Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ནང་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་ཚེ་དེ་ལ་གྲུབ་འབྲས་སོན་རྒྱུ་ཡོད།  

དེ་རིང་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་བཀའ་ཆོས་འཕྲོ་སྐྱོང་མ་གནང་གོང་དུ་ཆོས་ཞུ་བ་ཚོས་འབད་བརྩོན་གྱི་ཐོག་ནས་ནང་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་ཚེ་དེ་ལ་གྲུབ་འབྲས་ངེས་ཅན་ཞིག་སོན་རྒྱུ་ཡོད་པ་ལམ་སྟོན་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་དགུང་ལོ་བཅུ་གྲངས་ནས་ཕྱག་དཔེ་གཟིགས་རྒྱུའི་ཐུགས་སྣང་ཆེན་པོ་འཁྲུངས་སྐོར་བཀའ་བསྩལ་བ་དང་འབྲེལ། རིམ་བཞིན་སྟོང་ཉིད་ཀྱི་ལྟ་བར་ཐུགས་སྣང་ཆེ་བཞེས་ཀྱིས་ད་བར་དགུང་ལོ་ ༧༠ ལྷག་ཕེབས་ཡོད་པ་དང་། མགོན་པོ་མཆོག་དགུང་ན་ཕྲ་མོ་སྐབས་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ཐུགས་རྒྱུད་ལ་འཁྲུངས་དཀར་བར་དགོངས་ཀྱི་ཡོད་ཀྱང་༸གང་ཉིད་མཆོག་གི་ཐུགས་རྒྱུད་ལ་དེ་ལྟར་འཁྲུངས་པར་ལོ་ངོ་བཞི་བཅུ་ཞེ་གྲངས་རིང་ཉམས་བཞེས་མཛད་པའི་ཁྲོད་སྤྱོད་འཇུག་གཙོས་པའི་བློ་སྦྱོང་སོགས་ལ་སློབ་གཉེར་གནང་འབྲས་སུ་ད་ཆ་བྱང་ཆུབ་སེམས་དང་ཐུགས་ཉེ་པོ་ཆགས་ཡོད་པར་བཀའ་བསྩལ་ཡོད།ལྷག་དོན་མགོན་པོ་མཆོག་གིས་བཞུགས་ཁྲིར་བཞུགས་པའི་༸གོང་ས་མཆོག་ཞེས་པ་འདི་དཀའ་སྤྱད་ཀྱིས་སློབ་གཉེར་གནང་བ་ཞིག་ཡིན་པ་ཤེས་པའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བར་དགོངས་བཞེས་གནང་དགོས་པ་བཀའ་བསྩལ་བ་དང་འབྲེལ་ཏེ། ཆོས་ཞུ་བ་ཚོས་འབད་བརྩོན་གྱི་ཐོག་ནས་ནང་པའི་གཞུང་ལུགས་དག་ལ་སློབ་གཉེར་གནང་ཚེ་དེར་གྲུབ་འབྲས་ངེས་ཅན་ཞིག་སོན་རྒྱུ་ཡོད་པ་ལམ་སྟོན་མཛད་སོང་།  ༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་མིའི་ལུས་རྟེན་ལ་བརྟེན་ནས་སྐྱེ་བ་གཏན་གྱི་འདུན་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ཞུས་པའི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་དང་མཇལ་ཡོད་པ་དང་། དེ་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་སྐུ་ལས་བསྐྱོན་ནས་བོད་སྒྱུར་གནང་བའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ལ་སློབ་གཉེར་གནང་ཐོག་མི་ཚེ་དོན་སྙིང་ལྡན་པ་ཞིག་དང་། ཚེ་རབས་ཀུན་ཏུ་བདེ་ཞིང་སྐྱིད་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་སྐོར་ལམ་སྟོན་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་གིས་བསྟན་པ་སྤྱི་མཚན་དང་གང་ཟག་དགོས་གཉིས་ཀྱི་གཟབ་རྒྱས་ལམ་གྱི་རིམ་པ་རྣམས་ལེགས་པོ་ཤེས་ཐབ་སུ་ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས་དགོས་པ་དང་བར་དུ་བསམ་བྱུང་གྱི་ཤེས་རབ་སྐྱེས་དགོས་པ། དེ་ནས་རིམ་བཞིན་སྔགས་ཀྱི་རྣལ་འབྱོར་དང་འབྲེལ་ནས་ཏིང་ངེ་འཛིན་གྱི་ཤེས་རབ་སྐྱེས་དགོས་གལ་ཡིན་པ་བཀའ་བསྩལ་སོང་། གཞི་རྩའི་རྒྱལ་རོང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་ཉིན་ཚེས་ ༢༠ ཉིན་དབུ་མ་སྙིང་པོ་བཀའ་ཆོས་དབུ་འཛུགས་ཀྱིས་དེ་རིང་དབུ་མ་སྙིང་པོའི་བཀའ་ཆོས་མཇུག་སྒྲིལ་གནང་ཡོད་པ་དང་། སང་ཉིན་སེར་སྐྱ་མང་ཚོགས་ལ་འཇམ་དབྱངས་ཀྱི་རྗེས་གནང་བསྩལ་རྒྱུ་ཡིན་པ་རེད།

སངས་རྒྱས་པའི་ཆོས་དེ་ལྟ་གྲུབ་ཀྱི་ཐོག་ནས་དགོངས་པ་བཞེས་ཐུབ་ཚེ་དོན་སྙིང་ལྡན་པ་ཞིག་ཡིན་པ་བཀའ་བསྩལ་བ།

རྒྱལ་རོང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་དེ་རིང་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ནམེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་བཀའ་ཆོས་འཕྲོ་སྐྱོང་མ་གནང་གོང་ སངས་རྒྱས་པའི་ཆོས་དེ་ལྟ་གྲུབ་ཀྱི་ཐོག་ནས་དགོངས་པ་བཞེས་ཐུབ་ཚེ་དོན་སྙིང་ལྡན་པ་ཞིག་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སརྒྱས་པའིགཞུང་ནས་གཞི་བདེན་པ་གཉིས་ཀྱི་རྣམ་གཞག་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་དེ་ཁོར་ཡུག་དང་འབྲེལ་བ་ཆགས་ཀྱི་ཡོད་པ་ལྟར། ནང་བཅུད་ཀྱི་སེམས་ཅན་རྣམས་བདེ་སྐྱིད་དང་ལྡན་པ་ཞིག་འཚོ་བར་ཕྱིའི་སྣོད་ཀྱི་འཇིག་རྟེན་དེ་ཡག་པོ་དགོས་པ་དང་། དེ་བཞིན་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་དང་བཅས་པའི་ཕྱོགས་བཞིའི་མཚམས་བརྒྱད་པོ་དེ་དག་གཅིག་གིས་གཅིག་ལ་ལྟོས་ཡོད་པ་མ་ཟད། གཟུགས་པོ་བདེ་ཐང་ཡོང་བ་ལ་སེམས་ཀྱི་ཞི་བདེ་དགོས་པ་དང་། སེམས་ཀྱི་ཞི་བདེ་ཡོང་བ་ལ་གཟུགས་པོ་བདེ་ཐང་དགོས་སྟབས། སརྒྱས་པའི་གཞུང་ནས་གཞི་བདེན་པ་གཉིས་ཀྱི་རྣམ་གཞག་གསུངས་ཡོད་པ་དེ་དག་གཏན་ཚིགས་དང་ལྡན་པ་ཞིག་ཡིན་པ་རེད། དེས་ན་སངས་རྒྱས་པའི་ཆོས་དེ་ལྟ་གྲུབ་ཀྱི་ཐོག་ནས་དགོངས་པ་བཞེས་ཐུབ་ཚེ་དོན་སྙིང་ལྡན་པ་ཞིག་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བའི་གྲས་སུ་དེ་སྔ་ནང་ཆོས་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་པའི་མི་རིགས་ཚོའི་ཕ་མེས་ཀྱི་ཆོས་ལུགས་དེ་ནང་པ་མིན་ཡང་འཛམ་གླིང་ཤར་ལྷོ་ནུབ་བྱང་སོགས་ཀྱི་གནས་ཚུལ་དེ་རྣམས་ངེས་པར་དུ་ཤེས་དགོས་པའི་དུས་རབས་འདིར་ནང་ཆོས་ལ་དོ་སྣང་གསར་པ་ཞིག་གནང་བཞིན་ཡོད་པ་དང་། ཚན་རིག་གི་བསམ་བློ་ཡོད་པ་ཚོས་ནང་ཆོས་ལ་དོ་སྣང་བྱེད་བཞིན་ཡོད་པ་མ་ཟད། རྒྱ་རིགས་ཚོ་ལ་ཆ་མཚོན་ན་དེ་སྔ་ནས་སརྒྱས་པའི་ཆོས་བྱེད་མཁན་ཡིན་པ་དང་ལྷག་པར་དུ་རྒྱ་ནག་གི་མཁས་པ་ཧུན་ཙང་ངམ་ཐང་སན་བླ་མས་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཀྱི་ཡོད་པས་སརྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་དགོས་པ་ཞིག་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད།ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་དེ་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་པ་ལྟར་གནངས་ཉིན་སེར་སྐྱ་མང་ཚོགས་ལ་འཇམ་དབྱངས་ཀྱི་རྗེས་གནང་བསྩལ་རྒྱུ་ཡིན་པ་རེད།

བཞུགས་སྒར་དུ་དབུ་མ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་ཚོགས་སྟོང་ཕྲག་བརྒལ་བར་ཉིན་ལྔའི་རིང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་བཀའ་ཆོས་དབུ་འཛུགས་བསྐྱངས་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ལུང་ཙམ་གྱི་དད་པ་བྱས་པ་དེས་འདང་ངེས་ཤིག་མེད་སྐོར་བཀའ་བསྩལ་བ་དང་འབྲེལ། རྒྱ་གར་མཁས་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་སློབ་གཉེར་གནང་དགོས་གལ་ཡིན་པ་བཀའ་བསྩལ་བ་མ་ཟད། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པར་ལམ་སྟོན་སྔ་རྗེས་བསྩལ་དོན་ལྟར་ཕྱི་ནང་གི་ལྟ་གྲུབ་མི་འདྲ་བ་རྣམས་ཤེས་ཐོག་སངས་རྒྱས་པའི་ཆོས་ལ་ཐུན་མིན་གྱི་འགྲོ་སྟངས་ཡོད་པ་དེ་རིག་པས་བསྒྲུབ་ཐུབ་ཞིག་གནང་དགོས་སྟབས་དེའི་ཐོག་བསླབ་པ་སློབ་གཉེར་གནང་དགོས་གནད་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།༸གོང་ས་མཆོག་གིས་བཀའ་ཆོས་དངོས་གཞི་དབུ་འཛུགས་མ་གནང་གོང་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཚོར་སྔོན་འགྲོ་ཆོས་འབྲེལ་དུ་དེ་སྔ་དབུ་མ་སྙིང་པོའི་བཤད་ལུང་མེད་སྟབས། དབུ་མ་སྙིང་པོའི་བཤད་རྒྱུན་ཞིག་སྤེལ་དགོས་གལ་དུ་༸གང་ཉིད་མཆོག་ལ་དགོངས་པ་འཁོར་སྐོར་བཀའ་བསྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ནས་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་ལ་མཆན་འགྲེལ་ཞིག་ལྗགས་རྩོམ་གནང་དགོས་པའི་བཀའ་བསྩལ་བཞིན་རྩ་འགྲེལ་མཛད་པ་དང་། དབུ་མ་སྙིང་པོའི་རྩ་འགྲེལ་གཉིས་པོ་གནད་ཆེ་ཞིག་ཆགས་ཀྱི་ཡོད་པར་བཀའ་བསྩལ་སོང་།རྩ་བའི་༸གོང་ས་མཆོག་ནས་དེ་རིང་ཟླ་ ༢ ཚེས་ ༢༠ ནས་ ༢༤ བར་ཉིན་གྲངས་ལྔའི་རིང་དབུ་མ་སྙིང་པོའི་བཀའ་ཆོས་བཀའ་དྲིན་བསྩལ་གྱི་ཡོད་པ་དང་། ཐེངས་འདིའི་དབུ་མ་སྙིང་པོའི་བཀའ་ཆོས་ཐོག་རྒྱ་གར་གཙོས་པའི་རྒྱལ་ཁབ་མི་འདྲ་བ་ ༥༨ ནས་ཁྱོན་ཆོས་ཞུ་བ་ ༧༠༠༠ ལྷག་ཆེད་བཅར་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་གི་བོད་མི་རྣམས་ལ་བཙན་བྱོལ་བ་དོན་གོ་ཆོད་པ་ཞིག་བྱེད་དགོས་པའི་ལམ་སྟོན་མཛད་སོང་།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རབ་གནས་ས་ཕག་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་དང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བཀའ་དྲིན་བསྩལ་བ་དང་སྦྲགས། བོད་མི་རྣམས་ནས་བཙན་བྱོལ་བ་དོན་གོ་ཆོད་པ་ཞིག་བྱེད་དགོས་པ་དང་ཆབས་ཅིག རང་རྒྱལ་གཞན་ཕམ་མ་ཡིན་པར། རྒྱ་ནག་དང་གྲོགས་བསྒྲིག་པའི་སྒོ་ནས་བོད་ཀྱི་གནད་དོན་སེལ་དགོས་པའི་ལམ་སྟོན་མཛད་སོང་།དེ་ཡང་དེ་རིང་ཞོགས་པ་ཆུ་ཚོད་ ༨ པ་ཡོལ་ཙམ་ལ་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་སྤོས་སྣེས་མདུན་བསུ་དང་བཅས་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་རྗེས། ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་། སྤྱི་འཐུས། དེ་བཞིན་དགེ་འདུན་པ་དང་སེར་སྐྱ་མང་ཚོགས་བཅས་ནས་ཤེས་རབ་སྙིང་པོ་དང་། མན་ཌལ་གསུང་འདོན་གནང་བ་དང་ཆབས་ཅིག་ཏུ་༸གང་ཉིད་མཆོག་གིས་གསུང་ཆོས་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་བསྩལ་སོང་།༸མགོན་པོ་མཆོག་གིས་སྐབས་དེར་ཐོག་མར་ཆོས་ཞུ་བ་རྣམས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ངོ་སྤྲོད་ཐུང་ངུ་ཞིག་བསྩལ་བ་དང་འབྲེལ། རྡ་སའི་གྲང་ངར་ཆེ་བའི་གནམ་་གཤིས་ཁྲོད་སྨོན་ལམ་སླད་ཕྱི་ཕྱོགས་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་དམིགས་བསལ་འཚམས་འདྲི་མཛད་སོང་། ༸གོང་ས་མཆོག་ནས་དེ་རིང་གི་ཆོས་འབྲེལ་དེའི་ཐོག་སྐྱེས་རབས་དང་། བློ་སྦྱོང་ཚིགས་བརྒྱད་མ། དེ་བཞིན་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བསྩལ་བ་མ་ཟད། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་འབྲེལ། བོད་མི་རྣམས་བཙན་བྱོལ་ལ་ཡོང་བ་དེ་རྐྱེན་ངན་གྲོགས་ལ་ཤོར་བ་ལྟ་བུ་ཆགས་ཡོད་སྐོར་བཀའ་བསྩལ་བ་དང་སྦྲགས། ང་ཚོ་བཙན་བྱོལ་ལུང་པ་ནང་རང་གི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་གནང་བའི་སྒོ་ནས་དོན་གོ་ཆོད་པ་ཞིག་བྱེད་ན། གཞིས་ལུས་བོད་མི་ནས་བློ་གཏད་བཅོལ་ས་དང་། སྙིང་སྟོབས་སྐྱེས་ས་ཤིག་ཏུ་གྱུར་པ་བཀའ་བསྩལ་བ་དང་། ཡང་སྒོས་བོད་ཀྱི་གནད་དོན་དང་འབྲེལ། རང་རྒྱལ་གཞན་ཕམ་མ་ཡིན་པར་རྒྱ་ནག་དང་གྲོགས་བསྒྲིག་པའི་སྒོ་ནས་བོད་ཀྱི་གནད་དོན་སེལ་དགོས་པའི་ལམ་སྟོན་མཛད་སོང་།༸གོང་ས་མཆོག་གིས་ད་དུང་དེ་རིང་གི་དུས་ཚིགས་དང་བསྟུན། བོད་མི་རྣམས་ད་ཆ་བཙན་བྱོལ་ནང་འདྲ་འདྲའི་ནང་ནས་མི་འདྲ་བར་ཚང་མས་ཡིད་སྨོན་བྱ་ཡུལ་ཞིག་ཏུ་འགྱུར་ཡོད་པ་བཀའ་བསྩལ་བ་དང་འབྲེལ། ད་བར་སྐུ་ལས་ཚད་མེད་སྐྱོན་མཁན་གྱི་བོད་མི་འདས་གསོན་རྣམ་པ་དང་། དེ་བཞིན་དཔལ་ནཱ་ལན་ཌའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ཀྱི་བདེན་མཐའ་སེལ་རྒྱུ་ཡིན་པར་བཀའ་བསྩལ་སོང་།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་ཕྱི་ཚེས་ ༢༠ ནས་ ༢༤ བར་ཉིན་གྲངས་བཞིའི་རིང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཚེས་ ༢༧ ཉིན་ཚོགས་པ་འདྲ་མིན་ཁག་བཞི་ཐུན་མོང་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།

བེུད་ཚོས་ཤེས་ཡོན་དང་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ནས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གནང་དགོས།

རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་ Federation of Indian Chamber of Commerce & Industry (FICCI) ཞེས་རྒྱ་གར་རྒྱལ་ཡོངས་བུད་མེད་ཚོང་པ་ཚོགས་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར།  དེ་རིང་སྔ་དྲོ་ཚོུད་ ༡༡༌༠༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མགོན་པོ་༸གང་ཉིད་མཆོག་གིས་ཚོགས་པའི་ཚོགས་མི་ ༧༨ ཙམ་ལ་མཇལ་འཕྲད་ཀྱིས་བུད་མེད་རྣམས་ནས་ཤེས་ཡོན་གྱི་སྡིངས་ཆ་གཙོ་བོར་གྱུར་པའི་ཆབ་སྲིད་བཅས་ཀྱི་ཐོག་མཉམ་ཞུགས་གནང་ཐོག་འཛམ་གླིང་ཁྲོད་འགྲོ་བ་མིའི་རིན་ཐང་བྱམས་པ་དང་བརྩེ་བ་སོགས་གོང་འཕེལ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་བསྩལ་འདུགསྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དུས་རབས་ ༢༡ པ་འདི་འཚེ་མེད་ཞི་བ་དང་འཆམ་མཐུན། དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་གལ་ཡིན་པར་བཀའ་བསྩལ་བ་མ་ཟད། བྱམས་བརྩེ་ཅན་གྱི་དུས་རབས་ཤིག་བསྐྲུན་ཐབས་སུ་བུད་མེད་ལ་ནུས་པ་དམིགས་བསལ་ཡོད་པ་དང་། བུད་མེད་ཟེར་བ་དེ་ནི་གཞན་གྱི་སྡུག་བསྔལ་ལ་བསམ་ཤེས་དང་སྙིང་རྗེའི་རང་བཞིན་ལྡན་ཡོད་སྟབས། བུད་མེད་རྣམས་ནས་ཤེས་ཡོན་གྱི་སྡིངས་ཆ་གཙོ་བོར་གྱུར་པའི་ཆབ་སྲིད་བཅས་ཀྱི་ཐོག་མཉམ་ཞུགས་གནང་ཐོག་འཛམ་གླིང་ཁྲོད་འགྲོ་བ་མིའི་རིན་ཐང་བྱམས་པ་དང་བརྩེ་བ་སོགས་གོང་འཕེལ་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ལོ་ཤས་སྔོན་ཕ་རན་སི་གསར་ཁང་ཞིག་གི་སྤྱི་ཁྱབ་རྩོམ་སྒྲིག་པས་༸སྐུའི་ཡང་སྲིད་དེ་བུད་མེད་ཅིག་ཏུ་འཁྲུངས་རྒྱུའི་གནད་དོན་སྐོར་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་ནས་དེ་ལྟར་ཡོང་སྲིད་སྐོར་དང། དེ་སྔ་དུས་རབས་ ༧ པའི་ནང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་མཐོ་ཤོས་བེུད་དེ་བསམ་སྡིང་རྡོ་རྗེ་ཕག་མོ་དང་ཁོང་ནི་བུད་མེད་ཅིག་ཡིན་སྐོར་བཀའ་བསྩལ་བ་དང་སྦྲགས། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གྲྭ་བཙུན་གཉིས་ལ་འདྲ་མཉམ་གཟིགས་པ་ལྟར་༸གོང་ས་མཆོག་ནས་ཀྱང་དེ་ལྟར་མཛད་ཀྱི་ཡོད་པས་ད་ཆ་ང་ཚོའི་སྤྱི་ཚོགས་ནང་བཙུན་མའི་དགེ་བཤེས་མ་རིམ་ཐོན་སོགས་ཀྱི་གནས་བབས་སྐོར་བཀའ་བསྩལ་འདུག རྒྱ་གར་གྱི་སྤྱི་ཚོགས་ལ་མཚོན་ན་ད་ཆ་རིགས་རུས་ཀྱི་རྩོད་རྙོག་དང། བུད་མེད་ལ་མཐོང་ཆུང་སོགས་ཀྱི་གནད་དོན་ཡོད་སྟབས་བུད་མེད་ཚོས་དཀའ་རྙོག་དེའི་རིགས་སེལ་ཐབས་སུ་ངེས་པར་དུ་ཤེས་ཡོན་ཐོག་མཉམ་ཞུགས་གནང་དགོས་པར་ལམ་སྟོན་བཀྲིན་བསྩལ་འདུག ༸གོང་ས་མཆོག་གི་བཀའ་སློབ་གྲུབ་མཚམས་སུ་བུད་མེད་ཁག་གཅིག་ནས་༸གང་ཉིད་མཆོག་ལ་བདེ་སྐྱིད་ཀྱི་གཞི་རྩ་དང་། ནང་སེམས་ཀྱི་འཕྲོད་བསྟེན། མི་ཚེའི་དགོས་དམིགས། དེ་བཞིན་ཕྲུ་གུ་གསོ་སྐྱོང་ལེགས་པོ་བྱེད་པར་ཕ་མའི་ལས་འགན་གང་ཡོད་སོགས་ཀྱི་བཀའ་འདྲི་འདྲ་མིན་ཕུལ་འདུག་པ་དང་། དེའི་ཁྲོད་ཚོགས་མི་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་བརྒྱུད་༸སྐུ་དངོས་ཀྱི་༸སྐུ་ཚེའི་ནང་སྐུ་ངལ་ཆེ་ཤོས་གང་འཕྲད་པ་དང་དེར་གཉེན་པོ་བསྟན་ཐབས་ཐོག་བཀའ་འདྲི་ཞུས་པར་དཀའ་ངལ་གང་ཞིག་འཕྲད་རུང་སྐབས་དེའི་དཀའ་ངལ་དེར་ཕྱོགས་བཞི་མཚམས་བརྒྱད་ནས་གཟིགས་དགོས་པ་དང་། རང་ཉིད་ཀྱི་ཕ་རོལ་པོར་གཟིགས་ཕྱོགས་དང་འདུ་ཤེས་དེ་བཟང་ཕྱོགས་ཀྱི་ཐོག་ནས་གནང་ཚེ་མི་རིང་བར་ཁ་སང་གི་དགྲ་བོ་ལྟ་བུ་དེ་དེ་རིང་གི་གྲོགས་པོ་གྱུར་ངེས་ཡིན་པ་བཀའ་བསྩལ་འདུག གཞི་རྩའི་༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་བེུད་ཚོང་པ་ཚོགས་པའི་འཐུས་མི་བུད་མེད་ ༧༨ ལྷག་ལ་བེུད་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཐོག་ལམ་སྟོན་བསྩལ་ཡོད་པ་དང་། ཚོགས་པ་དེ་ཕྱི་ལོ་ ༢༠༡༤ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་མ་ཟད། ཚོགས་པའི་ཚོགས་མི་རྣམས་རང་ལོ་ ༢༠ ནས་ ༤༠ བར་གྱི་བེུད་ཆེད་ལས་པ་དང་ཡར་ཐོན་གི་ཚོང་གཉེར་གནང་མཁན་སོགས་ཆགས་ཀྱི་ཡོད་པ་རེད། ཁོང་རྣམ་པས་རྒྱ་གར་གྱི་ས་གནས་གང་སར་ཡོད་པའི་བེུད་རྣམས་ལ་སློབ་གསོ་དང་སྦྱོང་བརྡར་འདྲ་མིན་བརྒྱུད་སྤྱི་ཚོགས་ཁྲོད་བུད་མེད་ཚོང་པ་དང་། བེུད་མེད་ཆེད་ལས་པ་སོགས་ཐོན་ཐབས་གནང་བཞིན་ཡོད་པ་རེད། ད་ལྟའི་ཆར་ཚོགས་པའི་ལས་ཁུངས་རྒྱལ་ས་ལྡི་ལི་དང་། Kolkata དེ་བཞིན་ Hyderabad བཅས་སུ་ཡོད་པ་རེད།

༸གོང་ས་མཆོག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་རྒྱལ་སྤྱིའི་ངོ་བོའི་ཐོག་དབུ་འབྱེད་མཛད་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་གོང་ནས་འཛམ་གླིང་སྤྱིའི་བདེ་རྩར་སྨིན་པའི་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཕྱག་བསྟར་ཡོང་བར་དགོངས་བཞེད་བླ་མེད་གནང་བཞིན་ཡོད་པ་ལྟར། རིང་མིན་ཕྱི་ཟླ་ ༤ པའི་ནང་མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་ཐོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་མཛད་གཏན་ཁེལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རི་ཨེ་མོ་རི་མཐོ་སློབ་དབར་འདས་པའི་ལོ་ངོ་ཉི་ཤུ་ལྷག་རིང་སྒོམ་སྒྲུབ་ཚན་རིག་དང་བྱམས་བརྩེ་གཞི་རྩར་གྱུར་པའི་བཟང་སྤྱོད་སློབ་གསོའམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་བགྲོ་གླེང་དང་བཀའ་བསྡུར་སྦྱངས་བཤད་རིམ་པ་མཛད་བཞིན་པའི་ཁྲོད་རིང་མིན་ཕྱི་ཟླ་ ༤ ཚེས་ ༤ ནས་ ༦ བར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Talkatora Indoor རྩེད་ཐང་ཆེན་མོར་ཨེ་མོ་རི་མཐོ་སློབ་དང་ཏཱ་ལའི་བླ་མའི་ཐེབས་རྩ། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་ཝ་ན་ཐེབས་རྩ་ཁང་བཅས་བཟུང་འབྲེལ་གྱིས་གོ་སྒྲིག་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོགས་གཏན་ཁེལ་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གནང་ཐབས་ཀྱི་བསླབ་གཞི་ཁག་དབུ་འབྱེད་བཀྲིན་བསྐྱང་རྒྱུ་རེད་འདུག རླུང་འཕྲིན་ཁང་གིས་དེ་འབྲེལ་ཐོག་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ཆ་དབུ་འབྱེད་གནང་འཆར་ཡོད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་དབྱིན་ཇི་དང་ཧིན་དྷི། French རྒྱ་ཡིག Spanish སོགས་སྐད་ཡིག་དྲུག་ནང་བསྒྱུར་ཟིན་ཡོད་པ་དང་། སོག་པོ་དང་ Portuguees དེ་བཞིན་ Arabic བཅས་ཀྱི་སྐད་ཡིག་གཞན་ཁག་ཅིག་གི་ནང་ཕབ་སྒྱུར་གནང་བཞིན་ཡོད་པ་གསུངས་སོང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་ཁབ་སུམ་ཅུ་ནས་ཤེས་ཡོན་སློབ་སྟོན་པ་མི་སྣ་དང་མཁས་དབང་། ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་ཉིས་སྟོང་ཙམ་མཉམ་ཞུགས་གནང་འཆར་ཡོད་པ་མ་ཟད། དེའི་ཁོངས་སུ་རྒྱལ་སྤྱིའི་ཁྱོན་ནས་སྤྱི་ཚོགས་དང་སེམས་ཀྱི་མྱོངབའི་ཐོག་མཁས་དབང་དང་ཆེད་ལས་མི་སྣ་ལྕམ་ Linda Lantieri ལགས་དང་Kimberely Schonert Reichl ལགས། དེ་བཞིན་རྒྱ་གར་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Kailash Satyarthi མཆོག་སོགས་ཕེབས་ཀྱི་ཡོད་པ་དང་། ལྷན་ཚོགས་དེའི་མཛད་རིམ་ཁག་དྲྭ་ལམ་བརྒྱུད་ཐད་གཏོང་གནང་གི་འདུག

༸རྒྱལ་བའི་བརྟན་བཞུགས་དང་འབྲེལ་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་ཀྱིས་སྐུ་མཚམས་བཞུགས་ནས་ཚེ་སྒྲུབ་གནང་བཞིན་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་རྒྱལ་རོང་ཐུན་མོང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༢ ཚེས་ ༢༧  ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།སྐབས་དེའི་༸རྒྱལ་བའི་བརྟན་ཞུགས་དང་འབྲེལ་བའི་ཐུན་མོང་གི་སྔོན་འགྲོའི་ཆོ་ག་ཁག་ཅིག་བདུན་ཕྲག་རྗེས་མའི་ཕྱི་ཚེས་ ༢༡ ནས་གཙུག་ལག་ཁང་དུ་གནང་གཏན་ཁེལ་ཡོད་པ་དང་། ལྷག་པར་དུ་འདི་ལོར་༸གོང་ས་མཆོག་གི་༸སྐུའི་དགུང་སྐེག་འཁེལ་གྱི་ཡོད་སྟབས། བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་སོ་སོའི་ནས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་ལ་སྨན་པའི་སེམས་ཅན་སྲོག་བླུ་དང་འབུམ་ཚོགས་ཚོགས་པ་མ་ཟད་དེ་བཞིན་ཚེ་སྒྲུབ་སོགས་ཀྱི་ཆོ་ག་འདྲ་མིན་གནང་དང་གནང་བཞིན་ཡོད་པ་རེད། ༸རྒྱལ་བའི་བརྟན་ཞུགས་གོ་སྒྲིག་ཚོགས་ཆུང་ཁོངས་སུ་ཡོད་པ་གཞིས་བྱེས་རྒྱལ་རོང་ཐུན་མོང་གི་སྐུ་ཚབ་དཀོན་མཆོག་དར་རྒྱས་ལགས་ཀྱིས་གཞིས་བྱེས་རྒྱལ་རོང་ཐུན་མོང་ནས་ཐེངས་འདིའི་༸རྒྱལ་བའི་བརྟན་ཞུགས་འདི་༸སྐུའི་དགུང་སྐེག་དང་འབྲེལ་ནས་དམིགས་བསལ་གྱི་གལ་འགངས་ཅན་ཞིག་ཆགས་ཀྱི་ཡོད་སྟབས། མགོན་པོ་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་སླད་དུ་ཚེ་སྒྲུབ་གནང་རྒྱུ་ཤིན་ཏུ་ནས་གནད་ཆེ་བར་གཟིགས་ཏེ་༸དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་ཟུར་༸སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག འབྲི་གུང་༸སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག ད་ལྟ་དགུང་ལོ་བརྒྱར་ཕེབས་ཟིན་པ་དགེ་བཤེས་སྟོབས་རྒྱལ་ལགས་སོགས་བོད་དང་རྒྱ་གར། བལ་ཡུལ། འབྲུག་བཅས་སུ་ཡོད་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་བརྒྱད་ཅུ་ལྷག་ལ་༸རྒྱལ་བའི་སྐུ་ཚེར་སྨན་པའི་ཚེ་སྒྲུབ་གནང་སྐྱོང་ཡོང་བའི་དམིགས་བསལ་གསོལ་འདེབས་ཞུས་དོན་ལྟར་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དང་གྲུབ་ཐོབ། དགེ་བཤེས་སོགས་ཀྱིས་སྐུ་མཚམས་བཞུགས་ནས་ཚེ་སྒྲུབ་གནང་དང་གནང་མུས་ཡིན་སྐོར་གསུངས་ཡོད།དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སེམས་ཅན་སྲོག་བླུ་དང་འབུམ་ཚོགས་ཚོགས་པ་མ་ཟད་དེ་བཞིན་ཞབས་རིམ་གསོག་གྲུབ་སོགས་གནང་མུས་རེད་འདུག གཞི་རྩའི་གཞིས་བྱེས་རྒྱལ་རོང་ཐུན་མོང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་མིའི་ཚོང་པ་ཚོགས་པ། སྨན་པ་སྐལ་བཟང་དོན་ལྡན་ལགས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གསང་གསུམ་ལ་ཚུལ་བསྟན་སྐུ་གེགས་ཉེར་འཚེ་རིགས་ཀྱི་ཆ་ཙམ་མི་བཞེས་པར་བསྟན་པ་དང་འགྲོ་བའི་འཕྲལ་ཡུན་ཕན་བདེའི་བྱེད་པོར་སྐུ་ཚེ་༸ཞབས་པད་བརྟན་པའི་ཆེད་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་དོན་བཞིན་བརྟན་ཞུགས་ཀྱི་རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རེན་པོ་ཆེ་མཆོག་ནས་གནང་རྒྱུ་ཡིན་པ་དང་། བརྟན་ཞུགས་སྐབས་སུ་ཆོས་རྫས་ཀྱི་གཙོ་བོར་སྟོན་པའི་སྐུ་བརྙན་ ༡༢༥ དང་༸རྒྱལ་དབང་ཚེ་དཔག་མེད་ཀྱི་སྐུ་འདྲ་སོགས་ཡིན་པ་རེད།

ཨ་རི་གཞུང་མང་གཉིས་ནས་བོད་མིར་ཤ་ཚ་དང་རྒྱབ་སྐྱོར་གནང་བའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད།

ཁ་སང་ཨ་རི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ཐོག་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད་པ་རེད།ཁ་སང་གི་མཛད་སྒོ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བརྙན་པར་བརྒྱུད་གསུང་འཕྲིན་ཞིག་བསྩལ་འདུག་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ནི་ཕྱོགས་གཅིག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་དང་། སྟོབས་ཆེན་རྒྱལ་ཁབ་དེའང་རང་དབང་དང་མང་གཙོ། ཁྲིམས་ཀྱི་དབང་སྒྱུར་ལྡན་པ། འཛམ་གླིང་སྤྱིའི་མིག་ལྟོས་བྱེད་ས་ཞིག་ཡིན་པ་མ་ཟད་བློ་གཏད་བཅོལ་ས་ཞིག་ཀྱང་ཆགས་ཡོད་སྐོར་བཀའ་བསྩལ་བ་དང་ཆབས་ཅིག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་སྔ་རྗེས་རྣམ་པས་བོད་དོན་ཐོག་ཤ་ཚ་དང་རྒྱབ་སྐྱོར། སེམས་ཁུར་གནང་བར་བརྟེན་བོད་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་དུ་དངོས་གནས་བོད་མི་ཚོར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་ཀྱི་མ་རེད་ཅེས་བཀའ་བསྩལ་འདུགཨ་རི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ཨ་རི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་དབུས་པའི་ཨ་རི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Jim Mcgovern ལགས་དང་གྲོས་ཚོགས་འཐུས་མི་ཁག་གཅིག།དེ་བཞིན་ཨ་རིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ James Maloney ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Meccaci ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ། ཨ་རིའི་མངའ་ཁུལ་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད།སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་སུ་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་མང་དག་ཅིག་ནས་བོད་མིར་རྒྱབ་སྐྱོར་མ་གནང་བའི་སྐབས་ཨ་མི་རི་ཀའི་གཞུང་ནས་དོགས་ཟོན་མེད་པར་རོགས་སྐྱོར་གང་ཐུབ་ཅི་ཐུབ་གནང་ཡོད་པ་དང་སྦྲགས། བོད་མི་རྣམས་ནས་དུས་རྟག་ཏུ་ཨ་རི་གཞུང་མང་གཉིས་ལ་བློ་གཏད་བཅོལ་སའི་གྲོགས་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུངས་སོང་བ་མ་ཟད་འདི་ལོ་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བ་དང་བསྟུན་བོད་མི་རྣམས་ནས་མི་ལོ་ ༦༠ རིང་ཨ་རི་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་གདོང་ལེན་གནང་ཐུབ་པ་དང་འབྲེལ། བོད་ཀྱི་ལོ་རྒྱུས་ལ་གཞིགས་ཚེ་བོད་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གཙོ་བོ་གནང་མཁན་ཨ་མི་རི་ཀའི་གཞུང་མང་གཉིས་ཡིན་པར་འགྲེལ་བརྗོད་གནང་འདུག ལྷག་པར་དུ་ཨ་མི་རི་ཀའི་སྲིད་འཛིན་མང་དག་ཅིག་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་སྐོར་ལུང་འདྲེན་དང་སྦྲགས་ཏེ་མཛད་སྒོར་ཕེབས་པའི་ལྕམ་ནེན་སི་པི་ལོ་སི་མཆོག་ནས་ད་བར་དེ་མཚུངས་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཡོད།སྲིད་སྐྱོང་མཆོག་གིས་ད་དུང་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་སྦྲགས། ཨ་མི་རི་ཀའི་གཞུང་ནས་བོད་མིར་གཞིས་ཆགས་སྲ་བརྟན་དང་ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་ཐད་རོགས་སྐྱོར་གནང་བ་མ་ཟད་ཁོང་རང་ཉིད་ལའང་ཨ་རི་གཞུང་གི་མཐུན་རྐྱེན་འོག་ཧར་ཝཊ་མཐོ་སློབ་ཏུ་སློབ་སྦྱོང་གནང་རྒྱུ་གོ་སྐབས་ཐོབ་སྐོར་གསུངས་འདུག ཨ་རི་གྲོས་ཚོགས་ནས་ཉེ་ཆར་ཨ་མི་རི་ཀའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མི་སྣ་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་ཆོག་པ་དང་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་བར་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་གྲོས་འཆར་ལ་སོགས་པར་གཏན་འབེབས་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ནང་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་དེ་དངོས་སུ་ལག་བསྟར་དང། ཨ་རིའི་ནང་བོད་གནས་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་རྒྱུ། དེ་བཞིན་ཨ་རི་གཞུང་ནས་བོད་ལ་རང་སྲིད་རང་སྐྱོང་མ་ཐོབ་ཀྱི་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།སྲིད་སྐྱོང་མཆོག་གིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྕམ་ Nancy Pelosi མཆོག་ལ་ཐུགས་རྗེ་ཆེ་ཞུ་མཚོན་ཕྱིར་ཆོས་ཀྱི་འཁོར་ལོའི་ཕྱག་རྟགས་ཕུལ་བ་དང་སྦྲགས། ལྕམ་མཆོག་གིས་ང་ཚོའི་བོད་ཀྱི་གནད་དོན་དེ་གོ་སྐབས་ནམ་བྱུང་ལ་རྒྱ་ནག་གི་ཤུགས་རྐྱེན་ལ་ལྟོས་མེད་གླེང་སློང་གནང་དགོས་པ་དེ་གལ་ཆེ་དོན་ཆེ་ཞིག་ཡིན་པ་དང། ད་རེས་ཨ་མི་རི་ཀའི་གྲོས་ཚོགས་ནས་ཨ་རི་མི་སེར་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་ཆོག་པའི་གྲོས་འཆར་གཏན་འབེབས་གནང་ཐུབ་པ་ནི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསུངས་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་འོག་བོད་མི་རྣམས་ནས་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུས་འདུག མཛད་སྒོ་དེའི་ཐོག་ཕེབས་པའི་ཨ་རི་གྲོས་ཚོགས་ཀྱི་འཐུས་མི་གཞན་རྣམས་ནས་ཀྱང་གསུང་བཤད་གནང་བ་དང་སྦྲགས། བོད་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དང་བོད་རིགས་ཁག་ཅིག་ནས་ཐུགས་རྗེ་ཆེ་ཞུའི་གླུ་གཞས་བླངས་ཐོག་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

ཤེས་ཡོན་སློབ་གསོ་བརྒྱུད་ Ukraine ནང་ཞི་བདེ་བསྐྲུན་དགོས།  

༸གོང་ས་མཆོག་གིས་ Ukraine ཤེས་རིག་བློན་ཆེན་མཆོག་གི་སློབ་སྟོན་པ་སྐུ་ཞབས་ Oleksandr ElKIN ལགས་ཀྱིས་སྣེ་ཁྲིད་པའི་ཤེས་རུ་ཁག་ཅིག་དང་མཇལ་འཕྲད་གནང་ཐོག་ Ukraine ཤེས་ཡོན་སློབ་སྟོན་པ་ཚོས་ཡུལ་དེའི་ནང་ཤེས་ཡོན་སློབ་གསོ་བརྒྱུད་ནས་ཞི་བདེ་བསྐྲུན་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་བསྩལ་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་གིས་སྐུ་ཞབས་ Oleksandr ElKIN ལགས་སུ་མཇལ་ཞུ་དང་འབྲེལ་བའི་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་དགོངས་པ་བཞེས་དགོས་གལ་སྐོར་དང་ལྷག་དོན་དེང་དུས་ཤེས་ཡོན་ལམ་ལུགས་ནང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་སྦྱོང་སྤྲོད་དགོས་པར་བཀའ་བསྩལ་བ་མ་ཟད། ཤེས་ཡོན་སློབ་སྟོན་པ་ཚོས་རྐང་འགན་བཞེས་ཐོག་ Ukraine ནང་ཤེས་ཡོན་སློབ་གསོ་བརྒྱུད་ནས་ཞི་བདེ་བསྐྲུན་ཐབས་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་བསྩལ་ཡོད་པ་གསུངས་སོང་། དེ་བཞིན་ལྷན་རྒྱས་ཀྱི་མཇལ་མོལ་དེའི་ཐོག་འཛམ་གླིང་ཞི་བདེ་བསྐྲུན་པར་ཤེས་ཡོན་གྱི་གལ་གནད་དང་དེར་དགེ་རྒན་གྱི་འགན་འཁྲི་ཇི་ཡོད་དང་ཤེས་ཡོན་སློབ་སྟོན་པ་ཚོར་བསྐྱར་དུ་སློབ་གསོ་སྤྲོད་ཕྱོགས་བཅས་ཀྱི་ཐོག་བཀའ་བསྡུར་ལྷུག་པོ་གནང་འདུགལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་ཤེས་ཡོན་གྱི་རུ་ཁག་དེར་རིང་མིན་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་འཆར་ཡོད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་Ukraine གི་སྐུ་ཚབ་ཆེད་གཏོང་ཐུབ་ཚེ་དགེ་མཚན་ཡོད་པ་སོགས་ལམ་སྟོན་རྒྱ་ཆེ་མཛད་འདུག ཤེས་རྟོགས་བྱུང་བར་གཞིགས་ན་ཡུཀ་རེན་ཤེས་ཡོན་རུ་ཁག་ནས་བཞུགས་སྒར་དུ་ཟླ་ ༢ ཚེས་ ༡༦ བར་འཚམས་གཟིགས་གནང་གི་འདུག་པ་དང་། ཁོང་རྣམས་ནས་གཙོ་བོ་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་ཤེས་ཡོན་དང་རིག་གཞུང་ལྟེ་གནས་ཁག་འདྲ་མིན་དུ་འཚམས་གཟིགས་གནང་ནས་བོད་མིའི་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་དང་རིག་གཞུང་བཅས་རྒྱུས་མངའ་ཡོང་ཐབས་གནང་རྒྱུ་རེད་འདུག

Latest news