Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

གཞན་གཅེས་འཛིན་གྱི་བློ་དེ་རང་ཉིད་ཀྱི་དགོས་དོན་སྒྲུབ་པར་ཐབས་ཡག་ཤོས་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་ཞི་བའི་ཚལ་དུས་འཁོར་ཐང་ཆེན་དུ་ཆེད་དུ་བྱ་བའི་འདུལ་བྱ་ལ་དྭགས་དད་ལྡན་སེར་སྐྱ་མང་ཚོགས་གཙོ་གྱུར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་༸རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དབུ་འཛུགས་མཛད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་གཞན་གཅེས་པར་འཛིན་པའི་བློ་དེ་རང་གཅེས་པར་འཛིན་པའི་དགོས་དོན་སྒྲུབ་ཐབས་ཡག་ཤོས་ཆགས་ཡོད་པར་བཀའ་བསྩལ་འདུག དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་སྔ་ལོའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་ལེའུ་དྲུག་པ་བཟོད་པ་བསྟན་པ་ནས་འཕྲོ་སྐྱོང་གི་བཀའ་འཁྲིད་མཛད་པ་དང་འབྲེལ། དེང་གི་འཛམ་བུ་གླིང་འདིའི་ནང་རྩོད་རྙོག་དང་སྡུག་བསྔལ། མི་བསད་ཁྲག་སྦྱོར། དེ་བཞིན་དཔལ་འབྱོར་དཀའ་ངལ་མཚོན་རང་གཅེས་པར་འཛིན་པའི་དབང་གིས་དེ་ལྟར་ཡོང་གི་ཡོད་སྟབས། གཞན་གཅེས་པར་འཛིན་པའི་བློ་དེ་རང་ཉིད་གཅེས་པར་འཛིན་པའི་དགོས་དོན་སྒྲུབ་ཐབས་ཡག་ཤོས་ཆགས་ཡོད་པར་ལམ་སྟོན་མཛད་འདུག འཛམ་གླིང་འདིིིའི་ཐོག་མི་འབོར་དུང་ཕྱུར་བདུན་བཅུ་ཡོད་པ་རྣམས་མང་ཆེ་བས་ཕྱིའི་དངོས་པོ་ཐོག་བསམ་བློ་གཏོང་མཁན་ཆགས་ཡོད་པ་ལས་ནང་སེམས་ཀྱི་ཐོག་བསམ་བློ་གཏོང་མཁན་ཉུང་ཉུང་ལས་མེད་པ་དང། དེ་བཞིན་ཆོས་ལུགས་ཐོག་ནས་སངས་རྒྱས་པའི་ཆོས་ལུགས་དང་རྒྱ་གར་གྱི་ཆོས་ལུགས་ཕུད་པའི་ཆོས་ལུགས་གཞན་མང་ཆེ་བས་གཙོ་བོ་དཀོན་མཆོག་ལ་དད་པ་གཙོ་བོ་གནང་བ་ལས་ནང་སེམས་ལ་སྦྱོང་བརྡར་སྤྲོད་རྒྱུར་གནད་ཆེ་འཛིན་མཁན་ཆེས་ཉུང་ཉུང་ཡིན་པ་ལྟར་ནང་པའི་རྗེས་འབྲང་པ་ཚོས་དཀོན་མཆོག་བཀོད་པོ་འདོད་མཁན་བཞིན་མིན་པར་སངས་རྒྱས་པའི་ཆོས་ལ་བསླབ་པ་སློབ་གཉེར་གནང་གལ་ཡིན་པ་དང། དེ་སྔ་བོད་ལ་ཡིན་ན་བསྟན་པ་སྤྱི་མཚན་ཐོག་སློབ་སྦྱོང་བྱ་རྒྱུའི་འཐུད་ཤོར་ཕྱིན་ཡོད་པ་བཀའ་བསྩལ་འདུག ད་རེས་ལ་དྭགས་ཞི་བའི་ཚལ་དུས་འཁོར་ཐང་ཆེན་ནས་ཐད་གཏོང་གནང་བའི་མགོན་པོ་༸གང་ཉིད་མཆོག་གིས་བསྩལ་བའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དེ་དེ་རིང་ནས་དབུ་འཛུགས་ཀྱིས་སང་བར་ཉིན་གཉིས་རིང་ཕྱི་ནང་གི་དད་ལྡན་མང་ཚོགས་ཚོར་ཐད་སྲིད་གནང་གི་ཡོད་པ་རེད། དེའང་བོད་སྐད་དང་ཨིན་སྐད། དེ་བཞིན་རྒྱ་སྐད་བཅས་ཀྱི་ཐོག་ཐད་སྲིང་གནང་གི་ཡོད་པ་རེད།

དེང་གི་ཤེས་ཡོན་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་ནི་ཧ་ཅང་དགོས་གལ་ཆེན་པོ་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ལ་དྭགས་གླེ་ཉེ་འཁོར་དུ་རྟེན་གཞི་བྱས་པའི་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་གི་དཔེ་མཛོད་ཁང་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ། དད་ལྡན་མང་ཚོགས་ ༢༥༠༠ ཙམ་ལ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་བར་དེང་གི་ཤེས་ཡོན་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་ནི་ཧ་ཅང་དགོས་གལ་ཆེན་པོ་ཡིན་པར་བཀའ་བསྩལ་འདུག ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་གི་དགོན་བདག་ཁྲིག་རྩེ་རིན་པོ་མཆོག་གིས་དབུས་པའི་ཡུལ་དེའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང། གྲོས་ཚོགས་འོག་མའི་འཐུས་མི། ལ་དྭགས་ནང་པའི་ལྷན་ཚོགས་དང་ལ་དྭགས་ཡུལ་ལྗོངས་ཡར་རྒྱས་ཚོགས་པའི་ཚོགས་གཙོ་བཅས་གནད་ཡོད་མི་སྣ་མང་དག་ཞིག་དང་། དེ་བཞིན་དད་ལྡན་མང་ཚོགས་ ༢༥༠༠ བརྒལ་བས་ཕེབས་བསུ་གཟབ་རྒྱས་ཞུས་ཐོག་༸གོང་ས་མཆོག་ཁྲིག་རྩེ་ཤེས་རབ་སྐྱེད་ཚལ་གླིང་དགོན་པར་ཆིབས་བསྒྱུར་མཛད་དེ་དགོན་པའི་དཔེ་མཛོད་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་འདུག སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དེང་སྐབས་ལ་དྭགས་ནང་ཕྱིའི་དངོས་པོ་ཡར་རྒྱས་ཡག་པོ་ཕྱིན་ཡོད་པ་ལྟར་ནང་སེམས་ཀྱི་ཞི་བདེ་དང་དོན་དམ་གྱི་བདེ་སྐྱིད་སྐྲུན་རྒྱུ་གནད་ཆེ་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ་ཏེ་འཛམ་གླིང་གི་ཆོས་ལུགས་ཚང་མའི་ངོས་ནས་བྱམས་བརྩེ་གོང་འཕེལ་གནང་ཐབས་གནང་བཞིན་པ་གཅིག་གྱུར་ཡིན་ཀྱང་སྐབས་འགར་རང་ཕྱོགས་གཞན་ཕྱོགས་ཀྱི་དབྱེ་བ་དང། རིགས་མཐོ་དམན་དང་དཔལ་འབྱོར་སོགས་མིའི་ཆགས་སྡང་རྐྱེན་པས་ཕན་ཚུན་དབར་འཁྲུག་རྩོད་མང་དག་ཞིག་ཡོང་གི་ཡོད་སྟབས། དངོས་ཡོད་གནས་ཚུལ་དེ་དག་ལ་གཞིགས་པའི་བྱམས་བརྩེ་གོང་སྤེལ་གཏང་གལ་ཡིན་པ་སོགས་ལམ་སྟོན་མཛད་འདུག ལྷག་པར་དུ་དེང་གི་ཤེས་ཡོན་ཐོག་ནས་བྱམས་བརྩེ་སྤེལ་རྒྱུ་ནི་ཧ་ཅང་གནད་ཆེ་ཡིན་པ་དང་དེའང་ཚན་རིག་པ་རྣམས་ཀྱིས་མིའི་རང་བཞིན་དེ་བྱམས་བརྩེ་ཡིན་པའི་གྲུབ་དོན་རྙེད་པ་ལྟར་གནང་གནད་ཡིན་པའང་བཀའ་བསྩལ་བ་དང་ཆབས་ཅིག དགེ་འདུན་པ་དང་བཙུན་མ་ཙམ་མིན་པར་ཁྱིམ་པ་ཕོ་མོ་རྣམས་ནས་ཀྱང་དེ་དག་ཐོག་བསླབ་པ་སློབ་གཉེར་གནང་གལ་ཡིན་པ་སོགས་བཀའ་ནན་མཛད་འདུག ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་ནང་པའི་ཆོས་ཚོགས་ཀྱི་ངོས་ནས་ཆོས་ལུགས་འཐེན་འཁྱེར་གྱི་ལས་སུ་མི་འཇུག་པ་དང། ལ་དྭགས་ནང་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་གནང་རྒྱུའི་གྲོས་ཆོས་ཤིག་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་པ་དང་འབྲེལ། ༸གོང་ས་མཆོག་གིས་ལ་དྭགས་ནང་པའི་ཆོས་ཚོགས་ཀྱི་བསམ་བློ་བཟང་པོ་དེར་ཐུགས་འགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་བསྩལ་བ་དང་སྦྲགས། ཆོས་ལུགས་མཐུན་སྒྲིལ་གནང་དགོས་གནད་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་འདུག མཛད་སྒོའི་ཐོག་ཁྲིག་རྩེ་རིན་པོ་ཆེ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་དང་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་གནང་རྒྱུའི་དམ་བཅའ། ལྷག་པར་དུ་༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་བཅས་ཀྱི་བཀའ་སློབ་ལམ་སྟོན་མཛད་ཁག་ཡིད་ལ་བཅངས་ནས་ད་རེས་དཔེ་མཛོད་ཁང་གསར་རྒྱག་གི་ལས་གཞི་དབུ་འབྱེད་གནང་བཞིན་ཡོད་པ་དང། དཔེ་མཛོད་ཁང་དེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལྟ་གྲུབ་ཐོག་བསླབ་པ་སློབ་གཉེར་གནང་སའི་བསྟི་གནས་ལྟ་བུར་བསྐྲུན་འཆར་ཡོད་པ་དང། དེའི་ནང་སྐྱ་སེར་དབྱེ་བ་མེད་པར་བསླབ་པ་སློབ་གཉེར་གྱི་གོ་སྐབས་གནང་རྒྱུ་དང་ལ་དྭགས་ཀྱི་སློབ་གྲྭ་དང་དགོན་པ། བཙུན་དགོན་བཅས་ལ་ཡང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ངོ་སྤྲོད་གནང་རྒྱུ་ཡིན་པ་སོགས་གསུངས་འདུག  ༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ནང་པ་སངས་རྒྱས་པའི་ཆོས་ལུགས་ཚང་མའི་ཁུངས་ནཱ་ལེནྡཱར་གཏུགས་དགོས་པ་ལས་རྔ་རྡུང་འཆམ་འཁྲབ་སོགས་ལ་ངོ་མཚར་རྒྱུ་མེད།

ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཀྱི་ཀར་གྷིལ་རྫོང་ཁོངས་སུ་གཏོགས་པའི་ཝ་ཀ་མུལ་སྦེག་ཁུལ་གྱི་ Spring Dales Public High School  ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་སླར་ཡང་བླ་མའི་ཆབ་སྲིད་ལ་རྒྱུན་དུ་ནས་མི་མང་ཚོས་ཡིད་གཟབ་གནང་དགོས་པ་དང་། བོད་ཀྱི་ཆོས་བརྒྱུད་ཚང་མའི་རྩ་བ་དེ་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་སྟབས། རྔ་རྡུང་། འཆམ་འཁྲབ། ཆོ་ག་འདོན་རྒྱུ་བཅས་ལ་ངོ་མཚར་གང་ཡང་མི་གནང་པར་རྒྱུན་དུ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གནད་ཆེར་ངོས་འཛིན་དགོས་པར་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་ཆོས་ལ་དད་པ་ཡོད་མེད་ལ་ལྟོས་མེད་རྒྱུན་དུ་མི་བཟང་པོ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པ་དང་། གཞན་ལ་ཕན་ཐོགས་བྱེད་དགོས་པ། དེ་ལྟར་མ་བྱུང་ཡང་གནོད་པ་མི་བྱེད་པ་ཞིག་བྱེད་རྒྱུ་ནི་ཆོས་ཀྱི་སྙིང་པོ་དང་འཇིག་རྟེན་མི་ཆོས་ཀྱི་རྩ་བ་ཡང་ཡིན་པར་ལམ་སྟོན་བསྩལ་ཡོད། ཝ་ཀ་མུལ་སྦེག་ཁུལ་གྱི་ Spring Dales Public High School  སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༩༥ལོར་གསར་འཛུགས་གནང་བ་ཞིག་དང་། སྔོན་འགྲོ་ནས་འཛིན་རིམ་བཅུ་པ་བར་ཡོད་པ་ལྟར་དེང་སྐབས་སློབ་ཕྲུག་ ༢༠༠ ལྷག་འདུག ཤེས་རྟོགས་བྱུང་བར་༸གོང་ས་མཆོག་གི་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ནས་དེ་སྔོན་སློབ་གྲྭ་དེར་ཧིན་སྒོར་འབུམ་དགུ་བཅུ་གསོལ་བསྩལ་མཛད་འདུག། སློབ་གྲྭ་དེའི་སློབ་སྤྱིའི་ངོས་ནས་ཕྱི་ལོ་ ༢༠༡༠ ལོར་༸གོང་ས་མཆོག་སློབ་གྲྭར་ཆིབས་བསྒྱུར་མཛད་ནས་ལམ་སྟོན་ཕེབས་དོན་ལྟར་དེང་སྐབས་སློབ་གྲྭའི་ཤེས་ཡོན་གནས་སྟངས་སོགས་གང་ལེགས་ཡོད་པའི་ལས་བསྡོམས་སྙན་སྒྲོན་ཞུས་པ་མ་ཟད་ཏཱ་ལའི་བླ་མའི་ཐེབས་རྩ་ནས་ཞལ་འདེབས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་སོགས་ཞུས་ཡོད་པ་རེད། ཝ་ཀ་མུལ་སྦེག་ནི་ཀར་གྷིལ་ཁུལ་ནས་གླེ་ངོས་སུ་ཀི་ལོ་མི་ཀྲར་ ༤༠ སར་གནས་པའི་གྲོང་ཚོ་ཞིག་ཡིན་པ་དང་། གྲོང་ཚོ་དེའི་ནང་ནང་པའི་མི་འབོར་ལྔ་སྟོང་ལྷག་ཙམ་ཞིག་འདུག།ཁ་སང་མཛད་སྒོའི་ཐོག་ཁུལ་དེའི་དམག་དཔོན་དང་། འབྲེལ་ཡོད་རྒྱ་གར་གྱི་ས་གནས་ལས་བྱེད། དེ་བཞིན་སློབ་གྲྭའི་སྦྱིན་བདག་ཕྱི་རྒྱལ་བ་སོགས་མང་པོ་ཞིག་ཕེབས་ཡོད་པ་ལྟར་སྐབས་དེར་༸གོང་ས་མཆོག་ནས་ཐོག་མར་དབྱིན་སྐད་ནང་བཀའ་སློབ་བསྩལ་བར་འདས་པའི་དུས་རབས་ཉི་ཤུ་དེ་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཀྱི་དུས་རབས་དེ་ལས་སློབ་གསོ་བླངས་ནས་མི་རབས་གཞོན་པ་ཚོས་དུས་རབས་ཉིར་གཅིག་པ་དེ་ཞི་བདེ་མཉམ་གནས་ཡོང་བའི་དུས་རབས་ཤིག་ཡོང་ཐབས་བྱེད་དགོས་པ་དང་། དཀའ་ངལ་རིགས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པའི་དུས་རབས་ཤིག་ཡོང་བ་དང་སྔར་ལྷག་དུས་རབས་ཤིག་བསྐྲུན་གལ་ཡིན་པ་ལམ་སྟོན་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་འཛམ་གླིང་ས་ཕྱོགས་གང་དུ་ཆིབས་བསྒྱུར་གནང་ཡང་འགྲོ་བ་མི་ཚང་མ་ཨ་མའི་བྱམས་བརྩེར་བརྟེན་ནས་འཚར་ལོངས་བྱུང་བ་གང་ཞིག་བདེ་བ་འདོད་མཁན་འབའ་ཞིག་ཡིན་སྟབས།ཆོས་ཁས་ལེན་མིན་ལ་ལྟོས་མེད་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པའི་འདུ་ཤེས་དེའི་འོག་ནས་ཕྱིའི་དངོས་པོའི་འཕྲོད་བསྟེན་དང་འབྲེལ་ཏེ་ནང་སེམས་ཀྱི་འཕྲོད་བསྟེན་ཡང་གལ་འགངས་ཆེན་པོ་ཡིན་སྐོར་ལམ་སྟོན་མཛད་ཀྱི་ཡོད་པ་བཀའ་བསྩལ་སོང་། ལྷག་པར་དུ་༸གོང་ས་མཆོག་གིས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ནས་བྱུང་བའི་ཚད་མ་དང་སེམས་ཁམས་རིག་པ་བཅས་ནི་དེང་རབས་ཀྱི་ཚན་རིག་དང་ཆེས་མཐུན་པའི་འཛམ་གླིང་ཞི་བདེར་ཕན་པའི་རིག་པའི་གཞུང་ལུགས་ཤིག་ཡིན་སྟབས་ཚང་མས་དེར་རྒྱུན་དུ་དོ་སྣང་བྱེད་དགོས་པ་སོགས་ལམ་སྟོན་མཛད་ཡོད། མཛད་སྒོ་དེ་གྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ Spring Dales Public High School  སློབ་གྲྭར་དངོས་སུ་ཆིབས་བསྒྱུར་མཛད་དེ་ཁང་པ་གསར་རྒྱག་གྱི་འཛུགས་སྐྲུན་ལས་གཞིར་རབ་གནས་བཀྲིན་བསྩལ་བ་དང་སློབ་ཕྲུག་ཚོ་དང་ལྷན་སྐུ་པར་སྒྲོན་ཡོད་པ་རེད།

འཛམ་གླིང་ཐོག་གི་ཆོས་ལུགས་ཚོས་འགྲོ་བ་མིའི་སྤྱིའི་བདེ་དོན་ལ་ཐུགས་ཁུར་མང་ཙམ་བཞེས་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཨ་རི་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་ཐེངས་དང་པོའི་གསུང་འཕྲིན་བསྩལ་བ་དང་འབྲེལ། འཛམ་གླིང་ནང་གི་ཆོས་ལུགས་གཞན་ཚང་མས་འགྲོ་བ་མིའི་སྤྱིའི་བདེ་དོན་ལ་ཐུགས་ཁུར་མང་ཙམ་བཞེས་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག དེའང་ཁ་སང་ཟླ་ ༧ ཚེས་ ༢༤ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༦ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་གནང་ཡོད་ཅིང། ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་ཙམ་ནས་འབྲེལ་ཡོད་བློན་ཆེན་ ༤༠ ཙམ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་སྐུ་ཚབ་མི་སྣ། ཆོས་དད་རང་དབང་འོག་མནར་སྤྱོད་མྱངས་པའི་མི་སྣ་སོགས་ཚོགས་བཅར་བ་ཁྱོན་ ༤༠༠ ལྷག་འདུ་འཛོམས་ཐོག་ཚོགས་ཆེན་ཆེས་ཐོག་མ་དེ་འཚོགས་བཞིན་ཡོད་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚོགས་འདུའི་ཐོག་ཚོགས་བཅར་བ་ཡོངས་ལ་བརྙན་པར་བརྒྱུད་སྐར་མ་གསུམ་ལྷག་ཡོད་པའི་གསུང་འཕྲིན་ཞིག་བསྩལ་གནང་འདུག མགོན་པོ་༸གང་ཉིད་མཆོག་གིས་དང་ཐོག་ཚོགས་བར་ཡོངས་ལ་འཚམས་འདྲི་གནང་བ་དང་འབྲེལ་ཏེ་འདི་ལྟ་བུ་ཚོགས་འདུ་ནི་ད་ལྟའི་དུས་སྐབས་འདིར་འབྲེལ་བ་ཡོད་པ་ཞིག་དང་ཧ་ཅང་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང། ད་ལྟའི་དུས་སྐབས་འདིར་འགྲོ་བ་མིའི་འཚོ་བའི་རྒྱུད་ལ་ཆོས་ལུགས་འདྲ་མིན་དེ་དག་དགོས་ངེས་ཤིག་ཆགས་ཡོད་པ་ལྟར། སྤྱི་ཚོགས་ཁྲོད་ལ་ཆོས་ལུགས་དེ་དག་ཡང་དག་ཞིག་དང་ནུས་པ་ལྡན་པ་ཞིག་ཉམས་ལེན་གནང་བར་ཐོག་མར་སྤྱི་ཚོགས་ནང་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་དགོས་རྒྱུ་ནི་མེད་དུ་མེད་རུང་བ་ཞིག་ཡིན་པར་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ངོས་ནས་དུས་རྒྱུན་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ནས་འཛམ་གླིང་འདིའི་ཐོག་ཆོས་དད་མེད་མཁན་གཙོས་པའི་འགྲོ་བ་མིའི་ཚང་མར་གཅིག་གྱུར་ནང་སེམས་ཀྱི་ཞེ་བདེ་བསྐྲུན་ཆེད་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ལས། ༸གང་ཉིད་མཆོག་གི་ངོས་ནས་དུས་ནམ་ཡང་ནང་པའི་ཆོས་ལུགས་དར་འཕེལ་གནང་གི་མེད་པ་དང་། འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་གཞན་ཚོས་ཚང་མས་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་མིའི་སྤྱིའི་བདེ་དོན་ལ་ཐུགས་ཁུར་མང་ཙམ་བཞེས་རྒྱུར་རེ་བ་ཡོད་པ་ལམ་སྟོན་མཛད་འདུག ཁྱད་པར་དུ་འཛམ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་ཚང་མ་ཆོས་ལུགས་གཅིག་གི་རྗེས་འབྲང་ཞིག་ཆགས་རྒྱུ་ཟེར་བ་དེ་ནི་ཡོང་ཐབས་མེད་པ་ཞིག་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། འདས་པའི་ལོ་ངོ་སྟོང་ཕྲག་ནང་འགྲོ་བ་མིའི་སྤྱི་ཚོགས་ཐོག་ཆོས་ལུགས་འདྲ་མིན་ཡོང་ནས་གནས་ཡོད་པ་དང། མ་འོངས་པའང་ལོ་ངོ་བརྒྱ་ཕྲག་རིང་དེ་དག་རང་འཇགས་གནས་རྒྱུ་ཡིན་པ་མ་ཟད། དེ་དག་ནས་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཆེ་བའི་དགོས་ངེས་ཞིག་ཡིན་པ་དང་སྤྱི་ཚོགས་ནང་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་དགོས་རྒྱུ་ནི་མེད་དུ་མེད་རུང་བ་ཞིག་ཡིན་པར་བཀའ་ནན་བསྩལ་འདུག ལྷག་པར་དུ་མགོན་༸གང་ཉིད་མཆོག་གིས་གསུང་འཕྲིན་དེའི་ནང་འཛམ་གླིང་ཐོག་ཆོས་ལུགས་ཕན་ཚུན་དང་སྤྱི་ཚོགས་ནང་དུ་འཆམ་མཐུན་ཞིག་ཡོང་བ་ལ་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ Secular way ཞེས་ཆོས་དད་ཡོད་མེད་ལ་ལྟོས་མེད་ཚང་མ་གུས་བརྩི་བྱ་རྒྱུའི་ལྟ་གྲུབ་འདི་ལག་ལེན་དུ་འཁྱེར་ན་ཕན་ཐོགས་ཡོང་རྒྱུ་ཡིན་པ་དང། ལྟ་གྲུབ་འདི་ནི་ད་ལྟའི་དུས་སྐབས་འདིར་དོན་དངོས་དང་མཐུན་ཤས་ཆེ་བ་མ་ཟད། དེའི་བརྒྱུད་ནས་འགྲོ་བ་མི་ཚང་མར་གཅིག་གྱུར་གྱི་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ལམ་ཁ་ཞིག་ཡོད་པ་ཡང་ལམ་སྟོན་མཛད་འདུག རྩ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཚོགས་ཆེན་དེ་ཟླ་ ༧ ཚེས་ ༢༤ ཉིན་ནས་དབུ་འཛུགས་ཀྱིས་དེ་རིང་ཚེས་ ༢༦ བར་འཚོགས་བཞིན་ཡོད་པ་ལྟར་ཚོགས་ཆེན་ཐོག་དེ་སྔ་ཆོས་དད་རང་དབང་ཐོག་དཀའ་སྡུག་མྱངས་པའི་འབྲེལ་ཡོད་མི་སྣ་ཁག་གིས་རང་ཉིད་ཀྱི་མྱོང་བ་ཁག་འགྲེལ་བརྗོད་དང་བགྲོ་གླེང་གནང་གི་ཡོད་པ་དང། ཚོགས་ཆེན་གྱི་ཉིན་གཉིས་པའི་ཐོག་ བོད་མིའི་སྐུ་ཚབ་ཏུ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བོད་ཀྱི་ཆོས་དད་རང་དབང་གི་གནས་སྟངས་སྤྱི་དང་སྒོས་དེ་སྔ་རྒྱ་གཞུང་གིས་བཙོན་འཇུག་འོག་དཀའ་སྡུག་མི་སྤྱོད་ལས་འདས་པའི་མྱངས་ཁག་གི་དངོས་འབྲེལ་གནས་ཚུལ་ཚོགས་འདུའི་ཐོག་འགྲེལ་བརྗོད་གནང་འདུག

རྒྱ་གར་ནི་འཛམ་གླིང་ཐོག་ཆོས་ལུགས་མཐུན་འབྲེལ་གྱི་དཔེ་མཚོན་ཡག་ཤོས་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ཀར་གྷིལ་ས་གནས་སྲིད་གཞུང་གིས་སྤྱི་ཚོགས་མཐུན་འབྲེལ་ཡོང་ཐབས་སུ་མང་ཚོགས་ལ་བཀའ་སློབ་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར། ཁ་སང་མགོན་པོ་༸གང་ཉིད་མཆོག་ནས་ཁུལ་དེའི་ Hussaini Park ཐང་ཆེན་དུ་ཁ་ཆེ་དང་ནང་པ་བཅས་མི་གྲངས་སྟོང་ཕྲག་ལྷག་འདུ་འཛོམས་བྱུང་བ་རྣམས་ལ་ལམ་སྟོན་བཀྲིན་བསྩལ་གནང་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རྒྱུན་དུ་ང་ཚོས་འཛམ་གླིང་ནང་མི་དུང་ཕྱུར་ ༧༠ ལྷག་ཡོད་པ་དེ་དག་ཚང་མ་བདེ་བ་འདོད་མཁན་གཅིག་པ་ཡིན་པ་མ་ཟད་འགྲོ་བ་མི་གཅིག་མཚུངས་ཡིན་པས་གཞི་རྩ་དེའི་ཐོག་ནས་བདེ་བ་འདོད་པའི་ཐོབ་ཐང་ཡང་ཡོད་པར་ངོས་འཛིན་བྱེད་དགོས་པ་དང་། མི་རིགས་དང་རིགས་རུས། ཆོས་ལུགས་སོགས་མིས་བཟོས་པའི་རིམ་པ་གཉིས་པའི་དཀའ་ངལ་འཕྲད་ཚེ་ངེས་པར་དུ་ང་ཚོ་ཚང་མས་རིམ་པ་དང་པོའི་ཐོག་བསམ་བློ་གཏོང་དགོས་གལ་ཡིན་པ་སོགས་ལམ་སྟོན་མཛད་འདུག ལྷག་པར་དུ་ན་གཞོན་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་སློབ་སྦྱོང་གནང་དགོས་པ་སོགས་ལམ་སྟོན་ཡང་བཀྲིན་བསྩལ་ཡོད་པ་དང་སྦྲགས། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་སྲན་སོགས་ཀྱི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད་པར་ལྟོས་མེད་དེང་སྐབས་འཛམ་བུ་གླིང་ནང་ཆོས་ལུགས་འདྲ་མིན་ཀྱི་མིང་ཐོག་ནས་ཕན་ཚུན་དབྱེ་འབྱེད་བྱེད་ཀྱི་ཡོད་པ་མ་ཟད་སིརྱ་དང་ཨཕགྷནིསྟན་སོགས་ཀྱི་ནང་ཕན་ཚུན་གསོད་རེས་བྱེད་ཀྱི་ཡོད་པ་དེ་ནི་ཧ་ལས་པའི་བློ་ཕམ་གྱི་གནད་དོན་ཞིག་རེད་བཀའ་བསྩལ་བ་མ་ཟད། ཆོས་ལུགས་ཕན་ཚུན་མཐུན་འབྲེལ་ཡོང་ཐབས་སུ་ང་ཚོས་འབད་བརྩོན་བྱེད་དགོས་པ་དང་། དེ་ལྟར་ཡོང་བའི་དཔེ་མཚོན་ཡག་ཤོས་ནི་རྒྱ་གར་ཡིན་པ་ལྟར་རྒྱ་གར་ནང་ལོ་ངོ་ ༢༠༠༠ ལྷག་གི་རིང་འཛམ་གླིང་གི་ཆོས་ལུགས་ཚང་མ་འཆམ་མཐུན་མཉམ་གནས་བྱས་ཡོད་པ་མ་ཟད། ཁ་ཆེ་ཁྱེད་རང་ཚོ་ལ་ཆ་མཚོན་ན་རྒྱ་གར་ནི་འཛམ་གླིང་ནང་ཁ་ཆེའི་མི་འབོར་མང་ཤོས་གནས་ཡུལ་ཞིག་ཡིན་པ་རེད། སྐབས་རེ་ཆབ་སྲིད་པ་ཁག་ཅིག་གིས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་རྐྱེན་པས་དཀའ་ངལ་ཕྲན་བུ་འཕྲད་པ་མ་གཏོགས་སྤྱི་ཡོངས་ནས་ཞི་མཐུན་ངང་གནས་ཡོད་པ་དང་། རྒྱ་གར་ནང་ལོ་ཉིས་སྟོང་སུམ་སྟོང་སྔོན་ནས་ཆོས་ལུགས་མཐུན་འབྲེལ་གྱི་རིག་གཞུང་བཟང་པོ་ཡོད་པ་ཟད། ད་ལྟའི་གནས་སྐབས་སུའང་རྒྱ་གར་ནང་ཆོས་ལུགས་མཐུན་འབྲེལ་གྱི་རིག་གཞུང་དེ་གང་ལེགས་ཡོད་པར་༸གང་ཉིད་མཆོག་ནས་ཡི་རང་བསྔགས་བརྗོད་གནང་གི་ཡོད་པ་བཀའ་བསྩལ་འདུག ད་བར་མགོན་པོ་མཆོག་ནས་རྒྱ་གར་ནང་ Sunni དང་ Shia ཁ་ཆེ་ཕན་ཚུན་དབར་དཀའ་ངལ་འཕྲད་པ་ཧ་ལམ་གསན་མྱོང་མེད་པ་ལྟར་རྒྱུན་དུ་མི་གཞན་ལ་ཆོས་ལུགས་མཐུན་འབྲེལ་ཡོང་སྲིད་པ་ཞིག་དང་། དེའི་དཔེ་མཚོན་ཡག་ཤོས་དེ་རྒྱ་གར་ཡིན་པ་དྲན་སྐུལ་གནང་གི་ཡོད་སྐོར་བཀའ་བསྩལ་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ན་གཞོན་ཚོས་ཤེས་ཡོན་ལ་དོ་སྣང་ཆེ་ཙམ་བྱེད་དགོས་པའི་ལམ་སྟོན་གནང་བ་མ་ཟད་རྒྱ་གར་ནང་དེང་སྐབས་ཤེས་ཡོན་གྱི་མཐུན་རྐྱེན་གང་ལེགས་ཡོད་སྟབས། མི་རབས་རྒན་པ་དང་དགེ་རྒན། གཞུང་གི་འབྲེལ་ཡོད་ལས་བྱེད་སོགས་ཀྱིས་མི་རབས་གཞོན་པ་ཚོའི་ཤེས་ཡོན་ཐོག་ཤུགས་སྣོན་འཕར་མ་བརྒྱབ་དགོས་པ་དང་། རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དེ་དབྱིན་ཇིའི་སྐབས་ཀྱི་ཕྱིའི་དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ང་ཚོར་ཕྱིའི་དངོས་པོའི་བདེ་བ་ཙམ་ལས་ནང་སེམས་ཀྱི་བདེ་བ་ཐོབ་ཀྱི་མེད་སྟབས། ཆོས་ལུགས་ཀྱི་དབུ་ཁྲིད་ཚོས་སེམས་ཀྱི་ཞི་བདེའི་ཐོག་ཕན་ཐོགས་ཕྲན་བུ་ཐོགས་ཐུབ་རྒྱུ་མ་ཟད། རྒྱ་གར་གྱི་ཕ་མེས་ནས་ཡོད་པའི་ཆོས་དང་མ་འབྲེལ་བའི་སེམས་ཁམས་རིག་པའི་ལྟ་གྲུབ་དེ་དག་སློབ་མཚན་ཞིག་གི་ངོ་བོར་ངོས་འཛིན་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་བ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་གི་ངོས་ནས་དེང་སྐབས་རིག་གཞུང་བཟང་པོ་དེ་བསྐྱར་གསོ་ཡོང་ཐབས་ཀྱི་དགོངས་བཞེས་མཛད་ཀྱི་ཡོད་པ་བཀའ་བསྩལ་ཡོད། ལྷག་དོན་༸གོང་ས་མཆོག་གིས་ལོ་ན་གཞོན་པ་ཚོ་དང་ལྷག་པར་དུ་དགེ་རྒན་ཚོར་རྒྱ་གར་གྱི་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་ཀྱི་གནའ་བོའི་ལྟ་གྲུབ་དེ་དག་ལ་དོ་སྣང་མང་ཙམ་བྱེད་ཐུབ་པར་ཐུགས་རེ་གནང་བཞིན་ཡོད་པའི་ལམ་སྟོན་མཛད་ཡོད་པ་རེད།

ཟངས་དཀར་གྱི་ནང་པ་དང་ཁ་ཆེ་གཉིས་འཆམ་མཐུན་ཡོང་རྒྱུའི་ཁས་ལེན་ཞུས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟངས་དཀར་དད་ལྡན་སེར་སྐྱ་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ།   ཟངས་དཀར་ཁུལ་གྱི་ནང་པ་དང་ཁ་ཆེ་གཉིས་ནས་ཕྱོགས་གཉིས་མི་མཐུན་པའི་གནས་སྟངས་རྣམས་མཚམས་འཇོག་གནང་སྟེ་མ་འོངས་པར་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུའི་ཁས་ལེན་ཞུས་འདུག རྩ་བའི་ཟངས་དཀར་ཁུལ་དུ་ལོ་ཤས་གོང་ནས་ས་གནས་སུ་ཡོད་པའི་ནང་པ་དང་ཁ་ཆེའི་མི་རིགས་ཀྱི་གཉིས་དབར་མི་མཐུན་པའི་གནས་སྟངས་བྱུང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ས་གནས་ཀྱི་ནང་པའི་རིགས་དམན་པ་ཁག་ཅིག་ཁ་ཆེའི་ཆོས་ལུགས་སུ་ཞུགས་པའི་གནས་ཚུལ་བྱུང་བ་ལ་བརྟེན་ནས་དཀའ་ངལ་འཕྲད་རྐྱེན་ད་བར་ནང་པ་དང་ཁ་ཆེ་ཕྱོགས་ཕན་ཚུན་དབར་གྱི་མཛའ་བརྩེའི་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སྔ་རྗེས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་ནམ་མཛད་ལ་ནང་པའི་ཆོས་གྲོགས་དང་ཁ་ཆེའི་ཆོས་གྲོགས་དབར་གུས་བརྩི་དང་འཆམ་མཐུན་ངང་གནས་དགོས་གལ་ཡིན་པར་ལམ་སྟོན་རིམ་པ་གནང་ཡོད་པ་དང། ༸གང་ཉིད་མཆོག་ནས་ཁ་ཆེའི་སྐུ་ཚབ་དང་མང་ཚོགས་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྔ་རྗེས་སུ་བསྩལ་བ་མ་ཟད་ཉིན་དང་པོའི་ཆོས་འབྲེལ་ཐོག་ལའང་ཟངས་དཀར་མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་གནང་དགོས་པའི་བཀའ་སློབ་ཟབ་ནན་བསྩལ་ཡོད་པ་རེད། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་འཁོད་པ་གཞིགས་ན། ཁ་སང་ཟངས་དཀར་༸རྒྱལ་བའི་ཕོ་བྲང་དུ་ཟངས་དཀར་ཁུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། ཟངས་དཀར་ཁུལ་གྱི་ནང་པ་དང་ཁ་ཆེའི་སྐུ་ཚབ་མཐུས་མི་ཁག་ནས་ད་བར་ལོ་དྲུག་བདུན་གོང་ནས་ཁ་ཆེ་དང་ནང་པ་གཉིས་དབར་མི་མཐུན་པའི་གནས་ཚུལ་ཕྲན་བུ་བྱུང་བར་བརྟེན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བྱུང་ཡོད་པ་༸གང་ཉིད་ལ་སྙན་སེང་ཞུས་ནས་དེ་རིགས་མ་འོངས་པར་མི་ཡོང་བའི་ཁས་ལེན་དམ་བཅའ་འཁོད་པའི་ཡིག་ཆ་ཞིག་༸གོང་ས་མཆོག་གི་ཕྱག་ཏུ་འབུལ་ལམ་ཞུས་པ་མ་ཟད་ཕྱོགས་གཉིས་ཕན་ཚུན་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུ་ཞེས་འཁོད་འདུག ད་ལན་ཟངས་དཀར་ཁུལ་གྱི་ཁ་ཆེ་དང་ནང་པའི་སྐུ་ཚབ་འཐུས་མི་རྣམས་ནས་ཕན་ཚུན་འཆམ་འཐུན་གནས་རྒྱུའི་ཁས་ལེན་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་དང་འབྲེལ་སྐུ་ཚབ་རྣམས་དང་ལྷན་དུ་སྐུ་པར་སྒྲོན་པ་མ་ཟད་དད་ལྡན་སེར་སྐྱ་མང་ཚོགས་ནས་དད་པ་དང་དམ་ཚིག་གཡོལ་བ་མེད་པའི་ཐོག་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་འབྲེལ། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེ་ཡིན་སྐོར་ལམ་སྟོན་ཡང་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་ལན་ནང་པ་དང་དང་ཁ་ཆེའི་འཐུས་མི་ཚོ་དང་ལྷན་བཀའ་བསྡུར་གནང་ནས་བར་སྐབས་ནས་ཕན་ཚུན་དབར་མཐོང་ཕྱོགས་མི་མཐུན་པ་ཕྲན་བུ་བྱུང་བ་དེ་དག་དུས་ད་ལྟ་ནས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་ཞེས་ཁས་ལེན་ཞུས་པའི་ཡིག་ཆ་ངོས་ལ་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མདུན་དུ་ཁས་ལེན་དམ་བཅའ་འབུལ་མཁན་གྱི་ཁ་ཆེ་དང་ནང་པའི་འཐུས་མི་སྐུ་ཚབ་ཚོགས་ཆུང་ནི་དེ་སྔ་ཕྱོགས་གཉིས་དབར་མིན་མཐུན་པའི་གནས་ཚུལ་གང་བྱུང་བ་རྣམས་རྒྱབ་ཏུ་སྐྱུར་ནས་སླད་ཕྱིན་མི་རབས་གཞོན་པ་ཚོར་གོམ་པ་མདུན་སྤོ་ཇི་ལྟར་བྱེད་དགོས་མིན་ལམ་སྟོན་ཞུ་རྒྱུ་དང་། མ་འོངས་པར་ཕྱོགས་གཉིས་དབར་མཐུན་པའི་གནས་ཚུལ་རིགས་བྱུང་ན་གདོང་ལེན་བྱ་རྒྱུར་ཆེད་དམིགས་བྱས་པའི་ཚོགས་ཆུང་ཞིག་ཡིན་པ་ལྟར། ཚོགས་ཆུང་ནང་ཁ་ཆེ་དང་ནང་པའི་སྐུ་ཚབ་འཐུས་མི་དྲུག་རེ་བཅས་ཁྱོན་ཚོགས་མི་ ༡༢ འདུག སྐབས་དེར་ཁ་ཆེའི་སྐུ་ཚབ་འཐུས་མི་ཚོགས་གཙོ་གུ་ལམ་ལགས་ཀྱིས་བརྒྱུད་ལམ་ཐོག་འགྲེལ་བརྗོད་བྱས་པར་གཞིགས་ན། ༸གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་ཐེངས་འདིར་ཕྱོགས་གཉིས་དབར་གྱི་མི་མཐུན་པའི་གནས་སྟངས་རྣམས་ཡོངས་སུ་ཞི་བར་མཛད་པ་དེར་སྙིང་ཐག་པ་ནས་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག མགོན་པོ་༸གང་ཉིད་མཆོག་གིས་ད་བར་ལ་དྭགས་གླེ་ཁུལ་དང་ཟངས་དཀར་ས་གནས་སུ་ཆིབས་བསྒྱུར་སྔ་རྗེས་སུ་སྤྱི་ཚོགས་ཁྲོད་ཌ་མ་རྡུང་མཁན་རིགས་དམན་པ་ཚོ་ལ་དབྱེ་འབྱེད་བྱེད་བཞིན་པ་ནི་རྩ་བ་འགྲིག་གི་མེད་སྐོར་བཀའ་ནན་བསྩལ་ཡོད་པ་ལྟར། ཁ་སང་༸གོང་ས་མཆོག་གིས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཞིག་ཡིན་ན་རིགས་རུས་དབྲེ་འབྱེད་གནང་རྒྱུ་མེད་པར་བསྐྱར་ནན་གནང་བ་དང་འབྲེལ། བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཞིག་གིས་ཡུལ་སྲོལ་གོམས་གཤིས་རྗེས་ལུས་ཀྱི་བསམ་བློའི་འོག་ས་གནས་སུ་ད་དུང་རིགས་དམན་ཞེས་མཐོང་ཆུང་བྱས་པ་དེ་འདྲ་ཕྲན་བུ་ཡོང་བཞིན་ཡོད་ས་རེད། དེ་ཚོའི་གྲས་རྩ་བ་ནས་བྱ་རྒྱུ་མེད་ཅེས་བཀའ་བསྩལ་འདུག རྩ་བའི་༸གོང་ས༸་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་པའི་ཆོས་འབྲེལ་ཐོག་ས་གནས་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ལ་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང། དེ་བཞིན་སལམ་སྒྲོན་སློབ་གྲྭ་གཙོ་བོར་འགྱུར་པའི་ས་གནས་ཀྱི་སློབ་གྲྭ་ཁག་གི་སློབ་མ་ཚོར་གང་བློ་མའི་ལྗགས་ལུང་བཀྲིན་བསྩལ་ཡང་བསྩལ་འདུག  

བླ་མས་ཆབ་སྲིད་ནང་ཐེ་གཏོགས་བྱས་ནས་འགྲོ་བ་དེས་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་རྒྱུ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ ཟངས་དཀར་སེར་སྐྱ་མང་ཚོགས་རྣམས་ལ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་དབུ་འཛུགས་གནང་བ་དང་འབྲེལ། བླ་མས་ཆབ་སྲིད་ནང་ཐེ་གཏོགས་བྱས་ནས་འགྲོ་བ་དེས་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་རྒྱུ་ཡིན་པ་ལམ་སྟོན་མཛད་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༢ ནས་ ༡༦ བར་ལ་དྭགས་ནུབ་ར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་སླར་ལ་དྭགས་གླེ་རུ་ཕྱིར་ཆིབས་བསྒྱུར་གྱིས་ཞི་བའི་ཚལ་ཕོ་བྲང་དུ་ཟླ་ ༧ ཚེས་ ༢༠ བར་སྐུ་ངལ་གསོ་བཞུགས་མཛད་དེ་ཚེས་ ༢༡ རེས་གཟའ་སྤེན་པ་ཉིན་སྔ་དྲོ་ལ་དྭགས་རྒྱལ་ས་གླེ་ནས་རྒྱ་གར་བྱང་ཕྱོགས་ kargil རྫོང་ཁོངས་སུ་གཏོགས་པའི་ནང་པའི་མང་ཚོགས་གནས་ཡུལ་ཟངས་དཀར་ས་གནས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ཁ་སང་ཚེས་ ༢༢ ཉིན་སྔ་དྲོ་༸གོང་ས་མཆོག་གིས་ཟངས་དཀར་༸རྒྱལ་བའི་ཕོ་བྲང་དུ་ཁུལ་ཟངས་དཀར་སེར་སྐྱ་མང་ཚོགས་རྣམས་ལ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་བསྩལ་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་སྐབས་དེར་དངོས་གཞིའི་བཀའ་ཆོས་དབུ་འཛུགས་མ་གནང་གོང་སེར་སྐྱ་མང་ཚོགས་རྣམས་ལ་མགོན་པོ་མཆོག་གིས་ཐུགས་ཀྱི་མཛད་ཁུར་ཆེན་པོ་ཁག་རིམ་པས་ངོ་སྤྲོད་གནང་བ་དང་འབྲེལ། ༸གང་ཉིད་མཆོག་ནི་བོད་པ་ཞིག་དང། ༸རྒྱལ་དབང་གི་མཚན་ཡོད་པའི་ཆ་ནས་བོད་མི་རྒྱ་ཆེ་མང་ཚོགས་ས་ཡ་དྲུག་ལྷག་ཙམ་ནས་༸གང་ཉིད་མཆོག་ལ་རེ་བ་ཞུ་བཞིན་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༡ ནས་མགོན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་བཞག་པ་ཙམ་མ་ཟད་༸གོང་ས་ལྔ་པའི་སྐབས་ནས་བཟུང་ལོ་ངོ་ ༤༠༠ ལྷག་སོང་བའི་༸རྒྱལ་དབང་ན་རིམ་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་སྲོལ་ཡོད་པ་དེ་མ་སྐུལ་དང་བླངས་ཐོག་སྤོབས་པ་དང་བཅས་མཚམས་འཇོག་གནང་བ་ཡིན་ཞེས་བཀའ་བསྩལ་བ་དང་སྦྲགས། བླ་མས་ཆབ་སྲིད་ནང་ཐེ་གཏོགས་ལྟ་བུ་བྱས་ནས་འགྲོ་སྐབས་དེ་སྔ་ང་ཚོའི་ལོ་རྒྱུས་ལ་མཚོན་ནའང་དེས་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་ཀྱི་འདུག་ཅེས་བཀའ་ནན་བསྩལ་འདུག ལྷག་པར་དུ་༸གང་ཉིད་མཆོག་གིས་དེང་སྐབས་ལ་དྭགས་ནང་དུའང་བླ་མའི་ཆབ་སྲིད་ཡོང་བཞིན་ཡོད་པ་ལྟ་བུ་འདུག དེ་དག་རིགས་མི་དགོས་པ་རེད། དེས་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་ངེས་རེད། དེ་ནི་བསམ་བློ་བྱབ་ཆུང་ཞིག་དང་མིག་རྒྱང་ཐུང་ཐུང་ཡིན་པར་བརྟེན་ངོས་ཀྱིས་བླ་མའི་ཆབ་སྲིད་ལ་ངོ་རྒོལ་མཐའ་ཕྱིན་པ་ཡོད་ཅེས་བཀའ་བསྩལ་འདུག ང་ཚོ་བོད་ལ་མཚོན་ན་གནས་སྟངས་ཧ་ཅང་ཐབས་སྐྱོ་པོ་ཞིག་གི་འོག་ལ་ཡོད། དེ་འདྲའི་སྐབས་དེར་ཉུང་ཤས་ཤིག་ལས་མེད་པ་དེ་དག་གིས་ནང་ཁུལ་ང་དང་ཁོ་ཟེར་ནས་བསྡད་པ་ཡིན་ན་བྱབ་ཆུང་རེད། དངོས་གནས་ཆོས་ལ་བརྟེན་ནས་དགེ་བ་བསག་རྒྱུའི་ཚབ་ཏུ་ཆོས་ལ་བརྟེན་ནས་སྡིག་པ་གསོག་བཞིན་པ་ཞིག་ཆགས་ཡོད། ཁྱེད་རང་ཚོ་ཚང་མས་བསམ་བློ་གཏོང་ཤེས་པར་བྱེད་དགོས་ཞེས་དང་ང་ཚོ་མ་འོངས་པར་ཐུག་རྒྱུ་དེ་འདྲ་ཡོང་སྲིད། མུ་མཐུད་ནས་ཐུག་རྒྱུ་བྱུང་ན་ངོས་ཀྱི་སྐད་ཆ་འདི་སྙིང་གཏམ་ཡིན། མ་འོངས་པར་འདི་ཁུལ་ཡོང་རྒྱུ་ཁག་པོ་ཆགས་ན་སྐད་ཆ་འདི་ཁ་ཆེམས་ཡིན་ཞེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་སེར་སྐྱ་མང་ཚོགས་རྣམས་ལ་སངས་རྒྱས་པའི་ཆོས་པ་ཞིག་བཀའ་འགྱུར་བསྟན་འགྱུར་སློབ་སྦྱོང་བྱེད་དགོས་ན་བོད་ཡིག་མ་ཤེས་པར་ཐབས་མེད་པ་ཞིག་ཡིན་པ་དང། བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱ་རྒྱུ་ནི་བོད་པ་ས་ཡ་དྲུག་པོའི་གནད་དོན་ཁོ་ན་མིན་པར་སངས་རྒྱས་པིའ་བསྟན་པ་སྤྱི་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྣམ་གཞག་ལས་གསུངས་པའི་ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་ལྟ་གྲུབ། དེ་བཞིན་ཚད་མ་རིག་པ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་བོད་སྐད་དང་བོད་ཡིག་ནི་མེད་ཐབས་མེད་པ་ཞིག་ཆགས་ཡོད་སྟབས། ཟངས་དཀར་བ་ཚོས་ཀྱང་བོད་ཡིག་ཐོག་སློབ་གཉེར་གནང་གལ་ཡིན་སྐོར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུབ་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་སྐོར་བཀའ་བསྩལ་བ་དང་འབྲེལ། བོད་ཀྱི་དཀའ་ངལ་དེ་རྒྱ་ནག་ཐོག་ནས་ཡོང་བ་ཞིག་ཡིན་པ་དང། བོད་རྒྱ་གཉིས་ཀྱི་དཀའ་ངལ་དེ་ཉེ་ཆར་གྱི་གནས་ཚུལ་ཞིག་མིན་པར་ལོ་ངོ་སྟོང་ཕྲག་གཅིག་གཉིས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་སོགས་རྒྱབ་ལྗོངས་ལོ་རྒྱུས་ཁག་ལུང་འདྲེན་གནང་བ་དང་ཆབས་ཅིག ཐབས་སྐྱོ་བ་ཞིག་ལ་ད་ལྟའི་རྒྱ་ནག་དམར་པོའི་གཞུང་ངམ་གཅིག་བསྡུས་རིང་ལུགས་འོག་གསར་འགྱུར་གྱི་རང་དབང་མེད་པར་མང་ཚོགས་ལ་གནས་ཚུལ་སྒྲོ་བཏགས་རྐྱང་རྐྱང་བཤད་རྐྱེན་རྒྱ་རིགས་མང་ཚོགས་ནས་དངོས་ཡོད་གནས་ཚུལ་ཤེས་ཀྱི་མེད་སྐོར་བཀའ་བསྩལ་མ་ཟད། དེང་སྐབས་རིམ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་ནས་འཛམ་གླིང་ཕྱི་ལ་ལྟ་སྐོར་འགྲོ་མཁན་མང་དུ་ཕྱིན་ཡོད་པ་དང་ཕྱོགས་མཚུངས་སློབ་ཕྲུག་ཀྱང་ཧ་ཅང་མང་པོ་འགྲོ་བཞིན་ཡོད་པར་བརྟེན་རྒྱ་ནག་རང་གི་ནང་དྲྭ་ལམ་བརྒྱུད་གནས་ཚུལ་མང་པོ་ཞིག་ཤེས་ཀྱི་ཡོད། དེར་བརྟེན་རིམ་བཞིན་གནས་ཚུལ་ཏན་ཏན་འགྱུར་བ་འགྲོ་རྒྱུ་རེད་ཅེས་ལམ་སྟོན་མཛད་འདུག མཛད་འཆར་ལྟར་བྱས་ན། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀྲིན་བསྩལ་གནང་གི་འདུག་པ་དང་། ལ་དྭགས་དགོན་ཚོགས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག སང་ཉིན་ཟངས་དཀར་ནང་གི་ཉིན་མཐའ་མའི་མཛད་འཆར་དང་འབྲེལ་ཁུལ་དེའི་པ་ལྡུམ་ནང་གི་སློབ་གྲྭ་དང་སྨན་རྩིས་ཁང་སོགས་སུ་གཟིགས་སྐོར་ལ་ཕེབས་གནང་གི་འདུག ཟངས་དཀར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་༸གོང་ས་མཆོག་གིས་ཀར་གྷིལ་ཁུལ་དུ་ཆིབས་བསྒྱུར་གྱིས་ས་གནས་སུ་ཉིན་གྲངས་གཉིས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་དང། ཕྱི་ཚེས་ ༢༧ ཉིན་སླར་མགོན་པོ་མཆོག་གླེ་གྲོང་ཁྱེར་དུ་ཕྱིར་༸ཞབས་སོར་འཁོད་ནས་ཚེས་ ༢༨ ཉིན་སྐུ་ངལ་གསོ་བཞུགས་དང་དེ་ནས་ཕྱི་ཚེས་ ༢༩ ནས ༣༡ བར་བཅས་ཉིན་གྲངས་ ༣ རིང་གླེ་རུ་ཆོས་འབྲེལ་བཀྲིན་བསྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོས་༸གོང་ས་མཆོག་ནི་བླ་ན་མེད་པའི་སྐྱེས་བུ་ཞིག་ཏུ་ངོས་འཛིན་གནང་གི་འདུག

ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བླ་ན་མེད་པའི་སྐྱེས་བུ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་མ་ཟད།   ལྷག་དོན་ཁ་ཆེ་བ་ཚོས་ཀྱང་མགོན་པོ་༸གང་ཉིད་མཆོག་ཕྱི་ནང་མཐུན་འབྲེལ་གྱི་རེ་བའི་བློ་གཏད་བཅོལ་ཡུལ་གྱི་དབུ་ཁྲིད་ཞིག་དང་།  ༸གང་ཉིད་མཆོག་གི་ལམ་སྟོན་འོག་ས་གནས་སུ་མི་རིགས་དང་རིགས་རུས། དབུལ་ཕྱུག་སོགས་ཀྱི་དབྱེ་འབྱེད་མི་གནང་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་ལ་ངོས་འཛིན་ཡང་གནང་བཞིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ནང་གི་མཛད་འཕྲིན་ཁག་ལས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་ ༧ ཚེས་ ༣ ཉིན་མགོན་པོ་མཆོག་ལ་དྭགས་ཀྱི་གླེ་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཚེས་ ༦ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་མི་མང་དང་ས་གནས་བོད་མི་བཅས་ནས་གོ་སྒྲིག་ཞུས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་དབུ་བཞུགས་དང་འབྲེལ་མང་ཚོགས་ལ་བླང་དོར་ལམ་སྟོན་བཀྲིན་བསྩལ་གནང་ཡོད་པ་རེད། ཕྱི་ཚེས་  ༡༢  ཉིན་མགོན་པོ་མཆོག་གིས་གླེ་གྲོང་ཁྱེར་ནས་ཀི་ལོ་མི་ཊར་ ༡༢༠ ལྷག་གི་སར་ཡོད་ལྡུམ་ར་ས་གནས་སུ་ཆིབས་བསྒྱུར་དང་འབྲེལ་ཁུལ་དེའི་མང་ཚོགས་ལ་ཆོས་འབྲེལ་དང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐབས་སོགས་ལམ་སྟོན་མཛད་ཡོད་པ་རེད། ༸སྐུའི་འཁྲུངས་སྐར་གྱི་མཛད་སྟོན་ཐོག་སྐུ་མགྲོན་རྣམ་པ་དང་མི་མང་ཚོ་ནང་པ་ཁོ་ཙམ་མིན་པར་ཁ་ཆེ་བ་རྣམས་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་ལྟར་ཏུར་ཏུག་ཞེས་པའི་ས་གནས་ལྡུམ་ར་ནས་ཀི་ལོ་མི་ཊར་ ༧༠ ལྷག་གི་ས་གནས་ནས་ཕེབས་པའི་ཁ་ཆེ་མི་གྲངས་ ༤༠ ལྷག་གི་སྐུ་ཚབ་ Haji Abdul Khadhir མཆོག་ལ་བཅའ་འདྲི་ཞུས་པར་ང་ཚོར་ད་ལྟ་རང་༸གོང་ས་མཆོག་གི་མཇལ་ཁ་ཐོབ་སོང་།  ༸གང་ཉིད་མཆོག་ནས་ངའི་ཨག་ཚོམ་ནས་འཐེན་གནང་སོང་།   ད་རེས་སླར་ཡང་མགོན་པོ་མཆོག་མཇལ་རྒྱུ་བྱུང་བ་དེར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད་༸གོང་ས་མཆོག་དང་ང་ཚོའི་དབར་བློ་ཐག་ཉེ་པོ་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་༸གོང་ས་མཆོག་ལ་དྭགས་ནང་ཡང་ཡང་ཕེབས་པ་དེས་ནང་པ་དང་ཁ་ཆེ་དབར་གྱི་མཐུན་འབྲེལ་ཟབ་ཏུ་འགྲོ་བར་ཕན་པོ་འདུག་ཅེས་སོགས་གསུངས་སོང་། ཁྱད་པར་དུ་ཁོང་གིས་ང་ཚོའི་ངོས་ནས་༸གོང་ས་མཆོག་ལ་དྭགས་ནང་ཡང་ནས་ཡང་དུ་ཆིབས་བསྒྱུར་བསྐྱང་ཐུབ་པར་རེ་སྨོན་ཞུ་བཞིན་ཡོད་སྐོར་གསུངས་ཡོད། འདི་གའི་གསར་འགོད་པས་ལྡུམ་ར་བདེ་སྐྱིད་དགོན་པའི་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་ལགས་སུ་བཅའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་གཉིས་ཀས་སྤྱི་མཐུན་གྱི་ཚད་འཛིན་ཞུ་ཡུལ་སྐྱེས་བུ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་མ་ཟད། ༸གང་ཉིད་མཆོག་གི་ལམ་སྟོན་ལ་སྤྱི་ཚོགས་གཉིས་པོས་དང་བླངས་ཐོག་བཀའ་བརྩི་ཞུ་གི་ཡོད་སྐོར་གསུངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡུམ་ར་ཁུལ་གྱི་ཉིན་གྲངས་ ༦ རིང་མཛད་འཆར་སྐྱོང་སྐབས་ཏུར་ཏུག་ཁུལ་གྱི་ Shia  ཁ་ཆེའི་ཆོས་ལུགས་ཀྱི་མི་སྣ་ ༤༠ ལྷག་གི་སྐུ་ཚབ་ཆེད་མངགས་མཇལ་ཁར་བཅར་བ་ལ་དམིགས་བསལ་ལམ་སྟོན་བཀྲིན་བསྩལ་བ་མ་ཟད། ༸གང་ཉིད་མཆོག་ནས་བདེ་སྐྱིད་ཁུལ་དུ་ཡོད་པའི་ Sunni ཁ་ཆེའི་ཆོས་ལུགས་པའི་ཁ་ཆེའི་ལྷ་ཁང་དུ་གནས་གཟིགས་མཛད་པ་དང་ལམ་སྟོན་བཀའ་སློབ་སོགས་བཀྲིན་བསྩལ་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ལ་དྭགས་ཁུལ་དུ་ནང་པའི་ཚོགས་འདུའི་ངོས་ནས་གདན་ཞུ་གསོལ་འདེབས་ཞུས་ཡོད་པ་དང་། ཐེངས་འདིའི་ཆིབས་བསྒྱུར་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ས་གནས་ཁག་བཞིའི་ནང་ཆོས་འབྲེལ་སོགས་བསྐྱང་གནང་རྒྱུའི་མཛད་འཆར་ཡོད་པ་ལྟར། ཉིན་གྲངས་ ༦  རིང་ལྡུམ་རའི་མཛད་འཆར་ཁག་ལེགས་པར་གྲུབ་ཡོད་པ་དང་། དེ་རིང་མགོན་པོ་༸གང་ཉིད་མཆོག་གླེ་གྲོང་ཁྱེར་ནས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་བསྐྱང་གནང་གི་ཡོད་པ་རེད། ད་བར་ཐུགས་གཏན་ཁེལ་བའི་མཛད་འཆར་ལྟར་ན་ཚེས་ ༢༥ ཉིན་ཀར་གྷིལ་ཁུལ་དུ་ཆིབས་བསྒྱུར་དང་འབྲེལ་ཁུལ་དེར་ཉིན་གྲངས་གཉིས་རིང་མཛད་འཆར་བསྐྱང་རྒྱུ་དང་། ཚེས་ ༣༠ ནས་ ༡  བཅས་སུ་གླེ་གྲོང་ཁྱེར་ནང་ཉིན་གྲངས་གསུམ་རིང་བཀའ་ཆོས་བཀྲིན་བསྐྱང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

༸གོང་ས་མཆོག་ལྡུམ་ར་ནས་སླར་ཡང་གླེ་རུ་ཞབས་སོར་བདེ་བར་འཁོད་གནང་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༡༢ ནས་ཁ་ས་ཚེས་ ༡༦ བར་ཉིན་གྲངས་ ༦ རིང་གི་ལྡུམ་རའི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་དེ་རིང་སྔ་དྲོ་སླར་ཡང་གྲོང་ཁྱེར་གླེའི་ཞི་བའི་ཚལ་ཕོ་བྲང་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡུམ་ར་ཁུལ་དུ་མང་ཚོགས་ལ་རྟེན་འབྲེལ་བསྟོད་པ་དང་། བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྩལ་མཛད་པ་མ་ཟད། དེ་རྗེས་ལྡུམ་རའི་བདེ་སྐྱིད་ཁུལ་ནས་ཀི་ལོ་མི་ཀྲར་ ༣༠ སར་གནས་པའི་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གི་བསམ་གཏན་གླིང་དགོན་པའི་དབྱར་ཆོས་ཆེན་མོ་དབུ་འབྱེད་དང་འབྲེལ་ཚོགས་མགོན་དུ་དབུ་བཞུགས་དང་། ཁ་ཉིན་ཕྱི་ཚེས་ ༡༥ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཁུལ་དེར་ལམ་གཙོ་རྣམ་གསུམ་དང་། སེམས་བསྐྱེད་བཀའ་བརྒྱ་མ། འཇམ་དཔལ་མཚན་བརྗོད་ཀྱི་བཤད་ལུང་བཅས་བཀྲིན་བསྐྱངས་མཛད་ཡོད་པ་མ་ཟད། ཁ་ས་ད་དུང་མགོན་པོ་༸གང་ཉིད་མཆོག་གིས་མི་མང་སྟོང་ཕྲག་འགའ་ཤས་ཤིག་འདུ་འཛོམས་བྱུང་ཡོད་པ་དེ་དག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིན་བསྩལ་མཛད་ཡོད་པ་དང་། ལྷག་པར་དུ་ཁུལ་དེའི་མང་ཚོགས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་སོགས་ཀྱང་ཞུས་འདུག ཁ་སའི་ཆོས་འབྲེལ་དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཚེ་སྲིང་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་སེམས་ཀྱི་ཞི་བདེ་ཡིན་པའི་ལམ་སྟོན་བཀྲིན་བསྩལ་མཛད་པ་མ་ཟད། རྒྱུན་དུ་བྱང་ཆུབ་སེམས་དཔའ་དང་སྙིང་རྗེ་སྒོམ་པའི་ཐོག་སྟོང་ཉིད་སྒོམ་ཐུབ་པ་ཡིན་ན་རྐྱེན་ངན་རིགས་གྲོགས་སུ་འགྱུར་བར་ཕན་ཐོགས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ང་ཚོ་ཚང་མས་རྒྱུན་དུ་སེམས་བཟང་པོ་བྱ་སྟེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐུབ་པའི་འབད་བརྩོན་བྱེད་དགོས་གལ་སོགས་ཀྱི་ལམ་སྟོན་བཀའ་བཀྲིན་བསྩལ་འདུག སྐབས་དེར་ཆོས་ཞུ་བ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་འཇོགས་དང་འབྲེལ་ཐུགས་བརྩེ་བ་ཆེན་པོའི་ཐོག་ནས་ཐུབ་པའི་མཚན་སྔགས་དང་། རྟ་མགྲིན། འཇམ་དཔལ་དབྱངས་ཀྱི་ཟུང་སྔགས་བཅས་ཀྱི་ལྗགས་ལུང་ཡང་བཀྲིན་བསྩལ་གནང་མཛད་འདུག ཐོག་མའི་མཛད་འཆར་གཞིར་བཟུང་བྱས་ན། ༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༢༠ ཉིན་འདི་ག་གླེ་གྲོང་ཁྱེར་ནས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་ཡིན་ནའང་། ཆིབས་བསྒྱུར་གྱི་ཚེས་གྲངས་ལ་ཕྲན་བུའི་འགྱུར་བ་ཕྱིན་ཏེ། ད་ཆ་ཟངས་དཀར་ཁུལ་དུ་ཕྱི་ཚེས་༢༡ཉིན་ཆིབས་བསྒྱུར་དང་། དེ་ནས་ཕྱི་ཚེས་ ༢༥ ཉིན་ཟངས་དཀར་ཀར་གྷིལ་ Kargil ཁུལ་ཉིན་གྲངས་གཉིས་ཀྱི་མཛད་འཆར་དང་། ཕྱི་ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་གསུམ་རིང་གླེ་རུ་ཆོས་འབྲེལ་བསྐྱངས་གནང་རྒྱུ་བཅས་ཀྱི་མཛད་འཆར་འདུག

Latest news