Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཨིན་ཌོ་ནེ་ཤ་ཡར་ས་འགུལ་དང་མཚོ་རླབས་ཀྱི་གོད་ཆག་ཕོག་པར་ངལ་སེལ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་བསྩལ་བ།

ཁ་སང་ཟླ་ ༩ ཕྱི་ཚེས་ ༣༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ Indonesiaའི་མཚོ་གླིང་Sulawesiཞེས་པའི་ཁུལ་དེར་ས་ཡོམ་དང་། དེས་རྐྱེན་པའི་tsunami འམ་མཚོ་རླབས་ཀྱི་གོད་ཆག་བྱུང་ནས་མི་རྒྱུ་གཉིས་ཀར་གནོད་འཚེ་ཆེན་པོ་ཕོག་པར་ཐུགས་གསོའི་གསུང་འཕྲིན་དང་འབྲེལ། ངལ་སེལ་ཆེད་ཨ་སྒོར་ཁྲི་ལྔ་གསོལ་བསྩལ་གནང་འདུག མགོན་པོ་༸གང་ཉིད་མཆོག་ནས་ Indonesia སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་Joko Widodoམཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པ་དང་དེའི་ནང་ Sulawesi མཚོ་གླིང་དུ་ས་ཡོམ་དང་མཚོ་རླབས་ཀྱི་འཇིག་པའི་འོག་རྐྱེན་ལམ་དུ་འགྱུར་བ་དང་རྨས་སྐྱོན་ཕོག་མཁན་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་བསྩལ་བ་མ་ཟད། འཇིག་པ་ལས་སྲོག་ཐར་བ་དང་རྨས་སྐྱོན་ཕོག་མཁན་ཚོའི་ཆེད་དུ་ངལ་སེལ་གྱི་ལས་གཞི་སྤེལ་མུས་ཡིན་པ་མཁྱེན་རྟོགས་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་ཁང་ནས་ indonesia མི་མང་ལ་རོགས་སྐྱོར་དང་འདས་གྲོངས་སུ་གྱུར་པའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཞལ་འདེབས་ཨ་སྒོར་ཁྲི་ལྔ་གསོལ་བསྩལ་གནང་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག ༸གོང་ས་མཆོག་ནས་༸གང་ཉིད་མཆོག་ཕྱི་ལོ་ ༡༩༨༢ ལོར་indonesia ནང་རྟེན་གཞི་བྱས་པའི་ནང་པའི་གནས་ཆེན་Borobudar ཞེས་པ་དེར་ཆིབས་བསྒྱུར་གྱིས་ཆོས་འབུལ་མཛད་རྒྱུའི་སྐལ་བཟང་གོ་སྐབས་བྱུང་སྐོར་བཀའ་བསྩལ་བ་དང་། སྐབས་དེའི་ཚེ་མགོན་པོ་༸གང་ཉིད་མཆོག་ལ་ indonesia ཡི་མི་སེར་དང་རིག་གཞུང་བཅས་ལ་ཧ་ཅང་གི་བློ་ཉེ་བའི་དགོངས་པ་གཏིང་ཟབ་ཀྱི་ཐུགས་ཚོར་ཞིག་བྱུང་ཞེས་བཀའ་བསྩལ་འདུག རྩ་བའི་ཉེ་ལམ་རེས་གཟའ་པ་སངས་ཉིན་ Indonesiaའི་མཚོ་གླིང་Sulawesiཞེས་པའི་ཁུལ་དེར་ས་ཡོམ་ཤུགས་ཚད་ ༧.༥ བརྒྱབ་རྐྱེན་ tsunami འམ་མཚོ་རླབས་ཀྱི་གོད་ཆག་བྱུང་ནས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པ་དང་ད་བར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། གོད་ཆག་དེས་རྐྱེན་པའི་ཉུང་མཐར་མི་གྲངས་ ༨༤༤ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཛ་དྲག་གྱི་ངལ་སྐྱོབ་ལས་གཞི་སྤེལ་མུས་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

༸གོང་ས་མཆོག་གིས་ཡོ་རོབ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༩ ཚེས་ ༢༦ ཉིན་གྱི་ཕྱག་ཚོད་ ༡༢།༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། གཞི་རྩའི་༸གོང་ས་མཆོག་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་སུད་ཌེན་དང་། ནི་ཐར་ལན་ཌི། འཇར་མ་ནི། དེ་བཞིན་ སུ་ཛ་ལན་ཌི་བཅས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་བཞིའི་ནང་ཆིབས་བསྒྱུར་དང་འབྲེལ་མང་ཚོགས་ལ་བཀའ་ཆོས་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་དུ་མ་བསྐྱངས་གནང་མཛད་ཡོད་པ་རེད། དེ་ཡང་མགོན་པོ་༸གང་ཉིད་མཆོག་ཕྱི་ཟླ་ ༩ ཚེས་ ༡༡ གི་ཉིན་རྒྱབ་ཡོ་རོབ་རྒྱལ་ཁབ་ Sweden གྱི་ Malmo གྲོང་ཁྱེར་ནང་ཞབས་སོར་བདེ་བར་འཁོད་དེ་ཁུལ་དེའི་ནང་གི་ IM རོགས་སྐྱོར་ཚོགས་པ་ཆེད་འཛུགས་གནང་ནས་མི་ལོ་  ༨༠ འཁོར་བའི་དུས་དྲན་ཐོག་དབུ་ཞུགས་དང་འབྲེལ། ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀྲིན་བསྩལ་ཡོད་པ་དང་། མལ་མོ་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ནས་སྐབས་དེར་འཛམ་གླིང་ནང་ཆོས་ལུགས་དང་ཆབ་སྲིད་ཀྱི་ཐོག་ནས་རྩོད་རྙོག་བྱུང་བ་རྣམས་ཉུང་དུ་གཏོང་རྒྱུའི་ཐབས་ལམ་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དམ་ཚུལ་སྤྱོད་ཤེས་ཡོན་སློབ་གསོ་དེ་ཡིན་པ་བཀའ་བསྩལ་ཡོད་པ་མ་ཟད། སུད་ཌེན་གཙོ་བོར་འགྱུར་བའི་ཉེ་འཁོར་ Denmark དང་ Norway བཅས་ནས་ཆེད་དུ་བཅར་བའི་བོད་མི་བརྒྱ་སྐོར་ཞིག་དང་བོད་དོན་རྒྱབ་སྐྱོར་བ་ ༦༠ བཅས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་ཡང་བསྩལ་ཡོད་པ་རེད། མགོན་པོ༸གང་ཉིད་མཆོག་ཡོ་རོབ་རྒྱལ་ཁབ་སུད་ཌེན་ནང་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཟླ་༩ ཚེས་ ༡༤ ཡི་ཉིན་རྒྱབ་ Netherlands ཡི་ Rotterdam ནང་༸ཞབས་སོར་བདེ་བར་འཁོད་དེ་ཚེས་ ༡༥ ཉིན་རྒྱལ་ས་ Amsterdam ནང་དུ་སྟོན་པའི་མཛད་རྣམ་དང་འབྲེལ་བའི་འགྲེམས་སྟོན་དབུ་འབྱེད་དང་དེང་དུས་ཀྱི་འཕྲུལ་ཆས་དང་བྱམས་བརྩེ། དེ་བཞིན་སྐྱེ་རྒ་ན་འཆི་ཞེས་པའི་གླེང་མོལ་གྱི་མཛད་རིམ་ཐོག་དབུ་བཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་ Netherlands གཙོ་བོར་གྱུར་པའི་ Belgium དང་ཕ་རན་སི། འཇར་མ་ནི། དབྱིན་ཡུལ་སོགས་ཡོ་རོབ་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་བོད་མི་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་དང་། སྐབས་དེར་མགོན་པོ་མཆོག་གིས་བོད་མིར་མཚན་ཤས་མི་ཡོང་བར་མི་བཟང་པོ་ཞིག་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ཕྱི་ཚེས་༡༧ ཉིན་ Ahoy ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ཁྲི་ཕྲག་བརྒལ་བ་འདུ་འཛོམས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་༸གོང་ས་མཆོག་གི་དབར་བོད་དོན་གླེང་མོལ་གནང་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་འདི་ཆབ་སྲིད་ཁོ་ན་མིན་པར་གོ་ལ་སྤྱི་ལ་ཕན་པ་བསྒྲུབ་རྒྱུ་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་བཀའ་བསྩལ་ཡོད་པ་དང་། Rotterdam གྲོང་ཁྱེར་ནང་ཉིན་མཐའ་མའི་མཛད་འཆར་དང་འབྲེལ། ཡུལ་དེའི་མང་ཚོགས་སྟོང་ཕྲག་ ༦ ལྷག་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀའ་དྲིན་མཛད་ཡོད་པ་དང་། སྐབས་དེར་༸གང་ཉིད་མཆོག་ནས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་གནང་སྐབས་དབང་རྣོན་ཆོས་ཀྱི་རྗེས་འབྲང་བ་ཞིག་བྱ་དགོས་པ་བཀའ་གནང་ཡོད་པ་རེད། Rotterdam ནང་གི་མཛད་འཆར་ཁག་ལེགས་གྲུབ་རྗེས་༸གོང་ས་མཆོག་ཕྱི་ཟླ་ ༩ ཚེས་༡༨ཉིན་འཇར་མ་ནི་ Darmstadt གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་དེ་ཕྱི་ཚེས་༡༩ ཉིན་ནོ་སྦེལ་ཞི་བདེའི་དེད་དཔོན་གཉིས་དང་འཇར་མ་ནིའི་གྲོས་ཚོགས་ཀྱི་ཚོགས་གཞོན་བཅས་དང་ལྷན་དུ་འཚེ་མེད་ཞི་བའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཡོད་པ་དང་། ཕྱི་ཚེས་ ༢༠ འི་ཉིན་འཇར་མན་དང་ཨ་མི་རི་ཀའི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཚན་རིག་དུས་སྟོན་འགོ་འཛུགས་དང་བསྟུན། ༸གོང་ས་མཆོག་གིས་བདེ་སྐྱིད་དང་འགན་འཁུར་ཞེས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་ཡོད་པ་རེད། ༸གོང་ས་མཆོག་དེའི་རྗེས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་ཞབས་སོར་བདེ་བར་འཁོད་དེ་ རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་ཆོས་ཕྱོགས་ཀྱི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་པ་དང་འབྲེལ། རི་ཀོན་ཆོས་འཁོར་དགོན་འདི་བཞིན་ནང་པའི་ལྟ་གྲུབ་ཀྱི་ཤེས་ཡོན་བསྟི་གནས་ཁང་ཞིག་ཏུ་འགྱུར་དགོས་པའི་ལམ་སྟོན་མཛད་ཡོད་པ་མ་ཟད། ཉིན་གཉིས་པའི་ཐོག་སླར་ཡང་རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་གཞུང་འབྲེལ་མཛད་སྒོའི་ཐོག་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་བོད་པའི་སྟོབས་ཤུགས་ངོ་མ་དེ་བོད་ཀྱི་རིག་གཞུང་ཡིན་པ་ལྟར། ངེས་པར་དུ་མི་ཉམས་རྒྱུན་འཛིན་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད། ཕྱི་ཚེས་ ༢༣ ཉིན་Swiss དང་ Lechtenstien བོད་རིགས་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་།  སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་སྒོམ་རིམ་བར་པ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བསྩལ་གནང་མཛད་ཡོད་པ་དང་ཉིན་རྒྱབ་བོད་མི་རྣམས་ལ་བཀའ་སློབ་བསྩལ་ཡོད་པ་མ་ཟད། ཕྱི་ཚེས་ ༢༥ ཉིན་ Zurich མཐོ་སློབ་ཀྱི་ཚན་རིག་སྡེ་ཚན་གྱི་དགེ་ལས་སློབ་མ་རྣམས་ལ་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་བསྩལ་ཡོད་པ་དང་སྐབས་དེར་ཤེས་ཡོན་སྡེ་ཚན་གྱི་ངོས་ནས་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཕྱོགས་ཐད་དམིགས་བསལ་འགན་འཁུར་དགོས་པ་བཀའ་བསྩལ་ཡོད་པ་རེད།

ཤེས་ཡོན་སྡེ་ཚན་གྱི་ངོས་ནས་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཕྱོགས་ཐད་དམིགས་གསལ་འགན་འཁུར་དགོས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ Zurich མཐོ་སློབ་ཀྱི་ཚན་རིག་སྡེ་ཚན་གྱི་དགེ་ལས་སློབ་མ་རྣམས་ལ་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་བསྩལ་བའི་ཁྲོད། ནང་སེམས་ཀྱི་ཞི་བདེ་གོང་འཕེལ་བཏང་རྒྱུ་དེ་ཤེས་ཡོན་གྱི་ལམ་ནས་གནང་ཐུབ་རྒྱུ་ཡིན་སྟབས། ཤེས་ཡོན་སྡེ་ཚན་རྣམས་ལ་ནང་སེམས་ཀྱི་ཞི་བདེ་གོང་འཕེལ་གཏོང་ཐབས་ཐོག་དམིགས་བསལ་འགན་ཡོད་པ་བཀའ་བསྩལ་འདུག དེ་ཡང་ Zurich གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་སྡེ་ཚན་དང་དགའ་ལྡན་ཕོ་བྲང་ཐེབས་རྩ་ཁང། དེ་བཞིན་རི་ཀོན་ཆོས་འཁོར་དགོན་གསུམ་གྱི་གོ་སྒྲིག་མཉམ་རུབ་ཐོག་དེ་རིང་་ཚེས་ ༢༤ སྔ་འདྲོ་༸གོང་ས་མཆོག་ནས་ Winterthur གྲོང་ཁྱེར་གྱི་ Kongresshaus Liebestrasse ཚོགས་ཁང་ནང་དུ་ཟུ་རིག་མཐོ་སློབ་ཀྱི་དགེ་ལས་སློབ་མ་ ༡༠༠༠ ཙམ་དང་ལྷན་དུ་གོ་ལ་སྤྱི་ལ་ཁྱབ་པའི་འགྲོ་བ་མིའི་རིན་ཐང་དང་ཤེས་ཡོན་ཐོག་ལ་ཆེད་དོན་བགྲོ་གླེང་གི་ལས་རིམ་ཐོག་དབུ་བཞུགས་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་འདིའི་ཐོག་གི་དཀའ་ངལ་རྣམས་མིས་བཟོས་པ་ཤ་སྟག་ཡིན་སྟབས། དཀའ་ངལ་དེ་དག་འགོག་ཐབས་སུ་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གཏང་ཐུབ་དགོས་པ་དང་དེའང་ཨིན་ཡུལ་ལྟ་བུ་རང་ཞེན་དང་སེམ་བུག་དོག་པོའི་བྱེད་སྟངས་ཐོག་ནས་མ་ཡིན་པར། ཡུ་རོབ་མཐུན་ཚོགས་ལྟ་བུ་ཕན་ཚུན་མཉམ་མཐུན་གྱི་ཁེ་ཕན་གཞི་ལ་བཞག་པའི་ཐོག་གནང་དགོས་སྐོར་བཀའབསྩལ་བ་མ་ཟད། ད་ཆ་ཕྱིའི་དངོས་པོའི་འཕྲོད་བསྟེན་དང་འབྲེལ་ཏེ་ནང་སེམས་ཀྱི་འཕྲོད་བསྟེན་ཡང་གལ་འགངས་ཆེན་པོ་ཡིན་པས་ཤེས་ཡོན་སྡེ་ཚན་རྣམས་ལ་དམིགས་བསལ་འགན་ཡོད་པ་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཚན་རིག་པ་ཁག་ཅིག་གིས་ཞིབ་འཇུག་གནང་བ་ལས་མིའི་རང་བཞིན་དེ་བྱམས་བརྩེ་ཡིན་པ་གྲུབ་དོན་རྙེད་པ་ལྟར། ང་ཚོ་ཚང་མ་སྤྱི་ཚོགས་ཀྱི་སེམས་ཅན་ཡིན་པའི་ཆ་ནས་གྲོགས་པོ་སོགས་དགོས་ཀྱི་ཡོད་པ་དང། དེའང་གཙོ་བོ་ཡིད་ཆེས་ཀྱི་ཐོག་ནས་ཡོང་རྒྱུ་ཡིན་སྟབས། དོན་དམ་གྱི་ཡིད་ཆེས་ཞེས་པ་དེ་དངུལ་དང་དབང་ཆའི་ཐོག་ནས་མ་ཡིན་པར་བྱམས་དང་བརྩེ་བའི་ཐོག་ནས་བསྐྲུན་དགོས་སྐོར་བཀའ་གནང་བ་དང་འབྲེལ། དེའི་ཆེད་དུ་གཙོ་བོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཏེ་གཅིག་ཕན་གཅིག་གྲོགས་གནང་དགོས་པའི་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་གྲུབ་མཚམས་བགྲོ་གླེང་དེའི་ནང་མཉམ་བཞུགས་གནང་མཁན་ཛུ་རིག་མཐོ་སློབ་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ Andreas Gerber Grote ལགས་དང། མཐོ་སློབ་ཀྱི་སྐད་རིག་སྡེ་ཚན་གྱི་སློབ་དཔོན་ Christiane Hohenstein ལགས། དེ་བཞིན་མཐོ་སློབ་ཀྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་Leandro Huber དེ་བཞིན་རི་ཀོན་ཆོས་འཁོར་དགོན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་ Reudi Hogger ལགས་དང། ལས་རིམ་གཙོ་སྐྱོང་བ་ Susanne Wille ལགས་བཅས་དང་ལྷན་དུ་གྲོས་བསྡུར་གྱི་ལས་རིམ་བསྐྱངས་ཡོད་པ་རེད། ད་རེས་༸གང་ཉིད་མཆོག་མཐོ་སློབ་ཏུ་ཆིབས་བསྒྱུར་མཛད་དེ་བཀའ་སློབ་བསྩལ་བ་དེས་སློབ་ཕྲུག་དང་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་ལ་ལམ་སེང་འགྱུར་བ་ཐེབས་རྒྱུ་ཡིན་པ་བཤད་ཐུབ་ཀྱི་མེད་ཀྱང། ཁོང་ཚོའི་ངོས་ནས་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ལ་དཔྱད་པ་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་སོགས་བཀའ་བསྩལ་བ་དང་འབྲེལ་ནས་གྲོས་བསྡུར་ལྷུག་པོ་གནང་རྗེས། མགོན་པ་མཆོག་ནས་མཐོ་སློབ་ཀྱི་དགེ་ལས་སློབ་མ་རྣམས་དང་ལྷན་དུ་སྤྱི་ཚོགས་བརྟན་ལྷིང་དང། འགྲོ་བ་མིའི་ཤེས་ཡོན་དང་སེམས་ཁམས་བདེ་ཐང་ཆེད་ཚན་རིག་གི་ཕན་ཐོགས་གང་འདྲ་བསྒྲུབ་ཐུབ་མིན་སྐོར་གྱི་འདྲི་བ་དྲི་ལན་གྱི་མཛད་རིམ་བསྐྱངས་གནང་འདུག རྩ་བའི་ཛུ་རིག་ཚན་རིག་མཐོ་སློབ་ཀྱི་ངོས་ནས་སྤྱི་ཚོགས་ས་བརྟན་དང་ཡུན་གནས་ཡོང་རྒྱུ་དེ་གལ་འགངས་ཆེན་པོར་ངོས་འཛིན་གནང་གི་ཡོད་པ་བཞིན། དེ་གའི་སློབ་ཕྲུག་ཁྲོད་ཆེད་ལས་སློབ་སྦྱོང་གཅིག་པོ་མ་ཡིན་པར། གང་ཟག་སྒེར་དང་སྤྱི་ཚོགས་དེ་བཞིན་ཕན་ཚུན་མཉམ་ལས་དང་འབྲེལ་ལམ་གོང་འཕེལ་བཏང་རྒྱུའི་ཐོག་སློབ་སྦྱོང་གང་ཐུབ་སྤྲོད་ཐབས་གནང་གི་ཡོད་པ་དང། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་ཐོག་ཚན་རིག་པ་རྣམ་དང་ལྷན་དུ་གྲོས་མོལ་གནང་རྒྱུ་གལ་ཆེན་པོར་བརྩི་གནང་གི་ཡོད་པ་ལྟར། ད་ལན་འགྲོ་བ་མིའི་རིན་ཐང་དང་ཤེས་ཡོན་ཐོག་༸གོང་ས་མཆོག་གིས་ལྷན་དུ་བགྲོ་གླེང་གི་ལས་རིམ་དེ་གོ་སྒྲིག་ཞུས་པ་ཞིག་རེད་འདུག དེ་རིང་༸གོང་ས་མཆོག་ནས་ཛུ་རིག་མཐོ་སློབ་ཏུ་གླེང་མོལ་གྱི་མཛད་རིམ་བསྐྱངས་པ་དང་སྦྲགས། སུད་སི་ནང་དང། ཡང་སྒོས་ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཉིན་རྒྱབ་སུད་སིའི་རྒྱལ་ས་སྦེན་ཕྱོགས་སུ་ཆིབས་ཁ་བསྒྱུར་གནང་སྟེ། སང་ཉིན་སྔ་འདྲོ་རྒྱ་གར་ལ་ཕེབས་ཐོན་གནང་རྒྱུ་རེད་འདུག  

རྒྱ་ནག་གིས་ཏཱ་ལའི་བླ་མར་མཚན་སྨད་ག་ཚོད་བྱས་ཀྱང་བོད་མིའི་བདེན་པའི་ནུས་པར་རྒྱལ་ཁ་ཐོབ་རྒྱུ་ཉག་གཅིག་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སུད་སི་ཛུ་རིག་གྲོང་ཁྱེར་ནང་གི་ Hallenstadion ཚོགས་ཁང་ཆེན་མོའི་ནང་དུ་སྔ་དྲོ་ཆོས་འབྲེལ་གྱི་མཛད་རིམ་གྲུབ་རྗེས་ཉིན་རྒྱབ་ཡུལ་དེའི་ནང་གི་བོད་མི་རྣམས་ལ་བཀའ་སློབ་ཀྱི་མཛད་རིམ་བསྐྱངས་པའི་ཐོག་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་མཚན་སྨད་དང་སྐྱོན་བརྗོད་ག་ཚོད་བྱེད་ཀྱང་། བོད་ཀྱི་གནད་དོན་དང་བོད་མིར་བདེན་པ་ཡོད་པ་ལྟར། མཐར་བདེན་པར་རྒྱལ་ཁ་ཐོབ་རྒྱུ་ཉག་ཅིག་ཡིན་པ་བཀའ་བསྩལ་སོང་། དེ་ཡང་༸གོང་ས་མཆོག་གིས་དེ་རིང་སུད་སིའི་ཛུ་རིག་གྲོང་ཁྱེར་ནང་དུ་རི་ཀོན་ཆོས་འཁོར་དགོན་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་མཛད་སྒོ་མཇུག་བསྡོམས་དང་སྦྲགས། བོད་རིགས་བོད་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་། སྒོམ་རིམ་བར་པ། དེ་བཞིན་ལག་ལེན་སོ་བདུན་མའི་བཀའ་ཆོས་ཀྱི་མཛད་རིམ་བསྐྱངས་རྗེས། ཉིན་གུང་གསོལ་ཚིགས་རྗེས་སུད་སིའི་ས་གནས་འདྲ་མིན་ནས་ཕེབས་པའི་བོད་མི་སྟོང་ཕྲག་ཁ་ཤས་དང་ཉེ་འཁོར་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནས་ཕེབས་པའི་བོད་མི་རྣམས་ལ་ཟུར་དུ་བཀའ་སློབ་ཀྱི་མཛད་རིམ་བསྐྱངས་གནང་ཡོད་པ་རེད། སྐབས་དེར་༸མགོན་པོ་མཆོག་གིས་བོད་མི་རྣམས་དཀའ་སྡུག་ཆེན་པོའི་འོག་ལུས་ཡོད་ཀྱང་། དུས་དང་མཉམ་དུ་གནས་སྟངས་འགྱུར་བ་ཐེབས་པ་དང་སྦྲགས་ནས་དཀའ་ངལ་དེ་དག་མེད་པ་ཆགས་རྒྱུ་ཡིན་སྐོར་བཀའ་བསྩལ་བ་དང་འབྲེལ། དེང་སྐབས་འཛམ་གླིང་ནང་ནང་པ་ཕོན་ཆེ་ཤོས་ཡོད་སའི་རྒྱལ་ཁབ་དེ་རྒྱ་ནག་ཡིན་པ་དང་། རྒྱ་ནག་གི་ཐང་སན་བླ་མ་ཡང་ནཱ་ལེནྡཱར་ཕེབས་ཏེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པའི་ཐོག་ནས་རྒྱ་ནག་གི་ནང་པ་ཚོ་ཡང་དཔལ་ནཱ་ལནྡའི་ཆོས་རྒྱུད་འཛིན་མཁན་ཞིག་ཆགས་བསྡད་ཡོད་པ། དེ་བཞིན་འདས་པའི་ལོ་ཤས་སྔོན་པེ་ཅིང་སློབ་གྲྭ་ཆེན་མོས་ཉམས་ཞིབ་ཁྲོད་རྒྱ་ནག་ནང་དུ་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་མངོན་གསལ་དང་དེའི་ཁོངས་ནས་མང་དག་ཞིག་ཤེས་ཡོན་ཅན་ཡིན་པ་མ་ཟད། དེ་དག་བོད་ཀྱི་ནང་པའི་ཆོས་ལ་ཡིད་མོས་བྱེད་མཁན་དང་། བོད་ཀྱི་གནད་དོན་ལ་ཡང་བསམ་ཤེས་བྱེད་མཁན་ཇེ་མང་འགྲོ་བཞིན་ཡོད་སྟབས། རྒྱ་གཞུང་གིས་མཚན་སྨད་དང་རྫུན་གཏམ་ག་ཚོད་སྤེལ་ཡང་མཐར་བོད་མིའི་བདེན་པའི་ནུས་པ་དེ་རྒྱལ་རྒྱུ་ཡིན་པ་བཀའ་བསྩལ་འདུག དེ་བཞིན་༸མགོན་པོ་མཆོག་གིས་བོད་མི་རིགས་ལ་ཕྱི་ནང་གཉིས་ལ་སྨིན་པ་དེ་སངས་རྒྱས་ཀྱི་ལྟ་གྲུབ་དེ་ཡིན་པ་དང་། སངས་རྒྱས་པའི་ལྟ་གྲུབ་ཐོག་འཛམ་གླིང་འདིའི་ཐོག་ཡག་ཤོས་དེ་བོད་པ་ཆགས་བསྡད་ཡོད་པ་ལྟར། བོད་པའི་སྐད་ཡིག་འདི་ཧ་ཅང་གི་རླབས་ཆེན་དང་རྩ་ཆེན་ཡིན་སྟབས། ང་ཚོ་བོད་པའི་མི་རིགས། ཆོས་དང་རིག་གཞུང་། སྐད་ཡིག་གང་གི་ཆ་ནས་སུ་གཅིག་ལ་སྨོན་མི་དགོས་པ་ཡོད་པ་དང་། ང་ཚོ་སྐྱེས་ནས་མ་འཆི་བར་ལུས་པོ་བོད་ཕྱི་ནང་ག་པར་སྐྱེས་པ་ཡིན་ནའི་ཤ་རུས་དེ་བོད་པ་ཆགས་བསྡད་ཡོད་སྟབས། བོད་མི་ཚོ་འཛམ་གླིང་ས་ཕྱོགས་གང་སར་གནས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་དེ་སྲུང་སྐྱོབ་དར་སྤེལ་གནང་དགོས་གལ་ཡིན་པ་བཀའ་བསྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་བོད་མི་རྣམས་བཙན་བྱོལ་ནང་སླེབས་རྗེས། དང་ཐོག་རང་བཙན་རྩོད་ཡོད་ཀྱང་། ཕྱིས་སུ་རིམ་པས་བོད་རྒྱ་གཉིས་ལ་སྨིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཕྱོགས་ཀྱི་བརྒྱུད་རིམ་ཞིབ་ཕྲ་ངོ་སྤྲོད་ཁྲོད། དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་ཚོགས་དབར་འབྲེལ་བ་བསྐྱར་མཐུད་གནང་ཐུབ་ཡོད་པ་སོགས་བོད་མི་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་མི་མང་གི་འོས་འདེམས་བྱེད་པའི་སྲིད་སྐྱོང་ངོས་ནས་ཀྱང་དབུ་མའི་ལམ་ཐོག་བསྐྱོད་གནང་གི་ཡོད་སྟབས། ཚང་མས་སེམས་ཤུགས་མ་ཆགས་པར་མུ་མཐུད་ཧུར་བཙོན་གནང་དགོས་པའི་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྩལ་གནང་ཡོད་པ་རེད། བཀའ་སློབ་ཀྱི་མཐའ་དོན་དུ་༸གོང་ས་མཆོག་ནས་དེ་སྔ་སུད་སི་ནང་སླེབས་པའི་བོད་མི་རྣམས་མི་བཟང་པོ་དང་དྲང་པོ་ཡོད་པ་ཚང་མས་ཤེས་པ་མ་ཟད། ཨ་རི་དང་རྒྱ་གར་སོགས་ཀྱི་ནང་དུའང་བོད་མིའི་གཤིས་སྤྱོད་བཟང་པོ་དེར་བསྔགས་བརྗོད་གནང་མཁན་ཤུགས་ཆེ་ཡོད་པ་བཞིན་བོད་མིའི་བཟང་ཕྱོགས་ཀྱི་སྤུས་ཀ་སྡུག་རུ་མི་འགྲོ་བ་གནང་རྒྱུ་བོད་མི་ཚོས་ལས་འགན་ཡིན་པ་བཀའ་ནན་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་དེ་རིང་སུད་སི་བོད་མི་གཙོ་བོར་འགྱུར་བའི་དད་ལྡན་མང་ཚོགས་ ༨༠༠༠ ལྷག་ལ་ཆོས་འབྲེལ་བཀའ་དྲིན་བསྐྱངས་གནང་མཛད་སོང།

དེ་ཡང་རི་ཀོན་ཆོས་འཁོར་དགོན་གཙོ་བོར་འགྱུར་བའི་ Swiss དང་ Lechtenstien བོད་རིགས་ཚོགས་པ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་མཆོག་ནས་དེ་རིང་ཚེས་ ༢༣ སྔ་དྲོ་ Zurich Hallenstadion ཚོགས་ཁང་ཆེན་མོའི་ནང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་།  སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་བསྩལ་གནང་མཛད་སོང། སྐབས་དེར་༸གང་ཉིད་མཆོག་གིས་ཐོག་མར་ནང་ཆོས་ངོ་སྤྲོད་དང་དེའི་རྗེས་ནང་ཆོས་ངོ་འཕྲོད་དེ་ཇི་ལྟར་ཉམས་སུ་ལན་པའི་ཚུལ་གྱི་སྐོར་ལ་བཀའ་ཁྲིད་གནང་བ་དང་འབྲེལ་སངས་རྒྱས་བཅོམ་ལྡན་འདས་མ་བྱུང་བའི་མངོན་ཚུད་དང། བཅོམ་ལྡན་འདས་བྱུང་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་སུ་ཆོས་ཀྱི་ཁོར་ལོ་སྐོར་ཚུལ་སོགས་ཀྱི་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་སྤྲོད་མཛད་སོང་། དེ་བཞིན་དགེ་བ་བཅུ་དང་མི་དགེ་བཅུའི་སྐོར་བཀའ་གནང་བ་དང་འབྲེལ། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་ཆང་རག་འཐུང་རྒྱུའི་ལམ་སྲོལ་ཡོད་པ་དེ་ལྟར་ཡང། ལམ་སྲོལ་དེའི་འོག་ཏུ་མ་ཚུད་པར་ཆང་རག་འཐུང་བའི་སྐབས་སུ་ཚོད་བྱ་ཐུབ་ན་ཡག་པོ་ཡོད་པའི་ལམ་བསྟོན་བཀའ་སློབ་བསྩལ་གནང་སོང། དེ་བཞིན་མགོན་པ་མཆོག་ནས་བདག་ཞེས་པ་དེ་སྡུག་ངལ་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང། ང་འཛིན་གྱི་ལྟ་བ་ཤེས་པ་ཡིན་ན་རང་ཉིད་ལ་སྡུག་ངལ་ལས་ཐར་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་གནང་བ་དང་འབྲེལ། བྱང་ཆུབ་སེམས་སྒོམ་ཚུལ་སྐོར་ལ་ཆོས་ཁྲིད་མཛད་གནང་སོང། མཐའ་དོན་དུ་མགོན་པོ་མཆོག་ནས་ཆོས་འབྲེལ་མཇུག་སྒྲིལ་དང་སྦྲགས། ནང་ཆོས་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་བསྟོན་བཀའ་སློབ་བསྩལ་གནང་སོང། ཐེངས་འདིའི་ཛུ་རིག་ནང་གི་ཆོས་འབྲེལ་ཐོག་བོད་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་ཁྱོན་ ༨༥༠༠ ལྷག་ཕེབས་འདུག་པ་དང། དེ་དག་ནས་ཕྱག་ཁྱེར་གྱི་དངུལ་འབོར་ཁྱོན་སྡོམས་སུད་སྒོར་ ༦༤༠༡༦༨ ཙམ་བྱུང་ཡོད་པ་དང། དེའི་ཁོངས་ནས་ཐེངས་འདིའི་ཆོས་འབྲེལ་ཆེད་འགྲོ་འགྲོན་ཁྱོན་ ༦༡༦༨༨༦ ཕུད་པའི་དངུལ་ལྷག་སུད་སྒོར་ ༢༣༢༨༢ ཙམ་ཡོད་པ་ལྟར། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ངོས་ནས་དངུལ་ལྷག་གང་ཡོད་པ་རྣམས་སུད་སི་ས་གནས་སུ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་དང། ༸གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་ཡོང་ཆེད་བེད་སྤྱོད་གཏང་ཡས་ཞལ་འདེབས་གསོལ་བསྩལ་གནང་སོང། དེ་བཞིན་དེ་རིང་གི་ཆོས་འབྲེལ་དང་བསྟུན་༸གོང་ས་མཆོག་ནས་ The Life of my Teachers ཞེས་༸སྐུའི་ཡོངས་འཛིན་དམ་པ་གཉིས་ཀྱི་སྐུ་ཚེའི་རྣམ་ཐར་གྱི་ཕྱག་དེབ་ཞིག་ཀྱང་དབུ་འབྱེད་མཛད་གནང་སོང། སྔ་འདྲོ་ཆོས་འབྲེལ་གྱི་མཛད་འཆར་ཁག་གྲུབ་རྗེས། ༸གོང་ས་ཆོག་ལ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་གནད་ཡོད་མི་སྣ་ཁག་ཅིག་གི་ལྷན་དུ་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་དང་། ཉིན་རྒྱབ་ཡུལ་དེའི་བོད་རིགས་མང་ཚོགས་ཁོ་ནར་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་རེད།

བོད་པའི་སྟོབས་ཤུགས་ཡོང་ས་ངོ་ཐོག་འདི་བོད་ཀྱི་རིག་གཞུང་ཡིན་པ་བཀའ་བསྩལ་སོང་།

དེ་རིང་ཛུ་རིག་ནང་དུ་ཁུལ་དེར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་ཐོག་མར་གསར་བཙུགས་གནང་ནས་ལོ་ ༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཉིན་གཉིས་པའི་ཐོག ༸གོང་མཚོག་གིས་བོད་པའི་སྟོབས་ཤུགས་ངོ་མ་དེ་བོད་ཀྱི་རིག་གཞུང་ཡིན་པ་ལྟར། དེ་ངེས་པར་དུ་མི་ཉམས་རྒྱུན་འཛིན་གནང་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་གནང་སོང་། དེ་ཡང་དེ་རིང་ཛུ་རིག་གི་ Wintertur ས་ཁུལ་གྱི་ Eulachhalen ཚོགས་ཁང་ཆེན་མོའི་ནང་དུ་རི་ཀོན་ཆོས་འཁོར་དགོན་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་མཛད་སྒོ་ཉིན་གཉིས་པ་དེ་ཚོགས་ཡོད་པ་དང་། དེའི་ཐོག་ Winterthur གྲོང་ཁྱེར་སྤྱི་ཁྱབ་ Michael Künzle ལགས་དང་།  Zurich མངའ་སྡེའི་བདེ་སྲུང་བློན་ཆེན་ Mario Fehr གཉིས། དེ་བཞིན་རི་ཀོན་དགོན་པ་གསར་འཛུགས་གནང་བར་ས་ཆ་དང་དཔལ་འབྱོར་གྱི་མཐུན་འགྱུར་སྦྱོར་མཁན་Kuhn ཁྱིམ་ཚང་གི་མི་སྣ་དང་། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག དེ་བཞིན་སུད་སི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་མང་ཚོགས་བཅས་ཁྱོན་མི་གྲངས་ཁྲི་གཅིག་ལྷག་འདུ་འཛོམས་ཐོག་མཛད་སྒོ་གཟབ་རྒྱས་ཞིག་ཚོགས་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་བོད་ཟེར་སྐབས་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོང་གི་ཡོད་ཀྱང་། རྒྱ་ཆེ་ས་ནས་བོད་ལ་དོ་སྣང་དང་རྒྱབ་སྐྱོར། དེ་བཞིན་བོད་མིའི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པ་ཡོང་རྒྱུ་དང་། ལྷག་པར་བོད་ཀྱི་བདེན་མཐའ་གསལ་ཐབས་ཐད་བོད་ཀྱི་རིག་གཞུང་དེ་གཙོ་བོ་ཆགས་ཀྱི་ཡོད་སྟབས། ང་ཚོའི་ངོས་ནས་ངེས་པར་དུ་བོད་ཀྱི་རིག་གཞུང་བཟང་པོ་དེ་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་བཀའ་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་དེ་སྔོན་བོད་མི་རྣམས་ལམ་བཟོ་རྒྱུག་ནས་བསྡད་པའི་དཀལ་སྡུག་གི་དུས་སྐབས་སུ་སུད་སིའི་རྒྱ་ཀྲམ་དམར་པོའི་ཚོགས་པའི་ངོས་ནས་བོད་མི་ ༡༠༠༠ ཞིག་ཡུལ་དེའི་ནང་བླངས་པ་དང་། དེའི་རྗེས་སུ་རིམ་པས་རི་ཀོན་དགོན་པ་གསར་འཛུགས་གནང་བ་སོགས་ཀྱི་བརྒྱུད་རིམ་་དྲན་གསོ་དང་སྦྲགས། སྐབས་དེ་དུས་མི་རབས་རྒན་པ་ཚོས་སྐུ་ལས་མང་པོ་བསྐྱོན་ཡོད་པ་དེ་རིང་ཁ་སང་ཡང་མཐོང་རྒྱུ་ཡོད་སྟབས། ང་ཚོའི་ངོས་ནས་མི་རབས་རྒན་པ་རྣམས་ཀྱི་བྱས་རྗེས་ལ་རྗེས་དྲན་བྱེད་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་བ་དང་སྦྲགས། མི་རབས་ནས་མི་རབས་ཏུ་རི་ཀོན་དགོན་པ་འགྲོ་ཕན་ཡོང་བར་ཕྱག་རོགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་ད་དུང་། རི་ཀོན་ཆོས་འཁོར་དགོན་ནས་སུད་སི་ནང་ནང་པའི་ཆོས་དད་བྱེད་མཁན་བོད་མི་རྣམས་ལ་ནང་ཆོས་སློབ་སྦྱོང་གནང་རྒྱུ་དང་། ཆོས་རྒྱུད་གཞན་ལ་དད་གུས་བྱེད་མཁན་དང་ཆོས་ཁས་མི་ལེན་མཁན་རྣམས་ཀྱི་ཆེད་དུ་ནང་པའི་ལྟ་གྲུབ་སྤེལ་སའི་ཤེས་ཡོན་གྱི་བསྟི་གནས་གནང་དགོས་པའི་ལམ་སྟོན་མཛད་གནང་འདུག ཡང་༸གོང་ས་མཆོག་གིས་ད་དུང་། དེ་སྔོན་རྒྱ་མིའི་ངོས་ནས་བོད་ཐོག་དྲག་གནོན་ཚད་ལས་བརྒལ་བ་བྱས་ཏེ་བོད་མི་རྣམས་མགོ་འགྱོག་ས་མེད་པར་བཟོས་ཡོད་བསམས་ཡོད་ཀྱང་། ད་ཆ་ལོ་ ༦༠ རྗེས་སུ་བོད་དོན་མེད་པ་ཆགས་རྒྱུ་ལྟ་ཞོག། བོད་ཀྱི་ཆོས་དང་རིག་གཞུང་ཐོག་ནས་འཛམ་བུ་གླིང་སྤྱི་ལ་ཕན་ཐོག་བསྒྲུབ་རྒྱུའི་དུས་སྐབས་ཤར་ཡོད་པ་དེ་ང་ཚོ་བོད་མི་རིགས་ཀྱི་རྣམ་དཔྱོད་ཀྱི་ནུས་པ་ཡིན་པར་ང་ཚོ་བོད་མི་ཡིན་པའི་ཆ་ནས་སྤོབས་པ་སྐྱེས་འོས་པ་ཞིག་ཡིན་པར་བཀའ་བསྩལ་སོང་། དེ་རིང་གི་མཛད་སྒོའི་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་ Winterthur གྲོང་ཁྱེར་སྤྱི་ཁྱབ་དང་ཛུ་རིག་མངའ་སྡེའི་བདེ་སྲུང་བློན་ཆེན་གཉིས་ནས་ཀྱང་གསུངས་བཤད་གནང་བའི་ནང་དུ། བོད་མི་རྣམས་ཀྱི་རང་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་གནང་ནས་ཡོད་པར་བསྔགས་བརྗོད་དང་། ཁོད་ཉིད་ནས་མུ་མཐུད་བོད་མིར་མཐུན་འགྱུར་དང་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་པ་སོགས་གསུངས་སོང་།  

རི་ཀོན་དགོན་དེ་ནང་པའི་ལྟ་གྲུབ་ཀྱི་ཤེས་ཡོན་བསྟི་གནས་ཁང་དུ་འགྱུར་ཐུབ་དགོས་པའི་ལམ་སྟོན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་སུད་སི་Zurich གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་འཛུགས་གནང་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་དབུ་བཞུགས་མཛད་པ་དང་འབྲེལ། རི་ཀོན་ཆོས་འཁོར་དགོན་འདི་བཞིན་ནང་པའི་ལྟ་གྲུབ་ཀྱི་ཤེས་ཡོན་བསྟི་གནས་ཁང་ཞིག་ཏུ་འགྱུར་དགོས་པའི་ལམ་སྟོན་མཛད་གནང་སོང་། དེ་ཡང་༸གོང་ས་མཆོག་ཁ་ས་ཉིན་རྒྱབ་ Zurich གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Hilton གསོལ་མགྲོན་ཁང་དུ་ཞབས་གསོར་འཁོད་གནང་མཛད་པའི་རྗེས། དེ་རིང་སྔ་དྲོ་ཕྱག་ཚོད་བརྒྱད་པ་ནས་དགུ་པའི་བར་བཞུགས་གནས་མགྲོན་ཁང་གི་ཚོགས་ཁང་ཞིག་གི་ནང་དུ། ཡུལ་དེའི་གསར་འགོད་པ་དང་ལྷན་དུ་མཇལ་འཕྲད་གནང་རྗེས། ཕྱག་ཚོད་ ༡༠ པའི་ཐོག་རི་ཀོན་ཆོས་འཁོར་དགོན་དུ་ཆིབས་བསྒྱུར་མཛད་གནང་སྟེ། རི་ཀོན་དགོན་པའི་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དང་འབྲེལ་ནས་གསར་བཞེངས་གནང་བའི་མཆོད་མེ་ཁང་དང་སྐྱེ་ཚལ་དབུ་འབྱེད་མཛད་ཡོད་པ་རེད། སྐབས་དེར་༸མགོན་པོ་མཆོག་གིས་བོད་མི་རྣམས་རང་གི་རྒྱལ་ཁབ་ནང་རང་བྱུང་གོད་ཆགས་ལྟ་བུའི་གནས་སྟངས་འོག་མིའི་ལུང་པར་སླེབས་པ་མ་ཡིན་པར། རང་གི་ལུང་པའི་ནང་རང་གི་སྐད་དང་རིག་གཞུང་རྣམས་རྩ་བརླག་འགྲོ་ཉེན་ཡོད་པའི་ཉེན་ཁར་གཞིགས་ཏེ་རང་གི་རྒྱལ་ཁབ་ནས་བྲོས་བྱོལ་ལ་སླེབས་དགོས་འཁེལ་སྟབས། ང་ཚོ་སྐྱབས་བཅོལ་བ་ལས་བཙན་བྱོལ་བ་ཞེས་བོས་ན་འཚམས་པོ་ཡོད་པ་དང་། བོད་པ་བཙན་བྱོལ་བ་རྣམས་ཀྱི་ལས་འགན་གལ་ཆེ་ཤོས་དེ་རང་དབང་ལུང་པའི་ནང་དུ་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་འདི་སྲུང་སྐྱོབ་གནང་རྒྱུ་དེ་ཡིན་པ་བཀའ་བསྩལ་སོང་།   དེ་བཞིན་བོད་མི་རྣམས་ཐོག་མར་བཙན་བྱོལ་ནང་དུ་དཀའ་སྡུག་དུ་མའི་འོག་བོད་པའི་སློབ་ཕྲུག་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་དང་། རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་བརྒྱུད་རིམ་ཞིབ་ཕྲ་ངོ་སྤྲོད་དང་། ལྷག་པར་དུ་ Switzerland ནང་དུ་རི་ཀོན་ཆོས་འཁོར་དགོན་དེ་གསར་འཛུགས་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། བོད་པ་ཟེར་བ་དེར་ཁྱད་དུ་འཕགས་པའི་ལྟ་གྲུབ་ལྡན་པའི་ནང་པ་སངས་རྒྱས་པའི་ཆོས་དང་རིག་གཞུང་འདི་ཡོད་པ་དང་། དེའང་དེང་སང་གི་ཚན་རིག་དང་མཐུན་པའི་དཔལ་ནཱ་ལན་ཌའི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་ཡོད་པ་དེ་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་དང་། དེའང་ཉེ་ཆར་ཧི་མ་ལ་ཡ་རི་བརྒྱུད་ཀྱི་དགོན་སྡེ་ཁག་ནས་ཁུལ་དེའི་ནང་པའི་དགོན་སྡེ་ཆ་ཚང་ནང་པའི་ལྟ་གྲུབ་སྦྱང་སའི་ཤེས་ཡོན་གྱི་བསྟི་གནས་སུ་འགྱུར་རྒྱུའི་དམ་ཡིག་ཕུལ་བར་ཐུགས་འགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་གནང་བ་དང་འབྲེལ། ང་ཚོ་བོད་མི་རྒན་གཞོན་དང་སྐྱ་སེར་དབྱེར་མེད་ཐོག་ནས་ནང་ཆོས་སློབ་གཉེར་གནང་དགོས་པ་དང་། རི་ཀོན་དགོན་ལྟ་བུ་ཡིན་ནའང་ནང་པའི་ཆོས་དང་ཆོས་དད་ཡོད་མེད་ལ་མ་ལྟོས་པར་ནང་པའི་ལྟ་གྲུབ་སློབ་གཉེར་བྱེད་སའི་བསྟི་གནས་སུ་འགྱུར་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་བསྩལ་སོང་། དེ་རིང་སྔ་དྲོ་༸གོང་ས་མཆོག་ནས་སྐུའི་བཞུགས་གནས་མགྲོན་ཁང་དུ་ཡུལ་དེའི་གསར་འགོད་པ་དང་་ལྷན་དུ་མཇལ་འཕྲད་གནང་སྐབས། དགོན་པོ་མཆོག་གིས་ཐུགས་སྐྱེད་དམ་གཅའ་གསུམ་སྐོར་ངོ་སྤྲོད་དང་འབྲེལ། སུད་སི་མང་ཚོགས་ལ་ཡང་ཞི་བདེ་གོང་འཕེལ་གཏོང་རྒྱུའི་འགན་ཡོད་པ་བཀའ་གནང་བའི་རྗེས་སུ་གསར་འགོད་པའི་དྲི་བ་ཁག་ཅིག་ལ་བཀའ་ལན་བསྩལ་བའི་ནང་དུ། མགོན་པོ་མཆོག་གི་ཡོངས་འཛིན་རྣམ་གཉིས་ཡང་དེ་སྔོན་སུད་སི་རི་ཀོན་དགོན་དུ་ཐེངས་མང་ཕེབས་མྱོང་ཡོད་པ་ལྟར། ༸སྐུ་ཉིད་ནས་ཀྱང་འོས་འགན་ཞིག་ཡོད་པ་དང་འབྲེལ་ནས་དེར་ཆིབས་བསྒྱུར་བསྐྱངས་པ་དང་། ཆིབས་བསྒྱུར་དེ་བརྒྱུད་བོད་མི་དང་ལྷག་པར་དུ་བོད་པའི་གཞོན་སྐྱེས་རྣམས་ལ་རང་མི་རིགས་ཀྱི་ངོ་བོ་བརྗེད་རྒྱུ་མེད་པ་དང་། བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་སྤེལ་རྒྱུའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་སུད་སིའི་ནང་དུ་ཆིབས་བསྒྱུར་བསྐྱངས་པ་ཐེངས་ ༡༥ པ་དེ་ཆགས་ཀྱི་ཡོད་པ་དང་། དེ་རིང་རི་ཀོན་དགོན་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཛུ་རིག་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་དང་རི་ཀོན་དགོན་གྱི་འགན་འཛིན་ལྷན་ཚོགས་ཀྱི་མི་སྣ་གཞན་ཡོ་རོབ་ས་ཕྱོགས་གང་ས་ནས་སྐུ་མགྲོན་ཕེབས་པ་མ་ཟད། ཚོགས་ཁང་གི་ཕྱི་ཕྱོགས་སུ་ཡུལ་དེའི་ནང་དུ་གནས་བཞུགས་བོད་མི་མང་དག་ཞིག་ཀྱང་ཆེད་ཕེབས་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་ཞབས་སོར་བདེ་བར་འཁོད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ས་ཉིན་རྒྱབ་འཇར་མ་ནི་ནང་གི་མཛད་འཆར་ཁག་ཅིག་བསྐྱངས་རྗེས་སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་ཡོད་པའི་ Hilton མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་པ་དང། སྐབས་དེར་ཁུལ་དེའི་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཙམ་མ་ཟད་སུད་སི་རི་ཀོན་དགོན་པའི་མཁན་པོ་དང། ཚོགས་གཙོ། དེ་བཞིན་ངེས་སྟོན་པ་དང་དགེ་འདུན་པ་བཅས་ནས་༸མགོན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག དེ་ཡང་༸གང་ཉིད་མཆོག་ནས་དེ་རིང་སུད་སི་ནང་རྟེན་གཞི་བྱས་པའི་རི་ཀོན་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་ཐོག་དབུ་བཞུགས་གནང་གི་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་འཇར་མ་ནི་ནང་བདེ་སྐྱིད་དང་འགན་འཁུར་ཞེས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འཇར་མ་ནིའི་ Heidelberg གྲོང་སྡེ་ནང་། འཇར་མན་དང་ཨ་མི་རི་ཀའི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཚན་རིག་དུས་སྟོན་འགོ་འཛུགས་དང་བསྟུན། ཁུལ་དེའི་ནང་གནས་བཞུགས་དབང་རྩ་སྐྱེ་དངོས་རིག་པའི་སློབ་དཔོན་ལྕམ་ Hannah Monyer ལགས་དང། རྒས་ཆོས་རིག་པ་བ་སྐུ་ཞབས་ Andreas Kruse ལགས། དེ་བཞིན་གཟའ་སྐར་གྲུབ་རྫས་དཔྱད་རིག་པའི་སློབ་དཔོན་སྐུ་ཞབས་ Matthias Bartmann ལགས་དང་ལྷན་དུ་བདེ་སྐྱིད་དང་འགན་ཁུར་ཞེས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་འཛམ་བུ་གླིང་དེའི་ནང་མི་ཐེར་འབུམ་བདུན་ཡོད་པ་ལས་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ནའང་འཁོར་བར་སྐྱེས་རྗེས་སྐྱེ་འགྲོ་ཡོངས་ལ་སྡུག་བསྔལ་བྱུང་བ་ཉག་ཅིག་ཡིན་སྟབས། སྡུག་བསྔལ་དེ་ལས་ཐར་ཐབས་ཆེད་མིའི་རྣམ་དཔྱོད་བེད་སྤྱོད་བྱེད་དགོས་པ་དེ་ལྟར་ཡང་མིའི་མཐའ་མེད་པའི་འདོད་པའི་དབང་གིས་སྐབས་རེ་རྣམ་དཔྱོད་ཀྱི་བློ་དེ་སྡུག་བསྔལ་གྱི་གཞི་རྩ་ཡང་འགྱུར་གྱི་ཡོད་སྐོར་བཀའ་བསྩལ་འདུག དེ་བཞིན་༸གང་ཉིད་མཆོག་ནས་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་མི་མང་པོ་ཞིག་གིས་དཀའ་ངལ་འཕྲད་ཚེ་དཀོན་མཆོག་དང། འཇིག་རྟེན་བཀོད་པ་པོར་གསོལ་བ་འདེབས་ཀྱི་ཡོད་པ་དེ་ལྟར་ཡང། རྒྱ་གར་ནང་དེ་སྔ་ལོ་༣༠༠༠ ལྷག་གོང་ནས་རང་དང་བློ་གཉིས་ལ་ཞིབ་འཇུག་བྱས་པའི་ཐོག་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་སྒོམ་སྒྲུབ་བརྒྱུད་དཀའ་ངལ་ལ་གདོང་ལེན་བྱེད་སྲོལ་ཡོད་སྐོར་བཀའ་གནང་བ་དང་འབྲེལ། ང་ཚོའི་བློ་ལ་ཞིབ་འཇུག་གི་དཔྱད་པ་བྱེད་སྲོལ་དེ་དེང་དུས་ཀྱི་སློབ་ཚན་ཐོག་འཇུག་དགོས་གལ་དང་། སྤྱིར་རྒྱ་གར་གྱི་གནའ་བོའི་རིག་གནས་ནང་གྲངས་ཅན་པ་དང་། གཅེར་བུ་བ། དེ་བཞིན་ནང་པའི་ལྟ་གྲུབ་དག་གིས་གཙོ་བོ་བློ་ལ་ཞིབ་འཇུག་གི་སློབ་གཉེར་བྱས་པ་དང་།   ༸མགོན་པོ་མཆོག་ནི་རིག་གཞུང་ད་གའི་སློབ་མ་ཞིག་དང་དེའི་ཁྲོད་གཙོ་བོ་ནཱ་ལན་ཌའི་རིག་གནས་ལ་འཇུག་མཁན་ཞིག་ཡིན་སྐོར་བཀའ་བསྩལ་འདུག ༸མགོན་པོ་མཆོག་ནས་དེ་རིང་གི་ལས་རིམ་དེའི་ཐོག་ད་དུང་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འགན་ཁུར་དང་འབྲེལ་བའི་མང་ཚོགས་ཀྱི་དྲི་བ་གཞན་ཁག་ཅིག་ཕུལ་བའི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། མཛད་རིམ་དེའི་གྲུབ་རྗེས་གང་ཉིད་སུད་སི་ Zurich གྲོང་ཁྱེར་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཡོད་པ་དང་། སང་ཉིན་ཡུལ་དེར་རྟེན་གཞི་བྱས་པའི་རི་ཀོན་དགོན་པ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་གྱི་མཛད་སྒོར་དབུ་བཞུགས་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་རྒྱུ་ཡིན་པ་རེད།  

Latest news