Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་དེད་དཔོན་གཉིས་དང་ལྷན་འཚེ་མེད་ཞི་བའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་འཇར་མ་ནི་ནང་ནོ་སྦེལ་ཞི་བདེའི་དེད་དཔོན་གཉིས་དང་། དེ་བཞིན་འཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་གཞོན་བཅས་དང་ལྷན་འཚེ་མེད་ཞི་བའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་འདུག ༸གོང་ས་མཆོག་ནས་ཁ་ཉིན་ཉི་ཐར་ལན་ཌི་ནང་གི་མཛད་འཆར་ཁག་བསྐྱངས་རྗེས་ཁ་སང་འཇར་མ་ནི་ Darmstadt གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་པ་དང། མགོན་པོ་༸གང་ཉིད་མཆོག་ནས་དེ་རིང་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative Deutschland (TID) དང་༸དཔལ་དགའ་ལྡན་ཕོ་བྲང་ཐེབས་རྩ་ཁང་གཉིས་ཟུང་འབྲེལ་ཐོག་ Darmstadt ནང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Lech Walesa མཆོག་དང་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ལས་འགུལ་ཁང་གི་གཙོ་འཛིན་ལྕམ་ Rebecca Johnson ལགས། དེ་བཞིན་འཇར་མ་ནི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་ Claudia Roth ལགས་བཅས་དང་ལྷན་དུ་འཚེ་མེད་ཞི་བའི་ཐབས་ལམ་སྐོར་བགྲོ་གླེང་གནང་ཡོད་པ་རེད། སྐབས་དེར་༸མགོན་པོ་མཆོག་གིས་རྒྱལ་སྤྱིའི་མང་ཚོགས་ནས་དྲག་པོའི་སྲིད་བྱུས་ལ་ཡིད་ཐང་ཆད་པ་དང།  འཛམ་བུ་གླིང་ནང་དཀའ་རྙོག་ཉུང་དུ་གཏང་རྒྱུའི་ཐབས་ལམ་གཙོ་བོ་དེ་འཚེ་མེད་ཞི་བའི་ཐབས་ལམ་ཡིན་པ་དང། དྲག་པོའི་བྱ་སྤྱོད་ལས་དྲག་པོའི་གྲུབ་འབྲས་མ་གཏོགས་དེའི་མཐའ་རྫོགས་རྒྱུ་མེད་སྐོར་བཀའ་བསྩལ་བ་མ་ཟད་དེ་སྔ་རོམ་རྒྱལ་ཁབ་ནང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མི་སྣ་དེ་དག་གིས་རྒྱལ་སྤྱིའི་ཁྲོད་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་ཐབས་ཐད་ཚོགས་འདུ་ཞིག་ཚོགས་ཡོད་པ་ལྟར། རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་སླད་ང་ཚོས་དུས་བཀག་ངེས་ཅན་ཞིག་བཟོ་དགོས་པ་དང། དེ་འབྲེལ་ཐོག་རྒྱལ་སྤྱིའི་ལས་འགུལ་ཞིག་དབུ་འཛུགས་གནང་གནད་ཡིན་སྐོར་སོགས་ལམ་སྟོན་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་ད་དུང་ཡོ་རོབ་མཐུན་ཚོགས་ལྟ་བུ་རྒྱ་ནག་དང་རྒྱ་གར། དེ་བཞིན་ཉི་ཧོང་བཅས་མཉམ་འཛོམས་ཀྱིས་ཨེ་ཤ་ཡ་མཐུན་ཚོགས་ཤིག་ཆེད་བསྐྲུན་གནང་དགོས་པ་དང།  སྒོས་སུ་འཛམ་བུ་གླིང་སྤྱིའི་རྩོད་རྙོག་ཉུང་དུ་གཏང་བར་འཛམ་གླིང་གི་མཐུན་ཚོགས་ཤིག་ཆེད་འཛུགས་དགོས་སྐོར་ཡང་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལའང་བཀའ་སློབ་བསྩལ་བ་མ་ཟད། བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་ལས་རིམ་ཁྲོད་བོད་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱ་གཞུང་དང་གྲོས་མོལ་གནང་རྒྱུ་གྲ་སྒྲིག་ཡོད་སྐོར་བཀའ་ལན་བསྩལ་འདུག དེ་རིང་ Darmstadt གྲོང་ཁྱེར་དུ་ཚོགས་པའི་བགྲོ་གྲེང་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ནས་ཀྱང་ངོ་སྤྲོད་ཀྱི་གླེང་མོལ་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་འཚེ་མེད་ཞི་བའི་འཐབ་རྩོད་གནང་བའི་བརྒྱུད་རྒྱ་གཞུང་གི་སྲིད་བྱུས་ལ་གདོང་ལེན་དང།  ལྷག་པར་དུ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འོག་བོད་མི་རང་ཉིད་ཀྱི་ངོ་བོ་དང་སྐད་ཡིག རིག་གཞུང་སོགས་བློ་སྤོབས་ཆེན་པོས་བདག་ཉར་གནང་བཞིན་པའི་སྐབས་འདིར་འཇར་མ་ནི་མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་གལ་ཆེ་ཡིན་པའི་རེ་སྐུལ་བཅས་ཞུས་འདུག

༸གོང་ས་མཆོག་ལ་ Gandhidarsan རྒྱལ་སྤྱིའི་གཟེངས་རྟགས་འབུལ་རྒྱུ་རེད་འདུག

ཁ་སང་ཟླ་ ༩ ཚེས་ ༡༨ ཉིན་རྒྱ་གར་གྱི་གསར་ཤོག The Hindu ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ the Gandhi Global Foundation འམ་གྷན་དྷཱི་གོ་ལའི་ཐེབས་རྩ་ཁང་གི་ངོས་ནས་ Gandhidarsan ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་གཏན་འཁེལ་འདུག དེའང་ཐེབས་རྩ་ཁང་གི་ཚོགས་གཙོ་ S. Vijayan ལགས་ཀྱིས་ཁ་སང་རྒྱགར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི Thiruvananthapuram གྲོང་ཁྱེར་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་ཕྱི་ལོ་ ༢༠༡༨ ལོའི་ Gandhidarsan གཟེངས་རྟགས་ཐོབ་མཁན་རྣམ་པའི་མཚན་ཡོངས་གྲགས་ཀྱི་གསལ་བསྒྲགས་གནང་བ་དང་འབྲེལ། གཟེངས་རྟགས་དེ་དང་མཉམ་དུ་བྱ་དགའ་ཧིན་སྒོར་འབུམ་གསུམ་དང་། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷཱིའི་རྡོ་རྐོས་སྐུ་བརྙན་ཞིག་ཀྱང་འབུལ་གྱི་ཡོད་སྐོར་གསུངས་འདུག རྩ་བའི་གྷན་དྷཱི་གོ་ལའི་ཐེབས་རྩ་ཁང་གི་ངོས་ནས་ཟེངས་རྟགས་དེ་ལོ་ལྟར་ཆབ་སྲིད་ཀྱི་ལས་དོན་ལ་མཁས་མྱོང་ཆེ་བའི་མི་སྣ་ལེགས་ཤོས་དང་། གཞན་ཡང་ཆོས་ལུགས་དང་ཚོང་འབྲེལ། སྤྱི་ཚོགས་ཞབས་ཞུ། དེ་བཞིན་འགྲོ་བ་མིའི་བདེ་དོན་སོགས་ཀྱི་སྡེ་ཚན་ཁག་གི་ཐོག་སྤྱི་སྨན་ཞབས་འདེབས་གནང་མཁན་རྣམས་ལ་ཕུལ་གནང་གི་ཡོད་པ་རེད། དེ་དག་ལས་ཆོས་ལུགས་ཀྱི་ལས་དོན་ཐད་ཕུལ་བྱུང་གཟེངས་རྟགས་དེ་རྒྱ་གར་གྱི་ཧིཾདཱུའི་ཆོས་དཔོན་སྙན་གྲགས་ཅན་ Sri Sri Ravi Shankar མཆོག་དང་། གྲོས་ཚོགས་ཀྱི་ལས་དོན་ལ་མཁས་མྱོང་ཆེ་བའི་མི་སྣ་ལེགས་ཤོས་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་སྐུ་ཞབས་ Arun Jaitley  མཆོག་དང་། མངའ་སྡེའི་བློན་ཆེན་ལེགས་ཤོས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་མངའ་སྡེའི་བློན་ཆེན་སྐུ་ཞབས་ Pinarayi Vijayan མཆོག དེ་བཞིན་འགྲོ་བ་མིའི་བདེ་དོན་ཐོག་ཕྱག་ལས་གནང་མཁན་ལེགས་ཤོས་ཀྱི་གཟེངས་རྟགས་དེ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་སྔོ་སྨན་མཁས་པ་ལྕམ་སྐུ་ Healer Lakshmikutty མཆོག་བཅས་ལ་ཕུལ་རྒྱུ་ཐུགས་གཏན་འཁེལ་ཡོད་པ་རེད་འདུག གཞི་རྩའི་ Gandhidarsan གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་རྒྱ་གར་གྱི་ས་གནས་འདྲ་མིན་ཁག་གསུམ་ནང་འཚོགས་གཏན་འཁེལ་ཡོད་པ་དང། དེའང་ཀེ་ར་ལ་མངའ་སྡེའི་ Thiruvananthapuram གྲོང་ཁྱེར་ནང་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༣༠ དང། ཀ་ན་ཊ་ཀ་མངའ་སྡེའི་སྦེང་ལོར་གྲོང་ཁྱེར་ནང་ཕྱི་ཟླ་ ༢ ཚེས་ ༢༧ དེ་བཞིན་རྒྱལ་ས་ལྡི་ལིའི་ནང་ཕྱི་ཟླ་ ༣ ཚེས་ ༤ བཅས་ས་གནས་སོ་སོར་ལ་འཚོགས་རྒྱུ་རེད་འདུག

༸གོང་ས་མཆོག་གིས་ནི་ཐར་ལན་ཌི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་མོལ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ Netherlands ཡི་གྲོས་ཚོགས་འཐུས་མི་དྲུག་མཇལ་མོལ་གྱིས་བོད་དོན་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་འདུག ཁ་སང་སྔ་དྲོ་༸གོང་ས་མཆོག་ནས་ཡུལ་དེའི་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མ་བསྩལ་གོང་དུ་ Netherlands རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གང་ཉིད་མཆོག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་དྲུག་དང་ལས་བྱེད་ཁག་ཅིག་བཅས་མཇལ་མོལ་མཛད་འདུག་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་གཙོ་བོར་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་དབུ་མའི་ལམ་གྱི་བཞེངས་ཕྱོགས། ལྷག་དོན་ཉེ་བའི་ཆར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་རྒྱལ་སྤྱིའི་མང་ཚོགས་ཁྲོད་ནས་ཡི་རངས་ཆེན་པོ་གནང་བཞིན་ཡོད་པ་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་གིས་ད་བར་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ལ་ཐུགས་འཁུར་ཆེ་བཞེས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་དང་སྦྲགས། བོད་པའི་བདེན་པའི་འཐབ་རྩོད་དེ་ཡང་ཐོག་མ་ཉིད་ནས་འཚེ་མེད་ཞི་བའི་ལམ་གི་ཐོག་ནས་མགོ་བཙུགས་པ་ཞིག་ཡིན་པ་རེད། ཁྱད་པར་དུ་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་བསྔགས་བརྗོད་གནང་བ་དང་བོད་མི་ཚོས་ཀྱང་སྒྲོག་གཞི་དེ་ནས་མིག་དཔེ་བླངས་ནས་རྒྱ་ནག་དང་མཉམ་གནས་བྱ་ཚེ་བོད་མིའི་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་དང་བོད་ནང་ཤེས་ཡོན་དང་ཁོར་ཡུག ཆོས་དད་བཅས་ཀྱི་གནད་དོན་ཐོག་བོད་པ་རང་ཉིད་ཀྱིས་འགན་ཁུར་ཐུབ་པའི་ཁེ་ཕན་ཡོད་པ་དང་ཆབས་ཅིག རྒྱ་གཞུང་ལའང་ནང་སེམས་ཀྱི་བློ་སྤོབས་འཕེལ་རྒྱུར་རམས་འདེགས་ཞུ་ཐུབ་ངེས་ཡིན་པས་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་མངོན་གསལ་མཛད་འདུག ལྷག་དོན་༸གོང་ས་མཆོག་གིས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་གཞིས་བྱེས་བོད་མིའི་སྙིང་སྟོབས་ནམ་ཡང་ཞུམ་མེད་པ་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། ད་ཆ་རྒྱ་ནག་གི་མགོ་ཁྲིད་ཚོའི་ཁྲོད་ནས་ཁག་ཅིག་གིས་བོད་ནང་དྲག་ཤུགས་སྤྱོད་ནས་བརྟན་ལྷིང་ཡོང་རྒྱུའི་ཐབས་ཤེས་བྱས་པ་དེ་ནོར་འཁྲུལ་ཡིན་སྟབས་རྒྱ་གཞུང་ནས་བོད་ཀྱི་གནད་དོན་དེ་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་ལྡན་པའི་སྒོ་ནས་སེལ་དགོས་ཞེས་བཀའ་ནན་མཛད་ཡོད་པ་རེད།   རྩ་བའི་༸གོང་ས་མཆོག་ནས་ཁ་ཉིན་ཡང་ Rotterdam ནང་ཕ་རན་སི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཐུ་ཐུ་པི་ཁ་ལགས་དང་ཁོང་གི་སྐུ་ཟླ་བཅས་མཇལ་མོལ་མཛད་འདུག ཤེས་རྟོགས་བྱུང་བར་དེ་རིང་སྔ་དྲོ་༸གོང་ས་མཆོག་Rotterdam ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་འཇར་མ་ནིར་ཆིབས་ཐོན་མཛད་འདུག མཛད་འཆར་ལྟར་ན། ༸གོང་ས་མཆོག་དེ་རིང་ Rotterdam ནས་འཇར་མ་ནིར་ཆིབས་བསྒྱུར་གྱིས་གཙོ་བོ་ཡུལ་དེའི་ གྲོང་ཁྱེར་ Darmstadt ནང་འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གཉིས་ནས་གོ་སྒྲིག་ཞུ་རྒྱུའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ་དང་དེ་རྗེས་ཚེས་ ༢༠ ཉིན་འཇར་མ་ནི་ Heidelburg གྲོང་སྡེ་དང་གྲོང་སྡེ་དེའི་གཙུག་ལག་སློབ་གཉེར་ཁང་གཉིས་ནང་གོ་སྒྲིག་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་བདེ་སྐྱིད་དང་གུས་བརྩིའི་ཆེད་དོན་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།

ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་གནང་སྐབས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱ་དགོས།

དེ་རིང་ཟླ་ ༩ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ Rotterdam གྲོང་ཁྱེར་ནང་ཉིན་མཐའ་མའི་མཛད་འཆར་དང་འབྲེལ། ཡུལ་དེའི་མང་ཚོགས་སྟོང་ཕྲག་ ༦ ལྷག་འདུ་འཛོམས་བྱུང་ཡོད་པ་རྣམས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀའ་དྲིན་བསྐྱངས་བ་དང་ནང་ཆོས་ལ་སློབ་གཉེར་གནང་ནས་ཉམས་ལེན་གནང་སྐབས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་གི་ཐོག་ནས་གནང་དགོས་གལ་ཡིན་པར་བཀའ་བསྩལ་བ་དང་། དེ་ལྟར་གནང་ཚེ་སངས་རྒྱས་པའི་ཆོས་དེ་ད་དུང་ལོ་ངོ་བརྒྱ་ཕྲག་ཁ་ཤས་གནས་ཐུབ་ངེས་ཡིན་པར་བཀའ་ནན་བསྩལ་སོང་། དེ་ཡང་ནི་ཐར་ལན་ཌི་ནང་གི་ Stichting Bezoek Heiligheid ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ Rotterdam གྱི་ Ahoy ཚོགས་ཁང་དུ་ཡུལ་དེའི་མང་ཚོགས་ལ་བྱམས་བརྩེའི་སྐོར་བཀའ་སློབ་བསྩལ་རྗེས། དེ་རིང་ཚོགས་ཁང་འདིའི་ནང་ཆོས་འབྲེལ་གྱི་མཛད་རིམ་ཞིག་བསྐྱངས་སོང་། མགོན་པོ་མཆོག་ནས་ཆོས་འབྲེལ་གྱི་ཐོག་མར་ནང་པའི་ཆོས་ཀྱི་ལྟ་གྲུབ་ཐད་ངོ་སྤྲོད་དང་འབྲེལ། ནང་པ་སངས་རྒྱས་ཀྱི་ཆོས་འདི་རྒྱ་གར་ནས་དར་བ་ཞིག་དང་། མགོན་པོ་མཆོག་གིས་དུས་རྒྱུན་དུ་ནང་པ་སངས་རྒྱས་པའི་ཆོས་དང་། གཅེར་བུ་པ། དེ་ཞིན་གྲངས་ཅན་པ་སོགས་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་དེ་དག་གི་སྲོལ་གཏོད་མཁན་རྣམས་དཀོན་མཆོག་གི་སྤྲུལ་པ་ལྟ་བུ་མ་ཡིན་པར་མི་རང་ཡིན་པ་ལྟར་དེའི་ཁོངས་ནས་སྟོན་པ་བཅོམ་ལྡན་འདས་ལྟ་བུར་ཆ་མཚོན་ན་རིམ་པས་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་དག་གཟིགས་པའི་ཐོག་ནས་ཐུགས་ངེས་པར་འབྱུང་ནས་རྒྱ་གར་གྱི་ཐུན་མིན་ལྷག་མཐོང་དང་ཞི་གནས་རྣམས་ཉམས་བཞེས་མཛད་དེ་རིམ་བཞིན་བདག་མེད་དང་སྟོང་ཉིད་བཅས་ཀྱི་ལྟ་བ་ཉམས་བཞེས་མཐིལ་ཕྱིན་མཛད་སྐོར་ངོ་སྤྲོད་ཞིབ་རྒྱས་མཛད་སོང་། སངས་རྒྱས་པའི་ཆོས་ཞེས་པ་དེ་སློབ་གཉེར་གནང་བ་མ་གཏོགས་སྐྱབས་སུ་འགྲོ་བ་ཁོ་ན་མི་འགྲིག་སྟབས་དབང་རྟུལ་དད་རྗེས་མི་འབྲང་པར་ཉམས་ལེན་གནང་སྐབས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་ནས་གནང་དགོས་གལ་ཡིན་པར་བཀའ་བསྩལ་ཡོད། མགོན་པོ་མཆོག་ནས་ནང་ཆོས་ཀྱི་ལྟ་གྲུབ་དང་ལན་ལེན་གནང་ཕྱོགས་སྐོར་བཀའ་བསྩལ་རྗེས་ཇོ་བོ་རྗེའི་སློབ་མ་གླང་ཤར་གཉིས་ལས་གླང་རི་ཐང་པས་མཛད་པའི་གླང་ཐང་ཚིགས་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་གནང་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཕྱོགས་ཐོག་བཀའ་ཆོས་བསྩལ་ཡོད། དེ་རིང་གི་བཀའ་ཆོས་ཐོག་ཡུལ་དེའི་མང་ཚོགས་སྟོངས་ཕྲག་ ༦ ལྷག་འདུ་འཛོམས་བྱུང་ཡོད་པ་མ་ཟད་ནང་པའི་ཆོས་བརྒྱུད་གཞན་གྱི་དགེ་འདུན་པ་ཁག་ཅིག་ཀྱང་མཉམ་ཞུགས་གནང་བ་དང་འབྲེལ། དེ་རིང་གི་བཀའ་ཆོས་འདིའི་ཐོག་ནས་ནི་ཐར་ལན་ཌི་ནང་ཉིན་གསུམ་གྱི་མཛད་འཆར་ཡོངས་སུ་མཇུག་སྒྲིལ་མཛད་སོང་།

༸གོང་ས་མཆོག་གིས་སྲིད་བློན་མོ་དཱི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མཆོན་ཆེན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད་པ་དང་སྦྲགས། སྲིད་བློན་མཆོག་གི་དབུ་འཁྲིད་འོག་རྒྱ་གར་རྒྱལ་ཁབ་དེ་སྔར་ལས་དར་རྒྱས་སུ་འགྲོ་ངེས་ཡིན་པར་བཀའ་བསྩལ་འདུག དེའང་ ༸གོང་ས་མཆོག་གིས་དེ་རིང་ཚེས་ ༡༧ ཉིན་སྲིད་བློན་མོ་དཱི་མཆོག་དགུང་ལོ་ ༦༨ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འཕྲིན་ཞིག་བསྩལ་ནས། སྲིད་བློན་མཆོག་སྐུ་གཟུགས་སྔར་ལྟར་བདེ་ཐང་ཡོང་བར་ཐུགས་སྨོན་མཛད་གྱིན་ཡོད་ཅེས་བཀའ་བསྩལ་བ་དང་། ཐེངས་འདིའི་གོ་སྐབས་ཆེས་བཞེས་དང་འབྲེལ། རྒྱ་གར་ནི་འཛམ་བུ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་ཙམ་དུ་མ་ཟད། རྒྱལ་སྤྱིའི་ཁྲོད་ཐུན་མོང་མ་ཡིན་པའི་ལག་རྗེས་འབུལ་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་གར་གཞུང་ངོས་ནས་འགྲོ་བའི་བདེ་དོན་སླད་རྒྱལ་ཁབ་དེའི་རྩ་ཆེའི་རིན་ཐང་སྟེ། ཆོས་ལུགས་མཐུན་འབྲེལ་དང་། སྙིང་རྗེ། འཚེ་བ་མེད་པའི་ལྟ་གྲུབ་བཅས་འཛམ་གླིང་དེའི་ཐོག་སྤེལ་རྒྱུར་ཐུགས་འགན་ཆེ་ཙམ་བཞེས་ཐུབ་པའི་གདེང་ཚོད་ཡོད་ཅེས་བཀའ་བསྩལ་འདུགལྷག་དོན་༸གོང་ས་མཆོག་ནས་གང་ཉིད་རྒྱ་གར་གྱི་བང་ཆེན་ཞིག་ཡིན་པར་དགོངས་ཀྱི་ཡོད་པ་བཞིན། ས་ཕྱོགས་གང་དུ་ཕེབས་ན་ཡང་རྒྱ་གར་གྱི་སྲོལ་རྒྱུན་རང་བཞིན་གྱི་བཟོད་སྲན་དང་ཆོས་ལུགས་མཐུན་འབྲེལ་སོགས་ལ་བསྟོད་བསྔགས་ཞུ་བཞིན་ཡོད་པ་མ་ཟད། ཉེ་བའི་ལོ་ཁ་ཤས་ནས་བཟུང་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཐད་དང་དོད་ཆེན་པོ་གནང་བཞིན་ཡོད་པ་དང་། དེའང་ནང་སེམས་ཀྱི་རིན་ཐང་གོང་འཕེལ་དང་ཉོན་མོངས་འདུལ་བའི་སླད་གལ་ཆེན་ཡིན་པར་ཡིད་ཆེས་དང་བརྒྱུད་སྤེལ་ཞུ་བཞིན་ཡོད་ཅེས་བཀའ་གནང་འདུག  དེ་བཞིན་ང་ཚོའི་ལུས་པོའི་བདེ་ཐང་ཆེད་འཕྲོད་བསྟེན་གལ་ཆེན་ཡིན་པ་བཞིན་ནང་སེམས་ཀྱི་ཉོན་མོངས་དུག་གསུམ་འདུལ་བའི་སླད་སེམས་ཀྱི་འཕྲོད་བསྟེན་གལ་ཆེན་ཡིན་པར་གསུངས་པ་དང་འབྲེལ། རྒྱ་གར་གྱི་གནའ་བོའོ་ཤེས་རབ་ཀྱི་མ་ལག་དག་གིས་དེའི་ཐད་ངེས་གཏན་གྱིས་ཕན་ཐོག་བྱེད་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་གཞན་ཡང་། རྒྱ་གར་རྒྱལ་ཁབ་ནི་གནའ་བོའི་ཤེས་ཡོན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཟུངའབྲེལ་བྱས་ནས་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་མཁན་གྱི་ནུས་པ་ཡོད་པའི་རྒྱལ་ཁབ་གཅིག་ཁོ་ན་དེ་ཡིན་པ་དང་། རྒྱ་གར་གྱི་གཞོན་སྐྱེས་དག་གི་ཁྲོད་ནས་འདི་ལ་དགའ་མོས་བྱེད་མཁན་མང་པོ་ཞིག་ཡོང་བཞིན་པ་དེས་མགོན་པོ་གང་ཉིད་ལ་སེམས་ཤུགས་བསྩལ་སོང་ཞེས་བཀའ་གནང་བ་མ་ཟད། འཚམས་འཕྲིན་གྱི་མཇུག་སྡོམས་སུ་རྒྱ་གར་ནི་ང་ཚོའི་ཁྱིམ་གཞི་ཆགས་ནས་མི་ལོ་ ༥༩ ཕྱིན་ཡོད་སྟབས། ངོས་ནས་བོད་མི་དག་གི་ཚབ་བྱས་ནས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་དང་སྦྱིན་སེམས་ལ་ལྷག་བསམ་འཁོལ་བའི་བཀའ་དྲིན་ཆེ་ཞུ་བ་དང་། རྒྱ་གར་གྱི་སྦྱིན་སེམས་དང་བྱམས་བརྩེ་ལ་བརྟེན་ནས་ང་ཚོས་བཙན་བྱོལ་དུ་བོད་ཀྱི་གནའ་བའི་རིག་གཞུང་རྒྱུད་འཛིན་ཐུབ་པ་བྱུང་ཡོད་ཅེས་བཀའ་བསྩལ་འདུག

བོད་ཀྱི་གནད་དོན་འདི་ཆབ་སྲིད་ཁོ་ན་མིན་པར་གོ་ལ་སྤྱི་ལ་ཕན་པ་བསྒྲུབ་རྒྱུ་དང་འབྲེལ་བའི་གནད་ཆེ་ཞིག་ཡིན།

དེ་རིང་ཕྱི་ཟླ་ ༩ ཚེས་ ༡༦ ཉི་སྔ་དྲོ་༸གོང་ས་མཆོག་ནས་ Rotterdam གྱི་ Ahoy ཚོགས་ཁང་དུ་ Netherlands གཙོས་པའི་ཡུ་རོབ་རྒྱལ་ཁབ་མང་དག་ཞིག་ནས་ཕེབས་པའི་བོད་མི་རྣམས་ལ་མཇལ་འཕྲད་དང་བཀའ་སློབ་ཀྱི་མཛད་རིམ་གྲུབ་རྗེས། ཡུལ་དེའི་མང་ཚོགས་ཁག་ཅིག་ལ་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དབུ་འཛུགས་མ་གནང་གོང་དུ་ International Campaign for Tibet འམ་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་གྲས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་ནས་མི་ལོ་ ༣༠ ཁོར་བའི་དུས་ཚིགས་སྲུང་བརྩི་དང་འབྲེལ། ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་ལྷན་དུ་གླེང་མོལ་གྱི་ལས་རིམ་ཞིག་གི་ཐོག་དབུ་བཞུགས་མཛད་སོང་བ་དང་། མགོན་པོ་མཆོག་གིས་དེང་སྐབས་སེམས་ཁམས་ཀྱི་དཀའ་ངལ་ཆེན་པོ་ཕྲད་བཞིན་པའི་དུས་སྐབས་འདིར་བོད་ནང་མི་ཉམས་རྒྱུན་འཛིན་གནང་བའི་རྒྱ་གར་གྱི་དཔལ་ནཱ་ལནྡཱའི་ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་གོ་ལ་འདིའི་ཐོག་ནང་སེམས་ཀྱི་ཞི་བདེ་སྐྲུན་རྒྱུའི་ནུས་པ་ཡོད་སྟབས། བོད་ཀྱི་གནད་དོན་འདི་ཆབ་སྲིད་ཁོ་ན་མིན་པར་གོ་ལ་སྤྱི་ལ་ཕན་པ་བསྒྲུབ་རྒྱུ་དང་འབྲེལ་བའི་གནད་ཆེ་ཞིག་ཡིན་པར་བཀའ་བསྩལ་སོང་། དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ནས་དབུ་འཛུགས་ཀྱིས་སྐར་མ་ ༢༥ རིང་། Ahoy ཚོགས་ཁང་ཆེན་མོར་མང་ཚོགས་ཁྲི་ཕྲག་བརྒལ་བ་འདུ་འཛོམས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང་༸གོང་ས་མཆོག་རྣམ་གཉིས་དབར་བོད་དོན་གྱི་གནས་སྟངས་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༡༩༥༠ ལོ་ནས་ད་བར་གྱི་གནས་སྟངས་ལ་འགྱུར་བ་འགྲོ་ལུགས། དེ་བཞིན་ད་ལྟའི་རྒྱ་ནག་དང་བོད་ནང་གི་གནས་སྟངས། རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་བཅས་ཀྱི་སྐོར་གླེང་མོལ་གནང་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ས་ཡ་དྲུག་གི་ཆོད་སེམས་དང་སྙིང་སྟོབས་ལ་ཞུམ་པ་མེད་ཀྱང། བོད་ཀྱི་གནད་དོན་གསལ་ཆེད་རྒྱལ་སྤྱིའི་རྒྱབ་སྐྱོར་ངེས་པར་དུ་དགོས་པ་དང་དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་པ་ལྟར་ཚོགས་པ་འདིས་དུས་ལྟ་བར་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་རེད། སྐུ་ཞབས་ Richard Gere ལགས་ནི་ཚོགས་པ་གསར་འཛུགས་སྐབས་ནས་བཟུང་བོད་དོན་ཆེད་དུ་འགན་ཁུར་ཆེན་པོ་བླངས་མཁན་གྱི་མི་སྣ་ཞིག་ཡིན་པར་ལེགས་གསོའི་བསྔགས་བརྗོད་གནང་བ་དང་འབྲེལ། བོད་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་མི་ཉམས་རྒྱུན་འཛིན་གནང་བའི་རྒྱ་གར་གྱི་དཔལ་ནཱ་ལནྡཱའི་ཆོས་བརྒྱུད་དང་ལྟ་གྲུབ་རྣམས་ད་ལྟའི་འཛམ་གླིང་འདིའི་ཐོག་ཕན་ཕོགས་ཧ་ཅང་བསྒྲུབ་ཐུབ་མཁན་གྱི་ལྟ་གྲུབ་བཟང་པོ་ཞིག་ཡིན་པ་བཞིན་གཅེས་ཉར་འཐུས་ཚང་གནང་དགོས་གལ་ཡིན་པའི་ལམ་སྟོན་སོགས་མཛད་སོང་། མགོན་པོ་༸གང་ཉིད་མཆོག་ནི་ནང་པའི་ལྟ་གྲུབ་ཐོག་ནས་གོ་ལ་སྤྱིའི་བདེ་དོན་ཐད་ཐུགས་འགན་གཙོ་བཞེས་གནང་མཁན་ཞིག་ཡིན་སྟབས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་ཁོ་ནའི་གནད་དོན་མིན་པར་གོ་ལ་སྤྱིའི་གནད་དོན་ཞིག་ཆགས་ཡོད་སྐོར་བཀའ་གནང་བ་དང་སྦྲགས་ཏེ་བོད་ཀྱི་ནང་པའི་རིག་གཞུང་དེ་སྲུང་སྐྱོབ་ཆེད་དུ་མགོན་པོ་མཆོག་ནས་དུས་རྟག་ཏུ་ཐུགས་འགན་གཙོ་བཞེས་མཛད་རྒྱུ་ཡིན་པར་བཀའ་བསྩལ་སོང་། སྐབས་དེར་སྐུ་ཞབས་ Richard Gere ལགས་ཀྱིས་ད་རེས་འདིར་འཛོམས་པའི་མི་ཚང་མའི་ངོས་ནས་བོད་ནང་སྡུག་རྩུབ་མྱོང་བཞིན་པའི་བོད་མི་རྣམས་ཀྱི་གནད་དོན་སེམས་ལ་བཞག་རོགས་ཞེས་འབོད་སྐུལ་ཞུས་གནང་སོང། དེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Meccaci ལགས་ཀྱིས་ལས་འགུལ་ཁང་གི་ངོས་༸གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་ཀྱི་ལས་གཞིར་རྒྱབ་སྐྱོར་ཞུས་པ་འབྲེལ་རྒྱ་གར་ལྷོ་ཕྱོགས་ Bengaluru གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཁང་ལ་ཨ་སྒོར་ཁྲི་ ༥ ཞལ་འདེབས་གནང་བཞིན་ཡོད་སྐོར་༸གོང་ས་མཆོག་ལ་སྙན་གསེང་ཞུས་སོང་། ༸སྐུ་པར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་མི་ཚོས་རང་གི་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་བྱེད་དགོས་ཞེས་བཀའ་བསྩལ་བ།

དེ་རིང་ Netherlands ནང་གི་མཛད་འཆར་ཉིན་གཉིས་པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Netherlands གཙོ་བོར་གྱུར་པའི་ Belgium དང་ཕ་རན་སི། འཇར་མ་ནི། དབྱིན་ཡུལ་སོགས་ཡོ་རོབ་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་བོད་མི་ཁྱོན་ ༤༠༠༠ ཙམ་དང་མཇལ་འཕྲད་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་། སྐབས་དེར་མགོན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་མི་མང་དག་ཞིག་དཔལ་འབྱོར་དོན་གཉེར་ཐོག་ནས་བཞུགས་བཞིན་ཡོད་ཀྱང་། ཁོང་རྣམས་རྒྱལ་ཁབ་དེ་དག་ནང་དུ་བོད་རྒྱ་ཆེ་མི་མང་གི་ངོ་ཚབ་གནང་ནས་བཞུགས་བཞིན་ཡོད་སྟབས་བོད་མིའི་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་། དེ་ཡང་ Netherlands ནང་གི་ Stiching Bozoek Heiligheid ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དེ་རིང་ Netherlands ཡི་ Rotterdam གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Ohoy ཚོགས་ཁང་ཆེན་མོར་མང་ཚོགས་ཁག་ཅིག་ལ་བཀའ་སློོབ་ཀྱི་མཛད་རིམ་བསྐྱང་གཏན་ཁེལ་བ་དང་བསྟུན། སྔ་དྲོ་བཀའ་སློབ་ཀྱི་མཛད་རིམ་སྔོན་ཚུད་དུ་ Netherlands དང་ཉེ་ཁྲིས་ཀྱི་བྷལ་ཇམ། ཕ་རན་སི། དབྱིན་ཡུལ་སོགས་རྒྱལ་ཁབ་ཁག་ཅིག་གི་བོད་མི་རྣམས་ལ་བཀའ་སློབ་ཀྱི་མཛད་རིམ་ཞིག་བསྐྱངས་གནང་སོང་བ་དང་། མགོན་པོ་མཆོག་གིས་གཞིས་བྱས་བོད་མི་རྣམས་ཀྱིས་ད་བར་བོད་ཀྱི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་དང་གཤིས་རྒྱུད་བཟང་པོ་དེ་མི་ཉམས་རྒྱུན་འཛིན་གནང་བཞིན། བོད་མི་རྣམས་ཕྱོགས་གང་སར་ཡོད་ཀྱང་བོད་རྒྱ་ཆེ་མང་ཚོགས་ཀྱི་ངོ་ཚབ་གནང་ནས་བཞུགས་བཞིན་ཡོད་སྟབས། བོད་མི་རིགས་ཀྱི་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་བྱེད་དགོས་པར་ལམ་སྟོན་བཀའ་སློབ་བསྩལ་གནང་སོང་། མགོན་པོ་མཆོག་གིས་ད་དུང་ད་ལྟའི་དུས་རབས་ ༢༡ པ་འདིའི་ནང་ཕྱོགས་གཅིག་ནས་སངས་རྒྱས་ཀྱི་བསྟན་པ་ཉམས་ཆགས་འགྲོ་བཞིན་པ་དང་ཕྱོགས་གཞན་ནས་དོ་སྣང་གསར་པ་སླེབ་བཞིན་པའི་དུས་སྐབས་འདིར་ང་ཚོ་བོད་ཀྱི་སྐད་ཡིག་ནང་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་དང་གཞུང་རྣམས་ཆོས་མེད་མཁན་ཚོ་ལ་ཡང་བློ་གྲོས་ཀྱི་མིག་སྦྱིན་ཡག་ལྟ་བུ་ཡོད་པ་དེ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་སྟབས། བཙན་བྱོལ་བོད་མི་དང་ལྷག་པར་དུ་མནར་གཅོད་མྱོང་བཞིན་རང་མི་རིགས་ཀྱི་ངོ་བོ་རྩ་བརླག་མི་འགྲོ་བར་གནང་མཁན་གཞིས་ལུས་བོད་མི་རྣམས་ནས་དད་པ་གཅིག་པོ་མ་ཡིན་པར་རྒྱུ་མཚན་གྱི་ཐོག་ནས་དངོས་ཡོད་གནས་ཚུལ་ར་ཕྲོད་གནང་ཐུབ་རྒྱུ་ཡོད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དར་འཕེལ་བྱུང་ཡོད་པ་དེ་ད་བར་བདག་ཉར་ཡག་པོ་བྱས་ནས་ཡོད་པ་བཞིན་མུ་མཐུད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་དགོས་གལ་ཡིན་པར་བཀའ་བསྩལ་ཡོད། ལྷག་པར་དུ་༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་གཞོན་སྐྱེས་རྣམས་ལ་བོད་ཡིག་དང་བོད་སྐད་ངེས་པར་དུ་བསླབ་དགོས་པའི་ལམ་སྟོན་བསྩལ་བ་དང་འབྲེལ། སྤྱིར་འཛམ་བུ་གླིང་འདིའི་ཐོག་ནང་པའི་ལུང་པ་མང་དག་ཞིག་དང་ནང་པ་ཕལ་ཆེར་དུང་ཕྱུར་ ༡༠ ཙམ་ཡོད་པ་མ་ཟད་དེའི་ཁོངས་ནས་ཕལ་ཆེ་བ་རྒྱ་ནག་ནང་ཡོད་པ་དེ་ལྟར་ཡང་། དངོས་ཡོད་གནས་ཚུལ་རྩད་གཅོད་བྱས་ནས་སངས་རྒྱས་ཀྱི་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་ཕབ་མཁན་དེ་བོད་པ་མ་གཏོགས་མེད་སྟབས་སྤོབས་པ་གནང་དགོས་པར་བཀའ་གནང་སོང་། དེ་རིང་སྔ་དྲོ་༸གོང་ས་མཆོག་དང་ཡུ་རོབ་བོད་མིའི་དབར་མཇལ་འཕྲད་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པོའི་ Netherlands བོད་རིག་ཚོགས་པའི་ཚོགས་གཙོ་དབང་ཕྱུག་ལགས་ཀྱིས་བོད་མི་རྣམས་་ལ་བཀའ་སློབ་ཀྱི་མཛད་རིམ་གྲུབ་རྗེས་ Ohoy གི་ཚོགས་ཁང་གཞན་ཞིག་ཏུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ Richard Gere ལགས་དང་ལྷན་གླེང་མོལ་གྱི་ལས་རིམ་ཞིག་གི་ཐོག་དབུ་བཞུགས་མཛད་ཡོད་པ་དང་། དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ཡུལ་དེའི་མང་ཚོགས་ཁག་ཅིག་ལ་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་རེད། དེ་བཞིན་གདན་ཞུ་གནང་མཁན་ཚོགས་པ་དེའི་གོ་སྒྲིག་འོག་ Ahoy ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀའ་དྲིན་བསྐྱང་གནང་གི་ཡོད་པོ་རེད།

༸གོང་ས་མཆོག་ནས་ Amsterdam ནང་བགྲོ་གླེང་ཚོགས་འདུར་དབུ་བཞུགས་དང་གསར་འགོད་པར་མཇལ་འཕྲད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་ས་ Amsterdam ནང་གི་ Nieuwe Kerk ཚོགས་ཁང་དུ་སྟོན་པའི་མཛད་རྣམ་དང་འབྲེལ་བའི་འགྲེམས་སྟོན་དབུ་འབྱེད་དང་དེང་དུས་ཀྱི་འཕྲུལ་ཆས་དང་བྱམས་བརྩེ། དེ་བཞིན་སྐྱེ་རྒ་ན་འཆི་ཞེས་པའི་གླེང་མོལ་གྱི་མཛད་རིམ་གཉིས་ཀྱི་ཐོག་དབུ་བཞུགས་བསྐྱངས་རྗེས་ཡུལ་དེའི་གསར་འགོད་པ་དང་མཇལ་འཕྲད་གནང་འདུག རྩ་བའི་ཁ་སང་༸གོང་ས་མཆོག་ཡུལ་འདིའི་ནང་དུ་༸ཞབས་སོར་འཁོད་རྗེས་༧གང་ཉིད་མཆོག་གི་བཞུགས་གནས་མགྲོན་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་ཅིག་གིས་བཙན་གཡེམ་གྱི་གནད་དོན་བྱུང་བའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་ལྟར། དེ་རིང་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་ར་མགོན་པོ་མཆོག་གིས་རྩ་བའི་དེ་སྔ་ལོ་མང་པོའི་སྔོན་ལ་རྒྱལ་སྤྱིའི་ནང་པའི་འདུ་འཛོམས་ཤིག་གི་ཐོག་བསོད་རྒྱལ་རིན་པོ་ཆེས་གཙོས་པའི་བླ་སྤྲུལ་ཁག་ཅིག་ནས་རང་ཉིད་ཀྱི་སློབ་མའི་ཁྲོད་ཚུལ་མིན་བྱ་སྤྱོད་སྤེལ་བའི་གནད་དོན་བྱུང་བའི་སྐོར་ལ་གླེང་སློང་ཤུགས་ཆེ་བྱུང་སྐབས།  དེ་དུས་མགོན་པོ་མཆོག་གི་ངོས་ནས་གནད་དོན་དེའི་རིགས་མང་ཚོགས་ཁྲོད་ཡོངས་བསྒྲགས་བཟོ་ཚེ་བྱེད་པ་པོ་རྣམས་ནས་ཀྱང་བསམ་བློ་ཞིག་མ་གཏང་དཀའ་མེད་ཆགས་རྒྱུ་ཡིན་སྐོར་བཀའ་གནང་བ་བཞིན། ད་རེས་ཡང་དཀའ་ངལ་དེས་མནར་བའི་མི་སྣ་དེ་དག་དང་མཇལ་འཕྲད་བྱུང་སྐས་མགོན་པོ་མཆོག་གིས་གནད་དོན་དེའི་རིགས་ཡོངས་བསྒྲགས་ཆགས་པ་དེ་ཡག་པོ་བྱུང་ཡོད་པ་དང། རིང་མིན་ལོ་འདིའི་ཕྱི་ཟླ་ ༡༡ ནང་རྒྱ་གར་དུ་བླ་ཆེན་ཁག་གི་ཚོགས་འདུ་འཚོགས་གཏན་ཁེལ་ཡོད་སྟབས། བླ་ཆེན་ཁག་ནས་གནད་དོན་དེའི་ཐོག་དོ་སྣང་གནང་དགོས་གལ་ཡིན་པས་སྐབས་དེ་དུས་གནད་དོན་དེའི་ཐོག་ཞུ་གཏུག་མུ་མཐུད་གནང་དགོས་པར་ལམ་སྟོན་མཛད་འདུག

༸གོང་ས་མཆོག་ Rotterdam ནང་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་སུད་ཌེན་ནང་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཉིན་རྒྱབ་ Netherlands ཡི་ Rotterdam ནང་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། ཁུལ་དེའི་མང་ཚོགས་ནས་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Rotterdam དུ་ཆིབས་བསྒྱུར་མ་གནང་གོང་། སུད་ཌེན་ནང་གི་མཛད་འཆར་མཐའ་མ་དང་འབྲེལ། ཁ་སང་སུད་ཌེན་གཙོ་གྱུར་ཉེ་འཁོར་ Denmark དང་ Norway བཅས་ནས་ཆེད་བཅར་ཞུས་པའི་བོད་མི་བརྒྱ་སྐོར་ཞིག་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ ༦༠ བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་འདུག སྐབས་དེར་༸གང་ཉིད་མཆོག་གིས་བོད་མི་རྣམས་བཙན་བྱོལ་བ་ཆགས་ཏེ་ལོ་ངོ་ ༥༩ ལྷག་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་གཞུང་གིས་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཇི་བྱས་ལ་མ་བལྟོས་པར་བོད་ནང་ཡོད་པའི་བོད་མི་རྣམས་གཙོ་གྱུར་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱི་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས་བཅས་རྒྱུན་སྐྱོང་ཐུབ་ཡོད་སྐོར་བཀའ་བསྩལ་དང་ཆབས་ཅིག བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཉར་ཚགས་ཐུབ་པ་གནང་དགོས་གལ་ཡིན་པ་མ་ཟད། ཕ་མ་ཚོའི་ངོས་ནས་རྒྱུན་དུ་རང་ཉིད་ཀྱི་ཁྱིམ་དུ་བུ་ཕྲུག་ཚོ་དང་བོད་སྐད་སྤྱོད་གནད་ཡིན་པར་ལམ་སྟོན་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཡོངས་རྫོགས་ཀྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཆགས་ཡོད་སྟབས་རྒྱ་གཞུང་གིས་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་མཐོ་སྒང་ཐོག་སྟངས་འཛིན་བྱེད་བཞིན་པ་དེས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་ཀྱི་ཁོར་ཡུག་གནས་སྟངས་ལ་ཉེན་ཚབས་ཆེན་པོ་བཟོ་ངེས་ཡིན་པ་བཀའ་བསྩལ་འདུག མགོན་པོ་མཆོག་གིས་དབུས་པའི་བོད་མི་ཚོས་ཕྱི་ལོ་ ༡༩༧༤ ནས་བཟུང་སྟེ་རང་བཙན་མི་རྩོད་པར་རྒྱ་གཞུང་གི་རྩ་ཁྲིམས་ནང་གསལ་བཞིན་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོག་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ལོངས་སུ་སྤྱོད་རྒྱུ་བཅས་ཀྱི་ཐད་རྒྱ་གཞུང་ལ་འབོད་སྐུལ་ཞུ་བཞིན་ཡོད་པ་བཀའ་བསྩལ་དང་སྦྲགས་ཏེ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ད་ཕན་བོད་མི་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞེས་དང་སླད་མར་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་བཀའ་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན། ༸གོང་ས་མཆོག་གིས་ཟླ་ ༩ ཚེས་ ༡༦ ཉིན་ Netherlands ཀྱི་ Rotterdam གྲོང་ཁྱེར་གྱི་ Ahoy Rotterdam ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་ང་ཚོའི་འཛམ་གླིང་ནང་སྙིང་རྗེ་ཅི་ཕྱིར་དགོས་གལ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་དང་ཕྱི་ཚེས་ ༡༧ ཉིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད་འཆར་ཁག་གྲུབ་རྗེས་༸གོང་ས་མཆོག་ Germany དང་ Switzerland ནང་ཆིབས་བསྒྱུར་གྱིས་མཛད་འཆར་ཁག་ཅིག་བསྐྱང་རྒྱུ་ཡིན་པ་རེད།

Latest news