱེད་དང་འབྲེལ་ཏེ་ད་ཆ་འཛམ་བུ་གླིང་འདིའི་ནང་ཆོས་ལུགས་ཀྱི་རྐྱེན་པས་ Shia དང་། Suni དབར་ཀྱི་འཁྲུག་རྩོད་ཀྱི་གནས་དོན་གཙོས་པའི་བྷར་མར་ནང་པ་དང་ཁ་ཆེའི་དབར་འཁྲུག་རྩོད་སོགས་ཀྱི་དོན་རྐྱེན་འོག་མི་གསོད་ཕྲག་སྦྱོར་གྱི་ངལ་བ་དུ་མ་མྱོང་བཞིན་པའི་དུས་སྐབས་འདིར་རྒྱ་གར་འདི་མི་རིགས་སྣ་མང་དང་། སྐད་ཡིག་སྣ་མང་། དེ་བཞིན་ཆོས་ལུགས་སྣ་མང་འཛོམས་པའི་རྒྱ་ཁབ་ཅིག་ཡིན་པ་མ་ཟད་ཆོས་ལུགས་མཐུན་འབྲེལ་གྱི་ཐོག་ནས་རྒྱ་གར་འདི་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་མིག་ལྟོས་འོས་པ་ཞིག་ཡིན་སྟབས་རྒྱ་གར་གྱིས་རྒྱལ་ཁབ་གཞན་ཚོར་ཆོས་ལུགས་ཚང་མཉམ་གནས་ངང་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུ་ཡོད་པའི་བརྡ་ལན་སྤྲོད་དགོས་ཞེས་བཀའ་བསྩལ་ཡོད། དེ་བཞིན་མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྟེ་རྒྱ་གར་གྱི་གནའ་བོའི་རིག་གནས་སླར་གསོ་མཛད་རྒྱུ་དང་འབྲེལ་ཏེ་ད་ཆ་རྒྱ་གར་ནང་དར་ཟིན་པའི་དེང་རབས་ཀྱི་ཤེས་ཡོན་ནི་ཕྱིའི་དངོས་པོ་དང་འབྲེལ་ཡོད་པར་བརྟེན་ཤེས་ཡོན་གྱི་ལམ་ལུགས་དེ་བརྒྱུད་ནས་སློབ་གཉེར་བ་ཚོར་ནམ་ཞིག་དཀའ་ངལ་འཕྲད་ཚེ་རང་ཉིད་ཀྱི་སེམས་བཅོས་མ་ཐུབ་པར་རང་ཤི་རྒྱག་རྒྱུ་གཙོས་ངལ་བ་མང་དག་ཅིག་འབྱུང་བཞིན་ཡོད་སྟབས། རྒྱགར་གྱི་གནའ་བོའི་རིག་གནས་ཏེ་ལོ་ངོ་༣༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་འཚེ་མེད་ཞི་བ་དང་སྙིང་རྗེ་གཞིར་བཞག་པའི་ལྟ་གྲུབ་ལ་སོགས་པའི་ཁོང་ཁྲོའི་གཉེན་པོ་བསྟན་ཕྱོགས་སྐོར་ལ་གསུངས་པ་དེ་དག་གཞོན་སྐྱེས་ཚོས་འཛམ་གླིང་སྤྱིར་ཁྱབ་སྤེལ་བྱེད་དགོས་པར་ལམ་སྟོན་བསྩལ་སོང་། ༸གོང་ས་མཆོག་གིས་དེ་སྔ་དུས་རབས་ཉི་ཤུ་པའི་ནང་གི་ང་ཚོའི་རྒྱལ་ཁབ་དང་ང་ཚོའི་གླིང་ཕྲན་ཞེས་པ་ནི་བསམ་བློ་རྙིང་ཞེན་ཅན་ཞིག་ཡིན་པ་དང་། བསམ་བློ་འཁྱེར་བཟོ་དེས་འཚེ་བ་དང་དམག་འཁྲུག དཀའ་ངལ་ཅན་གྱི་དུས་རབས་ཤིག་བྱུང་ཡོད་ནའང་དེར་ང་ཚོས་བཅོས་ཐབས་གང་ཡང་མེད་པ་དང་དུས་རབས་ཉེར་གཅིག་དང་མ་འོངས་ཀྱི་དུས་རབས་དེ་ཞི་བདེ་དང་ལྡན་པ་ཞིག་ཡོང་མིན་ནི་ང་ཚོའི་ལག་ཏུ་ཡོད་པར་བཀའ་བསྩལ་བ་དང་འབྲེལ། ང་ཚོ་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པ་དང་མི་སྒེར་གྱི་མི་ཚེ་དེ་སྤྱི་ཚོགས་ལ་བརྟེན་ཡོད་སྟབས། འཛམ་གླིང་ནང་གི་མི་ཐེར་འབུམ་བདུན་པོ་དེ་དག་ལ་འགྲོ་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་གལ་ཡིན་པའི་བཀའ་ནན་མཛད་ཡོད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་དེ་སྔ་བོད་ལ་དུས་འགྱུར་བྱུང་ནས་རྒྱ་གར་ལ་ཆིབས་བསྒྱུར་མཛད་ཟིན་པའི་རྗེས་སུ་ཕྱི་ལོ་ ༡༩༦༠ ནང་རྒྱ་གར་གཞུང་ནས་མགོན་པོ་མཆོག་གི་བཞུགས་གནས་ཏེ་བཞུགས་སྒར་དྷ་རྨ་ས་ལར་གདན་ཞུ་གནང་སྐབས་ཀྱི་དགུན་དུས་སུ་གངས་ཆེན་པོ་བབས་ཡོད་སྐོར་ཐུགས་དྲན་གསོས་པ་དང་སྦྲགས། དེ་སྔ་ལྷ་སའི་ཉེ་འཁྲིས་སུ་ཆགས་པའི་རི་བོའི་རྩེར་དགུན་དུས་སུ་གངས་མང་པོ་བབབ་ཀྱི་ཡོད་པར་བཀའ་བསྩལ་བ་མ་ཟད། ད་ཆ་འཛམ་གླིང་འདིའི་ནང་གནམ་གཤིས་འགྱུར་ལྡོག་དང་གོ་ལ་སྤྱིའི་ཚ་དྲོད་འཕེལ་བའི་དཀའ་ངལ་དངོས་མྱོང་བཞིན་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག རྒྱ་གར་གྱི་གཞོན་སྐྱེས་ཚོར་རང་བྱུང་ཁམས་ལ་བདག་གཉེས་དང་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུར་འོས་འགན་ཡོད་པ་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་དགེ་ལས་སློབ་ཕྲུགས་རྣམས་ལ་བཀའ་སློབ་བསྩལ་གྲུབ་མཚམས་སུ་སློབ་ཕྲུག་ཁག་གཅིག་ནས་བདག་མེད་ཀྱི་ལྟ་བ་དང་། ལས་འབྲས། མགོན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་གྲོགས་པོ་ཡག་ཤོས། མིའི་མི་ཚེ་ནང་བཟང་པོའི་ཡོན་ཏན་དེ་འཛིན་སྐྱོང་གནང་ཕྱོགས། སློབ་མ་ཞིག་གི་ངོས་ནས་སེམས་ཞི་བར་གནས་ཐབས་དང་༸སྐུའི་ཡང་སྲིད་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་༸གོང་ས་སྐུ་ཕྲེང་དང་པོའི་རང་རྣམ་དུ་ངོས་ཀྱི་སྐུ་ཐོག་རྗེས་མ་རྣམས་གང་ཞིག་ལ་དགོས་མཁོ་དང་ཞབས་འདེགས་བསྒྲུབ་རྒྱུ་ཡོད་སར་འཁྲུངས་རྒྱུ་ཡིན་སྐོར་བཀའ་བསྩལ་བ་བཞིན་སྐུ་ཕྲེང་རྗེས་མ་དེ་འགྲོ་བ་སྤྱིར་ཞབས་འདེགས་བསྒྲུབ་རྒྱུ་སླད་དུ་འཁྲུངས་རྒྱུ་ཡིན་པ་དང་། ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་གསུངས་པ་བཞིན་སེམས་ཅན་གྱི་སྡུག་བསྔལ་མ་སེལ་གྱི་བར་དུ་ཡང་སྲིད་བྱོན་རྒྱུའི་ཉིན་ལྟར་ཐུགས་སྨོན་མཛད་མུས་ཡིན་པར་བཀའ་བསྩལ་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་དེས་དགེ་ལས་སློབ་ཕྲུག་རྣམས་ནས་ Educating  the Heart and mind ཞེས་སེམས་བཅོས་ཐབས་ཀྱི་ཤེས་ཡོན་གྱི་སྐོར་ལ་བཀའ་སློབ་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུ་དོན་གཙོ་བོ་ནི་ད་ལྟའི་འཛམ་གླིང་འདིར་སྡང་འཛིན་དང་། འཐབ་རྒོལ། འཚེ་བའི་ལས་སོགས་རིམ་པ་འབྱུང་བཞིན་ཡོད་སྟབས། ན་གཞོན་སློབ་ཕྲུག་ཚོའི་སེམས་ཁོངས་སུ་བརྩེ་བ་དང་བཟོད་བསྲན། སྙིང་རྗེ། ཞི་བདེ་བདེ་སོགས་སེམས་ཁོངས་སུ་ཁྲ་ལྷམ་མེར་ཤར་ཐུབ་པའི་ཐོག་ནས་འགྲོ་བ་སྤྱིར་བརྒྱུད་སྐུལ་དང་ཕན་ཐོགས་བསྒྲུབ་སླད་དུ་དམིགས་པ་ཞིག་ཡིན་པ་རེད།

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༡༩ ཉིན་གྱི་ཉིན་དགུང་ཚོུད་ ༡༢།༠༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་དང་རྒྱ་གར་Uttar Pradesh མངའ་སྡེའི་ནང་གི་མ་ཐུ་རར་གཟའ་འཁོར་གཅིག་ལྷག་གི་མཛད་འཆར་གྱི་སླད་ཆིབས་བསྒྱུར་བསྐྱང་གནང་མཛད་སོང་། མཛད་འཆར་ལྟར་ན་མགོན་པོ་མཆོག་སང་ཉིན་ཕྱི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ Shri Ram སློབ་གྲྭར་Spic Macay མཛད་སྒོའི་ཐོག་དབུ་བཞུགས་མཛད་དེ་དེར་སློབ་ཁག་མི་འདྲ་བ་༥༠ ནས་ཁྱོན་སློབ་མ་གྲངས་ ༢༣༠༠ ཙམ་ལ་Educating  the Heart and  mind  ཞེས་སེམས་བཅོས་ཐབས་ཀྱི་ཤེས་ཡོན་གྱི་སྐོར་ལ་བཀའ་སློབ་སྩོལ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༡ ཉིན་ཏཇ་མན་སིང་མགྲོན་ཁང་དུ་མཁས་དབང་ཁག་ཅིག་དང་། ཤེས་ལྡན་མི་སྣ། གཞན་ཡང་རྒྱལ་འབྲེལ་སྐུ་ཚབ་ཁག་ཅིག་དང་ལྷན་དུ་མཇལ་མོལ་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་༢༢ཉིན་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་རྒྱ་གར་Uttar Pradesh མངའ་སྡེའི་ནང་གི་མ་ཐུ་རར་ཡོད་པའི་Sri Udasin Karhni Ashram དུ་ཧིན་དུའི་བླ་མ་ Swami Karshni Gurushranandaji Maharaja དང་ལྷན་དུ་མཇལ་མོལ་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་༢༣ ཉིན་ཁུལ་དེར་མགོན་པོ་༸གང་ཉིད་མཆོག་ནས་བཀའ་སློབ་ལམ་སྟོན་གནང་རྒྱུའི་མཛད་འཆར་དང་། དེ་ནས་ཕྱི་ཚེས་ ༢༥ ཉིན་སླར་ཡང་ལྡི་ལི་རྙིང་པའི་ཁུལ་དུ་ཆགས་པའི་ Harijan Sevak Sangh, Gandhi Ashram ཞེས་པ་དེར་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོའི་ཐོག་དབུ་བཞུགས་མཛད་དེ་ཕྱི་ཚེས་ ༢༦ ཉིན་ཕྱིར་བཞུགས་སྒར་དུ་ཆིབས་ཐོན་གནང་རྒྱུ་ཡིན་པ་རེད།    

བོད་མིའི་དཀའ་སྡུག་རྣམས་འཇར་མན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ལ་འབུལ་རྒྱུ་ཡིན།

ཁ་སང་སྔ་དྲོ་འཇར་མ་ནིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Frank Heinrich ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་རྟོག་ཞིབ་ཚོགས་ཆུང་གི་སྐུ་ཚབ་མི་སྣ་དྲུག་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་འཚམས་གཟིགས་གནང་ཡོད་པ་ལྟར་སྐུ་ཚབ་ཚོགས་ཆུང་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་སོང་། མཇལ་ཁའི་སྐབས་༸གོང་ས་མཆོག་གིས་ད་ཆ་རྒྱ་ནག་གི་ནང་ནང་པ་ས་ཡ་སུམ་བརྒྱ་ལྷག་ཡོད་པར་བཀའ་གནང་སྟེ་ རྒྱ་ནག་ནང་གི་ཆོས་ལུགས་དད་མོས་ཀྱི་རང་དབང་དེ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་བ་དང་འབྲེལ། འཇར་མན་ལྟ་བུའི་རང་དབང་རྒྱལ་ཁབ་གྱི་གྲོས་ཚོགས་སུ་དུས་རྒྱུན་ནས་བོད་དོན་སྤྱི་དང་སྒོས་བོད་ཀྱི་ཆོས་རིག་དང་ཁོར་ཡུག་སོགས་ཀྱི་གནད་དོན་ཐོག་གླེང་སློང་གནང་རོགས་ཞེས་རེ་སྐུལ་གནང་འདུག རྩ་བའི་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚན་པའི་ངོས་ནས་ལོ་ཕྱེད་ཅིག་གི་རིང་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཐད་ལ་ཕྱག་ལས་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་སྟབས་བརྗོད་གཞི་དང་འབྲེལ་ནས་ས་གནས་འདྲ་མིན་དུ་ཕེབས་ཏེ་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་གི་ཡོད་པ་ལྟར། ཟླ་བ་སྔོན་མའི་ནང་བོད་ དུ་ཕེབས་རྒྱུར་ཐབས་ཤེས་གནང་ཡོད་ཀྱང་རྒྱ་ནག་གཞུང་ནས་བཀག་སྡོམ་བྱས་ཡོད་རྐྱེན་ཐེངས་འདིར་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ཞིག་ཡིན་པ་རེད། དེ་རིང་༸གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་སུ་སྐུ་ཞབས་ Frank Heinrich ལགས་ཀྱིས་གསར་འགོད་པར་ང་ཚོའི་དམིགས་ཡུལ་དེ་བོད་ནང་ཆེད་སྐྱོད་ཀྱིས་དངོས་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་དེ་ཡིན་ཀྱང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་སྟབས་སྐབས་དེར་ང་ཚོར་ཚོར་བ་མ་བདེ་བ་ཞེ་དྲག་བྱུང་སོང་།  ང་ཚོས་འདས་པའི་བདུན་ཕྲག་ཁ་ཤས་གོང་བར་དུ་བོད་སྐྱོད་ཐུབ་རྒྱུར་འབད་བརྩོན་བྱས་པ་ཡིན་ཀྱང་མཐའ་མར་བོད་ནང་འགྲོ་མ་ཐུབ་སྟབས་བོད་མིའི་སྤྱི་ཚོགས་སུ་གནས་ཚུལ་འཚོལ་བསྡུ་ཆེད་དུ་འདིར་བཅར་བ་ཡིན་ཞེས་གསུངས་སོང་། ཁོང་གིས་ད་དུང་ང་ཚོས་འདིར་རྟོག་ཞིབ་བྱས་ཏེ་གནས་ཚུལ་མཁོ་སྒྲུབ་བྱས་རྗེས་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་མིའི་དཀའ་སྡུག་དང་འབྲེལ་བའི་སྙན་ཐོ་ཞིག་འབུལ་རྩིས་ཡོད། དེ་རྗེས་གཞི་ནས་ཐེངས་འདིའི་འཚམས་གཟིགས་ཀྱི་གྲུབ་དོན་དེ་གྲོས་གཞི་ཆགས་མིན་དང་འཇར་མན་སྲིད་གཞུང་གི་ཕྱི་འབྲེལ་གྱི་བློན་ཆེན་ལ་གནས་ཚུལ་དེ་དང་འབྲེལ་བའི་བརྡ་ལན་ཇི་ལྟར་སྤྲོད་དགོས་མིན་སོགས་ལ་གཟིགས་རྒྱུ་ཡིན་ཞེས་གསུངས་ཡོད། སྐུ་ཞབས་ Heinrich ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་བ་བརྒྱུད་ནས་ཆོས་སྲིད་དང་མི་སྒེར་བཅས་ཀྱི་གནད་དོན་མང་པོ་ཞིག་གི་སྐོར་ནས་ངེས་ཤེས་རྙེད་ཡོད་པར་འགྲེལ་བརྗོད་ཀྱིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ནི་བཤད་རྒྱུ་ཙམ་དང་བསམ་རྒྱུ་ཙམ་མ་ཡིན་པར་དོན་དདོས་སུ་ཉིན་རེའི་འཚོ་བའི་ནང་ལག་བསྟར་བྱེད་རྒྱུ་ཞིག་ཡིན་པ་ཤེས་རྟོགས་བྱུང་སོང་ཞེས་གསུངས་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་ཧ་ཅང་བཀའ་དྲིན་ཆེན་པོ་ཚོར་ཡོད་པ་གསུངས་སོང་། རྩ་བའི་ཟླ་བ་སྔོན་མའི་ནང་རྒྱ་ནག་གཞུང་གིས་འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ལ་རྒྱ་ནག་ཏུ་ཕེབས་རྒྱུའི་མཐོང་མཆན་སྤྲད་མེད་པའི་གནས་ཚུལ་བྱུང་བ་མ་ཟད། གྲོས་ཚོགས་ཀྱི་ digital affairs ཚོགས་ཆུང་གི་ཚོགས་མི་ཁག་གཅིག་ཀྱང་རྒྱ་ནག་ཏུ་ཕེབས་འཆར་ལ་འགོག་རྐྱེན་བཟོས་ཏེ་ཚོགས་ཆུང་དེའི་ནང་རྒྱུན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་གནང་མཁན་ལྕམ་སྐུ་ Margareta Bause ལགས་ཡོད་སྟབས་ཁོང་ལ་མཐོང་མཆན་སྤྲོད་རྒྱུ་མིན་སྐོར་བཤད་པར་བརྟེན་ཚོགས་ཆུང་དེའི་ཚོགས་མི་ཡོངས་རྒྱ་ནག་ཏུ་ཕེབས་རྒྱུ་ཕྱིར་འཐེན་གནང་ཡོད་པ་ཞིག་ཆགས་ཡོད་པ་རེད། ལྕམ་སྐུ་ Margareta Bause ལགས་ཀྱང་ཐེངས་འདིའི་འཚམས་གཟིགས་ནང་བཞུགས་སྒར་དུ་ཕེབས་ཡོད་པ་ལྟར་ཁོང་གིས་གསར་འགོད་པར་༸གོང་ས་མཆོག་ནས་མཇལ་མོལ་སྐབས་གཙོ་བོ་འགྲོ་བ་མིའི་རིགས་ཀྱི་བདེ་རྩ་དང་འབྲེལ་ནས་ལམ་སྟོན་གནང་ཡོད་པ་འགྲེལ་བརྗོད་ཀྱིས་གནད་དོན་དེ་ནི་འཇར་མན་གྱི་གྲོས་ཚོགས་ཙམ་མ་ཟད་རྒྱལ་སྤྱིའི་ཁྱོན་གལ་གནད་ཆེན་པོ་ཞིག་ཆགས་ཡོད་སྐོར་གསུངས་པ་དང་ལྷན་ཅིག་ཏུ་ཁོང་རྣམས་ཕྱིར་ཕེབས་རྗེས་ འགྲོ་བ་མིའི་ཐོབ་ཐང་སྤྱི་དང་སྒོས་བོད་དོན་ཐོག་རྒྱབ་སྐྱོར་གནང་ངེས་ཡིན་ཞེས་གསུངས་སོང་། དེ་རིང་སྔ་དྲོ་བཞུགས་སྒར་དུ་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་གྲུབ་མཚམས་སུ་ཁོང་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་དང་མཇལ་འཕྲད་དང་། དེ་རྗེས་ནོར་གླིང་དུ་གཟིགས་སྐོར་ལ་ཕེབས་ ཡོད་པ་དང་། དགོང་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་རྒྱུན་ལས་རྣམས་ནས་ཁོང་རྣམས་ལ་དགོང་ཚིགས་འདེགས་འབུལ་ཞུ་རྒྱུ་ཡིན་པ་རེད། སང་ཕྱི་ཚེས་ ༡༩ ཉིན་སྔ་ཐོག་ཕྱིར་ལྡི་ལིར་ཕེབས་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གིས་སྲིད་བློན་མོ་དཱི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ་དང་འབྲེལ་ཏེ་སྲིད་བློན་མཆོག་གིས་གདེང་སྤོབས་ཆེན་པོའི་ཐོག་ནས་རྒྱ་གར་རྒྱལ་ཁབ་འདི་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་འདུག ༸གོང་ས་མཆོག་གིས་དེ་རིང་ཟླ་ ༩ ཚེས་ ༡༧ ཉིན་སྲིད་བློན་མོ་དཱི་མཆོག་དགུང་ལོ་ ༦༩ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོར་དགའ་བསུའི་འཚམས་འཕྲིན་ཞིག་བསྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་ནི་ཡུན་རིང་ནས་རྒྱ་གར་གྱི་མགྲོན་པོ་ཞིག་ཡིན་པ་མ་ཟད་འཕགས་ཡུལ་འདི་ཉིད་ལ་དོན་དམ་གྱི་མཛའ་བརྩེའི་བསམ་པ་ཡོད་མཁན་ཞིག་ཡིན་སྟབས་སྲིད་བློན་མཆོག་གི་འདས་པའི་ལོ་དུས་ནང་འདེང་སྤོབས་ཆེན་པོའི་ཐོག་རྒྱ་གར་རྒྱལ་ཁབ་འདི་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་བཞིན་པར་ཡི་རངས་བསྔགས་བརྗོད་མཛད་པ་དང་ཆབས་ཅིག རྒྱ་གར་རྒྱལ་ཁབ་འདི་ཡར་རྒྱས་དང་ལམ་ལྷོངས་ལྡན་པ་ཞིག་བྱུང་ཚེ་རྒྱ་གར་ཡུལ་མི་ཙམ་མིན་པར་འཛམ་གླིང་སྤྱིའི་ཡར་རྒྱས་ལ་ཞབས་འདེབས་ཆེན་པོ་ཞུ་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་འདུག ༸གོངས་མཆོག་གིས་དེ་སྔ་སྲིད་བློན་མོ་དཱི་མཆོག་ལ་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་གནང་དགོས་གལ་སྐོར་བཀའ་བསྡུར་མཛད་མྱོང་ཡོད་པ་དྲན་གསོ་དང་སྦྲགས། ད་ལྟའི་ཆར་རྒྱ་གར་གྱི་གཞོན་སྐྱེས་ཁྲོད་དུ་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོའི་ལས་དོན་ལ་དོ་སྣང་གནང་མཁན་ཇེ་མང་དུ་ཕྱིན་ཏེ་ཤར་ཕྱོགས་ཀྱི་ཉི་མ་ལྟར་དར་འཕེལ་འབྱུང་བཞིན་ཡོད་པ་མ་ཟད་རིག་གནས་དེ་དག་དེང་གི་འཛམ་གླིང་ཐོག་དགོས་མཁོ་ཧ་ཅང་ཆེན་པོ་ཆགས་ཡོད་སྟབས། སྙིང་རྗེའི་ཉམས་ལེན་དང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སྐོར་གསུངས་ཡོད་པ་དེ་དག་དང་ལྷག་པར་དུ་དཔལ་ནཱ་ལེནྡཱ་ནས་བྱུང་བའི་ཚད་མ་རིག་པ་དང་གཏན་ཚིགས་རིག་པའི་རྣམ་གཞག་དེ་རྣམས་དེང་དུས་ཤེས་ཡོན་སློབ་གསོའི་ནང་འཇོག་ཐུབ་ཚེ་འགྲོ་བ་མི་རིགས་སྤྱི་ལ་ཕན་ཐོགས་ཡོང་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་འཛམས་གླིང་གི་ས་གནས་གང་དུ་ཕེབས་ཀྱང་རྒྱ་གར་གྱི་མགྲིན་ཚབ་པ་ཞིག་ཡིན་པའི་དགོངས་གཞིའི་ཐོག་ནས་མང་ཚོགས་རྣམས་ལ་རྒྱ་གར་རྒྱལ་ཁབ་འདི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་། སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་ཐོག་ཆོས་ལུགས་འདྲ་མིན་མཉམ་གནས་གནང་ཡུལ་གྱི་རྒྱལ་ཁབ་གཅིག་པོ་དེ་ཡིན་པར་བསྔགས་བརྗོད་མཛད་བཞིན་ཡོད་སྐོར་བཀའ་བསྩལ་ཡོད་པ་རེད། ལྷག་པར་དུ་༸གོང་ས་མཆོག་གིས་ཐེངས་འདིའི་སྲིད་བློན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་སྦྲགས། བོད་མི་བཙན་བྱོལ་བ་ཚོར་ཆ་མཚོན་ན་རྒྱ་གར་འཕགས་པའི་ཡུལ་འདི་ནི་ཆོས་ཕྱོགས་ཀྱི་སྐྱབས་ཡུལ་ཙམ་མིན་པར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་མིའི་འཚོ་གནས་ཤིག་ཀྱང་ཆགས་ཡོད་པ་བཀའ་བསྩལ་བ་དང་ལྷན་གཅིག་ཏུ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་འདུག

བོད་ཀྱི་གསོ་བ་རིག་པས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཐུབ་ཡོད་པ་དང་བོད་ཀྱི་མཚན་མཐོང་ལའང་ཕན་ཡོད།

དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་ལྔ་པའི་འཐུས་མི་དང་ལས་བྱེད་མི་གྲངས་ ༡༢ ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་འདུག སྐབས་དེར་༸གོང་ས་མཆོག་གིས་བོད་ཀྱི་གསོ་བ་རིག་པའམ་དེང་བོད་སྨན་ཞེས་ཡོངས་སུ་གྲགས་པ་འདི་ནི་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གཞན་རྗེས་སུ་འཛིན་པའི་རིག་གནས་གལ་ཆེ་ཤོས་ཤིག་ཡིན་པ་དང་ཁྱད་པར་དུ་བོད་སྨན་གྱིས་ནད་རིགས་ཁག་བཅོས་ཐབས་བྱས་ཏེ་མང་ཚོགས་ལ་ལུས་སེམས་གཉིས་ཀྱི་བདེ་ཐང་སོགས་ལ་ཞབས་ཞུ་བསྒྲུབས་ཡོད་པ་དང་ཆབས་ཅིག་ཏུ་བོད་ཀྱི་མཚན་མཐོང་ལའང་ཕན་ཐོགས་བྱུང་ཡོད་པ་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ངོས་ནས་དེང་གི་འཛམ་གླིང་འདིར་ཚན་རིག་འཕེལ་རྒྱས་དང་བསྟུན་འཕྲུལ་ཆས་ཀྱིས་དཔྱད་དེ་ཚན་རིག་དང་མཐུན་པའི་ར་སྤྲོད་དང་དེ་བཞིན་རྒྱ་གར་གྱི་སྨན་པ་མཁས་པ་དག་དང་ལྷན་དེང་གི་ཕྱི་ནང་གསོ་རིག་གི་ལེགས་ཆ་ཕན་ཚུན་སྤེལ་རེས་ཀྱིས་བོད་ཀྱི་གསོ་བ་རིག་པ་འདི་འཛམ་གླིང་ལ་ཁ་ཕྱོགས་ཏེ་འཕེལ་རྒྱས་ཡོང་ཐབས་གནང་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་བཀའ་བསྩལ་ཡོད། རྩ་བའི་ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཐོག་གསོ་བ་རིག་པའི་ཉིན་མོ་ཐེངས་དང་པོ་སྲུང་བརྩི་ཞུས་ཡོད་པ་དང་སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་ཀྱང་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཐོག་ལ་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད། དེ་རིང་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ་དང་ལྷན་དུ་ཕྱི་ནང་གི་དད་ལྡན་མང་དག་ཅིག་ལ་མཇལ་ཁ་གནང་ཡོད་པ་དང་། དེའི་ཁོངས་སུ་ཁེ་ན་ཌ་ནས་ཕེབས་པའི་བོད་རིགས་ཁག་གཅིག་ལ་མཇལ་ཁ་བསྩལ་སྐབས་བོད་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་བྱེད་དགོས་ཞེས་བཀའ་ནན་བསྩལ་ཡོད་པ་རེད།

Latest news