Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་གཞན་ཕན་བསྒྲུབས་ན་རང་ཉིད་ཀྱི་བདེ་སྐྱིད་ཀྱང་འགྲུབ་ཀྱི་ཡོད་པའི་ལམ་སྟོན་བསྩལ་བ།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ Andaz མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནས་སཱི་ཤེས་ཡོན་གྱི་བྱམས་བརྩེ་དང་བློ་གྲོས་གོང་འཕེལ་གྱི་བསླབ་གཞིའི་དྲྭ་རྒྱ་དངོས་སུ་དབུ་འབྱེད་བཀྲིན་བསྐྱངས་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་རྒྱུན་དུ་ང་ཚོ་ཚང་མས་སོ་སོ་རང་ཉིད་སའི་གོ་ལ་ཐོག་མི་ཐེར་འབུམ་ ༧ ལྷག་ཡོད་པའི་ཆ་ཤས་ཤིག་ཡིན་ཐོག་གཞན་ཕན་གྱི་བདེ་སྐྱིད་བསྒྲུབ་ཐབས་ཐད་དགོངས་པ་མང་ཙམ་བཞེས་དགོས་པ་དང་། གལ་ཏེ་འཛམ་བུ་གླིང་གི་མི་ཐེར་འབུམ་ ༧ ལྷག་ཡོད་པ་རྣམས་བདེ་སྐྱིད་དང་ལྡན་པ་ཞིག་བྱུང་ཚེ་རང་ཉིད་ལའང་རང་བཞིན་གྱིས་བདེ་བ་ཐོབ་རྒྱུ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་།དེ་རིང་སཱི་ཤེས་ཡོན་སློབ་གསོའི་དྲྭ་རྒྱ་དེ་དབུ་འབྱེད་མཛད་སྐབས་ཚོགས་ཁང་དུ་རྒྱལ་ཁབ་ཁག་ ༣༧ ནས་ཕེབས་པའི་ཚོགས་བཅར་བ་མི་གྲངས་ ༩༠༠ ལྷག་ཙམ་འདུ་འཛོམས་བྱུང་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་རེའི་དུས་ཚོད་ཀྱི་འགྱུར་འགྲོས་ལ་ང་ཚོས་སྟངས་འཛིན་ཐུབ་རྒྱུ་མེད་པ་དང་། འདས་པའི་གནས་ཚུལ་ལའང་ང་ཚོས་འགྱུུར་བ་གཏོང་རྒྱུའི་ནུས་པ་མེད། ང་ཚོར་ནུས་པ་གཅིག་རང་ཡོད་པ་དེ་ནི་མ་འོངས་པའི་ཐོག་དགོངས་བཞེས་གནང་རྒྱུ་དེ་རེད། དེས་ན་ང་ཚོས་མ་འོངས་པར་དགོངས་བཞེས་ནན་པོ་གནང་དགོས་པ་མ་ཟད། ད་ལྟའི་གནས་སྟངས་འདི་འགྲིག་གི་མེད་སྟབས་དོན་དངོས་ཐོག་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་འཕྲད་མུས་ཡིན་པ་སོགས་ལམ་སྟོན་མཛད་ཡོད། དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དབུ་འབྱེད་མཛད་པའི་སཱི་ཤེས་ཡོན་སློབ་གསོའི་དྲྭ་རྒྱ་དེ་ནི་སྤྱི་ཚོགས་དང་། སེམས་མྱོང། བཟང་སྤྱོད་བཅས་ཀྱི་སློབ་གསོ་ངོ་སྤྲོད་དང་། ལྷག་པར་དུ་དོན་གཉེར་ཡོད་པའི་དགེ་རྒན་ཁག་ལ་རིན་མེད་ཐོག་དམིགས་བསལ་སློབ་ཁྲིད་ཀྱི་སྦྱོང་བརྡར་སྤྲོད་ཐབས་ཤིག་ཡིན་པ་རེད།  གཞི་རྩའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སཱི་བསླབ་གཞི་དབུ་འབྱེད་དང་འབྲེལ་བའི་ཉིན་གྲངས་གསུམ་གྱི་རིང་ལྡི་ལིར་ལྷན་ཚོགས་གནང་བ་འདི་དེ་རིང་ནས་འཇུག་སྒྲིལ་གནང་ཡོད་ཀྱང་། དེ་རིང་ཉིན་མཐའ་མའི་མཛད་སྒོའི་ཐོག་གཞན་ཡང་བསླབ་གཞི་དེ་རྒྱལ་སྤྱིའི་ནང་འགྲེམས་སྤེལ་ཡོང་བའི་ཐབས་བྱུས་སྐོར་ལ་མཁས་པའི་བགྲོ་གླིང་དང་། དྲི་བ་དྲིས་ལན་སོགས་གནང་ཡོད་པ་མ་ཟད། མཛད་སྒོའི་ཐོག་བསླབ་གཞི་དེའི་ཐོག་ཐུགས་ཁུར་གཙོ་བཞེས་གནང་མཁན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་ལག་གཉིས་ཐལ་མོ་སྦྱར་ནས་ལས་གཞི་འདི་ད་རེས་དབུ་འཛུགས་གནང་མ་ཐག་པ་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་ལམ་སྟོན་མུ་མཐུད་བསྩལ་གནང་ཡོང་བ་དང་། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་ཡོད་པ་རེད།

༸གོང་ས་མཆོག་གིས་ SEE Learning ཞེས་པའི་བྱམས་བརྩེ་དང་བློ་གྲོས་གོང་འཕེལ་གྱི་ཤེས་ཡོན་བསླབ་གཞི་དབུ་འབྱེད་བཀྲིན་བསྐྱངས་པ།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ Andaz མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནས་ཆོས་ལུགས་ལ་མ་བརྟེན་བཟང་སྤྱོད་ཀྱི་བསླབ་གཞི་ SEE Learning ཞེས་པ་དབུ་འབྱེད་བཀྲིན་བསྩལ་ཡོད་པ་དང་། མཛད་སྒོའི་ཐོག་༸གོང་ས་མཆོག་གི་ལྷན་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ Kailash Satyarthi མཆོག་དང་། ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ Manish Sisodia མཆོག་བཅས་ནས་ལྷན་ཞུགས་གནང་སོང་།དབུ་འབྱེད་མཛད་པའི་སཱི་ཤེས་ཡོན་བསླབ་གཞི་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་ནས་དགོངས་བཞེས་གནང་བའི་དགོངས་གཞི་ཇི་བཞིན་ཨ་རིའི་ Emory གཙུག་ལག་སློབ་གྲྭ་ཆེན་མོ་ནས་བཀོད་སྒྲིག་གནང་བའི་བསླབ་གཞི་ཞིག་ཡིན་པ་དང་། ད་ལྟའི་ཆར་བསླབ་གཞི་འདི་རྒྱལ་སྤྱིའི་སྐད་ཡིག་འདྲ་མིན་ ༡༢ ནང་ཕབ་སྒྱུར་གྱིས་འདོན་སྤེལ་ཞུས་ཡོད་པ་རེད།དེ་རིང་གི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསླབ་གཞི་དེའི་གྲུབ་འབྲས་བདུན་ཕྲག་གཅིག་གཉིས་ནང་ལམ་སེང་ཐོན་རྒྱུ་ཁག་པོ་ཡོད་ཀྱང་། མ་འོངས་པའི་མི་རབས་གསར་པ་ཚོ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡོང་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་སྐབས་དེར་ད་དུང་ང་ཚོ་ཚང་མར་ལྷན་སྐྱེས་སུ་བྱམས་བརྩེའི་ས་བོན་ཞིག་ཡོད་པ་ལྟར། མི་རེ་ངོ་རེ་ནས་རང་ཉིད་ཀྱི་རྣམ་དཔྱོད་དེ་བཟང་ཕྱོགས་སུ་སྤྱོད་ཐོག་སྤྱི་ཚོགས་ཁྱོན་ལ་ཕན་ཐོགས་ཐབས་ཤིག་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་གཞན་ཚོའང་ང་ཚོའི་རྒྱན་ཆ་ལྟ་བུ་ཡིན་སྟབས་ཕན་པ་བསྒྲུབ་དགོས་པ་མ་ཟད། ལྷག་པར་དུ་གོ་ལ་འདི་ང་ཚོའི་ཁང་ཁྱིམ་གཅིག་པོ་དེ་རང་ཡིན་པས་ཚང་མས་ངེས་པར་དུ་ཁོར་ཡུག་ལ་བདག་གཅེས་བྱེད་དགོས་ཞེས་ལམ་སྟོན་བཀྲིན་བསྩལ་ཡོད།སྐབས་དེར་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ Manish Sisodia མཆོག་གིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ SEE Learning བསླབ་གཞི་འདི་༸གོང་ས་མཆོག་ནས་འགྲོ་བ་མི་རྣམས་ལ་གནང་བའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན་པ་དང་། གོ་མཚོན་དང་ཁྲིམས་སྒྲིག་བརྒྱུད་ཞི་བདེ་ཉོ་ཐབས་བྱེད་བཞིན་པའི་དེང་གི་འཛམ་གླིང་ཁྲོད་ཤེས་ཡོན་གྱི་བསླབ་གཞི་འདི་སྡང་འཛིན་དང་དྲག་སྤྱོད་འགོག་རྒྱུའི་ཐབས་ལམ་ཡག་ཤོས་ཤིག་རེད་ཅེས་གསུངས་སོང་།རྩ་བའི་རྒྱལ་ས་ལྡི་ལི་སློབ་གྲྭ་བརྒྱ་ལྷག་གི་ནང་སྔ་ལོ་ནས་བདེ་སྐྱིད་སྐྲུན་ཐབས་སམ་ Happiness Curriculum ཞེས་པའི་བསླབ་གཞི་གསར་པ་ཞིག་ལག་བསྟར་བྱེད་མུས་ཡིན་པ་དང་། སློབ་ཕྲུག་གྲངས་འབུམ་ ༡༥ ལྷག་ལ་ལག་བསྟར་བྱས་པའི་བསླབ་གཞི་དེས་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་འགྲེལ་བརྗོད་དང་སྦྲགས། ད་རེས་སཱི་བསླབ་གཞི་འདི་ལྡི་ལི་ནང་ལག་བསྟར་བྱེད་རྒྱུ་མ་ཟད་འཛམ་གླིང་ནང་གི་སློབ་གྲྭ་གཞན་རྣམས་ནས་ཀྱང་ལག་བསྟར་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་སོགས་གནང་ཡོད།མཛད་སྒོའི་ཐོག་ཕེབས་པའི་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ Kailash Satyarthi མཆོག་གིས་རྒྱལ་ཁབ་ཕན་ཚུན་དབར་ས་མཚམས་དང་། རིགས་རུས།  ཆོས་ལུགས་སོགས་ཀྱི་རྙོག་གཞི་ཡོང་བ་དེ་དག་བྱམས་བརྩེ་མ་འདང་བའི་དབང་གིས་ཡིན་པ་དང་། ང་ཚོས་རྒྱུན་དུ་ཚོང་འབྲེལ་དང་ཆབ་སྲིད་སོགས་ཀྱི་བྱ་བ་ཚང་མའི་ནང་བྱམས་བརྩེ་ཀུན་ནས་བསླངས་ཏེ་གནང་དགོས་པ་མ་ཟད། རྒན་པས་བྱིས་པ་ཚོར་བྱམས་བརྩེའི་སློབ་གསོ་སྤེལ་བ་ཙམ་མིན་པར་བྱིས་པའི་རྩར་ནས་བྱམས་བརྩེའི་སློབ་གསོ་ལེན་ཐབས་བྱེད་དགོས་སྐོར་སོགས་གསུངས་ཡོད།གཞི་རྩའི་ཉིན་གྲངས་གསུམ་གྱི་རིང་ལྡི་ལིའི་མཛད་སྒོ་དེ་ནི་ཏཱ་ལའི་བླ་མའི་ཐེབས་རྩ་དང་ཨེ་མོ་རི་མཐོ་སློབ། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་ཝ་ཎ་ཐེབས་རྩ་ཁང་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེ་རིང་བསླབ་གཞི་དངོས་སུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱལ་ཁབ་འདྲ་མིན་ ༣༧ གྱི་དགེ་ལས་སློབ་གཉེར་བ་དང་། ཤེས་ཡོན་པ་སོགས་ཁྱོན་མི་གྲངས་ ༩༠༠ ལྷག་ཙམ་ནས་ལྷན་ཞུགས་གནང་འདུགདེ་རིང་ཆོས་ལུགས་ལ་མ་བརྟེན་པའི་སཱི་བསླབ་གཞི་དངོས་སུ་དབུ་འབྱེད་དང་འབྲེལ་ང་ཚོས་བསླབ་གཞི་དེའི་ཐོག་ཡུན་རིང་ནས་དངོས་སུ་ཕྱག་ལས་གནང་མཁན་ Emory གཙུག་ལག་སློབ་གྲྭའི་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་སུ་ཁོང་སྒེར་གྱི་དགོངས་ཚུལ་དང་བསླབ་གཞི་དེ་མ་འོངས་པར་ཕྱག་བསྟར་གནང་ཕྱོགས་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།སཱི་ཤེས་ཡོན་གྱི་བསླབ་གཞི་དང་འབྲེལ་ནས་དེ་རིང་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ ཤེས་ཡོན་སློབ་གསོ་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་པ་ཁག་གཅིག་དབར་བགྲོ་གླེང་དང་། ཉིན་རྒྱབ་སློབ་གསོ་དེ་དངོས་སུ་ལག་བསྟར་བྱེད་ཡུལ་གྱི་སློབ་ཕྲུག་དང་དགེ་རྒན་ཁག་གཅིག་ནས་སོ་སོ་རང་ཉིད་ཀྱི་མྱོང་ཚོར་ཇི་བྱུང་ངོ་སྤྲོད་གནང་ཡོད་པ་རེད།སང་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སཱི་བསླབ་གཞི་དང་འབྲེལ་བའི་དྲྭ་རྒྱ་ཞིག་དབུ་འབྱེད་བཀྲིན་བསྐྱང་རྒྱུ་མ་ཟད། མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་ཐོག་བྱམས་བརྩེ་དང་བློ་གྲོས་གོང་འཕེལ་གྱི་བགྲོ་གླེང་བཅས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

བོད་མི་ཚོར་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དགོས་མཁོ་མེད་ཀྱང་ནང་ཆོས་ལ་དད་པ་ཙམ་མིན་པར་སློབ་སྦྱོང་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ག་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སཱི་ཤེས་ཡོན་སློབ་གསོའི་རྒྱུན་སྤྱོད་ལག་དེབ་དབུ་འབྱེད་བཀྲིན་བསྐྱང་རྒྱུ་ཡིན་པ་ལྟར། དེ་རིང་ཉིན་གཅིག་གི་སྔ་རོལ་དུ་རྒྱལ་སྤྱི་དང་བོད་མིའི་གསར་འགོད་པ་ཚོར་དམིགས་བསལ་བཅར་འདྲི་དང་ལེན་གྱི་གོ་སྐབས་ཤིག་བསྩལ་སྨིན་མཛད་ཡོད་པ་དང་། རྒྱལ་ས་ལྡི་ལིའི་ Andaz མགྲོན་ཁང་དུ་གོ་སྒྲིག་ཞུས་པའི་གསར་འགོད་ལྷན་ཚོགས་ཐོག་བོད་ཚོར་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་དམིགས་བསལ་དགོས་མཁོ་མེད་ཀྱང་། གཞིས་བྱེས་བོད་མི་རྣམས་ནས་རྒྱུན་དུ་ནང་ཆོས་ལ་དད་པ་ཙམ་མིན་པར་སློབ་སྦྱོང་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པར་ལམ་སྟོན་བཀྲིན་བསྩལ་སོང་།སྐབས་དེར་འདི་ག་གསར་ཁང་གི་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་ཞུས་དོན་ལྟར་བཀའ་ལན་བསྩལ་ཡོད་པ་རེད།རྩ་བའི་སང་ཉིན་དབུ་འབྱེད་མཛད་རྒྱུའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འམ་ SEE Learning ཞེས་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ་དེ་ནི་༸གོང་ས་མཆོག་གིས་དབུས་པའི་རྒྱལ་སྤྱིའི་ཚན་རིག་པ་དང་ཤེས་ཡོན་སློབ་སྟོན་པ་སོགས་ཀྱི་ཉམས་ཞིབ་གྲུབ་དོན་དང་རྒྱབ་སྐྱོར་ཐོག་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་བཀོད་སྒྲིག་གནང་བའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཤེས་ཡོན་སློབ་གསོ་ཞིག་ཆགས་ཀྱི་ཡོད་པ་དང་།  སྔོན་འགྲོ་ནས་འཛིན་གྲྭ་ ༡༢ བར་གྱི་བསླབ་གཞི་དེ་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་སྐད་ཡིག་ལྔ་དང་འདི་བཞིན་སོག་པོ་སོགས་རྒྱལ་ཁབ་བདུན་བཅས་ཁྱོན་རྒྱལ་སྤྱིའི་སྐད་ཡིག་མི་འདྲ་བ་ ༡༢ ནང་ཕབ་སྒྱུར་གྱིས་འདོན་སྤེལ་གནང་གི་ཡོད་པ་རེད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་བསླབ་གཞི་དེ་ནི་བོད་མི་ཚོས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བདག་ཉར་བྱས་པའི་གཅེས་ནོར་ཞིག་ཡིན་པ་མ་ཟད། བསླབ་གཞི་དེ་འཛམ་གླིང་མི་མང་ཚོར་བྱམས་བརྩེ་དང་ཤེས་རབ་གོང་འཕེལ་ཡོང་བའི་ཐུགས་རེ་ཞིག་ཡིན་སྐོར་བཀའ་བསྩལ་ཡོད།སྐབས་དེར་ད་དུང་བོད་མིའི་གསར་ཁང་གཞན་ཞིག་གི་བཅར་འདྲིར་དང་ལེན་མཛད་སྐབས་བོད་མི་བཙན་བྱོལ་དུ་འགྱར་ནས་མི་ལོ་ ༦༠ སོང་བའི་རིང་མི་རབས་རྒན་པ་ཚོས་སྙིང་སྟོབས་ཞུམ་པ་མེད་པར་ཧུར་ཐག་གནང་ཡོད་པ་མ་ཟད།  ཆབ་སྲིད་ཀྱི་ཐོག་ནས་ཀྱང་དུས་ཀྱི་དགོས་མཁོར་གཞིགས་པའི་རྒྱ་ནག་གི་བཅའ་ཁྲིམས་འོག་ནས་ཆོལ་ཁ་གསུམ་ཆིག་ཏུ་སྒྲིལ་བའི་དབུ་མའི་ལམ་འཐབ་རྩོད་གནང་རྒྱུའི་མང་མོས་ཐག་གཅོད་བྱུང་ཡོད་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་བླ་དཔོན་ཟུང་འབྲེལ་ཟེར་བ་དེ་དུས་ཚོད་ཡོལ་བར་གཟིགས་ནས་བཙན་བྱོལ་ནང་མང་གཙོའི་ལམ་སྲོལ་གོང་འཕེལ་དང་། གཞིས་ཆགས་དང་དགོན་སྡེ། སློབ་གྲྭ་སོགས་འཛུགས་སྐྲུན་གནང་ཐུབ་པ་བཅས་ད་ཆ་བོད་ཀྱི་མཚན་མཐོང་ལ་རྒྱ་བཅས་པ་འཛམ་གླིང་ནང་ཁྱབ་སྤེལ་ཐུབ་པ་དེ་ནི་རྐྱེན་ཉེན་གྲོགས་སུ་ཤར་བ་ལྟ་བུ་ཞིག་ཆགས་ཡོད་པ་སོགས་༸སྐུའི་དགོངས་གཞི་ཡང་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་དེ་མ་བསྐྱང་གོང་དུ་ Andaz མགྲོན་ཁང་གི་ཚོགས་ཁང་གཞན་ཞིག་ཏུ་ SAARC ཞེས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་འདྲ་མིན་བདུན་ནས་ཕེབས་པའི་དགེ་ལས་སློབ་གཉེར་བ་ཁག་གཅིག་ལ་ཀུན་ཁྱབ་རིན་ཐང་གོང་འཕེལ་ཐོག་ལ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད།མཛད་འཆར་ལ་གཞིགས་ན། ༸གོང་ས་མཆོག་གིས་སང་ཉིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་དངོས་སུ་དབུ་འབྱེད་བཀྲིན་མཛད་རྒྱུ་དང་། མཛད་སྒོའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ ༣༠ ལྷག་ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠༠ ལྷག་ཙམ་ནས་ལྷན་ཞུགས་གནང་གི་ཡོད་པ་རེད།

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་པ།  

དེ་རིང་ཟླ་ ༤  ཚེས་ ༢ ཉིན་དགུང་ཚོུད་ ༡༢༌༠༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་གོང་ནས་འཛམ་གླིང་སྤྱིའི་བདེ་རྩར་སྨིན་པའི་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཕྱག་བསྟར་ཡོང་བར་དགོངས་བཞེད་བླ་མེད་མཛད་དོན་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རི་ཨེ་མོ་རི་མཐོ་སློབ་དབར་འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་སྒོམ་སྒྲུབ་ཚན་རིག་དང་བྱམས་བརྩེ་གཞི་རྩར་གྱུར་པའི་བཟང་སྤྱོད་སློབ་གསོའམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་བགྲོ་གླེང་དང་བཀའ་བསྡུར་སྦྱང་བཤད་རིམ་པ་མཛད་བཞིན་པའི་ཁྲོད་གནངས་ཕྱི་ཟླ་ ༤ ཚེས་ ༤ ནས་ཚེས་ ༦ བར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Talkatora Indoor རྩེད་ཐང་ཆེན་མོར་ཨེ་མོ་རི་མཐོ་སློབ་དང་ཏཱ་ལའི་བླ་མའི་ཐེབས་རྩ། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་ཝ་ཎ་ཐེབས་རྩ་ཁང་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འམ་ SEE Learning ཞེས་སྤྱི་ཚོགས་དང་སེམས་མྱོང་། སྤྱོད་བཟང་བཅས་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོགས་གཏན་ཁེལ་ཡོད་པ་དང་། ལྷན་ཚོགས་དེའི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གནང་ཐབས་ཀྱི་བསླབ་གཞི་ཁག་དབུ་འབྱེད་བཀྲིན་བསྐྱང་གི་ཡོད་པ་རེད།མཛད་སྒོའི་ཐོག་རྒྱལ་ཁབ་སུམ་ཅུ་ནས་ཤེས་ཡོན་སློབ་སྟོན་པ་མི་སྣ་དང་མཁས་དབང་། ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་ ༢༠༠༠ ཙམ་ནས་མཉམ་ཞུགས་གནང་གི་ཡོད་པ་མ་ཟད། དེའི་ཁོངས་སུ་རྒྱལ་སྤྱིའི་ཁྱོན་ནས་སྤྱི་ཚོགས་དང་སེམས་ཀྱི་མྱོང་བའི་ཐོག་མཁས་དབང་དང་ཆེད་ལས་མི་སྣ་ལྕམ་ Linda Lantieri ལགས་དང་ Kimberely Schonert Reichl ལགས། དེ་བཞིན་རྒྱ་གར་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Kailash Satyarthi མཆོག་སོགས་ཕེབས་ཀྱི་ཡོད་པ་དང་། ལྷན་ཚོགས་དེའི་མཛད་རིམ་ཁག་དྲྭ་ལམ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་རེད།རྩ་བའི་སྔར་ལོའི་ཕྱི་ཟླ་ ༡༢ ནང་༸གོང་ས་མཆོག་ནས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་བྷི་ཧཱར་དང་ཨུཏྲཔྲདེཤ།  མུམ་བའི། དེ་བཞིན་ལྡི་ལི་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ནས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་མགོན་པོ་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་གནང་མཛད་པའི་རྗེས་སུ་ཐེངས་འདིའི་རྒྱ་གར་རྒྱལ་ས་ལྡི་ལིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་མཛད་ཕྱིར་ཆིབས་བསྒྱུར་མཛད་པ་འདི་ནི་ཕྱི་ལོ་ ༢༠༡༩ ལོའི་ནང་བཞུགས་སྒར་གྱི་ཕྱི་ཕྱོགས་སུ་ཆིབས་བསྒྱུར་མཛད་པ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

ཐེ་ཝན་དད་ལྡན་རྣམས་ལ་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་དད་ལྡན་རྣམས་ལ་དྲྭ་རྒྱ་ཐད་གཏོང་བརྒྱུད་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་བསྩལ་འདུག ཁ་སང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་དཔལ་མགོན་ཀླུ་སྒྲུབ་ཀྱི་རིག་ཚོགས་དྲུག་ལས་དབུ་མ་རིན་ཆེན་ཕྲེང་བ་ལེའུ་དང་པོའི་བཀའ་ཆོས་དང་བཀའ་འདྲིར་བཀའ་ལན་བཅས་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཞལ་ལུང་དང་སྦྲགས་ནང་ཆོས་ངོ་སྤྲོད་གནང་སྐབས་རྒྱ་རིགས་དད་ལྡན་རྣམས་ལ་དབང་རྟུལ་དད་པའི་རྗེས་འབྲང་མིན་པར་དབང་རྣོན་རིག་པའི་རྗེས་འབྲང་ཞིག་བྱེད་དགོས་གལ་ཡིན་པ་དང། ལྷག་པར་དུ་དཔྱད་སྒོམ་ཐོག་འབད་དགོས་གནད་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་མཛད་འདུགདེ་བཞིན་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་དགུང་ལོའི་བབས་དང་ཆབ་སྲིད་ཀྱི་གནད་དོན་སོགས་ཀྱི་རྐྱེན་པས་༸གང་ཉིད་མཆོག་ཐེ་ཝན་དུ་དངོས་སུ་ཆིབས་བསྒྱུར་མཛད་མ་ཐུབ་ནའང་ཐེ་ཝན་དད་ལྡན་རྣམས་ལ་འདི་ལྟ་བུའི་དུས་ནས་དུས་སུ་དྲྭ་ཐོག་བརྒྱུད་བཀའ་ཆོས་བསྩལ་རྒྱུ་ཡིན་པའི་ཞལ་བཞེས་བཀའ་བསྩལ་ཡོད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་ཐེངས་འདིའི་བཀའ་ཆོས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཆོས་འབྲེལ་འདི་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་དང། བསྟན་འཛིན་བྱམས་ཆེན་ཆོས་ཚོགས་གཉིས་ནས་དྷ་རྨ་ས་ལར་ཆོས་ཞུ་བར་བཅར་མ་ཐུབ་མཁན་དད་ལྡན་ལོ་ན་རྒན་གྲས་དེ་དག་གི་ཆེད་དུ་ཆོས་འབྲེལ་གསོལ་འདེབས་ཞུས་པ་ལྟར་བཀའ་ཆོས་བསྩལ་བ་ཞིག་ཡིན་པ་དང། ཐེ་ཝན་གྱི་ས་གནས་མི་འདྲ་བ་གཉིས་ཀྱི་མང་ཚོགས་ཁྱོན་ ༦༠༠༠ ལྷག་ལ་ཐད་ཀར་རྒྱང་སྲིང་ཞུས་ཡོད་པ་མ་ཟད། དྲྭ་རྒྱའི་ཐོག་ནས་གསན་གཟིགས་གནང་མཁན་ཁོངས་སུ་རྒྱ་ནག་ནང་ལོག་ནས་ཀྱང་མི་གྲངས་ཕོན་ཆེན་ཞིག་ཡོད་སྐོར་གསུངས་ཡོད།རྩ་བའི་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་རྒྱ་བརྒྱུད་ནས་སོག་རིགས་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བར་བཀའ་ཆོས་བསྩལ་རྒྱུ་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དྲྭ་རྒྱ་བརྒྱུད་བཀའ་ཆོས་སྩོལ་རྒྱུར་སྐུ་ལས་གང་ཡང་མེད་པ་མ་ཟད་ཆོས་ཞུ་བས་ཀྱང་འགྲོ་སོང་གང་ཡང་གཏོང་མི་དགོས་པ་ཡིན་སྟབས། མ་འོངས་པར་དུས་ནས་དུས་སུ་དྲྭ་རྒྱའི་ལས་རིམ་འདི་འདྲ་གོ་སྒྲིག་ཞུ་ཐུབ་ཚེ་དགེ་མཚན་ཅེས་བཀའ་བསྩལ་ཡོད་པ་རེད། ཐེ་ཝན་ལ་ཆ་མཚོན་ན་དེ་སྔ་༸གོང་ས་མཆོག་ཐེངས་ཁ་ཤས་ཆིབས་བསྒྱུར་མཛད་མྱོང་ཡོད་ཀྱང། འདས་པའི་ལོ་ཤས་ནང་ རྒྱ་ནག་གིས་གནོན་ཤུགས་དང་༸གང་ཉིད་མཆོག་གི་དགུང་ལོའི་བབས་བཅས་རྒྱུ་མཚན་འདྲ་མིན་ལ་བལྟས་ནས་༸གོང་ས་མཆོག་ཐེ་ཝན་དུ་དངོས་སུ་ཆིབས་བསྒྱུར་མཛད་ཐུབ་མེད་པ་ལྟར། ཁ་སང་ཡུལ་དེའི་དད་ལྡན་མང་ཚོགས་རྣམས་ལ་དྲྭ་རྒྱའི་ཐོག་ནས་བཀའ་ཆོས་བསྩལ་བ་ཐེངས་པོ་བསྩལ་ཡོད་པ་རེད། ༸སྐུ་པར་bod.asia

དཔལ་ནཱ་ལེནྡཱའི་ཐུན་མིན་གྱི་ཆོས་བརྒྱུད་དེར་འགྲེལ་བརྗོད་ཡག་ཤོས་བརྒྱབ་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་རེད།

དེ་རིང་སྔ་དྲོ་ཚོུད་ ༡༠༌༠༠ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པུར་གྱི་ ༡༨༨༠ ཞེས་པའི་རྒྱབ་ལྗོངས་མིན་ལས་གྲུབ་པའི་ཚོགས་པའི་ཚོགས་མི་ ༨༥ ལྷག་ཙམ་ཞིག་དང་མཇལ་འཕྲད་ཀྱིས་ ༸གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་དག་ངོ་སྤྲོད་མཛད་པ་དང་འབྲེལ་ཏེ་དཔལ་ནཱ་ལེནྡཱའི་ཐུན་མིན་གྱི་ཆོས་བརྒྱུད་དེར་འགྲེལ་བརྗོད་ཡག་ཤོས་བརྒྱབ་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་རེད་ཅེས་བཀའ་བསྩལ་སོང་།མཇལ་འཕྲད་ཀྱི་ཐོག་མར་ཚོགས་མི་དེ་དག་ཁྲོད་ནས་ལོ་ན་ཆུང་བ་ཁག་གཅིག་ལ་གཟིགས་སྐབས་ཁོ་ཚོ་ནི་དུས་རབས་ཉེར་གཅིག་གི་མི་རབས་ཡིན་པ་དང་། ད་ལྟའི་མི་རབས་ཀྱི་ཤེས་ཡོན་བརྒྱུད་འཛམ་གླིང་ཞི་བདེ་གོང་སྤེལ་སླད་འབད་བརྩོན་བྱེད་ན་ གྲུབ་འབྲས་དེ་དུས་རབས་རྗེས་མའི་མི་རབས་ནས་མཐོང་རྒྱུ་དང་མྱོང་རྒྱུ་ཡོད་པས་དེ་ཡོང་བར་ད་ལྟའི་མི་རབས་ལ་འགན་ཡོད་ཅེས་ལམ་སྟོན་མཛད་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མི་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་འབྲེལ་བཀའ་སློབ་བསྩལ་དོན།  འཛམ་བུ་གླིང་གི་མི་ཐེར་འབུམ་ ༧ ལྷག་ཡོད་པ་རྣམས་ཕྱིའི་གཟུགས་ཀྱི་སྒོ་ནས་མི་འདྲ་བ་ཙམ་ལས་འགྲོ་བ་མི་གཅིག་མཚུངས་ཡིན་པས་ཆོས་ལུགས་ལ་ཁས་ལེན་ཀྱང་རུང་མི་ལེན་ཀྱང་རུང་བྱམས་དང་བརྩེ་བ། དེ་བཞིན་སྙིང་རྗེ་ནི་འགྲོ་བ་མི་སྤྱི་ཡོངས་ལ་དགོས་ངེས་ཤིག་ཡིན་པ་དང། ལྷག་པར་དུ་ང་ཚོའི་དུས་རྟག་ཏུ་སེམས་ཀྱི་ཞི་བདེ་གནས་ཐབས་སུ་བྱང་ཆུབ་ཀྱི་སེམས་དང་གཞན་ཕན་གྱི་བློ་སྒོམ་དགོས་གལ་ཡིན་པའི་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་ད་ཆ་འཛམ་གླིང་སྤྱི་ཡོངས་སྤྱི་ཚོགས་གཅིག་ལྟ་བུར་འགྱུར་ཡོད་པ་དང་ཡང་སྒོས་འགྲོ་བ་མི་རྣམས་སྡུག་བསྔལ་མི་འདོད་ཀྱང་། ད་ལྟར་ཀཤྨིར་དང་། སི་རི་ཡ། དེ་བཞིན་ཨབ་གྷ་ནིས་ཏན་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་དང། ཨ་རི་དང་མེཀ་སི་ཀོ་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་བརྒྱུད་མེཀ་སི་ཀེན་མི་སེར་མང་པོ་ཞིག་དཀའ་སྡུག་དེའི་འོག་ནས་མྱོང་བཞིན་པ་སོགས་ཀྱི་གནད་དོན་ལ་ཐུགས་ཕམ་དང་སྦྲགས། ཁྱིམ་མཚེས་རྒྱལ་ཁབ་ནས་ཞི་བདེ་ཐོག་མཉམ་གནས་གནང་དགོས་པར་བཀའ་བསྩལ་དང་འབྲེལ། ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ངོ་སྤྲོད་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གསུམ་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་སྐོར་བཀའ་སློབ་བསྩལ་དོན་དུས་རབས་ ༧ པའི་ནང་བོད་ནང་ཡི་གེ་གཏན་འབེབས་དང་། དེ་བཞིན་ནཱ་ལེནྡཱ་གཙུག་ལག་སློབ་ཁང་ནས་སློབ་དཔོན་ཞི་བ་འཚོ་གདན་འདྲེན་གྱིས་བོད་དུ་ནང་པའི་ཆོས་བརྒྱུད་དར་འཕེལ་བྱུང་ཚུལ་དང་། རྒྱ་གར་ནང་ནཱ་ལེནྡཱའི་ཆོས་བརྒྱུད་ཉམས་པ་ནས་བཟུང་བོད་ནང་དེ་འབྲེལ་བདག་ཉར་གནང་པས་ནཱ་ལེནྡཱའི་ཐུན་མིན་གྱི་ཆོས་བརྒྱུད་ཀྱི་སེམས་ཁམས་རིག་པ་དང་། ལྟ་གྲུབ་རིག་པ། དེ་བཞིན་ཚད་མ་རིག་པ་སོགས་ཀྱི་ཐད་འགྲེལ་བརྗོད་ཡག་ཤོས་བརྒྱབ་ཐུབ་མཁན་གྱི་སྐད་ཡིག་དེ་ད་ལྟ་སྤྱོད་བཞིན་པའི་བོད་ཀྱི་སྐད་ཡིག་ཡིན་པར་བཀའ་བསྩལ་སོང་། ལྷག་པར་དུ་དེ་ལས་འཕྲོས་ཏེ་༸གོང་ས་མཆོག་གིས་སྤྱིར་བོད་ནི་ལོ་རྒྱུས་ལ་གཞིགས་ན་རང་དབང་གི་རྒྱལ་ཁབ་ཡིན་ཀྱང། ད་ཆ་བོད་མི་ཚོས་དབུ་མའི་ལམ་རྩོད་པ་དེ་དུས་ཚོད་དང་རན་པོ་ཆགས་པར་བཀའ་བསྩལ་བ་མ་ཟད། དེང་སྐབས་བོད་ནང་རྒྱ་ནག་གི་འཛུགས་སྐྲུན་གསར་རྒྱག་གི་ལས་གཞི་གནམ་ཐང་དང། རྒྱ་ལམ་སོགས་ཀྱི་ཡར་རྒྱས་བཏང་བ་དང་། དེ་བཞིན་རྒྱ་ནག་ནང་ནང་པ་ཧ་ཅང་མང་པོ་ཡོད་པས་དབུ་མའི་ལམ་གྱི་སྲིད་བྱུས་ལས་ང་ཚོ་ཕན་ཚུན་དབར་རོགས་སྐྱོར་གནང་ཐུབ་སྐོར་བཀའ་བསྩལ་སོང་།མགོན་པོ་མཆོག་གི་བཀའ་སློབ་གྲུབ་མཚམས་སུ་ཚོགས་མི་རྣམས་ནས་བཀའ་འདྲི་ཁག་གཅིག་ཞུས་ཡོད་པ་ལྟར་དེའི་ཁོངས་ནས་ཚོགས་མི་ཞིག་གིས་༸གོང་ས་མཆོག་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་ཡང་སྲིད་དུ་འཁྲུངས་པར་ཐུགས་ཚོར་གང་ཡོང་གི་འདུག་གམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་མཚན་གནས་འདི་མིས་བཟོས་པ་དང་ཐ་སྙད་བཏགས་པ་ཞིག་ཡིན་སྟབས་མགོན་པོ་མཆོག་ནས་རྣམ་ཀུན་ཏུ་འགྲོ་བ་མི་གཅིག་མཚུངས་ཤིག་ལ་དགོངས་ཀྱི་ཡོད་པ་བཀའ་བསྩལ་ཡོད། ༸གོང་ས་མཆོག་གིས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པས་ང་ཚོ་རིམ་པ་གཉིས་པའི་ཐོག་ལ་བསམ་བློ་མ་གཏང་བར་རིམ་པས་ནང་སེམས་ཀྱི་རིན་ཐང་ཐད་ཐུགས་སྣང་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད།

རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད།  

བཞུགས་སྒར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྐབས་བཅུ་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ལས་ཉིན་དྲུག་པའི་སྔ་དྲོའི་ཚོགས་དུས་ཐོག་འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག་དང་། བདེ་སྲུང་ལས་ཁུངས་ཀྱི་ཁྱབ་ཁོངས་སྣེ་ལེན་འབྲེལ་མཐུད་ལས་ཁང་བཅས་ཀྱི་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་མ་དངུལ་གཏན་འབེབས་ཟིན་མཚམས་སུ་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་ཟུར་བཀོད་མ་དངུལ་གཏན་འབེབས་དང་ལས་དོན་བཅས་ཀྱི་ཐོག་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད།སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཉེ་ཆར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Geng Shuang ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ རྒྱ་ནག་གཞུང་གིས་གཏན་འདེབས་བྱས་པའི་བོད་ཀྱི་བླ་སྤྲུལ་ངོས་འཛིན་གནང་ཕྱོགས་ཀྱི་ཁྲིམས་སྒྲིག་དང་མཐུན་དགོས་སྐོར་བརྗོད་པ་དེར་ངོས་ལེན་ཞུ་ཐབས་མེད་པ་དང་། ལྷག་པར་དུ་རྒྱ་གཞུང་འདི་ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་བརྩི་མེད་རྡོག་རོལ་བཏང་མཁན་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་མཁན། དེ་བཞིན་༸གོང་ས་མཆོག་ལ་གུས་བརྩི་མེད་མཁན་བཅས་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད་ཅེས་གསུངས་ཡོད།སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་དབུས་པའི་སྤྱི་འཐུས་ཁག་གཅིག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པའི་རྣམ་འགྱུར་ནན་པོ་ཆེད་བཏོན་གནང་སོང་།སྤྱི་འཐུས་ཁག་གཅིག་ནས་ཆོས་རིག་ལས་ཁུངས་ནས་ལོ་ལྟར་དགེ་བཤེས་མའི་མཚན་ཐོག་ལ་སྔོན་རྩིས་མ་དངུལ་འཕོན་ཆེན་པོ་ཞིག་ཞུ་བཞིན་པ་དེ་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བསླབ་པ་སློབ་གཉེར་ཐོག་གནང་གི་ཡོད་མེད་དང་། དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུས་ཡོད་པ་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཤག་རིམ་པས་མིང་ཙམ་མ་ཡིན་པར་བཙུན་མའི་ཐོས་བསམ་སློབ་གཉེར་ཐོག་འབད་བརྩོན་གནང་ཡོད་པ་དང་། ད་ལྟའི་ཆར་སྤྱིར་གྲྭ་རྒྱུན་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་བཙུན་མའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་ཆར་དགེ་བཤེས་མ་ ༢༠ ལྷག་སྔགས་ཀྱི་གསན་བསམ་སློབ་གཉེར་ཐོན་ཡོད་པ་སོགས་ངོ་སྤྲོད་དང་སྦྲགས། ཆོས་རིག་ལས་ཁུངས་ནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་སོ་སོའི་སློབ་གཉེར་དང་འཚམ་པའི་བཙུན་མའི་ལས་གཞི་ཚང་མ་ལ་གཅིག་མཚུངས་ཐོག་རོགས་སྐྱོར་ཞུ་མུས་ཡིན་པ་གསུངས་ཡོད།དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་དགེ་བཤེས་མ་དང་འབྲེལ་བའི་ལས་དོན་སྤྱི་ཡོངས་ལ་བསྔགས་བརྗོད་དང་སྦྲགས། མ་འོངས་པར་དགེ་བཤེས་མ་དེ་དག་བཙུན་མའི་སྡེ་ཁག་དང་སྤྱི་ཚོགས་ཁྲོད་ནང་ཆོས་ངོ་སྤྲོད། དེ་བཞིན་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཞབས་སྟེགས་སོགས་ཀྱི་ཐོག་ཕེབས་ཐུབ་པའི་རེ་སྨོན་ཞུ་མཁན་ཡང་བྱུང་ཡོད། ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་ལས་དོན་སོགས་དང་འབྲེལ་ཏེ་ཆོས་རིག་ལས་ཁུངས་ནས་དེང་སྐབས་གྲྭ་ཁོངས་སུ་མེད་པའི་གྲྭ་བཙུན་རྣམ་པར་འཕྲོད་བསྟེན་དང་འཚོ་སྣོན་སོགས་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་དགོངས་འཆར་དང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བའི་མཛད་རིམ་སྐོར། དེ་བཞིན་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་ལག་བསྟར་གནང་ཕྱོགས་སོགས་ཀྱི་ཐད་བཀའ་འདྲི་ཞུ་མཁན་ཡང་བྱུང་ཡོད།  གཞན་ཡང་བགྲོ་གླེང་ཁྲོད་དོལ་རྒྱལ་གྱི་གནད་དོན་དང་དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་ནང་ཆོས་ངོ་སྤྲོད་གནང་སྟངས་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཡོད་པ་རེད། དེ་རིང་སྔ་དྲོའི་ཚོགས་དུས་དང་པོ་ནས་ཉིན་རྒྱབ་ཚོགས་དུས་བཞི་པ་བར་དུ་བོད་མི་མང་སྤྱི་འཐུས་རྣམ་པ་པས་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་ལས་དོན་གནང་ཕྱོགས་ཐོག་དྲི་བ་དྲིས་ལན་སོགས་གནང་གྲུབ་མཚམས་སུ་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་སྒོར་འབུམ་ ༦༦,༩༨༤,༤༥༠ གཏན་འབེབས་དང་། ཟུར་བཀོད་མ་དངུལ་མུ་མཐུད་སྒོ་ཕྱེ་བའི་ཐོག་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་འགྲོ་གྲོན་དང་ཟུར་བཀོད་མ་དངུལ་གཏན་འབེབས་དབུ་འཛུགས་གནང་ཡོད།  

ནང་ཆོས་ཟབ་སྦྱོང་ཐོག་བཅར་བའི་སོག་རིགས་ཁག་ལ་མཇལ་ཁ་བསྩལ་བ།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཉིན་གྲངས་གསུམ་གྱི་རིང་ནང་ཆོས་ཟབ་སྦྱོང་ཐོག་བཅར་བའི་སོག་པོའི་ཁྱད་ལས་རུ་ཁག་ལ་མཇལ་ཁ་བསྩལ་འདུགཨུ་རུ་སུ་སྐུ་ཚབ་དོན་ཁང་དང་སོག་ཡུལ་གྱི་རྒྱལ་ས་ Ulaanbaatar ནང་རྟེན་གཞི་བྱས་པའི་ན་རོ་༸པཎ་ཆེན་ནང་པའི་བསྟི་གནས་ཁང་གཉིས་གཟུང་འབྲེལ་གྱིས་གོ་སྒྲིག་འོག་སོག་ཡུལ་གྱི་གཞུང་ཞབས་པ་དང་ཆབ་སྲིད་པ། ཚོང་པ། དགེ་རྒན། དེ་བཞིན་སྨན་པ་བཅས་ཁྱད་ལས་པ་མི་སྣ་ ༤༠ སྐོར་ཞིག་བཞུགས་སྒར་དུ་གདན་ཞུས་གནང་ཡོད་པ་རེད། ཁ་ཉིན་ཕྱི་ཚེས་ ༢༣ ཉིན་ནས་དབུ་འཛུགས་ཀྱིས་ཁོང་རྣམས་ལ་ནང་ཆོས་གཙོ་བོར་གྱུར་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལྟ་གྲུབ། དེ་བཞིན་བོད་དང་སོག་ཡུལ་དབར་གྱི་ཆོས་དང་རིག་གཞུང་གི་ཐུན་མིན་འབྲེལ་བ་སོགས་ཀྱི་ཐོག་ཉིན་གྲངས་གསུམ་གྱི་རིང་ཟབ་སྦྱོང་གནང་ཡོད་པ་ལྟར། དེ་རིང་ཉིན་མཐའ་མའི་ལས་རིམ་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་བར་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་གལ་ཡིན་པ་དང་གཞོན་སྐྱེས་ཁྲོད་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་དགོས་གལ་སོགས་ལམ་སྟོན་མཛད་འདུགཏེ་ལོ་རིན་པོ་ཆེ་མཆོག་གི་ཕྱག་རོགས་སོག་པོའི་དགེ་འདུན་པ་བསྟན་འཛིན་ལེགས་སྨོན་ལགས་ཀྱིས་ད་རེས་བཞུགས་སྒར་དུ་ཕེབས་པ་དེས་ཁོང་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་དང་མཉམ་དུ་བཙན་བྱོལ་བོད་མིའི་གནས་སྟངས་སོགས་གནད་དོན་དུ་མར་སློབ་སྦྱོང་ཞུ་རྒྱུའི་གོ་སྐབས་ཐོབ་སྐོར་གསུངས་ཡོད། དེ་བཞིན་ཐེངས་འདིའི་རུ་ཁག་ནང་ཡོད་པའི་སོག་པའི་བེུད་གཅིག་ལ་བཀའ་འདྲི་ཞུས་པར་ཟབ་སྦྱོང་དེས་ཁོང་རྣམས་ལ་མི་ཚེ་དོན་དང་ལྡན་པ་ཞིག་ཇི་ལྟར་སྐྱེལ་དགོས་པའི་ལམ་སྟོན་བཟང་པོ་ཞིག་ཐོབ་ཡོད་པ་དང། ༸གོང་ས་མཆོག་གི་མཇལ་ཁ་ཞུས་སྐབས་སྤྱིར་ནང་ཆོས་སྐོར་ལ་བཀའ་སློབ་གནང་ཡོད་པའི་ཁྲོད་སེམས་བཟང་པོ་དང་མི་ཡག་པོ་ཞིག་བྱེད་དགོས་པ་ཙམ་མིན་པར་གནད་དོན་མང་པོའི་ཐོག་བཀའ་སློབ་གནང་སོང་ཞེས་གསུངས་ཡོད།རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སོག་པོ་དང་བོད་དབར་ཆོས་དང་རིག་གཞུང་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐུན་མིན་འབྲེལ་བ་དམ་ཟབ་ཡོད་པ་ལྟར་སོག་པོའི་ལྷན་དུ་འབྲེལ་ལམ་དམ་ཟབ་ཡོད་པ་དེ་རྒྱུན་སྐྱོང་གནང་དགོས་གལ་ཡིན་སྐོར་བཀའ་སློབ་བསྩལ་ཡོད་པ་དང་། བཞུགས་སྒར་དུ་སོག་པོའི་ཁྱད་ལས་པའི་རུ་ཁག་ལ་ནང་ཆོས་ངོ་སྤྲོད་ཀྱི་ཟབ་སྦྱོང་གནང་བ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།

༸གོང་ས་མཆོག་གིས་ནིའུ་ཛ་ལན་ཌིའི་དོན་རྐྱེན་ཐོག་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ New Zealand ཡི་ Christchurch གྲོང་ཁྱེར་ནང་གི་ཁ་ཆའི་ལྷན་ཁང་ཞིག་ཏུ་མེ་མདའི་དོན་རྐྱེན་འོག་ས་གནས་མང་ཚོགས་དུ་མའི་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་པར་ཐུགས་ཕམ་ཆེན་པོ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་དང་། ཤུལ་ལུས་ནང་མི་སྤུན་མཆེད་དང་། གྲོགས་ཕོ་མོ་དེ་བཞིན་ནིའུ་ཛ་ལན་ཌིའི་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཡོད་པ་བཀའ་བསྩལ་འདུགདེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༢༠ ཉིན་ New Zealand ཡི་སྲིད་བློན་ལྕམ་སྐུ་ Jacinda Adern མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་དེ་བསྩལ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་དེའི་ནང་སྐུ་ཉིད་ཀྱིས་གནས་ཚུལ་དེ་བྱུང་མ་ཐག་དྲག་སྤྱོད་སྤེལ་མཁན་གྱི་གང་ཟག་དེ་ཟུར་གཅིག་ཏུ་བཞག་སྟེ་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ་ཀུན་ New Zealand རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོ་དེར་དབང་ཡོད་པར་བརྗོད་པའི་ཡང་དག་པའི་དབུ་ཁྲིད་ཀྱི་ཤེས་རབ་དེར་ངོས་ནས་བསྔགས་བརྗོད་ཞུ་བཞིན་ཡོད། ང་ཚོ་ཚང་མའི་གཅིག་གྱུར་གྱིས་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་དགོས། ངོས་རང་གང་དུ་སོང་ཡང་། རང་ཉིད་དེ་རིང་གི་འཛམ་གླིང་འདིར་འཚོ་བཞིན་པའི་མི་འབོར་ཐེར་འབུམ་བདུན་ཡོད་པའི་ནང་ནས་གི་མི་གཅིག་ཡིན་པར་བསམ་བཞིན་ཡོད།  ཆོས་ལུགས་དད་མོས་ཀྱི་ཡིད་ཆེས་མིང་ཐོག་ནས་མི་ཕན་ཚུན་དབར་གསོད་རེས་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་བ་ཞིག་རེད།  རྒྱུ་མཚན་དེའི་དབང་གིས་ངོས་ནས་རྣམ་ཀུན་ཆོད་སེམས་བརྟན་པོའི་ངང་འགྲོ་བ་ཚང་མ་གཅིག་པ་ཡིན་པའི་གོ་རྟོགས་སྤེལ་ཐབས་བྱེད་བཞིན་ཡོད། དོན་དངོས་ཐོག་འགྲོ་བ་མི་ཚང་མ་སེམས་ཁམས་དང་ལུས་ཀྱི་གྲུབ་ཆ། དེ་བཞིན་ཚོར་མྱོང་ཚོགས་ཕྱོགས་གང་ནས་བལྟས་ཀྱང་གཅིག་པ་ཡིན་པ་རེད་ཅེས་བཀའ་བསྩལ་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་ Adern མཆོག་གིས་དབུས་པའི་ New Zealand ཡི་མང་ཚོགས་ཡོངས་ཀྱིས་བྱམས་པ་དང་སྙིང་རྗེ་ལྡན་པའི་ཐོག་ནས་ཁ་ཆེའི་མི་རིགས་ཚོར་རྒྱབ་སྐྱོར་གནང་བཞིན་པར་ཡི་རང་བསྔགས་བརྗོད་མཛད་པ་མ་ཟད། དོན་རྐྱེན་དེ་བྱུང་རྗེས་འཛམ་གླིང་གང་སར་ཆོས་ལུགས་ཀུན་གྱི་མང་ཚོགས་ནས་ཁ་ཆེ་ལྷ་ཁང་དུ་ཕེབས་ནས་དོན་རྐྱེན་དེའི་ཁྲོད་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དེས་མགོན་པོ་༸གང་ཉིད་མཆོག་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པར་བཀའ་བསྩལ་འདུག ད་དུང་མགོན་པོ་༸གང་ཉིད་མཆོག་གིས་ New Zealand སྲིད་གཞུང་གིས་ཆོད་སེམས་བརྟན་པོའི་ཐོག་ནས་མེ་མདའ་ཉོ་ཚོང་གི་ཁྲིམས་སྒྲིག་དེ་བསྐྱར་བཅོས་གནང་བཞིན་པ་དེས་ཞི་བདེ་དང་བདེ་འཇགས་ལ་ཕན་ནུས་ཆེན་པོ་སྐྲུན་བཞིན་ཡོད་པ་དེ་ལྟར་ཡང་། དེ་དང་ལྷན་དུ་སྲིད་བློན་མཆོག་གིས་ལམ་སྟོན་གནང་བཞིན་མང་ཚོགས་ཀྱི་སེམས་རྒྱུད་ལ་བྱམས་བརྩེའི་བསམ་བློ་སྐྲུན་ཐོག་སྡང་སེམས་དང་འཇིགས་སྣང་སོགས་ལ་གདོང་ལེན་གནང་གལ་ཡིན་པའི་ལམ་སྟོན་མཛད་འདུག གཞི་རྩའི་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཚེས་ ༡༥ ཉིན་ Australia འི་མི་སེར་ཡིན་པ་ཞིག་གིས་ Christchurch གྲོང་ཁྱེར་ནང་གི་ཁ་ཆེའི་ལྷན་ཁང་གཉིས་ནང་བསྐྱོད་དེ་མང་ཚོགས་ལ་མེ་མདའ་གང་བྱུང་བརྒྱབ་ནས་མི་ ༥༠ ལྷག་ཙམ་དམར་བསད་དང་མི་ ༥༠ ཙམ་ལ་རྨས་སྐྱོན་འཚབ་ཆེན་བཏང་ཡོད་པ་རེད། སྲིད་བློན་ལྕམ་སྐུ་ Jacinda Adern མཆོག་གིས་ཐེངས་འདིའི་དོན་རྐྱེན་སྐབས་བེད་སྤྱོད་བྱས་པའི་མེ་མདའི་རིགས་ཡོངས་རྫོགས་བཀག་སྡོམ་དང་འབྲེལ། མེ་མདའ་གཉེར་མཁན་རྣམས་ནས་ཉེན་རྟོག་པར་རང་ཉིད་ཀྱི་མེ་མདའ་རྩིས་སྤྲོད་དགོས་པ་དང། Australia འི་གཞུང་ནས་གུན་གསབ་སྤྲོད་རྒྱུ་ཡིན་པའི་ཡོངས་བསྒྲགས་གནང་ཡོད་པ་རེད།

Latest news