Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ལྷ་ས་སྟོད་ལུང་བདེ་ཆེན་མང་ཚོགས་ལ་ཁ་བྲལ་གྱི་གནད་དོན་མི་ཡོང་བ་བྱེད་དགོས་པའི་སློབ་གསོ་སྤྲད་འདུག

དེ་རིང་ཟླ་ ༡༡ ཚེས་ ༢༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་ནས་བོད་མི་ཞིག་གིས་འདི་གར་དྲྭ་ལམ་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་དོན། དེང་སྐབས་བོད་ནང་རྒྱ་གཞུང་གིས་སྔར་ལས་ལྷག་པའི་དམ་དྲག་དང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་རྫོགས་རྒྱུ་དང་ཚར་རྒྱུ་མེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཆབ་སྲིད་སློབ་གསོའི་ཚོགས་འདུ་ཡང་ཡང་ཚོགས་ཐོག་མང་ཚོགས་ལ་སུན་གཙེར་ཚད་མེད་བཟོ་བཞིན་ཡོད་མ་ཟད། གལ་ཏེ་ཚོགས་འདུར་མ་བཅར་ཚེ་ཆད་པ་གཅོད་པ་དང་ཡང་ན་མི་དེར་ཆབ་སྲིད་ཀྱི་ཉེས་པ་ཕོག་ཉེན་ཡོད་སྐོར་གསུངས་སོང་བ་དང་ཆབས་ཅིག ཉེ་ལམ་ཟླ་བ་འདིའི་ཟླ་དཀྱིལ་དུའང་ལྷ་སའི་སྟོད་ལུང་བདེན་ཆེན་རྫོང་བདེ་ཆེན་གྲོང་ལ་ས་ཁུལ་དེའི་བོད་རིགས་གུང་ཁྲན་ཏང་མི་རྣམས་བཙན་དབང་གིས་བསྐོངས་ནས་ཁ་བྲལ་རིང་ལུགས་པའི་གནོད་འཚེ་ཆེ་ཆུང་གང་ཡང་ལྷག་མི་ཆོག་པའི་ནན་བཤད་བྱས་པ་མ་ཟད་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཟེར་བ་སོགས་ཀྱི་དོན་ཚན་ཁག་གཅིག་གི་ཐོག་སློབ་སྦྱོང་བྱེད་བཅུག་འདུགསྣང་ཆེན་བཞི་ཟེར་བ་ནི་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་ལ་སྣང་ཆེན་གྱི་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བཅས་ཡིན་པ་དང་། གཞན་ཡང་ཡོད་པ་ལྔ་དང་ཡག་པ་ལྔ་ཟེར་བ་སོགས་ཀྱི་སློབ་གསོ་སྤེལ་འདུག་པ་མ་ཟད་ཏང་མི་ཁྱོད་ཚོས་སྔོན་ཐོན་གྱི་ནུས་པ་འདོན་དགོས་པ་སོགས་ཀྱི་གཏམ་བཤད་བྱས་འདུགགནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ཉེ་ལམ་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་འཕྲོད་འཆར་ལས་ཁུངས་དང་རྫོང་རིམས་འགོག་ལྟེ་གནས། རྫོང་ཆོས་དོན་ལས་ཁུངས། བོད་རང་སྐྱོང་ལྗོངས་ཨེ་འགོག་དང་བླངས་ཚོགས་ཆུང་བཅས་མཉམ་འབྲེལ་ཐོག་ལྷུན་གྲུབ་རྫོང་རྒྱལ་དགོན་པ་དང་སྣ་དཀར་དགོན་བཅས་ལ་བསྐྱོད་ནས་སྔོན་ཐོན་གྱི་གྲྭ་བཙུན་རྣམ་དག་བྱེད་པར་བརྩོན་དགོས་ཞེས་པའི་མིང་བྱང་འོག་གྲྭ་བཙུན་རྣམས་ལ་རེག་དུག་ནད་གཞི་སྔོན་འགོག་གི་དྲིལ་བསྒྲགས་ལས་དོན་སྤེལ་ཡོད་པའི་འབྲེལ་ཡོད་འདྲ་པར་དང་གནས་ཚུལ་ཡང་མཁོ་སྤྲོད་གནང་ཡོད་ཅིང་། གྲྭ་བཙུན་ཚོར་དེ་ལྟར་གནང་བ་དེ་ཕྱོགས་གཅིག་ནས་ཡག་པོ་ཡིན་ཀྱང་ཕྱོགས་གཞན་ནས་དམའ་འབེབ་དང་ཁྱད་གསོད་ཡིན་པའི་བསམ་ཚུལ་བརྗོད་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག དེང་སྐབས་བོད་ནང་དམ་དྲག་ཇི་ཆེ་དང་མང་ཚོགས་ཀྱི་འཚོ་བར་ཡང་སྔར་དང་མི་འདྲ་བའི་དཀའ་ངལ་ཆེ་རུ་འགྲོ་བཞིན་འདུག་ཅེས་གསུངས་སོང་།གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་འདི་གར་གཞིས་ལུས་བོད་མི་ཚོས་དམ་དྲག་དང་དཀའ་སྡུག་འོག་དུས་གཏན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྲན་བཞིན་ཡོད་པ་དང་༸གང་ཉིད་མཆོག་གང་མགྱོགས་ཕོ་བྲང་པོ་ཏ་ལར་༸ཞབས་སོར་འཁོད་ཐུབ་པའི་ཆེད་དུས་གཏན་དུ་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད་སྐོར་གྱི་རྩོམ་ཡིག་གནང་སོང་། སྐྱབས་མགོན་དྲན་པའི་སྨྲེ་སྔགས། སྙིགས་དུས་ཀྱི་འགྲོ་བར་ལམ་སྟོན་གྱི་ཆོས་མེ་སྤར་མཁན་སྐྱབས་མགོན་ལགས། དྭ་ཕྲུག་ཁྲི་མ་འབུམ་གྱིས་རེ་བལྟོས་དང་འདུན་པ་བཅང་བའི་སེམས་ཀྱི་སྐྱབས་མགོན་ལགས། ངས་ཁྱེད་ལ་སྨྲེ་སྔགས་སེམས་ཀྱི་མཆོད་པ་འབུལ། ཞོགས་པ་ལྷ་བསང་གཏོང་དུས་རླུང་རྟ་དགུང་ལ་མཆོད་ནས། ཁྱེད་ཀྱི་སྐུ་ཚེ་དགོངས་བཞེད་ཇི་བཞིན་བརྒྱ་དང་བཅུ་གསུམ་བཞུགས་པར་སྨོན། ཀི་བསྭོ་ཡིས་བསྟོད་པའི་དུ་སྤྲིན་ཁྲོད་དུ་གསོལ་འདེབས་དང་སྨོན་ལམ་མང་པོ་རྒྱབ་ཡོད། ཡུན་རིང་དུ་བྲལ་བའི་རྒྱང་རིང་གི་ཡབ་ཆེན་ལགས། ཁྱེད་རང་སྐུ་ཁམས་བདེ་ལགས་སམ། རང་རྒྱལ་གྱི་དྲོད་འཁོལ་སྟོངས་བའི་གཞིས་ལུས་ཕུ་ནུ་མིང་སྲིང་ཚོས་སེམས་ཀྱི་བླ་མ་སྒུག་ཡོད། ཁྱེད་ནམ་ཡང་མ་བརྗེད་པར་ངང་སྒུག་བྱས་ཡོད། མིག་ཟུང་མཆི་མས་བརླན་ནས་སྒུག་ཡོད། ལག་ཟུང་སྙིང་ཁར་བཀོད་དེ་སྒུག་ཡོད། སྐུ་ཚེ་མི་འགྱུར་རི་རྒྱལ་ལྷུན་པོ་བཞིན་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་ཡོད་དོ་ཅོག་འགྲུབ་ནས་མྱུར་དུ་རི་བོ་གྲུ་འཛིན་གྱི་ཞིང་འདིར་༸ཞབས་སོར་འཁོད་རྒྱུའི་སྨོན་ལམ་ཁྲི་ཕྲག་གིས་བསུ། རེ་སྒུག་ནས་གཞིས་ལུས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཕུལ།།

༸གོང་ས་མཆོག་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཉིན་གྲངས་བཅུ་ཙམ་རིང་གི་ཆོས་འབྲེལ་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཏེ་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་སོང་། ཁ་སང་ཉིན་རྒྱབ་ཚོུད་ ༡ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་གིས་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་སོགས་ཆེད་བཅར་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་གསར་འགོད་པའི་བཀའ་འདྲིར་བཀའ་ལན་སྩལ་བར་ཉེ་ལམ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་ཁྲི་རབས་བདུན་པ་མཆོག་སྐུ་ཞི་བར་གཤེགས་པའི་གནས་ཚུལ་བྱུང་བར་བརྟེན་ད་ཆ་བོད་ཀྱི་ཆོས་བརྒྱུད་ཁག་གི་ཚོགས་ཆེན་འཚོགས་ན་འཚམ་པོ་མེད་པས་ཕྱིར་འགྱངས་གནང་བ་རེད་ཅེས་བཀའ་བསྩལ་འདུག བཞུགས་སྒར་དུ་ཆིབས་བསྒྱུར་མཛད་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དུག་སྤོས། ཞུགས་ཏོག་བཅས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་ཐོག་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།གཞི་རྩའི་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་ཁུལ་དུ་ཟླ་ ༡༡ ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཚེས་ ༢༣ བར་ཁྱོན་ཉིན་གྲངས་བཅུ་ཙམ་གྱི་རིང་བཞུགས་ཞག་མཛད་འཕྲིན་བསྐྱངས་པའི་ཁྲོད་ཚེས་ ༡༤ ནས་ ༡༦ བར་ཡོ་ཁོ་ཧཱ་མ་གྲོང་ཁྱེར་དུ་བཀའ་ཆོས་དང་བཀའ་དབང་། དེ་བཞིན་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་མ་ཟད། ཚེས་ ༡༧ ནས་ ༡༨ བར་ Tokyo ནང་ཡོད་པའི་ཤེས་རབ་སྐྱེད་ཚལ་གླིང་སློབ་གཉེར་ཁང་དང་སྐུ་ཚབ་དོན་གཅོད་ཁང་། ཉི་ཧོང་བོད་ཁང་དང་སོག་པོའི་རིག་གཞུང་ལྟེ་གནས་ཁང་བཅས་ནས་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཊོག་ཡོ་མི་མང་ ༢༠༠༠ ཙམ་ལ་ང་ཚོ་ཁྱིམ་ཚང་གཅིག་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ་དང་ཚེས་ ༡༨ ཉིན་ཤེས་རབ་སྐྱེད་ཚལ་གླིང་སློབ་གཉེར་ཁང་གི་ཚོགས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ་ཏེ་དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་མཛད་ཡོད་པ་རེད།དེ་བཞིན་ཚེས་ ༡༩ ནས་  ༢༢ ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དང་མཇལ་འཕྲད་དང་ཁུལ་དེར་གནས་བཞུགས་བོད་མི་དང་འབྲུག་པ། ཧི་མཱ་ལ་ཡའི་མི་རིགས་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་འབྲེལ་བཀའ་འགྱུར་བསྟན་འགྱུར་ཐད་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་པ་མ་ཟད་ཉི་ཧོང་གི་ལྷོ་ཕྱོགས་སུ་དེ་སྔ་ས་འགུལ་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་སླད་མཆོད་འབུལ་སྨོན་ལམ་ཐོག་དབུ་བཞུགས་མཛད་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལ་གཞིགས་ན། རིན་མིན་ཕྱི་ཟླ་ ༡༢ ཚེས་ ༣ ནས་ ༥ བར་རྒྱ་གར་ཨུ་ཏར་མངའ་སྡེའི་སན་ཀི་སའམ་ལྷ་བབས་ཀྱི་གནས་སུ་རྒྱ་གར་གཞོན་ནུ་ནང་ཆོས་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྲས་ཆནེ་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀྲིན་བསྩལ་རྒྱུ་དང་། དེ་རྗེས་རྒྱལ་ས་ལྡི་ལི་དང་མུམ་བའེ་ནང་ཆིབས་བསྒྱུར་གྱིས་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་ནང་བཀའ་སློབ་བཀྲིན་བསྩལ་རྒྱུ་མ་ཟད། ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་༸གོང་ས་མཆོག་མུམ་བའེ་ནས་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གནད་དུ་༸ཞབས་སོར་བདེ་བར་འཁོད་ཀྱི་ཡོད་པ་དང་འབྲེལ་རིས་མེད་དྲང་ངེས་མཁས་པའི་བགྲོ་གླེང་དང་དེ་བཞིན་རྒྱལ་སྤྱིའི་བཀའ་སྡེ་སྣོད་གསུམ་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ་མ་ཟད། ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་དང་ལག་ལེན་སོ་བདུན་མ། གཞན་ཡང་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲིས་ལྷུན་པོར་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་འཕྲོ་སྐྱོང་བཀྲིན་སྩལ་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད་པ་རེད། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་ཚོགས་སྡེ་ཁག་གཅིག་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག

༧གོང་ས་མཆོག་ཉི་ཧོང་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་ལ་ཆིབས་ཞལ་བསྒྱུར་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཉིན་གྲངས་བཅུ་ལྷག་གི་མཛད་འཕྲིན་ཁག་ལེགས་གྲུབ་མཛད་ནས་དེ་རིང་སྔ་ཐོག་ཁུལ་དེའི་ཚོུད་ ༩.༤༥ ཐོག་ཉི་ཧོང་གི་ལྷོ་ནུབ་གྲོང་ཁྱེར་ Fukuoka ནས་མཁའ་ལམ་བརྒྱུད་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་འདུག རྩ་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༡༢ ཉིན་ཉི་ཧོང་དུ་༸ཞབས་དོར་བདེ་བར་འཁོད་པ་དང་འབྲེལ། ཚེས་ ༡༤ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཁྱོན་ཉིན་གྲངས་བཅུ་ལྷག་གི་རིང་ཁུལ་དེའི་ Yokohama དང་ Tokyo གཙོས་པའི་ Chiba ས་གནས་སུ་དད་ལྡན་མང་ཚོགས་ལ་བཀའ་ཆོས་དང་གཞོན་སྐྱེས་ཚོར་བཀའ་སློབ། ཆཱི་སྦ་གྲོང་ཁྱེར་དུ་ཡོད་པའི་ཤེས་རབ་སྐྱིད་ཚལ་གླིང་སློབ་གཉེར་ཁང་གི་ཚོགས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་པ་དང་ཉི་ཧོང་གི་རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་དང་ཁུལ་དེའི་ནང་གི་ Think Tank འམ་བསམ་བློ་བའི་བཅར་འདྲི་ཁག་ཅིག་དང་ལེན་མཛད་ཡོད་པ་མ་ཟད། ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དང་མཇལ་འཕྲད་དང་། ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས། དེ་བཞིན་ཉི་ཧོང་ནང་གནས་བཞུགས་བོད་མི་དང་འབྲུག་པ། དེ་བཞིན་ཧི་མཱ་ལ་ཡའི་མི་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་མཛད་པ་དང་ལྷག་དོན་༸གོང་ས་མཆོག་ནས་ཁ་སང་ཉི་ཧོང་གི་ལྷོ་ཕྱོགས་སུ་དེ་སྔ་ས་འགུལ་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་སླད་འཆོད་འབུལ་སྨན་ལམ་ཐོག་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཆར་དུ་མ་བསྐྱངས་གནང་མཛད་ཡོད་པ་རེད། མཛད་འཆར་ལྟར་ན། ༸གོང་ས་མཆོག་དེ་རིང་ཉི་ཧོང་གི་གྲོང་ཁྱེར་ Fukuoka  ནས་སིངྒ་པུར་བརྒྱུད་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དེ་སང་ཉིན་ཉིན་རྒྱབ་ལྡི་ལིར་༸ཞབས་སོར་འཁོད་གནང་གི་འདུག་པ་དང་ཁུལ་དེར་ཉིན་གཅིག་བཞུགས་གཞག་མཛད་དེ་ཚེས་ ༢༥ ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཐོན་གནང་གི་འདུག

༸གོང་ས་མཆོག་ནས་ཉི་ཧོང་དུ་འབྱུང་བའི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཐོག་དབུ་བཞུགས་མཛད་པ།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་དེ་སྔ་ཉི་ཧོང་གི་ཁུལ་དུ་འབྱུང་བའི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་སླད་དུ་མཆོད་འབུལ་སྨོན་ལམ་ཚོགས་འདུག ཉི་ཧོང་གྱི་ལྷོ་ངོས་སུ་ཡོད་པའི་ Fukuoka ཞེས་པའི་རྫོང་དུ་རྟེན་གཞི་བྱས་པའི་མ་དགོན་ Tochoji ནང་༸གོང་ས་མཆོག་དབུ་ཞུགས་ཀྱིས་གཙོས་པའི་སེར་སྐྱ་མང་ཚོགས་ ༡༥༠༠ ལྷག་འདུ་འཛོམས་གནང་ཐོག་དེ་སྔ་ལོ་གཉིས་ཀྱི་གོང་དུ་ཉི་ཧོང་ Kumanmoto ས་ཁུལ་དུ་ས་འགུལ་ཤུགས་ཆེའི་དོན་རྐྱེན་འོག་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པ་མ་ཟད། འདི་ལོར་ཉི་ཧོང་གི་ས་གནས་མང་དག་ཞིག་ལ་དྲག་ཆར་རླུང་འཚུབ་དང་ཆུ་ལོག་སོགས་ཀྱི་དོན་རྐྱེན་འོག་གནོད་འཚེ་ཚབས་ཆེ་བྱུང་བ་རྣམས་ཀྱི་ཆེད་དུ་བདེ་སྨོན་དང་ཤེས་རབ་སྙིང་པོ་གསུང་འདོན་མཛད་པ་དང་། ཉི་ཧོང་པ་ཚོས་ཀྱང་མ་ཎི་དང་ཉི་ཧོང་གི་སྐད་དུ་ཤེས་སྙིང་པོ་གསུང་འདོན་གནང་ཐོག་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་རང་འབྱུང་གི་གོད་ཆག་ཕོག་པའི་ནང་མི་ཚོར་ཐུགས་གསོ་མཛད་པ་དང་ཆབས་ཅིག་ཏུ་ཉི་ཧོང་དེ་བཞིན་ནང་པའི་ལུང་པ་ཞིག་ཡིན་པ་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་མཁན་ཤ་སྟག་ཡིན་སྟབས། ཤེས་རབ་སྙིང་པོ་ཁ་ནས་འདོན་པ་ཙམ་མ་ཡིན་པར་དེའི་དོན་རྟོགས་པའི་ཐོག་ནས་གསུང་འདོན་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་སློབ་བསྩལ་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་ཟླ་བ་འདིའི་ཚེས་ ༡༤ ཉིན་ཉི་ཧོང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་འབྲེལ། ཚེས་ ༡༧ ནས་དབུ་འཛུགས་ཀྱིས་ཡུལ་དེའི་མང་ཚོགས་ལ་ཆོས་འབྲེལ་དང་། བཀའ་སློབ། གྲོས་ཚོགས་འཐུས་མི་ཁག་གཅིག་མཇལ་འཕྲད་སོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱངས་ཡོད་པ་དང། སང་ཉིན་༸གོང་ས་མཆོག་ཉི་ཧོང་ནས་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གནང་རྒྱུ་ཡིན་པ་རེད།

བོད་མི་དང་འབྲུག་པ་ཚོས་བཀའ་བསྟན་ཐོག་བསླབ་པ་སློབ་གཉེར་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་དེ་རིང་ཉི་ཧོང་ནང་གནས་བཞུགས་བོད་མི་དང་འབྲུག་པ། དེ་བཞིན་ཧི་མཱ་ལ་ཡའི་མི་རིགས་ཁག་གཅིག་ལ་མཇལ་ཁ་བསྩལ་བ་དང་འབྲེལ་བཀའ་འགྱུར་བསྟན་འགྱུར་ཐད་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་གནས་བཞུགས་བོད་མི་དང་འབྲུག་པ།  དེ་བཞིན་ཧི་མཱ་ལ་ཡའི་མི་རིགས་རྣམས་ལ་བོད་ནང་ནང་པའི་ཆོས་དར་ཚུལ་བཀའ་བསྩལ་བ་དང་འབྲེལ།  ནཱལེནྡཱའི་ཆོས་བརྒྱུད་ཀྱི་རིན་ཐང་སྐོར་བཀའ་སློབ་བསྩལ་བ་མ་ཟད་དེ་སྔ་དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་ནས་ནང་པའི་ཆོས་བརྒྱུད་དར་ཁྱབ་བྱུང་བ་ནས་བཟུང་བོད་ཀྱི་དགོན་སྡེ་ཆེ་ཁག་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་ཁ་ཡོད་ལག་ཡོད་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་དང་།  ངེས་པ་དོན་གྱི་ཐོག་ནས་ནཱ་ལེནྡཱའི་མཁས་པའི་དབང་པོ་རྣམས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་རྣམས་ལས་རྩ་བ་བློ་འཛིན་དང་། འགྲེལ་པ་དག་ཚིག་རེ་རེ་བཞིན་གནང་ཐོག་ཚད་མ་རིག་པ་དང་འབྲེལ་ནས་རྟགས་གསལ་གནང་ཐོག་ནཱ་ལེནྡཱའི་ཆོས་བརྒྱུད་དངོས་སུ་ལག་ལེན་དུ་འཁྱོལ་ཡོད་སྐོར་བཀའ་བསྩལ་འདུག ལྷག་དོན་ད་ཆ་འཛམ་བུ་གླིང་ཐོག་དེ་འབྲེལ་ལམ་སྟོན་དེ་ལྟར་གནང་མཁན་བོད་ལས་མེད་སྟབས་དེ་ནི་བོད་མི་རིགས་ཀྱི་གཟི་བརྫིད་ཞིག་ཡིན་པར་བཀའ་བསྩལ་བ་དང་ཕྱོགས་མཚུངས་བོད་མི་དང་འབྲུག་པ། དེ་བཞིན་ཧི་མཱ་ལ་ཡའི་མི་རིགས་ཁག་གཅིག་ལ་མཇལ་ཁ་བསྩལ་བ་དང་འབྲེལ་བཀའ་འགྱུར་བསྟན་འགྱུར་ཐད་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་པར་ལམ་སྟོན་ནན་པོ་མཛད་འདུག དེ་བཞིན་༸གང་ཉིད་མཆོག་ནས་ནང་པ་ཚོས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་པ་དང་།  དེ་སྔ་ཡིན་ན་བོད་མི་རྣམས་ནས་གཟུངས་སྔགས་འདོན་ཐོག་སྐྱབས་སུ་མཆི་ཟེར་ནས་འགྲོ་བ་མ་གཏོགས་ཕྱག་དཔེ་གཟིགས་མཁན་དཀོན་པ་དང་།  བར་སྐབས་ཤིག་ནས་༸གང་ཉིད་མཆོག་གིས་བཙུན་མ་དང་སྐྱ་བོ་ཚོས་ཕྱག་དཔེ་གཟིགས་གལ་ཡིན་པར་འབོད་སྐུལ་མཛད་དོན་ལྟར། ད་ཆ་བཙུན་མའི་ནང་ནས་དགེ་བཤེས་མ་ཐོན་མཁན་མང་པོ་བྱུང་ཡོད་སྐོར་དང་།    སངས་རྒྱས་པའི་ཆོས་ཟེར་དུས་རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་ཐོབ་པ་བྱེད་གལ་ཡིན་པ་དང་།  དུས་རབས་ཉེར་གཅིག་པའི་ནང་པ་ཆགས་པར་ཕྱག་དཔེར་སློབ་གཉེར་བྱེད་དགོས་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག གཞན་ཡང་༸གོང་ས་མཆོག་ནས་ཁུལ་དེའི་གྲོས་ཚོགས་ཚོགས་ཁང་དུ་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དང་མཇལ་འཕྲད་གནང་ཡོད་པ་དང་།  གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པར་རྒྱ་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་ཞུས་པ་མ་ཟད་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་བོད་ཀྱི་གནད་དོན་གླེང་རྒྱུ་དང་།   དེ་བཞིན་ཨ་རི་ནས་བོད་དོན་དང་འབྲེལ་ནས་གྲོས་ཆོད་འཇོག་བཞིན་པ་ལྟར། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ངོས་ནས་ཀྱང་བོད་དོན་གྱི་གནད་དོན་དང་འབྲེལ་ནས་གྲོས་ཆོད་བཞག་ཐོག་ཉི་ཧོང་གཞུང་ལ་འབོད་སྐུལ་དང་།  བོད་དོན་ཐད་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་རྒྱུའི་སྙན་གསེང་ཞུས་ཡོད་པ་རེད། མཛད་འཆར་ལྟར་ན།  སང་ཕྱི་ཚེས་ ༢༡ ཉིན་༸མགོན་པོ་གང་ཉིད་མཆོག་ Tokyo  ནས་ཆིབས་ཞལ་བསྒྱུར་ཏེ་ཉི་ཧོང་གི་ལྷོ་ཕྱོགས་སུ་དེ་སྔ་ས་འགུལ་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་སླད་མཆོད་འབུལ་སྨོན་ལམ་ཐོག་དབུ་བཞུགས་མཛད་ཀྱི་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་པའི་ཕྱག་འཁྱེར་ཞིག་འབུལ་བཞེས་མཛད་པ།

དེ་རིང་ཟླ་ ༡༡ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་རྒྱལ་ས་ Tokyo ཉེ་འཁྲིས་སུ་ཆགས་པའི་ཆི་བའི་ཁུལ་དུ་རྟེན་གཞི་བྱས་པའི་ Reitaku university ཞེས་པའི་མཐོ་སློབ་ནང་གདན་ཞུས་ཀྱིས་མཁས་དབང་གི་ཕྱག་འཁྱེར་ཞིག་འབུལ་བཞེས་མཛད་ཡོད་པ་དང་། སྐབས་དེར་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་ཁྱོན་མི་གྲངས་ ༡༧༠༠ ལྷག་ཙམ་འདུ་འཛོམས་གནང་འདུགམགོན་པོ་༸གང་ཉིད་མཆོག་ནས་ཉི་ཧོང་འདི་ནང་པའི་ལྟེ་གནས་ཤིག་ཡིན་སྟབས་ནང་པའི་ཆོས་ལ་རྒྱུས་མངའ་ཡོད་པའི་ཐོག་ནས་སློབ་གཉེར་གནང་གལ་དང་། ཁོང་ཁྲོའི་རྐྱེན་པས་ཕན་ཚུན་དབར་དབྱེ་འབྱེད་མེད་པར་བྱམས་དང་བརྩེ་བའི་སྒོ་ནས་ཕན་ཚུན་མཉམ་གནས་དང་འབྲེལ་ཏེ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ལ་འབད་དགོས་པར་ལམ་སྟོན་མཛད་འདུག རྩ་བའི་༸གོང་ས་མཆོག་ནས་ཕྱི་ཚེས་ ༡༧ ཉིན་ཤེས་རབ་སྐྱེད་ཚལ་གླིང་སློབ་གཉེར་ཁང་དང་སྐུ་ཚབ་དོན་ཁང་།  ཉི་ཧོང་བོད་ཁང་། སོག་པོའི་རིག་གཞུང་ལྟེ་གནས་ཁང་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཉི་ཧོང་གི་གྲོང་ཁྱེར་ Tokyo ནང་མི་མང་ ༢༠༠༠ ཙམ་ལ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་རེད།སྐབས་དེར་༸གང་ཉིད་མཆོག་ས་གནས་གང་དུ་ཆིབས་བསྒྱུར་དང་བཀའ་སློབ་སྩལ་བའི་སྐབས་འཛམ་གླིང་ནང་གི་མི་ཐེར་འབུམ་ ༧ ཡོད་པ་དེ་དག་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད་ཅེས་བཀའ་ནན་སྩོལ་བཞིན་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ། ང་ཚོ་མ་མི་ཡིན་པའི་ཆ་ནས་སྲོག་ཆགས་གཞན་ལས་ལྷག་པའི་ཤེས་རབ་འམ་བསམ་བློ་གཏོང་རྒྱུའི་དམིགས་བསལ་ཁྱད་ཆོས་ཡོད་ཀྱང་། སྐབས་རེ་འཚེ་བའི་ལས་ལ་རྣམ་དཔྱོད་དེ་དག་སྤྱོད་ནས་སེམས་ཅན་གཞན་གྱི་བདེ་སྐྱིད་བཅོམ་གྱི་ཡོད་སྟབས་མི་ལ་ལྡན་པའི་ཤེས་རབ་དེ་བདེ་སྤྱོད་ལེགས་ས་ནས་སྤྱོད་དེ་འཛམ་གླིང་ནང་གི་དམག་འཁྲུག་དང་རྡུལ་ཕྲན་གྱི་གཏོར་རྒོལ་སོགས་འགོག་ཐབས་གནང་གནད་ཡིན་པར་ལམ་སྟོན་མཛད་འདུག དེ་བཞིན་ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཤེས་རབ་སྐྱིད་ཚལ་གླིང་སློབ་གཉེར་ཁང་གི་ཚོགས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ། དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་མཛད་འདུག མཛད་འཆར་ལྟར་ན། སང་ཚེས་ ༡༩ ཉིན་ཉི་ཧོང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་ཚོགས་ཁང་དུ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ལམ་སྟོན་བཀའ་སློབ་མཛད་རྒྱུ་ཡིན་པ་རེད།  

༸གོང་ས་མཆོག་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

དེ་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་དང་པོ་སྐོང་ཚོགས་གནང་འདུག དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས་དེ་རིང་སྔ་ཐོག་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མ་ནང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཡུལ་དེའི་ཚད་དངུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་མཁས་དབང་ཁག་ཅིག་སོགས་ཆེད་ཕེབས་ཐོག་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་དབུ་འབྱེད་བཀྲིན་མཛད་པ་དང་ཆབས་ཅིག ༸གོང་ས་མཆོག་གིས་༸གང་ཉིད་མཆོག་༸སྐུ་ན་ཕྲ་བའི་དུས་ནས་ཚན་རིག་ལ་དོ་སྣང་ཡོད་པ་ཙམ་དུ་མ་ཟད། ལྷག་དོན་བཙན་བྱོལ་དུ་ཞབས་སོར་འཁོད་རྗེས་དེང་དུས་ཚན་རིག་པ་དང་མཇལ་འཕྲད་ཀྱིས་རིམ་བཞིན་སེམས་དང་སྲོག་གི་ཚན་རིག་ཐོག་བགྲོ་གླེང་གནང་ནས་དུས་ལྟ་བར་བྱུང་རིམ་ཁག་ཞིབ་རྒྱས་ངོ་སྤྲོད་མཛད་པ་དང་སྦྲགས། དེང་གི་དུས་སྐབས་འདིར་ཕྱི་དངོས་པོའི་ཆ་ནས་ཡར་རྒྱས་ཀྱི་ཚད་གཞི་མཐོ་པོར་སླེབས་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་སེམས་ཚོར་དང་འབྲེལ་བའི་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་སྟབས། ཚན་རིག་པ་ཚོས་ད་ཆ་ཕྱིའི་དངོས་པོ་ཁོ་ནའི་རྣམ་གཞག་ཐོག་དཔྱད་པ་བྱས་པ་ལས་ནང་སེམས་ཀྱི་རྣམ་གཞག་ཐད་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་ལམ་སྟོན་བསྩལ་འདུག ལྷག་དོན་༸གོང་ས་མཆོག་ནས་ད་བར་ནུབ་ཕྱོགས་པའི་ཚན་རིག་མཁས་པ་མང་དག་ཞིག་དང་མཇལ་མོལ་གྱིས་ཨ་རི་དང་ཡུ་རོབ། དེ་བཞིན་རྒྱ་གར་བཅས་རྒྱལ་ཁབ་ཁག་ཅིག་ནང་ནང་པའི་ཚན་རིག་དང་དེང་རབས་དབར་བགྲོ་གླེང་ལྷན་ཚོགས་གང་འཚམ་གནང་ཡོད་ཀྱང་། ཉི་ཧོང་ནང་གི་འདི་བུའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པར་གོ་སྒྲིག་ཚོགས་ཆུང་ལ་དགའ་བསུ་ཞུས་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ང་ཚོ་འགྲོ་བ་མི་རྣམས་ཐོག་མར་ཨ་མའི་བྱམས་སྐྱོང་དང་བརྩེ་བའི་འོག་ནས་འགོ་འཛུགས་ཀྱིས་འཚར་ལོངས་བྱུང་བ་ཞིག་ཡིན་ཡང་། རིམ་བཞིན་བྱིས་པ་དེ་དག་སྤྱི་ཚོགས་ནང་འཚར་ལོངས་བྱུང་སྐབས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས། ལྷག་དོན་ཁོང་རྣམ་པའི་འཚར་ལོངས་ཐོག་དངོས་སུ་ལག་བསྟར་གནང་བཞིན་པའི་ཤེས་ཡོན་སློབ་གསོ་ཁྲོད་མཐོང་ཆོས་སུ་ཡོད་པའི་ཕྱིའི་དངོས་པོ་གནད་དོན་ཙམ་ལས་འགྲོ་བ་མིའི་རང་བཞིན་ངོ་མ་བྱམས་སྙིང་རྗེ་དང་དེ་འབྲེལ་བཟང་སྤྱོད་ཐོག་ལ་རིན་ཐང་མ་གནང་བ་དེ་དེང་གི་ཤེས་ཡོན་སློབ་གསོའི་ཞན་ཆ་ཞིག་ཡིན་སྟབས། ང་ཚོས་ཤེས་ཡོན་སློབ་གསོ་ཁྲོད་འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་སྐོར་སློབ་ཁྲིད་གནང་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག ༸གང་ཉིད་མཆོག་ནས་ད་དུང་དེང་གི་འཛམ་གླིང་ཐོག་འཕྲད་བཞིན་པའི་དཀའ་ངལ་མང་པོ་གཅིག་ནི་བཟང་སྤྱོ་ཀྱི་ལྟ་གྲུབ་མ་འདང་བའི་དབང་གིས་ཡིན་སྐོར་བཀའ་གནང་སྟེ། གང་ཟག་མི་རེ་ངོ་རེ་ནས་འགྲོ་བ་མི་གཅིག་འགྱུར་གི་འདུ་ཤེས་གཞི་རྩར་བཟུང་ཐོག་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་འགན་བསྒྲུབ་དགོས་གལ་ཡིན་པར་བཀའ་བསྩལ་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཉིན་སྔ་ཐོག་༸གོང་ས་མཆོག་ཡོ་ཀོ་ཧ་མ་ནས་Tokyo ཕྱོགས་སུ་ཆིབས་ཐོན་གནང་གི་འདུག

༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧཱ་མ་ནང་ཆེད་དུ་བྱ་བའི་དད་ལྡན་འདུལ་བྱ་ཉི་ཧོང་ས་གནས་མི་མང་གཙོ་གྱུར་ཕྱི་ནང་གི་ཆོས་ཞུ་བ་རྣམས་ལ་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀྲིན་སྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་སྤྱན་རས་གཟིགས་ཀྱི་བཀའ་དབང་གི་སྔོན་འགྲོའི་སྤྱི་བཤད་དང་འབྲེལ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ཚན་ནས་གསང་སྔགས་ཀྱི་ཉམས་ལེན་ཡང་དག་ཡོང་བར་གཙོ་བོ་བསྟན་པ་སྤྱི་མཚན་གྱི་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོད་པ་ཉིད་རྟོགས་པའི་ལྟ་བ་གཉིས་ལ་བློ་སྦྱོང་དགོས་པ་དང་དེ་བཞིན་ཐོས་བསམ་སྒོམ་གསུམ་གནང་ཐོག་གསང་སྔགས་ཀྱི་ཆོས་ཉམས་ལེན་འཕར་མ་ཞིག་གནང་ཚེ་ཉམས་ལེན་ཡང་དག་པ་ཞིག་ཡོང་ངེས་ཡིན་པར་ལམ་སྟོན་བསྩལ་འདུག༸གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་ཆོས་ཞུ་བ་ཚོར་དགེ་བསྙེན་དང་བྱང་ཆུབ་སེམས་བསྐྱེད། དེ་བཞིན་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་དང་འབྲེལ། ༸གང་ཉིད་མཆོག་ནས་ཐུགས་རྗེ་ཆེན་པོའི་དབང་འདི་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་སྐོར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཆོས་འབྲེལ་མཇུག་ཏུ་ཁྱེད་རང་ཚོས་དབང་ཞུས་ནས་སེམས་པ་བཟང་པོ་དང་དྲང་པོ། དེ་བཞིན་མིས་མི་ལ་རོགས་བྱ་རྒྱུ་གལ་ཆེ་བའི་སྐུལ་ལྕག་མཛད་པ་མ་ཟད་སོ་སོའི་ངོ་ཤེས་རྣམས་ལའང་དེ་ལྟར་གནང་དགོས་པའི་ལམ་སྟོན་རྒྱ་ཆེ་མཛད་ཡོད།མཛད་འཆར་ལྟར་ན། སང་ཚེས་ ༡༦ ཉིན་སྔ་ཐོག་༸གོང་ས་མཆོག་ནས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུ་དང་དེ་རྗེ་ཚེས་ ༡༧ ཉིན་ཉི་ཧོང་གི་གྲོང་ཁྱེར་ Tokyo ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ཡོ་ཁོ་ཧཱ་མ་གྲོང་ཁྱེར་དུ་ཉིན་གསུམ་གྱི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༡ ཚེས་ ༡༤ ཉིན་ཉི་ཧོང་གི་གྲོང་ཁྲེར་ Yokohama དུ་ཆོས་འབྲེལ་དབུ་འཛུགས་མཛད་སྐབས་འཛམ་གླིང་འདིའི་སྟེང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ནི་བྱམས་བརྩེའི་བསམ་བློ་མ་འདང་བར་བརྟེན་ནས་ཡིན་སྟབས། འཛམ་གླིང་འདིའི་ཐོག་བྱམས་བརྩེའི་བསླབ་བྱ་གནང་མཁན་གྱི་ཆོས་ལུགས་ཁག་དགོས་མཁོ་ཡོད་པ་ཞིག་རེད་ཅེས་བཀའ་ནན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ༸གོང་ས་མཆོག་གིས་དེ་རིང་ཚེས་ ༡༤ ནས་དབུ་འཛུགས་ཀྱིས་ཉི་ཧོང་གྲོང་ཁྱེར་ Yokohama ནང་དུ་རྟེན་གཞི་བྱས་པའི་ National Convention Centre ཞེས་པའི་ཚོགས་ཁང་ཆེན་མོར་ཉི་ཧོང་གི་དད་ལྡན་གཙོ་གྱུར་རྒྱ་ནག་སྐམ་ས་ཆེན་པོ་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་བཅས་ལྔ་སྟོང་བརྒལ་བར་ཤེས་རབ་སྙིང་པོ་དང་༸རྗེ་རྩོང་པ་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་བསྐྱངས་ཡོད།སྐབས་དེར་༸གོང་ས་མཆོག་གིས་གཞུང་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་རྣམ་ཀུན་ལྟར་ཐོག་མར་ཆོས་ཞུ་བ་ཀུན་ལ་ནང་ཆོས་ངོ་སྤྲོད་ཀྱི་སྤྱི་བཤད་གནང་སྐབས་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་གཅིག་མཚུངས་ཡིན་ཀྱང་། འཛམ་གླིང་འདིའི་ཐོག་འགྲོ་བ་མི་རྣམས་ནས་རང་གཅེས་འཛིན་གྱི་བསམ་བློ་ཁོ་ནའི་དབང་དུ་སོང་རྐྱེན་དཀའ་རྙོག་རིགས་མུ་མཐུད་བཟོ་བཞིན་ཡོད་པ་དང་ལྷག་དོན་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་མི་ཕན་ཚུན་གསོད་རེས་བྱས་པ་སོགས་དཀའ་ངལ་མང་དག་ཅིག་འཕྲད་དང་འཕྲད་མུས་ཡིན་པ་ནི་གཙོ་བོ་བྱམས་བརྩེའི་བསམ་བློ་མ་འདང་བར་བརྟེན་ནས་ཡིན་སྟབས་འཛམ་གླིང་འདིའི་ཐོག་བྱམས་བརྩེའི་བསླབ་བྱ་གནང་མཁན་གྱི་ཆོས་ལུགས་ཁག་དགོས་ངེས་ཅན་དུ་གཟིགས་ཀྱི་ཡོད་པར་ལམ་སྟོན་མཛད་ཡོད་པ་རེད།ལྷག་དོན་༸གང་ཉིད་མཆོག་གིས་རྒྱུན་དུ་ཉམས་བཞེས་གནང་བཞིན་པའི་ཐུགས་བསྐྱེད་དམ་བཅའ་རྣམས་ངོ་སྤྲོད་མཛད་པ་དང་འབྲེལ། དེ་དག་ལས་བོད་ཀྱི་སྐད་ཡིག་དང་བཅས་པའི་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེ་ཡིན་པར་བཀའ་བསྩལ་བ་མ་ཟད། དེང་གི་ཆར་དཔལ་ན་ལེནྡཱའི་གཞུང་ལུགས་མདོ་སྔགས་གཉིས་ལ་སློབ་གཉེར་མཐིལ་ཕྱིན་པ་ཞིག་གནང་དགོས་ཚེ་བོད་པའི་སྐད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་མེད་སྟབས། བོད་མི་རྣམས་ཀྱིས་རང་ཉིད་ལ་ཡོད་པའི་འཛམ་གླིང་གི་གཅེས་ནོར་དེའི་བརྒྱུད་འཇིག་རྟེན་ཀུན་ལ་ཕན་པ་ཇི་ལྟར་བསྒྲུབ་དགོས་མིན་ཐད་དགོངས་པ་རྒྱ་གང་ཆེ་བཞེས་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་འདུགམགོན་པོ་མཆོག་གིས་འཛམ་གླིང་ཧྲིལ་པོ་འདི་གཅིག་ལ་གཅིག་རྟེན་ཆགས་པ་དང་མི་ཞིག་ཡིན་ཕྱིན་ཆད་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་མཁན་ཤ་སྟག་ཆགས་ཀྱི་ཡོད་པས།སེམས་ཀྱི་ཞི་བདེ་སྐྲུན་རྒྱུའི་ཐབས་ལམ་ལེགས་ཤོས་ནི་རང་རྒྱལ་གཞན་ཕམ་གྱི་རྗེས་ལུས་ཀྱི་བསམ་བློ་དེ་དོར་ནས་དུས་རྟག་ཏུ་སེམས་བཟང་པོ་དང་འགྲོ་བ་མིའི་རང་བཞིན་ལ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་འཕེལ་གནང་གལ་ཡིན་པ་བཀའ་བསྩལ་འདུག ༸སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

Latest news