Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ཆ་རྐྱེན་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་ཕེབས་འདོད་ཡོད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་གསར་ཁང་ཆེ་གྲས་ de Volkskrant ཡི་དམིགས་བསལ་བཅར་འདྲི་ཞིག་གི་ཐོག་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ནང་ལ་ཆོས་འབྲེལ་བསྩལ་རྒྱུ་དང་ཡུལ་དེའི་མཐོ་སློབ་ཁག་ཏུ་ཕེབས་ཆོག་པ་བཅས་ཆ་རྐྱེན་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་ཕེབས་འདོད་ཡོད་ཅེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་ཅིག་གི་ནང་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གཏན་འཁེལ་བ་དང་བསྟུན། ཉིན་ཤས་གོང་ལ་གསར་ཁང་དེའི་གསར་འགོད་པ་ Marije Vlaskamp ལགས་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བཞུགས་སྒར་དུ་རྒྱ་ནག་གི་དད་ལྡན་ཅན་ཆོས་ཞུ་བ་མང་དུ་འགྲོ་བཞིན་པའི་གནས་སྟངས། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཉེ་བའི་དགོངས་བཞེས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་མཛད་ཐབས་སོགས་ཀྱི་ཐོག་ལ་བཅར་འདྲི་ཞུས་པ་ཞིག་ཡོངས་བསྒྲགས་གནང་འདུག དེའི་ནང་ལ་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་ལོ་ཤས་ནས་བཞུགས་སྒར་དུ་རྒྱ་ནག་གི་དད་ལྡན་ནང་པ་མང་པོ་ཞིག་ཆོས་འབྲེལ་ཐོག་བཅར་བཞིན་པའི་གནས་སྟངས་དང་འབྲེལ། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། དེ་སྔ་རྒྱ་ནག་གི་གོང་མ་མང་པོ་ཞིག་གིས་བོད་པའི་དྲུང་ནས་ནང་ཆོས་སློབ་གཉེར་གནང་མྱོང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་འཛམ་བུ་གླིང་འདིའི་ཐོག་གི་ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་ཞིག་ཡིན་པ་སོགས་བཀའ་བསྩལ་དང་སྦྲགས། ང་ཚོའི་ངོས་ནས་རྒྱ་ནག་གི་དད་ལྡན་ཆོས་ཞུ་བ་ཚོར་ཆོས་འབྲེལ་སྐབས་དམིགས་བསལ་གྱི་མཐུན་རྐྱེན་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། རྒྱ་ནག་གི་ནང་པའི་ཆོས་ཞུ་བ་ཚོའི་ངོས་ནས་ཀྱང་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་གུས་ཞབས་ཡོད་མཁན་ཞིག་ཡིན་སྟབས། བོད་མི་ལ་ཤ་ཚ་དང་། ལྷག་པར་དུ་ཆོས་ལ་དམ་དྲག་བྱེད་མཁན་གྱི་ལྟ་བ་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་ཚོར་དགའ་པོ་བྱེད་མཁན་ཞིག་མིན་པས་ཆབ་སྲིད་ཀྱི་ཆ་ནས་ཀྱང་དགེ་མཚན་དང་ཤུགས་རྐྱེན་ཐེབས་རྒྱུ་ཡོད་པ་ཞིག་རེད་ཅེས་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་ནང་ལ་ལྟ་བ་མཁྲེགས་བཟུང་བྱེད་མཁན་ཁག་ཅིག་ཡོད་པ་དེ་ནི་དཀའ་ངལ་གཙོ་བོ་ཞིག་ཡིན་ཡང་། དེ་སྔ་སྲིད་འཛིན་ Xi Jinping ཡིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནང་ཆོས་ཀྱི་གལ་གནད་སྐོར་གསུངས་ཡོད་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། རིམ་བཞིན་ང་ཚོས་ཞི་ཅིང་ཕིང་གི་གང་བཤད་པ་ལྟར་ལག་བསྟར་ཇི་ཙམ་ཐུབ་ཀྱི་ཡོད་མེད་བལྟ་རྒྱུ་རེད་ཅེས་བཀའ་བསྩལ་ཡོད། ལྷག་པར་དུ་བཅར་འདྲི་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཡོད་སྐབས་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་འདོད་ཡོད་ཅེས་གསུངས་པ་དང་འབྲེལ། གསར་འགོད་པ་ Marije Vlaskamp ལགས་ནས་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་མཇལ་ཙམ་རེད་དམ་ཞེས་བཀའ་འདྲི་ཞུས་འདུག་པར་༸གང་ཉིད་མཆོག་གིས་མ་རེད་མ་རེད། ངོས་རང་ཆ་རྐྱེན་གཉིས་ཀྱི་ཐོག་ནས་རྒྱ་ནག་ལ་འགྲོ་འདོད་ཡོད། དང་པོ་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་མཇལ་རྒྱུ་དང་ངོས་ཀྱི་མཇལ་ཁར་བཅར་མཁན་གྱི་བོད་པ་དང་རྒྱ་རིགས་ནང་པ་ཚོར་ཆོས་འབྲེལ་ཞིག་བྱེད་འདོད་ཡོད། གཉིས་པ་ངོས་ནས་ད་བར་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོའི་གཞོན་སྐྱེས་དང་ཚན་རིག་མཁས་པ་ཚོ་དང་ལྷན་དུ་འགྲོ་བ་མིའི་སེམས་ཁམས་དང་སེམས་ཚོར། ཚན་རིག་གི་ཤེས་བྱའི་ཐོག་གྲོས་བསྡུར་མང་པོ་བྱས་ཡོད་ཞེས་སོགས་བཀའ་བསྩལ་ནས་རྒྱ་ནག་ནང་ལའང་དེ་ལྟར་གནང་འདོད་ཡོད་པར་བཀའ་ལན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གི་ཐུགས་རེ་དེ་གཉིས་པོ་གྲུབ་ཚེ་རིམ་བཞིན་མགོན་པོ་༸གང་ཉིད་མཆོག་གི་འཁྲུངས་ཡུལ་དང་ལྷ་ས་གཙོ་གྱུར་བོད་ཀྱི་ས་གནས་གཞན་ཁག་ཏུ་ཡང་ཕེབས་འདོད་ཡོད་ཅེས་བཀའ་བསྩལ་འདུག དེ་བཞིན་གསར་འགོས་པས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་མ་འོངས་པར་རྒྱལ་དབང་༸སྐུ་ཕྲེང་བཅོ་ལྔ་པ་ཕེབས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར་ངོས་ཀྱིས་ཕྱི་ལོ་ ༡༩༦༩ མཚམས་ནས་ཏཱ་ལའི་བླ་མའི་བླ་བྲང་འདི་མུ་མཐུད་ནས་དགོས་མིན་བོད་མི་མང་ཚོགས་ནས་ཐག་གཅོད་གནང་རྒྱུ་ཞིག་རེད་ཅེས་ཞུ་བཞིན་ཡོད་པ་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་མུ་མཐུད་ནས་གནས་དགོས་ན་གཙོ་བོ་གྲྭ་བཙུན་དང་མང་ཚོགས་ནས་གཅེས་ཉར་གནང་དགོས་པ་ལས་བླ་བྲང་བྱེད་བྲག་ངོས་ནས་དོ་སྣང་ཆེན་པོ་བྱས་བསྡད་པ་ཡིན་ན་རྨོངས་དད་འཕེལ་གཞི་ཙམ་ལས་གང་ཡང་མེད་པར་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་གིས་༸སྐུ་ཉིད་ཀྱི་ཉེ་བའི་དགོངས་བཞེས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་མཛད་ཐབས་དང་འབྲེལ། རྒྱ་གར་ནང་ལ་ཐོག་མ་ནས་མིའི་སེམས་ཁམས་དང་འབྲེལ་བའི་སྒོམ་གྲུབ་ཉམས་ལེན་གནང་མཁན་མང་པོ་ཡོད་པ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་དེ་ཡང་རྒྱ་གར་ནས་དར་བ་ཞིག་ཡིན་སྟབས། རིག་གནས་དེ་དག་བསྐྱར་གསོ་གནང་རྒྱུ་དང་རིམ་བཞིན་ཤེས་ཡོན་སློབ་གསོའི་ཁྲོད་དུ་སློབ་ཁྲིད་ཐུབ་ཐབས་གནང་བཞིན་ཡོད་པ་སོགས་བཀའ་བསྩལ་འདུག བཅར་འདྲིའི་མཐའ་མ་དེར་གསར་འགོད་པ་ Marije Vlaskamp ལགས་ནས་མགོན་པོ་༸གང་ཉིད་མཆོག་ལ་ད་ལན་ཡོ་རོབ་ནང་གི་ཆིབས་བསྒྱུར་དེ་མཐའ་མ་རེད་དམ་ཞེས་བཀའ་འདྲི་ཞུས་འདུག་པར་༸སྐུ་ཉིད་ཀྱི་དགུང་ལོའི་བབ་ཀྱི་ཆ་ནས་རྒྱང་ཐག་རིང་ས་ཨ་རི་ལྟ་བུར་ཕེབས་རྒྱུ་ཁག་པོ་ཡིན་ཀྱང་།  ཡོ་རོབ་ཁུལ་དུ་སླར་ཡང་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་བཞིན་ཡོད་ཅེས་བཀའ་ལན་མཛད་འདུག

༸གོང་ས་མཆོག་ཡོ་རོབ་ནང་གི་མཛད་འཆར་སླད་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་པ།

དེ་རིང་ཟླ་ ༩  ཚེས་ ༡༠  ཉིན་དགུང་ཚོུད་ ༡༡།༤༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གནང་སོང་བ་དང་། དེའང་ནི་ཐར་ལན་ཌི་དང་སུ་ཛ་ལན་ཌི། འཇར་མ་ནི། དེ་བཞིན་སུད་ཌེན་བཅས་ཀྱི་ནང་མཛད་འཆར་བསྐྱང་ཕྱིར་ཆིབས་བསྒྱུར་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། ༸གོང་ས་མཆོག་གིས་ཐོག་མར་ཟླ་ ༩ ཚེས་ ༡༢ ཉིན་སུད་ཌེན་ནང་གི་ Malmö Live ཚོགས་ཁང་དུ་ Individuell Människohjälp ཚོགས་པའི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག ༸གོང་ས་མཆོག་གིས་ཟླ་ ༩ ཚེས་ ༡༦ ཉིན་ Netherlands ཀྱི་ Rotterdam གྲོང་ཁྱེར་གྱི་ Ahoy Rotterdam ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་ང་ཚོའི་འཛམ་གླིང་ནང་སྙིང་རྗེ་ཅི་ཕྱིར་དགོས་གལ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་དང་ཕྱི་ཚེས་ ༡༧ ཉིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད་ཀྱི་ཡོད་པ་ལྟར་ཁུལ་དེའི་ནང་གི་ཆོས་འབྲེལ་མཛད་འཆར་ཁག་གྲུབ་རྗེས་༸གོང་ས་མཆོག་ Germany ནང་ཆིབས་བསྒྱུར་བསྐྱང་སྟེ་ Darmstadt གྲོང་ཁྱེར་དུ་ Tibet Initiative Deutschland འམ་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གཉིས་ནས་གོ་སྒྲིག་ཞུས་པ་བཞིན་ཚེས་ ༡༩ ཉིན་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་འདུག དེ་རྗེས་ཚེས་ ༢༠ ཉིན་འཇར་མ་ནི་ Heidelburg གྲོང་སྡེ་དང་ Heidelburg གཙུག་ལག་སློབ་གཉེར་ཁང་གཉིས་ནས་གོ་སྒྲིག་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་བདེ་སྐྱིད་དང་གུས་བརྩིའི་ཆེད་དོན་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཀྱི་འདུག འཇར་མ་ནི་ནང་གི་མཛད་འཆར་ཁག་གྲུབ་པའི་རྗེས་སུ་སུ་ཛར་ལན་ཌི་རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་མི་ལོ་ ༥༠ འཁོར་བའི་དུས་ཚིགས་དང་བསྟུན་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༩ ཚེས་ ༢༡ ནས་ ༢༤ བར་ཉིན་གྲངས་བཞིའི་རིང་ Switzerland ནང་ཆིབས་བསྒྱུར་གནང་སྟེ་རི་ཀོན་དང་། Winterthur དེ་བཞིན་ Zurich གྲོང་ཁྱེར་བཅས་སུ་བཀའ་ཆོས་དང་བཀའ་དབང་བསྩལ་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཚོར་ཉིན་བཞིའི་ཆོས་འབྲེལ་མཇུག་སྒྲིལ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༤ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་བཞི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་ ༦༠༠༠ བརྒལ་བར་བུདྡྷ་པཱ་ལི་ཏའི་བཀའ་ཆོས་བཀྲིན་ཆེ་བ་བསྩལ་བ་དང་། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་གཞུང་སྐུལ་བ་པོའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་གནད་དོན་འདྲ་མིན་ཐད་བཀའ་འདྲི་དགོངས་སྐོར་ཞུས་པར་བཀའ་ལན་བསྩལ་ནས་ཆོས་འབྲེལ་མཇུག་སྒྲིལ་མཛད་སོང་། མགོན་པོ་མཆོག་གིས་དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་ཐོག་དྲི་བ་དྲིས་ལན་གྱི་ཐོག་ནས་གནང་རྒྱུ་ཡིན་ཞེས་བཀའ་བསྩལ་པ་ལྟར། བཀའ་ཆོས་གསོལ་འདེབས་ཞུས་བ་པོའི་ཁྲོད་ནས་༸གང་ཉིད་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་པ་ལས་ཆོས་ཞུ་བ་གཅིག་གིས་མགོན་པོ་མཆོག་ལ་རང་ངོས་ནས་ཉིན་རེའི་བྱ་གཞག་གཅིག་གི་ནང་ཆོས་ཉམས་ལེན་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་སོང་བར་༸གོང་ས་མཆོག་གིས་དེ་ནི་རང་ཉིད་སོ་སོས་སེམས་གདུལ་ཐབས་བྱས་ནས་ཆོས་རྣམས་ཀྱི་དངོས་ཡོད་གནས་སྟངས་གང་ཡིན་ཤེས་པ་བྱེད་དགོས་ཞེས་བཀའ་ལན་བསྩལ་སོང་། གཞན་ཡང་ཕྱི་དངོས་པོ་ཡར་རྒྱས་ཁོ་ན་དང་འབྲེལ་ཤེས་ཡོན་ཐོག་ལ་འབད་བརྩོན་བྱས་ནས་མ་བསྡད་པར་ནང་སེམས་རྒྱུད་གདུལ་ཐབས་ཀྱི་ཤེས་ཡོན་ཐད་བརྩོན་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་། གཞི་རྩའི་ཐེངས་འདིའི་ལྷོ་ཤར་ཨེ་ཤེ་ཡའི་ཆོས་འབྲེལ་ཐོག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ ༧༡ ས་ཆོས་ཞུ་བ་ཞལ་གྲངས་ ༧༠༠ ཡས་མས་ཤིག་དང་ལྷག་དོན་ལྷོ་ཀོ་རི་ཡ་ནས་ཆོས་ཞུ་བ་ ༤༠༠ ལྷག་བཅས་དང་དེ་བཞིན་ཕྱི་ནང་གི་དད་ལྡན་མང་ཚོགས་བཅས་ཁྱོན་ཆོས་ཞུ་བ་ ༦༠༠༠ བརྒལ་བར་འདུ་འཛོམས་བྱུང་ཡོད་པ་རེད།

༸གོང་ས་མཆོག་གིས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བསྩལ་བ།

དེ་རིང་ཟླ་ ༩ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདས་པའི་ཉིན་གྲངས་གཉིས་ཀྱི་རིང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱི་ནང་གི་མང་ཚོགས་རྣམས་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏའི་བཀའ་ཆོས་བཀྲིན་བསྐྱངས་ཡོད་པ་ལྟར། དེ་རིང་མགོན་པོ་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ཐོག་ཕྱི་ནང་གི་དད་ལྡན་མང་ཚོགས་ ༦༠༠༠ ལྷག་ལ་འཕགས་པ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བསྩལ་སོང་། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་མང་ཚོགས་ལ་འཕགས་པ་སྤྱན་རས་གཟིགས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་དེ་ནི་གསང་སྔགས་སྔ་འགྱུར་གྱི་ཆོས་ལ་རིང་བ་བཀའ་མ། ཉེ་བརྒྱུད་གཏེར་མ།  ཟབ་མོ་དག་སྣང་ཞེས་གསུམ་ཕྱེ་ཡོད་པའི་ནང་ནས་འདི་ཟབ་མོ་དག་སྣང་གི་ཆོས་འཁོར་ཞིག་ཆགས་ཡོད་པར་ངོ་སྤྲོད་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་སྟག་བྲག་རྡོ་རྗེ་འཆང་གི་སྐུ་མདུན་ནས་གཞུང་ཆ་ཚང་ཞུས་ཡོད་པ་དང་། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་ནི་བྱིན་རླབས་ཅན་ཞིག་ཡིན་པ་མ་ཟད་བྱིན་རླབས་ཐེངས་རེ་ཐོབ་པས་སྐྱེ་བ་རེའི་ངན་སོང་ལ་མི་སྐྱེ་བར་མངོན་མཐོ་འཕར་མའི་ལུས་རྟེན་ཐོབ་ཐུབ་རྒྱུ་ཞིག་གསུངས་ཡོད་པ་ལྟར། མགོན་པོ་མཆོག་གིས་ཀྱང་ངན་སོང་ཀུན་གྲོལ་གྱི་ཆོ་ག་དང་འབྲེལ་བའི་ཐོག་ནས་མ་ཎི་འབུམ་དྲུག་བསགས་མྱོང་ཡོད་པར་བཀའ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་འཕགས་པ་སྤྱས་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་དངོས་གཞིི་དབུ་འཛུགས་མ་བསྩལ་གོང་། ཆོས་ཞུ་བ་ཚོར་དགེ་བསྙེན་དང་སེམས་བསྐྱེད། དེ་བཞིན་བྱང་ཆུབ་སེམས་པའི་སྡོམ་པ་བཅས་འབོག་ཆོག་གནང་བ་མ་ཟད། དགེ་བསྙེན་བསྒྲུབ་པ་དེ་ཐབས་མཐར་པའི་གོ་འཕང་བསྒྲུབ་རྒྱུ་ཆེད་ཡིན་པ་ལྟར་ཆོས་ཞུ་བ་ཚོའི་ངོས་ནས་རྣམ་མཁྱེན་གྱི་གོ་འཕང་ཐོབ་ཐབས་སུ་དམིགས་ནས་སྡོམ་པ་ཞུ་དགོས་པའི་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ཆོས་ཞུ་བ་མང་ཚོགས་ལ་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་གནང་བ་དང་ཆབས་ཅིག་ཏུ་ཐོག་མར་རང་ཉིད་སྒོ་གསུམ་གྱི་མི་མཐུན་ཕྱོགས་ཀྱི་སྒྲིབ་པ་དེ་དག་བཤག་དགོས་པ་དང་། སེམས་ཅན་ཐམས་ཅད་སོ་སོའི་གཉེན་དུ་བཞག་ཐུབ་ཚེ་གང་སྣང་བ་ཀུན་གཉེན་དུ་ཤར་ཐུབ་པ་ཞིག་ཡོང་ངེས་ཡིན་པར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་དེ་རིང་གི་རྗེས་གནང་དང་འབྲེལ་ནས་ཆོས་ཞུ་བ་རྣམས་ལ་མ་ཎི་ཡིག་དྲུག་གི་དོན་གང་ཡིན་སྙིང་བསྡུས་སུ་ངོ་སྤྲོད་མཛད་སོང་། རྩ་བའི་ཐེངས་འདིའི་བཀའ་ཆོས་ཐོག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མི་འདྲ་བ་ཁག་ ༧༡ ནས་ཁྱོན་དད་ལྡན་ཆོས་ཞུ་ ༦༠༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། སང་བཀའ་ཆོས་ཀྱི་ཉིན་མཐའ་མ་དང་འབྲེལ་མགོན་པོ་༸གང་ཉིད་ཉིད་མཆོག་ནས་ཆོས་ཞུ་བ་རྣམས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད་རྒྱུ་རེད་འདུག

འཕྲལ་ཕུགས་རྒྱང་གསུམ་གྱི་འདོད་དོན་བསྒྲུབ་པར་བྱང་ཆུབ་སེམས་བསྐྱེད་ཐབས་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་སྐུལ་བ་པོ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱི་ནང་གི་མང་ཚོགས་ ༦༠༠༠ ལྷག་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏའི་ཉིན་གཉིས་པའི་བཀའ་ཆོས་མུ་མཐུད་བསྐྱངས་པ་དང་འབྲེལ། རང་གཞན་ཀུན་གྱི་འཕྲལ་ཕུགས་རྒྱང་གསུམ་གྱི་འདོད་དོན་ཐམས་ཅད་བསྒྲུབ་པར་བྱང་ཆུབ་སེམས་བསྐྱེད་ཐབས་བྱེད་དགོས་ཞེས་བཀའ་སྩལ་སོང་། ༸གོང་ས་མཆོག་གིས་ཐོག་མར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ ༧༡ ནས་ཕེབས་པའི་དད་ལྡན་ཆོས་ཞུ་ རྣམས་ལ་དགའ་བསུའི་འཚམས་འདྲི་བསྩལ་བ་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ཚན་རིག་དང་འབྲེལ་བའི་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་རབས་ཤིག་ཆགས་ཡོད་པ་དང་། ལོ་ངོ་སྟོང་ཕྲག་ལྷག་སོང་བའི་ཆོས་བརྒྱུད་མང་དག་ཞིག་ཡོད་པ་ལས་རྒྱུ་འབྲས་སོགས་གང་ཡིན་རྒྱུ་མཚན་དང་བཅས་གསུང་རྒྱུ་ཡོད་པ་དེ་ནི་ལོ་ངོ་སྟོང་ཕྲག་གཉིས་ལྷག་སོང་བའི་རྒྱ་གར་གྱི་ཆོས་ལུགས་འདི་དག་ཡིན་པ་ལྟར་རིན་པས་ལྟ་གྲུབ་སོགས་ཟབ་ཏུ་ཕྱིན་ཡོད་སྐོར་བཀའ་བསྩལ་སོང་།བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དེ་ཉིད་ཀྱང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལོ་དྲུག་དཀའ་དཔྱད་མཛད་དེ་རྟེན་འབྲེལ་ཡག་ལན་བཅིུས་ཀྱི་སྒོ་ནས་ཆོས་ཐམས་ཅད་བདེན་མེད་མིང་རྐྱང་བཏགས་ཡོད་ཙམ་དུ་བསྒྲུབ་ཡོད་པའི་ལྟ་གྲུབ་གསར་གཏོད་མཛད་པ་མ་ཟད་མཐར་མངོན་པར་རྫོགས་པར་སངས་རྒྱས་སྐོར་དང་འབྲེལ་ཆོས་ཉམས་ལེན་གནང་ཚུལ་ངོ་སྤྲོད་མཛད་སོང་། རང་གཞན་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་རྩ་བ་ནི་བྱང་ཆུབ་སེམས་ཡིན་སྟབས། རང་རྒྱུད་ལ་བྱང་ཆུབ་སེམས་བསྐྱེད་ཐབས་བྱེད་དགོས་སྐོར་ལམ་སྟོན་བསྩལ་གནང་སོང་། རྩ་བའི་ཐེངས་འདིའི་བཀའ་ཆོས་ཐོག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་མི་འདྲ་བ་ཁག་ ༧༡ ནས་ཁྱོན་དད་ལྡན་ཆོས་ཞུ་ ༦༠༠༠ ལྷག་འདུ་འཛོམས་བྱུང་འདུག ༸གོང་ས་མཆོག་ནས་དེ་རིང་ཟླ་ ༩ ཚེས་ ༤ ནས་ ༧ བར་ཉིན་གྲངས་བཞིའི་རིང་བཀའ་ཆོས་བཀའ་དྲིན་བསྩལ་གནང་གི་ཡོད་པ་དང་། བཀའ་ཆོས་དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱ་ Dalialama.com ཐོག་ལ་བོད་སྐད་དང་། རྒྱ་སྐད། དབྱིན་སྐད། ཀོ་རི་ཡ། སེ་པན་ནིཤ།  ཝི་ཏི་ནམ། ཧིན་རྡི། ཉེ་ཧོང་། ཨུ་རུ་སུ། འཇར་མན། ཐ་ལེན་ཌ་བཅས་ཀྱི་སྐད་ཐོག་ཐད་སྲིང་གནང་གི་འདུག

༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་ཁག་ཅིག་ལ་ཉིན་བཞིའི་བཀའ་ཆོས་དབུ་འཛུགས་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་དུ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་ཁག་ཅིག་ལ་ཉིན་བཞིའི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་འབྲེལ། མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་བྱམས་བརྩེ་གོང་འཕེལ་ཐོག་འབད་བརྩོན་གནང་ཚེ་དེར་ནུས་པ་ངེས་ཅན་ཞིག་ཐོན་རྒྱུ་དང་སྤྱི་ཚོགས་འཆམ་མཐུན་ཞེས་པ་དེའང་བྱམས་བརྩེའི་ཐོག་ནས་བཟོ་ཐུབ་རྒྱུ་ཡིན་པའི་ལམ་སྟོན་མཛད་སོང་། དེའང་ཨིན་དྷུ་ནེ་ཤི་ཡ། ཀོ་རི་ཡ། མཱ་ལེ་ཤེ་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་ཏི་ནམ་སོགས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་རིང་ཟླ་ ༩ ཚེས་ ༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་སྐུལ་བ་པོས་གཙོས་པའི་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་འགལ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལས་སྔར་ལོའི་ཆོས་འབྲེལ་འཕྲོས་རབ་བྱེད་བདུན་པའི་བཀའ་ཆོས་དབུ་འཛུགས་བསྐྱངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཐོག་མར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཀྱིས་གཙོས་པའི་ཐའེ་ལན་ཌི། ཝི་ཏི་ནམ། དེ་བཞིན་ཀོ་རི་ཡའི་སོགས་ཀྱི་ཆོས་ཞུ་བ་ཚོར་དགའ་བསུའི་འཚམས་འདྲི་བསྩལ་བ་སྦྲགས། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་ཡོད་པ་ལས་དང་པོ་འགྲོ་བ་མི་གཅིག་གྱུར་གྱི་ཐུགས་བསྐྱེད་ཆེན་པོ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་ནི་འཛམ་གླིང་འདིའི་ནང་གི་འགྲོ་བ་མི་ཞིག་ཡིན་སྟབས་འཛམ་གླིང་འདི་ལ་བདེ་སྐྱིད་ཞིག་ཡོང་ཚེ་༸གོང་ས་མཆོག་ལའང་བདེ་སྐྱིད་ཡོང་གི་ཡོད་པ་དང་། འགྲོ་བ་ཀུན་ཆོས་དད་ཡོད་མེད་ལ་ལྟོས་མེད་ཞི་བདེ་བག་ཕེབས་ཤིག་འདོད་ཀྱི་ཡོད་པ་ལྟར། དེ་ལྟར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ལམ་སྟོན་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་གཞུང་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་རྣམ་ཀུན་ལྟར་ནང་ཆོས་ངོ་སྤྲོད་སྤྱི་བཤད་བསྩལ་སྐབས་སུ་མིའི་རང་བཞིན་ལྷན་སྐྱེས་དེ་ནི་བྱམས་བརྩེ་ལྡན་པའི་རང་བཞིན་ཡིན་པ་ཚན་རིག་པ་ཚོས་ཀྱང་བརྟག་དཔྱད་གནང་འབྲས་སུ་ར་འཕྲོད་ཡོད་སྐོར་དཔེ་མཚོན་དང་བཅས་ངོ་སྤྲོད་མཛད་པ་དང་འབྲེལ། སྤྱི་ཚོགས་འཆམ་མཐུན་ཞེས་པ་དེ་བྱམས་བརྩེས་བཟོ་ཐུབ་པ་མ་གཏོགས་ཁོང་ཁྲོ་དང་ང་རྒྱལ་གྱི་བཟོ་ཐུབ་རྒྱུ་མེད་པར་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་གཞན་ཡང་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཡོད་དོ་ཅོག་ཕན་ཚུན་མཐུན་འབྲེལ་ཡོང་ཐབས་སུ་ང་ཚོས་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེའི་བློ་ལ་ཡོན་ཏན་དུ་བལྟས་ནས་དང་འདོད་གནང་དགོས་པ་དང་། དེང་སྐབས་ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་མི་གསོད་རེས་ཀྱི་གནས་དོན་བྱུང་བཞིན་ཡོད་པ་ནི་ཆེས་ཡིད་སྐྱོ་དགོས་པའི་གནས་ཚུལ་ཐོན་བཞིན་པ་རེད། ལྷག་དོན་མི་དང་འབྲེལ་བའི་ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་སྐོར་གསུངས་ཡོད་པ་ལྟར། དེ་རིང་ཆོས་འབྲེལ་ཐོག་བཅར་བའི་ཆོས་གྲོགས་ཕོ་མོ་ཚོས་རང་ཉིད་ཀྱི་ལུང་པར་ལོག་རྗེས་ཆོས་ལུགས་མཐུན་འབྲེལ་ཐོག་བསམ་བློ་གཏོང་དགོས་པའི་ལམ་བསྟོན་མཛད་ཡོད། རྩ་བའི་༸གོང་ས་མཆོག་གིས་དེ་རིང་ཆོས་འབྲེལ་བྱ་རྒྱུའི་བུདྡྷ་པཱ་་ལི་ཏའི་ལུང་དེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་གི་དྲུང་ནས་ཞུས་ཡོད་པ་དང་། གཞུང་འདི་ནི་བསྟན་འགྱུར་ནང་གི་གཞུང་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་ལྟར་བསྟན་འགྱུར་གྱི་གཞུང་ཁག་ལ་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་ཡོད་པ་རེད།  ཐེངས་འདིའི་ཆོས་འབྲེལ་ཐོག་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ནས་ཆོས་ཞུ་བ་ཞལ་གྲངས་ ༧༠༠ ཡས་མས་ཤིག་དང་ལྷག་དོན་ལྷོ་ཀོ་རི་ཡ་ནས་ཆོས་ཞུ་བ་ ༤༠༠ ལྷག་བཅར་ཡོད་པ་རེད་འདུག ཉིན་གྲངས་བཞིའི་ཆོས་འབྲེལ་དེ་སྔ་དྲོ་ཚོུད་ ༩་༠༠ ནས་ ༡༡༌༣༠  བར་ཡིན་པ་དང་། ཉིན་རྒྱབ་ཏུ་མཁན་པོ་དང་དགེ་བཤེས་རྣམ་པས་ཉིན་སོ་སོའི་ཆོས་ཐུན་བསྐྱར་བཤད་དང་དྲི་བ་འདྲི་ལན་བཅས་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་དགུང་ལོ་བརྒྱ་སྐོར་བཞུགས་ཐུབ་པར་ཐུགས་སྨོན་མཛད་ཀྱི་ཡོད་ཅེས་བཀའ་བསྩལ་བ།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ དང་བོད་ལུགས་དགུང་གྲངས་ ༨༥ ཕེབས་པའི་དགུང་གེགས་ཁེལ་གྱི་ཡོད་པས་བསྟན་འགྲོ་སྤྱིའི་བདེ་དོན་སླད་དུ་དགུང་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མི་བཞེས་པ་དང་། ལྷག་པར་དུ་བོད་གངས་པའི་བོད་འབངས་ཡོངས་ཀྱི་མགོན་དཔུང་དམ་པར་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་སོགས་ལ་དམིགས་ཏེ་དེ་རིང་ཟླ་ ༩ ཚེས་ ༣ ཉིན་སྔ་དྲོ་བཞུགས་སྒར་དུ་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱས་པའི་ཆུ་སྒང་དང་རྒྱ་གར་བྱང་ཤར་ཕྱོགས་སུ་རྟེན་གཞི་བྱས་པའི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་མགོན་པོ་༸གང་ཉིད་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་༸གོང་ས་མཆོག་གིས་བོད་མི་ཚོའི་ངོས་ནས་རེ་སྨོན་ཞུ་བཞིན་པ་ལྟར་མགོན་པོ་མཆོག་གིས་ཀྱང་དགུང་ལོ་བརྒྱ་སྐོར་བཞུགས་ཐུབ་པར་ཐུགས་སྨོན་མཛད་ཀྱི་ཡོད་ཅེས་བསྐལ་བཟང་གི་བཀའ་བསྩལ་སོང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཚོུད་  ༧༌༣༠ ནས་ ༨༌༣༠ བར་དགའ་ལྡན་ཁྲི་ཐོག་ ༡༠༤ པ་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་བཤག་གནང་ཟིན་རྗེས་ཚོུད་ ༩༌༠༠ སྟེང་༸གོང་ས་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་མཛད་དེ་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་བསྟུན་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་དངོས་སུ་དབུ་འཛུགས་བསྐྱངས་ཡོད་པ་རེད། སྐབས་དེར་༸གོས་ས་མཆོག་གིས་སྤྱིར་མགོན་པོ་མཆོག་༸སྐུ་ན་ཆུང་དུས་ནས་ཀ་རྡོར་སྒང་གསུམ་གྱི་སྐོར་གསན་སྐབས་ཐུགས་ལ་སྤྲོ་སྣང་ཞིག་འཁྲུངས་པ་དང་ཐུགས་ཐག་ཉེ་བའི་༸སྐུའི་མྱོང་ཚོར་བྱུང་སྐོར་དང། ད་རེས་ཀ་རྡོར་སྒང་གསུམ་དང་ཆོས་ཁ་གསུམ་ནས་མགོན་པ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་ཡོད་པ་འདི་ནི་དམ་ཚིག་ལྡན་པ་ཞིག་ཡིན་པ་མ་ཟད། ༸གོང་ས་མཆོག་ལས་དང་སྨོན་མལམ་དབང་གིས་བོད་མིའི་བདེ་དོན་སྲུང་མཁན་ཞིག་ཆགས་པ་མ་ཟད་སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་ཐུབ་པའི་ཐུགས་འཁུར་བཞེས་གནང་མཁན་ཞིག་ཡིན་པའི་ཆ་ནས་༸སྐུ་ཚེ་རིང་པོ་བཞུགས་ཐུབ་ན་འགྲོ་བར་ཕན་ཐོགས་བསྒྲུབ་ཐུབ་རྒྱུ་ཡིན་པ་དང་སྒོས་བོད་མི་མང་ཚོགས་ནས་ཀྱང་རེ་བ་དང་སྨོན་ལམ་ཞུ་བཞིན་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཀྱང་དགུང་ལོ་བརྒྱ་སྐོར་བཞུགས་ཐུབ་པར་ཐུགས་སྨོན་མཛད་ཀྱི་ཡོད་ཅེས་བསྐལ་བཟང་གི་བཀའ་བསྩལ་སོང་། རྒྱ་གར་བྱང་ཤར་ཕྱོགས་སུ་རྟེན་གཞི་བྱས་པའི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འབད་པ་གང་ནུས་ཞུ་རྒྱུའི་དམ་ཡིག་ཞིག་ཕུལ་ཡོད་པ་དང་འབྲེལ་༸གོང་ས་མཆོག་གིས་བོད་ལ་ཡོད་པའི་ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་ཆ་ཚང་བ་དང་སྤུས་དག་པོ་ཞིག་བོད་ཡིག་དང་བོད་སྐད་ཁོ་ནར་ཡོད་སྟབས་འདིས་བསྟན་པར་ཞབས་འདེགས་བསྒྲུབ་རྒྱུ་དང། བོད་མི་རིགས་ཀྱི་རྣམ་དཔྱོད་ངོམ་ཆོག་པ་ཞིག་ཡིན་སྐོར་བཀའ་ནན་བསྩལ་སོང་། དེང་སྐབས་བོད་པ་མ་ཡིན་པ་རྣམས་ནས་ཀྱང་ནང་ཆོས་ལ་དོ་སྣང་དང་བོད་ཡིག་ཐོག་སློབ་གཉེར་གནང་བཞིན་ཡོད་པས་བོད་མི་ཚོས་ཀྱང་བོད་ཡིག་དང་བོད་སྐད་བདག་གཅེས་ལེགས་པོ་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད་པ་རེད། རྩ་བའི་ཆོལ་གསུམ་ཐུན་མོང་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་ཐུབ་དབང་༸སྐུ་བརྙན་ ༡༡༤ དང་ཚེ་ལྷ་རྣམ་གསུམ། དེ་བཞིན་བྱང་ཆུབ་མཆོད་རྟེན་བཅས་ཕུལ་ཡོད་པ་དང་དེ་བཞིན་ཀ་རྡོར་སྒར་གསུམ་དང་སོ་ན་ཌ། དེ་བཞིན་ར་ཝང་ལ་བཅས་བོད་མིའི་གཞིས་སྒར་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འབད་པ་གང་ནུས་ཞུ་རྒྱུ་དང་༸པཎ་གྲུབ་བདུན་གྱི་ཞལ་ཐང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་༸སྐུ་བརྙན་བཅས་ཕུལ་ཡོད་པ་རེད། ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་བོད་མི་ཁྱོན་ ༡༧༨ ཙམ་ཆེད་བཅར་ཞུས་འདུག་པ་དང། ཆོལ་ཁ་གསུམ་མཐུན་མོང་གི་ཕྱོགས་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་མི་གྲངས་ ༧༠༠ ཙམ་བཅས་ཆེད་བཅར་ཞུས་སྟབས་ཁྱོན་བོད་མི་ ༡༠༠༠ ཙམ་ཆེད་འཛོམས་གནང་འདུག

ཆོལ་གསུམ་ཐུན་མོང་དང་བྱང་ཤར་བོད་མིའི་གཞིས་སྒར་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་ཆོལ་གསུམ་ཐུན་མོང་དང་རྒྱ་གར་བྱང་ཤར་ཕྱོགས་སུ་རྟེན་གཞི་བྱས་པའི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ཟླ་ ༩ ཚེས་ ༣ ཉིན་དུས་ཚོད་ལེགས་པའི་ཞལ་བཞེས་ཀྱི་སྐལ་བཟང་ཕེབས་པར་བརྟེན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་དང་། དེའི་ཆེད་དུ་བཞུགས་སྒར་དུ་ཁ་ནས་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་བཤག་ཆོ་ག་དབུ་འཛུགས་གནང་འདུགདེའང་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ དང་བོད་ལུགས་དགུང་གྲངས་ ༨༥ ཕེབས་པའི་དགུང་གེགས་ཁེལ་གྱི་ཡོད་པས་བསྟན་འགྲོ་སྤྱིའི་བདེ་དོན་སླད་དུ་དགུང་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མི་བཞེས་པ་དང་། ལྷག་པར་དུ་བོད་གངས་པའི་བོད་འབངས་ཡོངས་ཀྱི་མགོན་དཔུང་དམ་པར་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་སོགས་ལ་དམིགས་ཏེ་ཕུལ་བ་ཞིག་རེད་འདུགདེ་བཞིན་བོད་མིའི་གཞིས་སྒར་རྒྱ་གར་བྱང་ཤར་ཕྱོགས་སུ་རྟེན་གཞི་བྱས་པའི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་སྔ་ལོར་༸གོང་ས་མཆོག་འབྲས་ལྗོངས་རང་དབང་ལར་ཆིབས་བསྒྱུར་ཐུགས་གཏན་ཁེལ་བ་ལྟར་སྐབས་དེར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་བསྐལ་བཟང་གི་བཀའ་བཞེས་སྨིན་བསྩལ་ཐོབ་ཡོད་ཀྱང། མགོན་པོ་མཆོག་སྐབས་དེ་དུས་ཆིབས་བསྒྱུར་མཛད་མེད་སྟབས་ད་རེས་བཞུགས་སྒར་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཞལ་བཞེས་ཀྱི་སྐལ་བཟང་ཕེབས་པ་ཞིག་རེད་འདུགཤེས་རྟོགས་བྱུང་བར་གཞིགས་ན་ཆོལ་གསུམ་ཐུན་མོང་གི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་ཐུབ་དབང་༸སྐུ་བརྙན་ ༡༡༤ དང་ཚེ་ལྷ་རྣམ་གསུམ། དེ་བཞིན་བྱང་ཆུབ་མཆོད་རྟེན་བཅས་ཡིན་པ་དང་དེ་བཞིན་ཀ་རྡོར་སྒར་གསུམ་དང་སོ་ན་ཌ། དེ་བཞིན་ར་ཝང་ལ་བཅས་བོད་མིའི་གཞིས་སྒར་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འབད་པ་གང་ནུས་ཞུ་རྒྱུ་དང་༸པཎ་གྲུབ་བདུན་གྱི་ཞལ་ཐང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་༸སྐུ་བརྙན་བཅས་འབུལ་རྒྱུ་རེད་འདུག

སྐུ་ཞབས་ John McCain མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཁ་ཉིན་ཟླ་ ༨ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ John McCain མཆོག་དགུང་ལོ་ ༨༡ ཐོག་ཀླད་སྐྲན་སྙུང་གཞི་ཕོག་ནས་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེ་ནི་སྐུ་ཞབས་ John McCain མཆོག་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ Cindy McCain ལགས་ཀྱི་མཚན་ཐོག་ཏུ་བསྩལ་ཏེ། ངོས་ཀྱིས་དམ་པ་མཆོག་ལ་ཐུགས་སྨོན་དང་དཀའ་ཚེགས་ཆེ་བའི་དུས་ཚིགས་འདིར་ཤུལ་ལུས་ནང་མི་སྐུ་འཁོར་ལྷན་རྒྱས་ཡོངས་ལ་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༠༨ ལོར་ Colorado མངའ་སྡེའི་ Aspen ས་གནས་སུ་སྐུ་ཞབས་ John McCain མཆོག་དམ་པ་དེ་ཉིད་དང་མཇལ་འཕྲད་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་དམ་པ་དེ་ཉིད་ཀྱིས་ཨ་རི་མང་ཚོགས་རྣམས་ཀྱི་ཆེད་ཕྱག་ལས་གནང་བར་ཡིད་སྨོན་མཛད་འདུག ༸གོང་ས་མཆོག་གིས་དམ་པ་ཁོང་གིས་དོན་དམ་པའི་ཐོག་ནས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཁོར་ཡུག་བཅས་སྤྱི་ཡོངས་ཐད་ཐུགས་ཁུར་ཆེ་བཞེས་གནང་བ་མ་ཟད་སྒོས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་བཅས་ལ་ཐུགས་ཁུར་ཆེན་པོ་གནང་བ་བཅས་ནི་བཀྲིན་ཆེན་པོ་ཡིན་ཞེས་བཀའ་བསྩལ་འདུག གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་ཞབས་ John McCain མཆོག་དམ་པ་དེ་ཉིད་སྐུ་ཚེ་གང་པོར་རང་ཉིད་ཀྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཞབས་འདེགས་ཞུས་ཡོད་པ་དང་། ལྷག་དོན་སྐབས་ཤིག་འཛམ་གླིང་གི་དབུ་ཁྲིད་ཚོས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུར་འཛེམ་ཟོན་གནང་ཡང་ཁོང་གིས་དེ་ལས་ལྡོག་སྟེ་དགའ་ཚོར་ཆེན་པོའི་ངང་ནས་མཇལ་འཕྲད་གནང་སྐོར་མངོན་གསལ་གནང་འདུག སྲིད་སྐྱོང་མཆོག་གིས་ད་དུང་སྐུ་ཞབས་ཇོན་མེཁཱན་མཆོག་དམ་པ་དེ་ཉིད་ནི་བློ་རྒྱ་ཡངས་ཤིང་བྱམས་བརྩེ་བདག་ཉིད་ཅན་ཞིག་ཡིན་པ་གསུངས་པ་དང་ཆབས་ཅིག ད་ཆ་དམ་པ་ཁོང་བཞུགས་མེད་ཀྱང་ད་བར་བོད་དང་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱི་སླད་གཡོ་བ་མེད་པར་རྒྱབ་སྐྱོར་གནང་བ་དེ་དག་བོད་མི་ཚོའི་སེམས་ཁུངས་ནས་བརྗེད་མི་སྲིད་ཅེས་གསུངས་འདུག ལྷག་དོན་དམ་པ་དེ་ཉིད་དགོངས་པ་རྫོགས་པ་དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་དཔའ་བོ་ཞིག་མེད་པ་གྱུར་བ་དང་བོད་མིར་མཚོན་ན་དོན་དམ་པའི་བོད་དོན་རྒྱབ་སྐྱོར་བ་ཞིག་མེད་པ་ཆགས་པ་མ་ཟད་སྲིད་སྐྱོང་རང་ཉིད་ཀྱི་མཛའ་གྲོགས་ཤིག་མེད་པ་གྱུར་ཡོད་སྐོར་གསུངས་ནས་དམ་པ་དེ་ཉིད་ལ་ཐུགས་གསོ་གནང་འདུག གཞི་རྩའི་སྐུ་ཞབས་ John McCain མཆོག་དམ་པ་དེ་ཉིད་ནི་ཨ་རིའི་གྲོས་ཚོགས་འཐུས་མི་ནང་ནས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐད་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་དང་བོད་དོན་རྒྱབ་སྐྱོར་བ་གཙོ་གྲས་ཤིག་ཀྱང་ཆགས་ཡོད་པ་རེད།

Latest news