Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧཱ་མ་ནང་ཆེད་དུ་བྱ་བའི་དད་ལྡན་འདུལ་བྱ་ཉི་ཧོང་ས་གནས་མི་མང་གཙོ་གྱུར་ཕྱི་ནང་གི་ཆོས་ཞུ་བ་རྣམས་ལ་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀྲིན་སྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྔོན་འགྲོའི་སྤྱི་བཤད་དང་འབྲེལ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ཚན་ནས་གསང་སྔགས་ཀྱི་ཉམས་ལེན་ཡང་དག་ཡོང་བར་གཙོ་བོ་བསྟན་པ་སྤྱི་མཚན་གྱི་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོད་པ་ཉིད་རྟོགས་པའི་ལྟ་བ་གཉིས་ལ་བློ་སྦྱོང་དགོས་པ་དང་དེ་བཞིན་ཐོས་བསམ་སྒོམ་གསུམ་གནང་ཐོག་གསང་སྔགས་ཀྱི་ཆོས་ཉམས་ལེན་འཕར་མ་ཞིག་གནང་ཚེ་ཉམས་ལེན་ཡང་དག་པ་ཞིག་ཡོང་ངེས་ཡིན་པར་ལམ་སྟོན་བསྩལ་འདུག༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་ཆོས་ཞུ་བ་ཚོར་དགེ་བསྙེན་དང་བྱང་ཆུབ་སེམས་བསྐྱེད། དེ་བཞིན་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་དང་འབྲེལ། ༸གང་ཉིད་མཆོག་ནས་ཐུགས་རྗེ་ཆེན་པོའི་དབང་འདི་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་སྐོར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཆོས་འབྲེལ་མཇུག་ཏུ་ཁྱེད་རང་ཚོས་དབང་ཞུས་ནས་སེམས་པ་བཟང་པོ་དང་དྲང་པོ། དེ་བཞིན་མིས་མི་ལ་རོགས་བྱ་རྒྱུ་གལ་ཆེ་བའི་སྐུལ་ལྕག་མཛད་པ་མ་ཟད་སོ་སོའི་ངོ་ཤེས་རྣམས་ལའང་དེ་ལྟར་གནང་དགོས་པའི་ལམ་སྟོན་རྒྱ་ཆེ་མཛད་ཡོད།མཛད་འཆར་ལྟར་ན། སང་ཚེས་ ༡༦ ཉིན་སྔ་ཐོག་༸གོང་ས་མཆོག་ནས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ་དང་དེ་རྗེ་ཚེས་ ༡༧ ཉིན་ཉི་ཧོང་གི་གྲོང་ཁྱེར་ Tokyo ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཡོ་ཁོ་ཧཱ་མ་གྲོང་ཁྱེར་དུ་ཉིན་གསུམ་གྱི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༡ ཚེས་ ༡༤ ཉིན་ཉི་ཧོང་གི་གྲོང་ཁྲེར་ Yokohama དུ་ཆོས་འབྲེལ་དབུ་འཛུགས་མཛད་སྐབས་འཛམ་གླིང་འདིའི་སྟེང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ནི་བྱམས་བརྩེའི་བསམ་བློ་མ་འདང་བར་བརྟེན་ནས་ཡིན་སྟབས། འཛམ་གླིང་འདིའི་ཐོག་བྱམས་བརྩེའི་བསླབ་བྱ་གནང་མཁན་གྱི་ཆོས་ལུགས་ཁག་དགོས་མཁོ་ཡོད་པ་ཞིག་རེད་ཅེས་བཀའ་ནན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ༸གོང་ས་མཆོག་གིས་དེ་རིང་ཚེས་ ༡༤ ནས་དབུ་འཛུགས་ཀྱིས་ཉི་ཧོང་གྲོང་ཁྱེར་ Yokohama ནང་དུ་རྟེན་གཞི་བྱས་པའི་ National Convention Centre ཞེས་པའི་ཚོགས་ཁང་ཆེན་མོར་ཉི་ཧོང་གི་དད་ལྡན་གཙོ་གྱུར་རྒྱ་ནག་སྐམ་ས་ཆེན་པོ་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་བཅས་ལྔ་སྟོང་བརྒལ་བར་ཤེས་རབ་སྙིང་པོ་དང་༸རྗེ་རྩོང་པ་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་བསྐྱངས་ཡོད།སྐབས་དེར་༸གོང་ས་མཆོག་གིས་གཞུང་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་རྣམ་ཀུན་ལྟར་ཐོག་མར་ཆོས་ཞུ་བ་ཀུན་ལ་ནང་ཆོས་ངོ་སྤྲོད་ཀྱི་སྤྱི་བཤད་གནང་སྐབས་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་གཅིག་མཚུངས་ཡིན་ཀྱང་། འཛམ་གླིང་འདིའི་ཐོག་འགྲོ་བ་མི་རྣམས་ནས་རང་གཅེས་འཛིན་གྱི་བསམ་བློ་ཁོ་ནའི་དབང་དུ་སོང་རྐྱེན་དཀའ་རྙོག་རིགས་མུ་མཐུད་བཟོ་བཞིན་ཡོད་པ་དང་ལྷག་དོན་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་མི་ཕན་ཚུན་གསོད་རེས་བྱས་པ་སོགས་དཀའ་ངལ་མང་དག་ཅིག་འཕྲད་དང་འཕྲད་མུས་ཡིན་པ་ནི་གཙོ་བོ་བྱམས་བརྩེའི་བསམ་བློ་མ་འདང་བར་བརྟེན་ནས་ཡིན་སྟབས་འཛམ་གླིང་འདིའི་ཐོག་བྱམས་བརྩེའི་བསླབ་བྱ་གནང་མཁན་གྱི་ཆོས་ལུགས་ཁག་དགོས་ངེས་ཅན་དུ་གཟིགས་ཀྱི་ཡོད་པར་ལམ་སྟོན་མཛད་ཡོད་པ་རེད།ལྷག་དོན་༸གང་ཉིད་མཆོག་གིས་རྒྱུན་དུ་ཉམས་བཞེས་གནང་བཞིན་པའི་ཐུགས་བསྐྱེད་དམ་བཅའ་རྣམས་ངོ་སྤྲོད་མཛད་པ་དང་འབྲེལ། དེ་དག་ལས་བོད་ཀྱི་སྐད་ཡིག་དང་བཅས་པའི་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེ་ཡིན་པར་བཀའ་བསྩལ་བ་མ་ཟད། དེང་གི་ཆར་དཔལ་ན་ལེནྡཱའི་གཞུང་ལུགས་མདོ་སྔགས་གཉིས་ལ་སློབ་གཉེར་མཐིལ་ཕྱིན་པ་ཞིག་གནང་དགོས་ཚེ་བོད་པའི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་མེད་སྟབས། བོད་མི་རྣམས་ཀྱིས་རང་ཉིད་ལ་ཡོད་པའི་འཛམ་གླིང་གི་གཅེས་ནོར་དེའི་བརྒྱུད་འཇིག་རྟེན་ཀུན་ལ་ཕན་པ་ཇི་ལྟར་བསྒྲུབ་དགོས་མིན་ཐད་དགོངས་པ་རྒྱ་གང་ཆེ་བཞེས་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུགམགོན་པོ་མཆོག་གིས་འཛམ་གླིང་ཧྲིལ་པོ་འདི་གཅིག་ལ་གཅིག་རྟེན་ཆགས་པ་དང་མི་ཞིག་ཡིན་ཕྱིན་ཆད་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་མཁན་ཤ་སྟག་ཆགས་ཀྱི་ཡོད་པས།སེམས་ཀྱི་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་ལེགས་ཤོས་ནི་རང་རྒྱལ་གཞན་ཕམ་གྱི་རྗེས་ལུས་ཀྱི་བསམ་བློ་དེ་དོར་ནས་དུས་རྟག་ཏུ་སེམས་བཟང་པོ་དང་འགྲོ་བ་མིའི་རང་བཞིན་ལ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་འཕེལ་གནང་གལ་ཡིན་པ་བཀའ་བསྩལ་འདུག ༸སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་འདུ་ཐོག་༸སྐུའི་ཡང་སྲིད་གནད་དོན་ཐོག་གླེང་རྒྱུ་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་ཉི་ཧོང་གི་རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་གི་བཀའ་འདྲིར་དང་ལེན་མཛད་པའི་ཁྲོད། མགོན་པོ་༸གང་ཉིད་མཆོག་གིས་རིང་མིན་འཚོགས་ལ་ཉེ་བའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་འདུ་ཐོག་༸སྐུའི་ཡང་སྲིད་གནད་དོན་ཐོག་གླེང་སློང་གནང་ངེས་ཡིན་པར་བཀའ་ནན་བསྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ནང་གི་མཛད་འཆར་དངོས་གཞི་སང་ཉིན་ཕྱི་ཚེས་ ༡༤ ནས་དབུ་འཛུགས་གནང་གི་ཡོད་ཀྱང་། དེ་རིང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ཡུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་པ་སྐུ་ཞབས་ Sujan R. Chinoy ལགས་མཇལ་འཕྲད་གནང་བ་དང་དེ་རྗེས་ཉི་ཧོང་གི་རྒྱལ་སྤྱིའི་གཟུགས་མཐོང་རླུང་འཕྲིན་གྲགས་ཅན་ NHK དང་དེ་བཞིན་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་དང་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་གཙོ་ལྕམ་ yoshiko Sakurai ལགས་རྣམ་གཉིས་ཀྱི་དམིགས་བསལ་བཀའ་འདྲིར་དང་ལེན་མཛད་ཡོད་པ་རེད།སྐབས་དེར་ NHK གསར་ཁང་གིས་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་ལ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་མ་འོངས་པར་རྒྱལ་དབང་༸སྐུ་ཕྲེང་བཅོ་ལྔ་པ་ཕེབས་ཀྱི་རེད་དམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་སྤྱན་ཤེལ་ཕུད་ནས་༸གང་ཉིད་མཆོག་གི་ཞལ་རས་ལ་གཟིགས་ན་ད་ཆ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་གློང་དགོས་པའི་ཛ་དྲག་ཞིག་རེད་འདུག་གམ་ཞེས་ཞལ་ཤོབ་གནང་བ་མ་ཟད་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཕེབས་དགོས་མིན་ནི་བོད་མི་མང་ཚོགས་ནས་ཐག་གཅོད་གནང་རྒྱུ་ཞིག་རེད་ཅེས་བཀའ་ལན་མཛད་པ་དང་ཆབས་ཅིག འཚོགས་ལ་ཉེ་བའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཚོགས་འདུ་ཐོག་དེ་འབྲེལ་གླེང་སློང་གནང་ངེས་ཡིན་པར་བཀའ་བསྩལ་འདུགདེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་གཙོ་ལྕམ་ yoshiko Sakurai ལགས་རྣམ་གཉིས་དབར་ཚོུད་གཅིག་ལྷག་ཙམ་རིང་མཇལ་མོལ་གནང་སྐབས་ལྕམ་སྐུ་མཆོག་ནས་ཉི་ཧོང་གི་ད་ལྟའི་གནས་སྟངས་སྤྱི་དང་ལྷག་དོན་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པོས་འཛམ་གླིང་ནང་ཞི་བདེ་དང་འཚེ་བ་མེད་པ་སྐྲུན་རྒྱུར་ནུས་པ་དམིགས་བསལ་བ་ཞིག་འཐོན་བཞིན་པར་ཡི་རང་བསྔགས་བརྗོད་ཞུས་འདུགམཛད་འཆར་ལྟར་ན། སང་ཉིན་ཚེས་ ༡༤ ཉིན་༸གོང་ས་མཆོག་ནས་ཁུལ་དེའི་གྲོང་ཁྱེར་ Yokohama ནང་དད་ལྡན་མང་ཚོགས་ལ་ཤེས་རབ་སྙིང་པོ་དང་རྗེ་རྩོང་པ་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། དེ་བཞིན་སྒོམ་རིམ་བར་པ་བཅས་ཀྱི་བཀའ་ཆོས་དང་ཚེས་ ༡༥ ཉིན་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་མཛད་རྒྱུ་མ་ཟད། ཚེས་ ༡༦ ནས་ ༢༣ བར་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ་དང་དེ་བཞིན་ Tokyo ནང་གི་གཞོན་སྐྱེས་ཚོར་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་གཅིག་བསྐྱང་གཏན་ཁེལ་ཡོད་པ་རེད། ༸སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་དུ་ཕེབས་ཐོན་མཛད་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་དེ་རིང་ཉིན་རྒྱབ་ཏུ་ཉི་ཧོང་ནང་༸ཞབས་སོར་བདེ་བར་འཁོད་གནང་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་གྲངས་བཅུ་ལྷག་གི་རིང་ཉི་ཧོང་གི་རྒྱལ་ས་ Yokohama དང་ Tokyo གཙོས་པའི་ Chiba ས་གནས་སུ་མང་ཚོགས་ལ་བཀའ་སློབ་དང་བཀའ་ཆོས་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་ཁེལ་དོན་ལྟར། དེ་རིང་ཉིན་རྒྱབ་ཚོུད་ ༤ ཡོལ་ཙམ་ལ་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་གི་ haneda རྒྱལ་སྤྱིའི་གནམ་ཐང་དུ་༸ཞབས་སོར་བདེ་འཁོད་སྐབས་ཐེངས་འདིའི་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གཙོས་པའི་ཁུལ་དེའི་བོད་མི་དང་ཧི་མཱ་ལ་ཡའི་མང་ཚོགས་ཚོས་བོད་ལུགས་ལྟར་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་གྲོ་སོ་ཕྱེ་མར་འདེགས་འབུལ་གྱིས་༸གོང་ས་མཆོག་ལ་དགའ་དད་སྤྲོ་གསུམ་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།མཛད་འཆར་ལྟར་ན། སང་ཚེས་ ༡༣ ཉིན་སྔ་དྲོ་ཚོུད་ ༡༠༌༠༠ ཐོག་༸གོང་ས་མཆོག་ནས་ཉི་ཧོང་གི་རྒྱལ་སྤྱིའི་གཟུགས་མཐོང་རླུང་འཕྲིན་ཁང་དང་དེ་བཞིན་ཁུལ་དེའི་ནང་གི་ Think-tank འམ་བསམ་བློ་བའི་བཅར་འདྲི་ཁག་ཅིག་དང་ལེན་མཛད་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༤ ཉིན་ཁུལ་དེའི་གྲོང་ཁྱེར་ Yokohama ནང་དད་ལྡན་མང་ཚོགས་ལ་ཤེས་རབ་སྙིང་པོ་དང་རྗེ་རྩོང་པ་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། དེ་བཞིན་སྒོམ་རིམ་བར་པ་བཅས་ཀྱི་བཀའ་ཆོས་དང་ཚེས་ ༡༥ ཉིན་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་མཛད་རྒྱུ་མ་ཟད། ཚེས་ ༡༦ ཉིན་ཚན་རིག་པ་གསུམ་དང་ལྷན་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་བསྩལ་གནང་མཛད་རྒྱུ། ཚེས་ ༡༧ ཉིན་ཉི་ཧོང་གི་རྒྱལ་ས་ Tokyo ནང་ཆིབས་བསྒྱུར་གྱིས་གཞོན་སྐྱེས་ཚོར་ང་ཚོ་ཁྱིིམ་ཚང་གཅིག་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཚེས་ ༡༩ ཉིན་ཆཱི་སྦ་ཞེས་པའི་གྲོང་ཁྱེར་དུ་ཡོད་པའི་ཤེས་རབ་སྐྱེས་ཚལ་གླིང་ལྟེ་གནས་ཁང་གི་ཚོགས་ཁང་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་རེད་འདུགརྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཉི་ཧོང་ནང་ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཆིབས་སྒྱུར་མཛད་ཡོད་པ་དང་། ཐེངས་འདིའི་ཆིབས་བསྒྱུར་འདི་ཐེངས་ ༢༥ པ་ཆགས་ཀྱི་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་ནས་ཉི་ཧོང་དུ་ཟླ་ ༡༡ ཚེས་ ༡༤ ཉིན་ནས་དབུ་འཛུགས་ཀྱིས་ཚེས་ ༢༣ བར་མཛད་འཆར་བསྐྱང་གནང་གི་ཡོད་པ་རེད། ༸སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གིས་སིག་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ Guru Nanak མཆོག་གི་རྗེས་དྲན་མཛད་སྒོར་དབུ་བཞུགས་གནང་སོང་།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སིག་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ Guru Nanak Dev དམ་པ་མཆོག་གི་ལོ་ངོ་ ༥༥༠ འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་བློན་ཟུར་པ་ Dr. Manmohan Singh མཆོག་དང་ལྷན་མགོན་པོ་༸གང་ཉིད་མཆོག་ནས་ Guru Nanak མཆོག་གི་མཛད་རྣམ་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཀྱང་དབུ་འབྱེད་བཀྲིན་བསྩལ་གནང་ཡོད་པ་རེད། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་རྒྱལ་ས་ལྡི་ལིའི་ Bai Vir Singh Sahita Sadan ཞེས་པའི་ཚོགས་ཁང་ནང་། སྲིད་བློན་ཟུར་པ་ Dr. Manmohan Singh མཆོག་གི་དབུས་པའི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་། གཞན་ཡང་གལ་ཆེའི་གནད་ཡོད་ཀྱི་མི་སྣ་བཅས་མི་གྲངས་ ༣༠༠ ལྷག་ཙམ་ཞིག་འདུ་འཛོམས་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་ནས་དེ་རིང་ངོས་རང་ Guru Nanak མཆོག་གི་ལོ་ ༥༥༠ རྗེས་དྲན་མཛད་སྒོ་དེའི་ཐོག་ཞུགས་རྒྱུའི་གོ་སྐབས་བྱུང་བ་དེ་དངོས་གནས་གཟི་བརྗིད་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གི་ལོ་རྒྱུས་ཞིབ་ཁྲ་དེ་ཙམ་ངོས་ཀྱི་ཤེས་ཀྱི་མེད། འོན་ཀྱང་ཁོང་ཧིན་རྡུའི་ཁྱིམ་ཚང་ཞིག་ལ་འཁྲུངས་ཏེ་ཁ་ཆེའི་མཆོག་ཏུ་འཛིན་པའི་ Mecca ཁུལ་དུ་གནས་མཇལ་ཕེབས་པ་དེ་དངོས་གནས་མངགས་བརྗོད་ཞུ་འོས་པ་ཞིག་རེད། དེ་ནི་རྒྱ་གར་ཕྱོགས་ནས་ཆོས་ལུགས་ཕན་ཚུན་དབར་གུས་རྩི་གང་འདྲ་ཡོད་མེད་ཀྱི་དཔེ་མཚོན་ཞིག་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་རྒྱ་གར་ནི་འཛམ་གླིང་ཆོས་ལུགས་ཚང་མ་མཉམ་གནས་བྱེད་ཐུབ་སའི་རྒྱལ་ཁབ་ཞིག་ཡིན་སྐོར་བཀའ་བསྩལ་གནང་བ་མ་ཟད། ལོ་ངོ་སྟོང་ཕྲག་གསུམ་བཞིའི་སྔོན་ནས་རྒྱ་གར་ནང་སྨོན་ལམ་དང་ཆོ་ག་ཙམ་ལ་མ་བརྟེན་པར་སེམས་དང་འབྲེལ་་བ་ཡོད་པའི་ལྟ་ཚུལ་ཞིག་གོང་འཕེལ་བྱུང་ཡོད་པ་དང་། ལྷག་པར་དུ་ལྷག་མཐོང་དང་ཞི་གནས་བཅས་ཀྱི་སྒོམ་ཉམས་ལེན་བརྒྱུད་མིའི་སེམས་དང་ཚོར་བའི་ཤེས་བྱ་གོང་འཕེལ་ལམ་ནས་སེམས་ཀྱི་ཞི་བདེ་ལ་འགྱུར་ལྡོག་གཏོང་ཐུབ་པའི་ཐབས་ལམ་དེ་ཡང་རྒྱ་གར་ནས་ཐོག་མར་དར་ཁྱབ་བྱུང་བ་ཞིག་རེད་ཅེས་བཀའ་བསྩལ་གནང་པ་དང་། ༸གང་ཉིད་མཆོག་གིས་ད་དུང་རྩ་བའི་སྲིད་པའི་དཔལ་ཡོན་གྱི་ཆ་ནས་རྒྱ་ནག་དང་ཨི་ཇིབ་གཉིས་རྒྱ་གར་ལས་ཆེས་རྙིང་བ་ཞིག་ཡིན་ཡང་། གུ་རུ་ན་ནག་དང་། སྟོན་པ་བཅོམ་ལྡན་འདས། ཇེན་ཆོས་ལུགས་ཀྱི་མྷ་སྦི་ར་བཅས་ནི་རྒྱ་གར་ཐོན་སྐྱེད་ཡིན་པ་དང་། རྒྱ་གར་ནི་ཆོས་ལུགས་ཚང་མ་ཞི་མཐུན་མཉམ་གནས་བྱེད་ཐུབ་སའི་རྒྱལ་ཁབ་ཞིག་ཡིན་པ་བཀའ་བསྩལ་གནང་པ་དང་སྦྲགས། ད་ལྟའི་དུས་རབས་ ༢༡ འདི་ཕྱིའི་དངོས་པོ་དང་དེང་དུས་ཀྱི་ཤེས་ཡོན་ཤིན་ཏུ་ནས་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་རབས་ཤིག་ཆགས་ཡོད། འོན་ཀྱང་དེ་དང་བསྟུན་དཀའ་ངལ་ཡང་ཤིན་ཏུ་ནས་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། དཀའ་ངལ་དེ་དག་ནི་ཤེས་ཡོན་ལམ་ལུགས་ནང་ཕྱིའི་དངོས་པོ་ཡར་རྒྱས་སྐོར་ཙམ་ལས་ནང་སེམས་ཀྱི་ཤེས་ཡོན་སྐོར་གང་ཡང་ཤོད་ཀྱི་མེད་སྟབས་དཀའ་ངལ་དེ་དག་འཕྲད་ཀྱི་ཡོད་པ་བཀའ་བསྩལ་གནང་སྟེ། རྒྱུན་དུ་ཆོས་ཁས་ལེན་བྱེད་མཁན་ཚོར་གཞན་ཕན་གྱི་བསམ་བློ་དེ་ངེས་པར་དུ་དགོས་པའི་ལམ་སྟོན་ཡང་བཀའ་བསྩལ་གནང་སོང་། ད་ལྟ་ང་ཚོ་འདིར་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་པ་ཡིན་ནའང་། གོ་ལ་འདིར་ Syria དང་ Afghanistan སོགས་ཀྱི་ནང་མི་གསོད་ཁྲག་སྦྱོར་ཡོང་གི་ཡོད་པ་རེད། དེ་ཡང་རྙོག་གྲ་མང་པོ་ཞིག་ཆོས་ཕྱོགས་ཀྱི་ཐོག་ནས་ཡོང་གི་ཡོད་དང་། མཐའ་མའི་དཀའ་ངལ་འཕྲད་མཁན་དེ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་བཅས་ལ་བརྟེན། དཀའ་ངལ་ཤུགས་ཆེ་བ་དེ་ཉམ་ཐག་དེ་ཚོར་འཕྲད་ཀྱི་ཡོད་པ་དང་། ལྷག་པར་ yemen ནང་ཕྲུག་གུ་སྟོང་ཕྲག་མང་པོ་ལྟོག་ཤི་དང་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཐོབ་པ་སོགས་ཡོང་གི་ཡོད་སྟབས། སེམས་ཅན་དུད་འགྲོ་ཡིན་ཡང་གཅིག་ཕན་གཅིག་གྲོགས་ཀྱི་བསམ་བློ་དེ་ཡོད་པ་ཡིན་དུས་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་གཅིག་ལ་དཀའ་ངལ་འཕྲད་སྐབས་གཞན་ཚོས་སྣང་མེད་དུ་སྡོད་མི་རུང་བར། བྱམས་པ་དང་སྙིང་རྗེ་ཡོད་པའི་ཐོག་ནས་ངེས་པར་དུ་དཀའ་ངལ་འོག་གནས་པའི་མི་མང་ཚོར་རོགས་ཕན་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སྩལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་གིས་ད་དུང་། ལྟ་གྲུབ་གང་ཡིན་ལ་མ་ལྟོས་པའི་ཆོས་ལུགས་ཚང་མ་ཕན་ཚུན་འཆམ་མཐུན་མཉམ་གནས་ཡོང་ཐབས་བྱེད་དགོས་པ་དང་། དང་པོ་ཆོས་ཁས་ལན་བྱེད་མཁན་ཚོས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་བྱམས་པ་དང་སྙིང་རྗེ་བཅས་ཆོས་ལུགས་ཚང་མས་དངོས་སུ་ཉམས་ལེན་བྱེད་ཐུབ་ཐབས་གནང་དགོས་པའི་ལམ་སྟོན་བསྩལ་གནང་པ་དང་སྦྲགས། ད་ལྟ་ང་ཚོའི་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་དེ་ཆ་ཚང་བ་ཞིག་མེད་པ་དང་ཕྱིའི་དངོས་པོའི་ཡར་རྒྱས་ཀྱི་ཐོག་ནས་གལ་ཆེན་པོ་རེད། འོན་ཀྱང་ནང་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་ཐོག་དེང་དུས་ཤེས་ཡོན་དེ་འདང་ངེས་ཆ་ཚང་ཞིག་མེད་པ་དང་། འཛམ་གླིང་ནང་རྒྱལ་ཁབ་ཁག་ ༢༠༠ ལྷག་ཡོད་པའི་ནང་ནས་རྒྱ་གར་ནི་ཕྱི་དངོས་པོ་དང་ནང་སེམས་གཉིས་ཀ་ཟུང་འབྲེལ་གྱི་ཐོག་ནས་འགྲོ་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་པོ་དེ་རེད། ལྷག་པར་རྒྱ་གར་ལ་གནའ་བོའི་རིག་གཞུང་དང་འབྲེལ་བའི་ལྟ་གྲུབ་ཕྱུག་པོ་དེ་ཡོད་པ་མ་ཟད་དེ་དག་ལག་ལྟར་ཐུབ་པའི་ནུས་པ་དང་གོ་སྐབས་དེ་ཡང་ཡོད་སྟབས། རྒྱ་གར་མང་ཚོགས་ཀྱི་ངོས་ནས་རིས་མེད་ཀྱི་ཐོག་ནས་ཆོས་ལུགས་མཐུན་འབྲེལ་དང་སེམས་ཀྱི་ཞི་བདེའི་ཐོག་ཐུགས་འགན་ཆེ་ཙམ་བཞེས་དགོས་པ་དང་། རིག་གཞུང་རྩ་ཆེན་དེ་དག་བསྐྱར་གསོ་ཡོང་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་ཡང་བཀའ་སྩལ་གནང་སོང་། སྐབས་དེར་ད་དུང་རྒྱ་གར་གྱི་སྲིད་བློན་ཟུར་པ་ Dr. Manmohan Singh མཆོག་གིས་དེ་རིང་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཞུས་པ་བཞིན་ཞབས་སོར་བཀྲིན་བསྐྱངས་གནང་མཛད་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་རླབས་ཆེའི་མཛད་འཕྲིན་ཁག་ལ་ཡིད་རང་མངགས་བརྗོད་ཀྱང་ཆེན་པོ་གནང་སོང་། མཛད་སྒོ་དེ་སྒྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་དུང་། Guru Nanak མཆོག་གི་སྐུ་ཚེའི་མཛད་རྣམ་དང་དམིགས་བསལ་མཛད་རྗེས་ཀྱི་འགྲེམས་སྟོན་ཞིག་ཀྱང་དབུ་འབྱེད་གནང་ཡོད་པ་མ་ཟད། སྲིད་བློན་ཟུར་པ་ Dr. Manmohan Singh ལྷན་རྒྱས་གཉིས་ནས་དྲན་རྟེན་ལྗོན་ཤིང་ཞིག་ཀྱང་འདེབས་འཛུགས་བཀྲིན་བསྐྱངས་གནང་བཅས་མཛད་ཡོད་པ་རེད། མཛད་འཆར་གཞི་ཟུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཚེས་ ༡༡ ཉིན་སིང་ག་སྤུར་བརྒྱུད་ Japan ནང་ཆིབས་བསྒྱུར་བཀྲིན་སྩལ་གནང་གི་ཡོད་པ་རེད།

༸གོང་ས་མཆོག་ Sikh ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ Guru Nanak དམ་པ་ལོ་ངོ་ ༥༥༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྒྱུ་རེད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཚེས་༡༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་འཚོགས་གཏན་འཁེལ་བའི་ Sikh ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ Guru Nanak དམ་པ་ལོ་ངོ་ ༥༥༠ འཁོར་བའི་རྗེས་དྲན་མཛད་སྒོའི་ཐོག་དབུ་བཞུགས་མཛད་ཆེད། དེ་རིང་ཉིན་རྒྱབ་ཆུ་ཚོད་དང་པོ་མ་ཟིན་ཙམ་དུ་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཕེབས་ཐོན་མཛད་སོང་།སང་ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚོགས་གཏན་འཁེལ་བའི་Guru Nanak དམ་པའི་རྗེས་དྲན་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་བློན་ཟུར་པ་ Dr. Manmohan Singh མཆོག་གཙོས་པའི་གནད་ཡོད་མི་སྣ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད།  དེ་བཞིན་ས་གནས་མི་མང་སོགས་ནས་ལྷན་ཞུགས་གནང་གི་ཡོད་པ་རེད་འདུག གཞི་རྩའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་གྲུབ་རྗེས།  གནངས་ཉིན་ཕྱི་ཚེས་ ༡༡ ཉིན་མཁའ་ལམ་རྒྱུད་ཉི་ཧོང་ཕྱོགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་སྟེ།  ཕྱི་ཚེས་ ༡༤ དང་ ༡༦ ཉིན་ཁུལ་དེའི་གྲོང་ཁྱེར་ Yokohama ནང་དུ་དད་ལྡན་མང་ཚོགས་རྣམས་ལ་ཤེས་རབ་སྙིང་པོ་དང་རྟེན་འབྲེལ་བསྟོད་པ།  དེ་བཞིན་སྒོམ་རིམ་བར་མ་བཅས་ཀྱི་བཀའ་ཆོས་དང་།  འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་བསྩལ་གནང་གི་ཡོད་པ་མ་ཟད།   ཕྱི་ཚེས་ ༡༦ ཉིན་ཁུལ་དེར་ནང་པའི་ཚན་རིག་དང་དེང་དུས་ཚན་རིག་དབར་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་ཡོད་པ་རེད། ཕྱི་ཚེས་ ༡༧ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཉི་ཧོང་གི་རྒྱལ་ས་ Tokyo ནང་དུ་གནས་བཞུགས་གཞོན་སྐྱེས་ཚོ་ལ་ We Are One Family འམ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་རེད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱི་ཚེས་ ༡༨ ཉིན་ཉི་ཧོང་གི་ Chiba ས་གནས་སུ་ཤེས་རབ་སྐྱེད་ཚལ་གླིང་ལྟེ་གནས་ཁང་དབུ་འབྱེད་མཛད་རྒྱུ་སོགས་ཀྱི་མཛད་ཕྲིན་རྒྱ་ཆེ་བསྐྱང་གི་ཡོད་པ་རེད།

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པ་གཏན་འབེབས་ཀྱིས་བགྲོ་གླེང་མཛད་འདུག

ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པའི་མཐའ་མའི་གཏན་འབེབས་ཀྱིས་བགྲོ་གླེང་མཛད་འདུགབགྲོ་གླེང་དེའི་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གཙོས་ཚོགས་མི་རྣམས་དང་། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལག་བསྟར་རྩོམ་སྒྲིག་པ་རྣམ་པ། གཞན་ཡང་༸གོང་ས་མཆོག་གི་རྒྱ་སྐད་གསུང་བསྒྱུར་འཇམ་དབྱངས་རིན་ཆེན་ལགས་དང་། ཨིན་བསྒྱུར་ལོ་ཙཱ་བ་བདེ་ཆེན་ལགས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་བཤེས་རྣམ་པ་བཞི་དང་ཟུར་ཉན་ཁག་ཅིག་བཅས་ལྷན་བཞུགས་གནང་འདུགབགྲོ་གླེང་གི་ཐོག་མ་དེར་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལག་བསྟར་གྱི་རྩོམ་སྒྲིག་པ་དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་། དགའ་ལྡན་བྱང་རྩེའི་དཔྱི་ས་རིན་པོ་ཆེ། དེ་བཞིན་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་ལགས་དང་། བློ་གླིང་དགེ་བཤེས་ངག་དབང་སངས་རྒྱས་ལགས་བཅས་ནས་ས་བཅད་ཆ་བགོས་ཐོག་ལྟ་གྲུབ་ཀུན་བཏུས་ཀྱི་བརྗོད་དོན་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་པར་བསྐྲུན་ཟིན་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་དང་པོ་དང་གཉིས་པ་དེ་དག་བོད་ཡིག་ཙམ་མ་ཟད། དབྱིན་སྐད་དང་རྒྱ་སྐད་སོགས་ཀྱི་ཐོག་ཕབ་བསྒྱུར་གནང་ཐུབ་པ་དེས་འགྲོ་བ་སྤྱིའི་བདེ་དོན་ཐོག་ལ་ཕན་ཐོགས་་ཆེན་པོ་བསྒྲུབས་ཡོད་པ་དང་། ལྷག་པར་དུ་དཔེ་དེབ་དེ་དག་ཐོག་ལ་རྒྱ་ནག་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སློབ་དཔོན་དང་ཤེས་ལྡན་མི་སྣ། དེ་བཞིན་ཚན་རིག་མཁས་པ་དང་མཐོ་རིམ་སློབ་མ་སོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པ་སོགས་བཀའ་འགྲེལ་དང་སྦྲགས། ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ད་ལྟའི་དུས་ལ་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཅན་ཞིག་ཡིན་པ་བཀའ་བསྩལ་འདུགགཞི་རྩའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་དེ་དག་༸གོང་ས་མཆོག་ནས་རྒྱུན་དུ་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་པའི་ཆོས་ཀྱི་ལག་ལེན་ཞེས་རིམ་པ་གསུམ་དུ་དབྱེ་རུང་བ་དང་། དེ་དག་ཁྲོད་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ནང་པ་ཙམ་མ་ཟད། འཛམ་གླིང་ཀུན་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད་པ་སོགས་ཀྱི་བཀའ་སློབ་བསྩལ་དོན་ལྟར། གདན་ས་ཁག་གི་དགེ་བཤེས་ཁག་ཅིག་ནས་ལོ་མང་སྐུ་ངལ་བསྐྱོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆ་ལ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་དང་པོ་དང་གཉིས་པ་པར་བསྐྲུན་ཟིན་ཏེ་དབྱིན་ཡིག་དང་རྒྱ་སྐད་སོགས་སྐད་ཡིག་མི་ཉུང་བ་ཞིག་གི་ཐོག་ཕབ་བསྒྱུར་གནང་དང་གནང་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། ད་རེས་༸གོང་ས་མཆོག་དང་ལྷན་དུ་གྲོས་བསྡུར་མཛད་པའི་གླེགས་བམ་གསུམ་པ་དང་བཞི་པ་དེ་ནི་ནང་པའི་གཞུང་ནས་གསུངས་པའི་གྲུབ་མཐའ་དང་ལྟ་གྲུབ་སྐོར་ཆགས་ཀྱི་འདུག    

ང་ཚོ་ཕྱོགས་གཉིས་ཀས་རྒྱ་ནག་ལས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཡོང་བར་སྒུག་བཞིན་ཡོད།  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་ཐེ་ཝན་དུ་འགྲོ་རྒྱུར་གྲ་སྒྲིག་ཡོད་ལ། ང་ཚོ་ཕྱོགས་གཉིས་ཀས་རྒྱ་ནག་ལས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཡོང་བར་སྒུག་བཞིན་ཡོད་ཅེས་བཀའ་བསྩལ་འདུགདེའང་ཉེ་ལམ་བཞུགས་སྒར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དབར་ཉིན་གྲངས་གསུམ་གྱི་རིང་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཐོག་ཆེས་ཐོག་མའི་བགྲོ་གླེང་གནང་བ་དང་བསྟུན། ཐེ་ཝན་ CTS གསར་ཁང་གིས་ཉིན་མཐའ་མའི་བགྲོ་གླེང་དབུ་འཛུགས་མ་གནང་གོང་དུ་༸རྒྱལ་བའི་ཕོ་བྲང་དུ་མགོན་པོ་༸གང་ཉིད་མཆོག་ལ་ཐེ་ཝན་དུ་ཆིབས་བསྒྱུར་མཛད་འཆར་ཡོད་མེད་སྐོར་བཀའ་འདྲི་ཞུས་འདུགསྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་མཛད་རྒྱུར་གྲ་སྒྲིག་ཡོད་པ་དང་། ༸གང་ཉིད་མཆོག་དང་ཐེ་ཝན་གྱི་དད་ལྡན་ཚོའི་ངོས་ནས་ཀྱང་རྒྱ་ནག་ལས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཡོང་བར་ཐུགས་རེ་གནང་བཞིན་ཡོད་པ་དེ་ལྟར་ཡང་། ཐེ་ཝན་བ་ཚོའི་ཕྱོགས་ནས་ཏོམ་ཙམ་སྟབས་བདེ་མེད་པ་ལྟར་༸གང་ཉིད་མཆོག་ལའང་དེ་འབྲེལ་དཀའ་ཚེགས་ཕྲན་བུ་ཡོད་སྐོར་བཀའ་བསྩལ་དང་ཆབས་ཅིག མ་འོངས་པར་གང་བྱུང་མིན་ནི་ཚོད་དཔག་དཀའ་བ་ཞིག་ཡིན་པར་བཀའ་བསྩལ་མཛད་འདུག རྩ་བའི་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཐེ་ཝན་གྱི་རྒྱ་རིགས་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་ལྷན་ཞུགས་གནང་ཡོད་པ་དང་། ཁོང་གིས་ལྷན་ཚོགས་མཇུག་ཏུ་༸གོང་ས་ཐེ་ཝན་དུ་ཆིབས་བསྒྱུར་མཛད་རྒྱུར་དགའ་བསུ་ཡོད་པ་དང་ཁུལ་དེར་འདི་ལྟ་བུའི་བགྲོ་གླེང་ཞིག་ཀྱང་ཚོགས་ཐུབ་པར་ཐུགས་རེ་ཡོད་སྐོར་གསུངས་ཡོད།

རྒྱལ་སྤྱིའི་ཚན་རིག་ལྷན་ཚོགས་ཤིག་ཆེད་བསྐོང་གནང་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དེ་རིང་ཟླ་ ༡༡ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ནས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་ཁག་ཅིག་དབར་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་ཉིན་མཐའ་མའི་བགྲོ་གླེང་ལེགས་གྲུབ་ངང་མཇུག་སྒྲིག་གནང་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོའི་ཚོགས་དུས་ཐོག་ང་རང་ཚོའི་ངོས་ནས་འགྲོ་བ་མིའི་བསམ་བློ་དེ་ངེས་པར་དུ་འགྱུར་བཅོས་གཏོང་དགོས་གལ་ཡིན་པ་དང་། དེའང་ང་ཚོས་ཇི་ལྟར་བྱས་ནས་རང་གཅེས་འཛིན་གྱི་བསམ་བློ་དེ་དོར་དགོས་པའི་ཐད་ལ་དགོངས་པ་བཞེས་དགོས། དེ་ནི་ཧ་ཅང་གི་གནོད་འཚེ་ཅན་ཞིག་ཡིན་པ་མ་ཟད་དེ་བཞིན་དེང་སྐབས་དཀའ་ངལ་འཕྲད་བཞིན་པའི་གོ་ལའི་ཚ་དྲོད་དེ་དག་མིའི་བསམ་བློ་དང་ཆེས་འབྲེལ་བ་ཡོད་སྐོར་སོགས་ལམ་སྟོན་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་མ་འོངས་པར་རྒྱལ་སྤྱིའི་ཚན་རིག་ལྷན་ཚོགས་ཤིག་ཆེད་བསྐོང་གནང་དགོས་པ་དང་དེའང་གོ་ལའི་ཚ་དྲོད་དང་གནས་བབ་སོགས་ལ་སྨིན་པའི་ང་ཚོས་གང་བྱ་རྒྱུ་ཡོད་པའི་ཀ་ཁ་ག་ང་ཞེས་སྡེ་ཁག་འཆར་འགོད་ཐོག་ནས་དངོས་ཀྱི་གྲུབ་དོན་སོན་པར་ཕན་ནུས་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་ཐུབ་ཚེ་གཏན་གཏན་འགྱུར་བ་འགྲོ་ངེས་ཡིན་པར་བཀའ་བསྩལ་སོང་། ད་དུང་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོས་ཕྱིའི་གནས་ལུགས་དང་འབྲེལ་བའི་ཚད་རྡུལ་དངོས་ཁམས་རིག་པ་སོགས་ཀྱི་ཐོག་ཕན་ཚུན་དབར་གླེང་སློང་བྱེད་བཞིན་ཡོད་པ་རེད། དེ་དག་ནང་སེམས་ཀྱི་བདེ་སྡུག་དང་འབྲེལ་ནས་ཡོད་པ་ཞིག་ཡིན་སྟབས། ནང་བསམ་བློའི་ཐོག་ལ་དམིགས་བསལ་གོ་བསྡུར་གནང་ཐུབ་ཚེ་ལེགས་པོ་ཡོད་སྐོར་ལམ་སྟོན་མཛད་ཡོད། དེ་རིང་བགྲོ་གླེང་གི་ལས་ཉིན་མཐའ་མ་དང་འབྲེལ་གསུང་བཤད་གནང་མཁན་དང་ཚོགས་བཅར་བ་རྣམས་ལ་དམིགས་བསལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཕུལ་དོན་ལྟར་གསུང་བཤད་པ་ཞིག་གིས་ཚད་རྡུལ་དངོས་ཁམས་ནས་བཤད་པ་དེ་དག་༸གོང་ས་མཆོག་གིས་ཉམས་བཞེས་གནང་བའི་དཔྱད་སྒོམ་དང་འབྲེལ་བ་གང་ཡོད་མེད་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་སྟོང་པ་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་པོ་ནི་༸གང་ཉིད་མཆོག་གི་ཉམས་བཞེས་ཀྱི་གཙོ་བོ་ཡིན་པ་དང་། ༸གང་ཉིད་མཆོག་ནས་སྟོང་ཉིད་ཀྱི་ལྟ་བ་རྟོགས་ཡོད་པ་བཀའ་བསྩལ་མཛད་ཡོད་པ་རེད། དེ་རིང་གི་བགྲོ་གླེང་ཚོགས་འདུའི་མཇུག་ཏུ་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་གིས་༸གོང་ས་ཐེ་ཝན་དུ་ཕེབས་པར་དགའ་བསུ་ཡོད་པ་དང་འདི་ལྟ་བུའི་བགྲོ་གླེང་ལྷག་ཚོགས་ཚོགས་ཐུབ་པར་ཐུགས་རེ་ཡོད་སྐོར་ཞུས་སོང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་དབུ་བཞུགས་དང་གསུང་བཤད་གནང་ཡོད་པ་མ་ཟད། རྒྱརིགས་ཚན་རིག་པ་སྐུ་ཞབས་ Shih Chang Lee ལགས་དང་། Chii Dong Chen ལགས། Yueh Nan Chen ལགས། དེ་བཞིན་ Shawn Y.Lin ལགས། Ting Kuo Lee ལགས། Maw Kuen Wu ལགས། Albert M.Chang ལགས། དེ་བཞིན་ Chung Yuan Mon ལགས་བཅས་ནས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་༸སྐུའི་དབྱིན་སྐད་གསུང་སྒྱུར་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་ལགས་སུ་ཐེངས་འདིའི་བགྲོ་གླེང་སྤྱི་ཡོངས་ཐོག་ལ་བཀའ་འདྲི་ཞུས་ཡོད། རྩ་བའི་༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་ཁག་ཅིག་དབར་ཚད་རྡུལ་དངོས་ཁམས་རིག་པའི་བགྲོ་གླེང་ཆེས་ཐོག་མ་འདི་ཏཱ་ལའི་བླ་མའི་དགེ་རྩེ་ཁང་གིས་གོ་སྒྲིག་དང་མཐུན་འགྱུར་གནང་བ་ཞིག་ཡིན་པ་རེད།

Latest news